ནང་དོན་གནད་བསྡུས། དེང་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས་འཕེལ་འགྱུར་དང་འབྲེལ། པདྨ་ཚེ་བརྟན་ལ་བཅར་འདྲི་བྱས་པའི་ཟིན་ཐོའི་བརྩམས་ཆོས་དང་འབྲེལ་ཡོད་དཔྱད་བརྗོད་ཁག དེ་བཞིན་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་བརྩམས་ཆོས་སོགས་ལ་གཞི་བཅོལ་ཞིང་། ཁོང་བྱིས་དུས་འཚར་ལོངས་དང་སློབ་ཆུང་ནས་སློབ་ཆེན་བསྐྱོད་པའི་བརྒྱུད་རིམ་གསལ་འདོན་བྱས་པ་མ་ཟད། ཆེས་ཐོག་མའི་བརྩམས་ཆོས་ངོས་འཛིན་གྱི་སྒོ་ནས། བརྩམས་སྒྲུང་དང། གློག་བརྙན་བཅས་ཀྱི་གྲངས་འབོར་ཇི་ཡོད་བརྗོད་པ། རྩོམ་པ་པོའི་ལམ་དུ་འཇུག་དུས། སྐབས་དེར་བོད་ཀྱི་སྒྱུ་རྩལ་རྩོམ་འབྲིའི་འཕེལ་འགྱུར་ཇི་ལྟར་ཡིན་མིན། རྩོམ་རིག་སྨྲ་བ་སྔ་ཕྱིའི་ཚབ་མཚོན་རྩོམ་པ་པོ་ཁག་ཅིག་ངོས་འཛིན་བཅས་པ། གསེད་བཀྲོལ་རིང་ལུགས་དང་། རྒྱུ་ཆ་དབྱེ་ཞིབ་ཐབས་ལམ་སོགས་གཙོ་བོར་བརྟེན་ཏེ། པདྨ་ཚེ་བརྟན་སློབ་ཆུང་ནས་སློབ་ཆེན་འགྲིམས་པའི་བརྒྱུད་རིམ་ལ་དཔྱད་པ་དང་། སྐབས་དེར་བོད་ལ་རྩོམ་འབྲིའི་འཕེལ་འགྱུར་ལ་དཔྱད་པ་ཞེས་ས་བཅད་གཉིས་སུ་བཀྲལ་ཏེ་སྙིང་བསྡུས་སུ་གླེང་ཡོད།
གནད་ཚིག པདྨ་ཚེ་བརྟན། བརྩམས་ཆོས། གསར་རྩོམ་གནས་བབ།
སྔོན་གླེང་།
བོད་ཀྱི་རྩོམ་རིག་ལོ་རྒྱུས་ནི་གློ་བུར་དུ་བྱུང་བ་ཞིག་མིན་པར། གངས་ཀྱི་ཆུ་བོ་རིང་མོའི་བཞུར་རྒྱུན་ལྟར་མགོ་ཁུངས་གསལ་བའི་བྱུང་རབས་ཅན་ཞིག་ཡིན། དེའི་འབྱུང་ཁུངས་ནི་བོད་མིའི་འགྲོ་བ་ཐོག་མར་བྱུང་བ་ནས་བརྩི་དགོས་ཤིང་། སྐབས་དེའི་ངག་རྒྱུན་གྱི་གླུ་གཞས་སོགས་འཕེལ་འགྱུར་རིམ་པར་བྱུང་བའི་ངག་ཐོག་རྩོམ་རིག་ལ་ཐུག་ཡོད།
བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་ལོ་རྒྱུས་ནི། མཁས་པའི་ཞལ་རྒྱུན་དང་གླེགས་བམ་ཁྲོད་ནས་རྫོང་མཐུག་པོར་མཇལ་རྒྱུ་ཡོད་ཀྱང་། བོད་ཀྱི་རྩོམ་རིག་གསར་པ་ནི་ལོ་རབས་བརྒྱད་ཅུའི་ནང་དར་ཁྱབ་བྱུང་བ་དང་། དེའི་ཁྲོད་དུ་བརྩམས་སྒྲུང་གསར་པའི་སྐོར་སོགས་མཉམ་དུ་དར་རྒྱས་བྱུང་བ་ནི། བོད་ཀྱི་རྩོམ་རིག་ལོ་རྒྱུས་དཔེ་དེབ་ཁག་ལས་གསལ་ཐུབ།
བོད་ཀྱི་རྩོམ་རིག་གསར་པའི་ཁྲོད་དོན་གྲུབ་རྒྱལ་དང་ལྗང་བུ་སོགས་རྩོམ་པ་པོ་རིམ་པར་བྱུང་ཡོད་ལ། པདྨ་ཚེ་བརྟན་ནི་ལོ་རབས་བརྒྱད་ཅུའི་སྨད་དང་དགུ་བཅུའི་མགོ་སྟོད་ནས་གསར་རྩོམ་གྱི་ལམ་དུ་ཞུགས་པ་ཞིག་ཡིན། ཁོང་གི་ཐོག་མའི་བརྩམས་སྒྲུང་རྣམས། བོད་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་སོགས་སུ་རིམ་པར་བཀོད་ཅིང་། བརྩམས་སྒྲུང་མི་ཉུང་བ་གསར་རྩོམ་བྱེད་མཁན་གྱི་རྩོམ་པ་པོ་མིག་དཔེར་འོས་པ་དང་གྲགས་འགུལ་ཅན་ཞིག་ཆགས་ཡོད།
ཕྱི་ལོ་༢༠༠༢ ནས་༢༠༠༩བར་པེ་ཅིན་དུ་གློག་བརྙན་སྒྱུ་རྩལ་གྱི་ཆེད་ལས་སློབ་སྦྱོང་མཐར་ཕྱིན་ཏེ། རིམ་པས་འཛམ་གླིང་སྡིངས་ཆའི་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་པོའི་མིང་བྱང་གྱེན་དུ་བཏེགས་ཤིང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་མི་སྣ་གལ་ཆེན་ཞིག་ཏུ་གྱུར།
བོད་ཀྱི་དོན་དངོས་འཚོ་བ་མཚོན་པའི་གློག་བརྙན་གྱི་མགོ་ཁུངས་ནི། པདྨ་ཚེ་བརྟན་དང་ཁོང་གི་གློག་བརྙན་བརྩམས་ཆོས་དེ་དག་ཡིན་པར་བརྟེན། ཁོང་གི་མི་ཚེའི་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུ་ནི། བོད་ཀྱི་གློག་བརྙན་གྱི་བྱུང་བ་དང་དེའི་གནད་དོན་གསལ་རྟོགས་ཐུབ་རྒྱུར་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་མ་ཟད། ཁོང་གི་ཆེས་ཐོག་མའི་གསར་རྩོམ་དུས་ཚོད་དང་། དེའི་དཔེ་མཚོན་བརྩམས་ཆོས་ངོས་འཛིན་གྱིས་བོད་ཀྱི་སྒྱུ་རྩལ་རྩོམ་འབྲིའི་གནས་བབ་གསལ་རྟོགས་ཐུབ་ཕྱིར། པདྨ་ཚེ་བརྟན་གྱི་སྒྱུ་རྩལ་བརྩམས་ཆོས་ཀྱི་རྒྱབ་ལྗོངས་གནས་སྟངས་རྒྱུས་ལོན་དང་། གསར་རྩོམ་ལམ་དུ་ཞུགས་པའི་དུས་སྐབས་བརྒྱུད། བོད་ཀྱི་རྩོམ་འབྲི་དར་སྤེལ་གྱི་གནད་དོན་ངེས་ཤེས་ཐུབ་རྒྱུའི་འགག་རྩ་དང་འབྲེལ་ཡོད་པས། གནད་དོན་འདི་དག་རྒྱུས་ལོན་དང་ཤེས་རྟོགས་གཏིང་ཟབ་ཆེད་ཅུང་ཙམ་བརྗོད་འདོད།
དང་པོ། པདྨ་ཚེ་བརྟན་སློབ་ཆུང་ནས་སློབ་ཆེན་འགྲིམས་པའི་བརྒྱུད་རིམ་ལ་དཔྱད་པ།
པདྨ་ཚེ་བརྟན་ནི། སྤྱི་ལོ་(༡༩༦༨ )[[1]]ལོའམ་(༡༩༦༩)[[2]]ལོའི་ཟླ་བ་༡༢ པར། བོད་མདོ་སྨད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས་ཤིང་། ཁྲི་ཀ་རྫོང་ཁུངས་ཀྱི་“མཚར་བ་ཞང་མཛོ་སྣ་སྡེ་བ་”[[3]]ཞེས་པར་སྐྱེས། སྤུན་མཆེད་བུ་ཞིག་དང་བུ་མོ་གཅིག་ཡོད་པ་དང་། སྤུན་མཆེད་གཉིས་ནི་ཆུང་དུས་ཕ་མའི་འཁྲིས་ནས་འཚར་ལོངས་བྱུང་ཡང་། ཁོང་ནི་ཨ་མྱེ་དམ་པས་ཁོའི་ཨ་ཞང་གི་སྐྱེ་བ་ཡིན་པར་བསྙད་དེ། ཆུང་དུས་ཨ་མྱེས་ཁྲིད་ཅིང་ཨ་མྱེའི་གམ་ནས་འཚར་བ་གསལ་མོད།[[4]] བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།[[5]] ཞེས་པ་ལས་པདྨ་ཚེ་བརྟན་ལོ་དགུའི་སྐབས་ཕ་མ་གཉིས་བཟའ་འཐོར་ཕྱིན་ཏེ། ཨ་མས་བསྐྱར་དུ་གཉེན་སྒྲིག་བྱས་པར་བརྟེན། ཁོང་ཚོའི་ཁྱིམ་ཚང་གི་འཚོ་བའི་འགན་ལེན་ཨ་མྱེ་དམ་པས་ཁུར་དགོས་བྱུང་བ་དང་། ཆུང་དུས་ཨ་མྱེ་དམ་པའི་སྙོར་སྐྱོང་འོག་འཚར་ལོངས་བྱུང་དགོས་པའི་རྒྱུ་རྐྱེན་དུ་བཤད་འདུག།།
འོན་ཀྱང་། མི་ཚེའི་འཚར་ལོངས་དང་བྱ་བའི་བརྒྱུད་རིམ་སྐོར་ཁོང་ཉིད་ལ་ཚོགས་སྒེར་གཞན་ནས་བཅར་འདྲི་བྱས་པའི་བརྙན་དང་ཡིག་ཐོག་ཏུ་བཀོད་པ་གང་ལ་བལྟས་ཀྱང་། བྱིས་དུས་ནས་ཕ་མ་གཉིས་ཁ་ཁར་གྱེས་པ་ལས། ཁོང་ཚོའི་ཁྱིམ་ཚང་ལྟ་སྐྱོང་ཚང་མ་ཨ་མྱེ་དམ་པས་འཁྱེར་དགོས་བྱུང་ཚུལ་གསལ་གྱི་མེད་པ་མ་ཟད། གནས་ཚུལ་དེ་ཙམ་ལས་ལུང་ཁུངས་ཁ་གསལ་ཞིག་ཀྱང་མ་མཐོང་། བྱིས་དུས་ཀྱི་འཚར་ལོངས་ཟུར་སྣེ་ཞིག་ལ་འགྲེལ་བརྗོད་བྱེད་སྟངས་ཅུང་ཟད་མི་མཐུན་པ་གཉིས་ལས། ཨ་མྱེ་དམ་པས་ཨ་ཞང་གི་སྐྱེ་བ་ཡིན་ཚུལ་སོགས་བཤད་ཅིང་། བྱིས་དུས་ནས་ཨ་མྱེས་ཁྲིད་དེ་འཚར་ལོངས་བྱུང་ཚུལ་བརྗོད་པ་དེ་བདེན་ཤས་ཆེ་བ་ལས། ཕྱི་མའི་བཤད་ཚུལ་དོན་དངོས་གང་ཡིན་བསྐྱར་དུ་དཔྱད་ཞིབ་བྱ་རྒྱུར་ལྷག་ཡོད།
ཨ་མྱེ་ཆོས་མཆོག་ནི་སྔགས་པ་ཞིག་ཡིན་ལ། བོད་ཡིག་དང་འདོན་ཆོག་ཤེས་མཁན་ཞིག་ཡིན་པ་མ་ཟད། ལག་ཤེས་ཁྲོད་ཀྱི་ཤིང་བཟོ་དང་བཟོ་བ་ཞིག་ཀྱང་ཡིན་འདུག་པར་བརྟེན།[[6]] ཨ་མྱེ་དམ་པ་བརྒྱུད་ཆུང་དུས་ནས་བོད་ཡིག་འབྲི་ཀློག་ཤེས་པ་སྟེ། ‘‘བོད་ཡིག་ཐད་ང་ལ་ཁ་ཏོན་སོགས་འདོན་དུ་བཅུག་པས་དེ་ཕྱོགས་ཀྱི་གོ་ཆོད་སོང་།”[[7]] ཞེས་དང་། སྐབས་དེ་དུས་འདོན་ཆོག་གི་དཔེ་ཆ་དཔར་མ་དེ་འདྲ་མེད་ཙང་། སོ་སོས་འབྲི་དགོས་ཀྱི་ཡོད་པ་རེད། དེ་བས། ཨ་མྱེས་ཁ་བཏོན་གྱི་དཔེ་ཆ་དཀོན་པ་<<བཀའ་ཐང་བསྡུས་པ་>>ལྟ་བུའི་རིགས་འགའ་རེ་བྲི་བཅུག་པས་ཡི་གེ་ཤེས་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཚུལ་ལ་གཞིགས་ན། སློབ་གྲྭར་མ་འགྲིམས་སྔོན་ནས་ཨ་མྱེ་དམ་པ་ཆོས་མཆོག་ལས། བོད་ཡིག་འབྲི་ཀློག་ཆ་ཚང་བསླབས་ཟིན་པར་དཔོག་ཐུབ།
ཐོག་མར་སློབ་གྲྭར་བསྐྱོད་པའི་དུས་ཚོད་ནི། ལོ་ཟླ་ཚེས་གྲངས་གཅིག་ཏུ་ངེས་པའི་གསལ་ཁ་ཞིག་མེད་ཀྱང་། ལོ་བདུན་བརྒྱད་སྐབས་ཨ་མྱེ་ཆོས་མཆོག་གིས་ཕ་ཡུལ་ཁྲི་ཀ་རྫོང་གི་སློབ་ཆུང་དུ་བཏང་སྟེ་(༡༩༨༢)ལོར་སློབ་མཐར་ཕྱིན་པ་མ་ཟད། མུ་མཐུད་ཁྲི་ཀ་རྫོང་གི་མི་རིགས་དམའ་འབྲིང་སློབ་གྲྭར་བསྐྱོད་དེ་སློབ་མཐར་སོན་རྗེས། མཚོ་ལྷོ་ཁུལ་གྱི་བོད་ཡིག་དགེ་ཐོན་སློབ་གྲྭ་ནས་འབྲིང་རིམ་སློབ་སྦྱོང་བྱས། ༡༩༨༧ ལོར་སློབ་མཐར་ཕྱིན་རྗེས་ཕ་ཡུལ་ལོག་སྟེ་ལོ་ངོ་བཞིའི་རིང་སློབ་ཆུང་དགེ་རྒན་གྱི་ལས་སུ་བཞུགས་པ་བཅས་ནི། འབྲེལ་ཡོད་ཉམས་ཞིབ་དཔྱད་རྩོམ་དང་བཅར་འདྲིའི་ཟིན་ཐོ་ཁག་ནས་གསལ་རྟོགས་ཐུབ་ལ།[[8]] [[9]][[10]]ཉམས་ཞིབ་དེ་དག་ལས་བྱིས་དུས་ནས་སློབ་གྲྭ་ཆུང་འབྲིང་འགྲིམས་ཐུབ་པའི་རྩ་བ་ནི། ཨ་མྱེ་དམ་པའི་བཀའ་དྲིན་ཡིན་པར་བསྟན་པ་མ་ཟད། ཁོང་གིས་“ང་རང་སློབ་གྲྭ་འགྲོ་བ་སོགས་ཚང་མ་ཨ་མྱེས་ཀྱིས་བསྐྱལ་བ་ཡིན། དེ་བས་ཆུང་དུས་ནས་སློབ་གྲྭར་འགྲོ་བའི་གོ་སྐབས་ལྡན་སོང་བ་རེད།”[[11]]ཅེས་པ་སོགས་ལས་གང་ལྟར་སློབ་གྲྭར་མ་ཕྱིན་སྔོན་བོད་ཡིག་འབྲི་ཀློག་ཤེས་པ་དང་སློབ་གྲྭར་འགྲོ་རྒྱུར་བྱུུང་བ་བཅས་ནི་ཨ་མྱེ་ཉིད་ཀྱིས་བཀའ་དྲིན་ཡིན་པར་ཤེས་རྟོགས་ཐུབ།
ཕ་ཡུལ་ཁྲི་ཀར་སློབ་ཆུང་གི་དགེ་རྒན་བྱེད་སྐབས། གཙོ་བོར་དཔེ་ཀློག་དང་བརྩམས་སྒྲུང་ཅུང་ཙམ་བྲིས་ཡོད་པ་སྟེ། ༡༩༨༧ ལོར་<<མི་དང་ཁྱི་>>ཞེས་པ་བརྩམས་ཤིང་། ཁོང་གིས་དེ་ནི་ངའི་བརྩམས་སྒྲུང་ཐོག་མ་ཡང་ཡིན་ཞེས་གསུངས་ཡོད་པ་མ་ཟད། སྐབས་དེར་བྲིས་པའི་བརྩམས་སྒྲུང་རྣམས་དུས་དེབ་ལ་བཀོད་མ་ཤེས་པ་དང་སློབ་ཆེན་འགྲིམ་དུས་དགེ་རྒན་ལ་བསྟན་ཏེ་དུས་དེབ་ལ་བཀོད་ཚུལ་བཅས་ནི། ཁོང་ལ་བཅར་འདྲི་བྱས་པའི་ཟིན་ཐོ་དང་འབྲེལ་ཡོད་བརྩམས་ཆོས་ཁག་ལས་དངོས་སུ་གསལ་ཡོད།[[12]] སློབ་ཆུང་གི་དགེ་རྒན་བྱས་རྗེས་༡༩༩༡ ལོར་སློབ་གྲྭ་ཆེན་མོར་རྒྱུགས་སྤྲད་ནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཐོག་ཉེ་བའི་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་གཉེར་བྱས་ཤིང་། ཕྱི་ལོ༡༩༩༥ ལོར་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་སྟེ་ལོ་ལྔའི་རིང་“མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་”དུ་ལས་ཀ་བྱས།[[13]] “ལས་ཀའི་ཞོར་ལ་བརྩམས་སྒྲུང་ཡང་མ་བསྐྱུར་བར་བྲིས་པ་དང་། ཁོའི་སློབ་སྦྱོང་གི་འདུན་པ་དེ་ནམ་ཡང་ཞུམ་མེད་ཡིན།”[[14]] ཞེས་འཁོད་པར་གཞིགས་ན། མི་མང་པོ་ཞིག་སློབ་ཆེན་ཐོན་ཞིང་སྤྱི་ཚོགས་ཀྱི་ལས་བྱར་ཞུགས་རྗེས། སླར་ཡང་སློབ་སྦྱོང་མུ་མཐུད་ཅིང་དཔེ་ཀློག་དང་རྩོམ་འབྲིར་འབད་རྒྱུར་དཀའ་མོ་ཞིག་ཡིན་མོད། ཁོང་ནི་རང་གི་སློབ་སྦྱོང་དང་རྩོམ་འབྲིའི་ལམ་བུ་དང་ཁ་མ་གྱེས་པར་མདུན་སྐྱོད་བྱེད་མཁན་ཞིག་ཡིན་པར་ཤེས་ཐུབ།
པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་དང་།[[15]] གློག་བརྙན།[[16]] མི་ཚེའི་ལོ་རྒྱུས་སྐོར་བཅས་ལ་དཔྱད་པའི་ཞིབ་འཇུག་རྩོམ་ཤོག་སྐོར་དང་།[[17]] ལྷག་ཏུ་ཁོང་ལ་ཆེད་དུ་བཅར་འདྲི་ཞུས་པའི་བརྩམས་ཆོས་དེ་དག་ལ། ལྟ་ཀློག་དང་འཚོལ་ཞིབ་ཀྱི་བརྒྱུད་རིམ་ལས་གསལ་བ་ནི།[[18]] གོང་གསལ་(མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་)གཞུང་ཞབས་པའི་ལས་གནས་དེ་བཞག་ནས། ༢༠༠༠ ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་རྩོམ་རིག་སྡེ་ཁག་ཏུ་ལོ་ཙཱ་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་ཞུགས་ཡོད་པ་དང་། “ངའི་ཞིབ་འཇུག་ཆེད་ལས་དངོས་སྦྱོང་བྱེད་སྐབས། པེ་ཅིན་གྱི་ཡིག་སྒྱུར་ཅུའི་ལ་སོང་བ་ཡིན། པེ་ཅིན་ནས་པེ་ཅིན་གློག་བརྙན་སློབ་གྲྭ་ལ་སོང་ནས་འཛིན་གྲྭ་གང་གང་ཡོད་པ་སོགས་རྩར་གཅོད་བྱས་ལ་དེ་དུས་ངོ་ཤེས་གཅིག་ཀྱང་མེད།”[[19]]ཅེས་པ་ལས། ནུབ་བྱང་སློབ་ཆེན་དུ་ཞིབ་འཇུག་ལོ་ཙཱའི་ཆེད་ལས་སློབ་སྦྱོང་དེའི་ཆེད་པེ་ཅིན་ལ་འགྲོ་ཞོར། པེ་ཅིན་གློག་བརྙན་སློབ་ཆེན་དུ་གློག་བརྙན་དང་འབྲེལ་བ་གང་ཡོད་སྐོར་བརྟག་དཔྱད་བྱས་ཚུལ་དེ་དག་ལས། གློག་བརྙན་སྒྱུ་རྩལ་ལ་སློབ་སྦྱོང་དངོས་སུ་མགོ་འཛུགས་བྱེད་འདོད་ཡོད་པ་མ་ཟད། སློབ་སྦྱོང་དེ་སྦྱང་རྒྱུའི་གོ་སྐབས་རེག་སླད་སྟ་གོན་རྩོམ་བཞིན་པའི་གནས་སྟངས་ཤིག་ཡིན་པར་ངེས། རྗེས་སུ་ཞིབ་འཇུག་སློབ་སྦྱོང་ལོ་རིམ་གཉིས་པའི་སྐབས། སློབ་གླིང་གཅིག་པའི་སློབ་གྲོགས་གངས་ཞུན་སློབ་མཐར་སོན་རྗེས། ཟི་ལིང་དུ་བརྟེན་གཞིར་བྱས་པའི་ཀུན་ཕན་ཐེབས་རྩ་ཚོགས་པར་ལས་ཀ་ཐོབ་པས། གངས་ཞུན་བརྒྱུད་པདྨ་ཚེ་བརྟན་ནས་ཚོགས་པ་དེས་ཆེད་ལས་གསར་པའི་ཐད་ལ་སློབ་ཡོན་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཚུལ་བཀོད་པ་བཅས་གང་ལྟར་ཡང་།[[20]] ལོ་ཙཱའི་ཐོག་ཞིབ་འཇུག་ལོ་རིམ་གཉིས་པའི་སྐབས་ལ་པདྨ་ཚེ་བརྟན་གྱིས་ཀུན་ཕན་ཐེབས་རྩ་ཚོགས་པར་གློག་བརྙན་སྒྱུ་རྩལ་ལ་ཆེད་ལས་སློབ་སྦྱོང་བྱེད་འདོད་ཡོད་པའི་སྙན་ཞུ་ཕུལ་རྗེས། ཚོགས་པའི་ངོས་ནས་གློག་བརྙན་ཆེད་ལས་སྦྱོང་རྒྱུའི་སློབ་ཡོན་དང་དེའི་རིང་འཚོ་བའི་འགྲོ་གྲོན་ཆ་ཚང་གཏོང་རྒྱུའི་ངོས་ལེན་བྱུང་འདུག །[[21]]
པེ་ཅིན་ལ་གློག་བརྙན་སློབ་སྦྱོང་འགྲོ་རྒྱུའི་དུས་ཚོད་ནི། ནུབ་བྱང་མི་རིགས་སློབ་གྲྭར་ཞིབ་འཇུག་མཐར་ཕྱིན་ཆེད་རྩོམ་བྲི་རྒྱུའི་དུས་ཚོད་ཡིན་པས། སློབ་གླིང་དུ་ལོག་སྟེ་ལོ་གཅིག་རིང་པེ་ཅིན་ལ་གློག་བརྙན་སློབ་སྦྱོང་ཆེད་འགྲོ་དགོས་ཚུལ་དང་མཐར་ཕྱིན་ཆེད་རྩོམ་དུས་ལྟར་འགྲུབ་རྒྱུར་ཁས་ལེན་བྱས་ཏེ་དགོངས་པ་ཞུས། ༢༠༠༢ ནས་ལོ་གཉིེས་རིང་པེ་ཅིན་གློག་བརྙན་སློབ་གླིང་གི་རྩོམ་རིག་སྡེ་ཚན་དུ་འཁྲབ་གཞུང་རྩོམ་འབྲི་ཟུར་སྦྱོང་དང་། བརྩམས་སྒྲུང་རྩོམ་འབྲི་ལའང་འབད་བཞིན་ཡོད་པས་ཆེད་དུ་དེར་ཞུགས་འདུག། སྒྲིག་ལམ་ནི་སློབ་མ་གཞན་དང་གཅིག་མཚུངས་ཀྱི་འགན་འཁུར་བྱས་པ་བཅས་གསལ།[[22]] ༢༠༠༦ལོར་པེ་ཅིན་གློག་བརྙན་སློབ་གླིང་གི་འཁྲབ་གཞུང་སྡེ་ཁག་ཏུ་འཛུལ་ཞུགས་བྱས་ནས། སློབ་དུས་དང་པོའི་སློབ་ཚན་ཚར་བ་དང་། དགུན་ཁའི་གུང་སེང་སྐབས་དགེ་རྒན་གྱིས་སློབ་མ་སོ་སོར་བརྙན་ཐུང་རེ་ཕབ་རྒྱུའི་ལས་བྱ་བསྐུར་ཡོད་པས། <<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་>>ཞེས་པའི་བརྙན་ཐུང་ཐོག་མ་སྐབས་དེ་དུས་བཟོས་པ་དང་། བརྙན་ཐུང་དེ་པེ་ཅིན་གྱི་སློབ་ཆེན་འགའ་ཞིག་ལ་བསྟན་ཅིང། “༢༠༠༣ལོའི་པེ་ཅིན་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་བརྙན་ཐུང་འགྲན་བསྡུར་སྐབས་བཞི་བའི་བརྙན་ཐུང་འགྲན་བསྡུར་ཚན་པའི་ཆེད་ལས་ཚོགས་ཆུང་གི་ནང་དོན་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། པེ་ཅིན་གྱི་རྒྱལ་སྤྱིའི་DVགླེང་སྟེགས་སྐབས་དང་པོའི་བྱུང་བརྗོད་གློག་བརྙན་སོགས་ཀྱི་བྱ་དགའ་མང་པོ་ཐོབ་ཡོད།”[[23]] ༢༠༠༢ ནས་༢༠༠༩ ལོའི་བར་གློག་བརྙན་ཆེད་ལས་སྦྱངས་པ་དང་། མཐར་ཕྱིན་བརྩམས་ཆོས་ཐོག་མ་<<རྩྭ་ཐང་།>>དང་གཉིས་པ་<<འཚོལ།>>བཅས་ཡིན་པ་མ་ཟད། གོང་གསལ་འབྲེལ་ཡོད་ཡིག་ཆ་ཁག་ལས། དེ་སྐབས་ཕབ་བསྐྲུན་བྱུང་བའི་གློག་བརྙན་བརྩམས་ཆོས་ལ་བྱ་དགའ་ཡང་མི་ཉུང་བ་ཞིག་ཐོབ་ཡོད་པར་བསྟན།[[24]]
གློག་བརྙན་ཆེད་ལས་སློབ་སྦྱོང་མཐར་ཕྱིན་བྱུང་ཡང་། མུ་མཐུད་བརྩམས་སྒྲུང་གསར་རྩོམ་དང་། གློག་བརྙན་འཁྲབ་གཞུང་གསར་རྩོམ་གྱིས་འཁྲབ་ཁྲིད་པ་ཆེད་ལས་རང་བཞིན་གྱི་བྱ་བ་གལ་ཆེན་དེ་དག་གནང་བཞིན། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད། བོད་མི་རང་གིས་གློག་བརྙན་ཕབ་བསྐྲུན་བྱས་པ་བྱུང་མྱོང་མེད་ཅིང་། བོད་ཀྱི་དོན་དངོས་འཚོ་བ་མཚོན་པའི་གློག་བརྙན་བརྩམས་ཆོས་<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་>>སོགས་རིམ་པས་བཟོ་བསྐྲུན་བྱས་པར་བརྟེན། བོད་ཀྱི་རྩོམ་རིག་ཁྲོད་སྔར་མེད་ཀྱི་ཟིན་ཐོ་གསར་པ་ཞིག་ཁ་སྐོང་དུ་འགོད་མཁན་གྱི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་མི་སྣ་གལ་ཆེན་ཞིག་ཡིན་པར་ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་དག་ལས་གསལ་བོར་ར་འཕྲོད་ཐུབ་པར་ངེས་ལ། སློབ་ཆུང་ནས་སློབ་ཆེན་སོགས་ཤེས་ཡོན་གྱི་བགྲོད་ལམ་རིང་མོ་དེ་དག་རིམ་གྱིས་བརྒལ་ཞིང། སྒྱུ་རྩལ་གྱི་བརྩམས་ཆོས་གསར་རྩོམ་མི་ཉུང་བ་ཞིག་བརྩམས་དང་རྩོམ་གྱིན་སྒྱུ་རྩལ་གྱི་ལམ་བུའི་ཁྲོད་དུ་ཁོང་གི་མི་ཚེ་ཧྲིལ་པོ་རྫོགས་པར་གསལ་ལོ།།
པདྨ་ཚེ་བརྟན་ནི་ལོ་རབས་བརྒྱད་ཅུའི་སྨད་དང་དགུ་བཅུའི་དུས་འགོ་ཞིག་ནས་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་རྩོམ་པ་པོ་དང་གསར་རྩོམ་ལམ་བུར་ཞུགས་པ་ཙམ་མ་ཡིན་པར། སྔ་ཕྱི་བར་གསུམ་ནས་བརྩམས་སྒྲུང་གསར་རྩོམ་བྱུང་བའི་བརྩམས་ཆོས་མི་ཉུང་བ་ཞིག་ཚད་འཛིན་ལྡན་པའི་དུས་དེབ་གྲགས་ཆེ་བ་དག་གི་ཐོག་བཀོད་ཡོད་པ་མ་ཟད། <<ནགས་ཀློང་ཁུ་བྱུག་འདུ་གནས་>>[[25]]ལས་ཁོང་ནི་བོད་རྒྱ་གཉིས་ཀའི་ཡིག་རིགས་ཐོག་ལ་གསར་རྩོམ་གྱི་མཁས་པ་ཞིག་དང་། སྔ་རྗེས་སུ་<<བོད་ལྗོངས་རྩོམ་རིག་>>དང་<<སྦྲང་ཆར།>><<མཚོ་སྔོན་མང་ཚོགས་སྒྱུ་རྩལ་>>དང་<<གངས་རྒྱན་མེ་ཏོག་>>ལ་སོགས་པའི་དུས་དེབ་ཏུ་<<གངས>><<ཡུལ་གྱར་རྡུང་ལེན་པ་ཞིག་གི་རྨི་ལམ>><<བསླུ་བྲིད>><<མི་དང་ཁྱི་>>སོགས་ཀྱི་བརྩམས་ཆོས་གསར་རྩོམ་རྣམས་རིམ་གྱིས་སྤེལ་ཞིང་། ཀློག་པ་པོའི་ཁྲོད་ནས་གདེངས་འཇོག་ངེས་ཅན་ཐོབ་པའི་རྩོམ་པ་པོ་ཞིག་དང་། དེང་རབས་བོད་ཀྱི་རྩོམ་རིག་གསར་རྩོམ་ཕྱོགས་ལ་བྱས་རྗེས་ཅན་ཞིག་ཡིན་པ་བཅས་གྲུབ།
སྔ་རྗེས་དཔར་བསྐྲུན་བྱུང་བའི་བརྩམས་སྒྲུང་ལའང་། <<བོད་ཀྱི་དེང་རྩོམ་སྤྱི་བཤད།>>ལས་“༢༠༠༩ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བརྩམས་སྒྲུང་ཕྱོགས་བསྒྲིགས་བསླུ་ཁྲིད་(བྲིད་)དཔར་སྐྲུན་བྱས། ༢༠༡༢ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བརྩམས་སྒྲུང་ཕྱོགས་བསྒྲིགས་གྲོང་ཁྱེར་གྱི་འཚོ་བ་དཔར་སྐྲུན་བྱས།”[[26]]པ་བཅས་ཡོད་པ་མ་ཟད། དང་ཐོག་རྒྱ་ཡིག་ཏུ་བརྩམས་ཤིང་། ཕྱིས་སུ་བོད་ཡིག་ཏུ་བསྒྱུར་བའི་བརྩམས་སྒྲུང་ཕྱོགས་བསྒྲིགས།<<ཐར་ལོ། པད་མ་ཚེ་བརྟན་གྱི་སྒྲུང་གཏམ་བོད་འགྱུར་མ།>>[[27]]ཞེས་བརྩམས་སྒྲུང་བཅུ་དྲུག་ལས་གྲུབ་པ་གཅིག་དང་། བོད་བསྒྱུར་བྱས་མེད་ཀྱང། རྒྱ་ཡིག་ཐོག་ཞིབ་འཇུག་མཐར་ཕྱིན་གྱི་བརྩམས་ཆོས་<<མི་རོ་རྩེ་སྒྲུང་>>ཞེས་པ་ལོ་ཙཱ་བྱས་པ་བཅས་ཡོད་ལ། སྐད་རིགས་གཞན་དུ་བརྩམས་ཆོས་ཡིག་བསྒྱུར་བྱུང་བ། དཔེར་ན། ཧྤ་རན་སིའི་སྐད་ཡིག་ཏུ་བསྒྱུར་བ་བརྩམས་སྒྲུང་ཕྱོགས་སྒྲིག་<<གངས་>>[[28]]ཞེས་པ་དང་། འཇར་པན་སྐད་ཡིག་ཏུ་<<འཚོལ་>>ལ་སོགས་པའི་བརྩམས་ཆོས་རྣམས་དབྱིན་ཡིག་དང་འཇར་མན་སོགས་ཀྱི་སྐད་ཡིག་ཏུ་བསྒྱུར་ཡོད་པ་མ་ཟད། ཕྱི་ནང་ཀློག་པ་པོའི་ཁྲོད་གདེངས་འཇོག་ངེས་ཅན་ཐོབ་པའི་ཕུལ་བྱུང་བརྩམས་ཆོས་<<སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ་>>ཞེས་སོགས་མང་པོ་ཡོད་པ་དང་། བོད་ཀྱི་རྩོམ་རིག་གསར་རྩོམ་ཐད་ལ་འབུར་དུ་ཐོན་པ་ཞིག་ཡིན་པ་ནི། <<བོད་ཀྱི་དེང་རྩོམ་སྤྱི་བཤད།>>ལས་“༡༩༩༩ལོར་མཚོ་སྔོན་ཞིང་ཆེན་སྐབས་བཞི་པའི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ།”[[29]]ཅེས་དང་། <<དེང་རྩོམ་སྤྱི་བཤད་>>དེ་ལས་ཁོང་ནི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཧི་མ་ལ་ཡ་གློག་བརྙན་རིག་གནས་ཁྱབ་སྤེལ་ཀུང་སིའི་གཙོ་འཛིན་གནང་བཞིན། གློག་བརྙན་འཁྲབ་གཞུང་གསར་རྩོམ་དང་འཁྲབ་ཁྲིད་ཀྱི་ལས་ཀ་གཉེར་བ་དང་། གོང་དུ་བརྗོད་པ་བཞིན་པེ་ཅིན་ནས་གློག་བརྙན་ཆེད་ལས་མཐར་ཕྱིན་བྱུང་ཡང་སློབ་གླིང་དེར་མུ་མཐུད་བརྩམས་སྒྲུང་གསར་རྩོམ་དང་གློག་བརྙན་གྱི་ལས་ཀ་གནང་ཞིང།“ཀྲུང་གོའི་འཁྲབ་ཁྲིད་ཐུན་ཚོགས་ཀྱི་ཚོགས་མི་སོགས་དང་། པེ་ཅིན་ཧི་མ་ལ་ཡ་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་”ཞེས་པའི་མགོ་འཛིན་བཅས་ཀྱི་འགན་ཁུར་བླངས་ཡོད་པ་རེད།
༢༠༢༣ལོའི་བར་བརྩམས་སྒྲུང་གསར་རྩོམ་དང་གློག་བརྙན་ཆེད་ལས་ཀྱི་ལམ་བུར་ཞུགས་ཤིང་། གློག་བརྙན་སྒྱུ་རྩལ་ལ་དགའ་བའི་མི་རྣམས་དང་། ལྷག་ཏུ་བོད་ཀྱི་གློག་བརྙན་རྩོམ་རིག་ལོ་རྒྱུས་ཐོག་ལ་གསུབ་ཏུ་མེད་པའི་ལེགས་སྐྱེས་རླབས་ཆེན་བཞག་ཡོད་པ་ནི། ཁོང་ཉིད་ཀྱིས་གསར་བསྐྲུན་བྱས་པའི་བོད་ཀྱི་འཚོ་བའི་དོན་དངོས་མཚོན་པའི་སྒྱུ་རྩལ་གློག་བརྙན་(ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་)དང་(༢༠༠༢)རྩྭ་ཐང་།(༢༠༠༤)The weatherman’s Legacy(2004) The Last Hail Suppresso(2005) འཚོལ། (༢༠༠༥) ཁྱི་རྒན།(༢༠༡༡) Flares Wafting in (༡༩༨༣) གཡང་མདའ། (༢༠༡༤) ཐར་ལོ། (༢༠༡༥)ངའི་བཙུན་ཆུང་། (༢༠༡༧)ལག་དམར། (༢༠༡༨)དབུགས་ལྒང་། (༢༠༡༩) Cordyceps དང་གླུ་པ། (༢༠༢༠)Eternal་Dayདང་། གངས་གཟིག(༢༠༢༣)Strangers(༢༠༢༢)SeventeenMille[[30]]སོགས་གློག་བརྙན་བརྩམས་ཆོས ༡༢ ལྷག་ཙམ་བཟོ་བསྐྲུན་གནང་བ་མ་ཟད། རྒྱ་ནག་དང་རྒྱལ་སྤྱིའི་ཐོག་ནས་གཟེངས་བསྟོད་གྱི་བྱ་དགའ་དུ་མ་བླངས་ཡོད་པ་ནི། དཔེར་ན། <<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་>>ལ་ཐེངས་ཉེར་ལྔ་པའི་གསེར་བྱ་རྟགས་ཅན་གྱི་གློག་བརྙན་དུས་སྟོན་ཐོག་ཆེས་ཕུལ་བྱུང་འཁྲབ་ཁྲིད་པའི་གཟེངས་རྟགས་དང་ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཨེ་ཤ་ཡའི་རིག་རྩལ་ཅན་ཞེས་པའི་གཟེངས་རྟགས་ཐོབ་ཅིང་། ༢༠༠༦ ནས་སྐུ་ཚེ་མ་རྫོགས་བར་དུ་ཀྲུང་གོའི་རྒྱལ་ནང་དང་རྒྱལ་སྤྱིའི་སྟེང་མཚན་བྱང་འདྲ་མིན་ཐོག་གཟེངས་རྟགས་(༤༣)ལྷག་ཐོབ་འདུག་པ་མ་ཟད། ཁོང་གི་བུ་འཇིགས་མེད་འཕྲིན་ལས་ཀྱིས་མུ་མཐུད་ནས་ཨ་ཕའི་ཚབ་བྱས་ནས་གཟེངས་རྟགས་ལེན་བཞིན་ཡོད་པ་བཅས་ཡིན།
གོང་གསལ་མི་ཚེའི་བརྒྱུད་རིམ་ལས་གསལ་བོར་ར་སྤྲོད་ཐུབ་པ་ནི། བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་དང་ལོ་ཙཱ་བ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། བོད་རྒྱ་སྐད་གཉིས་སྨྲ་བ་དང་པེ་ཅིན་གློག་བརྙན་སློབ་གླིང་གི་དགེ་རྒན་ཆེན་མོའི་མཚན་མིང་ཅན་ཞིག་ཡིན་པ་དང་། སྒྱུ་རྩལ་རྩོམ་འབྲིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་གཞིགས་ན། ལོ་རབས་བརྒྱད་ཅུའི་སྨད་དང་དགུ་བཅུའི་དུས་མགོ་ནས། བོད་ལ་མཚོན་ན་སྙན་ངག་པ་དང་བརྩམས་སྒྲུང་པ། གློག་བརྙན་བཟོ་སྐྲུན་པ་ལ་སོགས་པའི་སྒྱུ་རྩལ་བ་རྒན་དར་གཞོན་གསུམ་གང་མང་ཞིག་ཐོན་དང་ཐོན་བཞིན་ཡོད་མོད། སྒྱུ་རྩལ་བ་དེ་དག་གི་ཁྲོད་ནས་གཟེངས་སུ་ཐོན་པ་དུས་རབས་ཉེར་གཅིག་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་པདྨ་ཚེ་བརྟན་ཡིན་ལ། བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བརྩམས་ཆོས་གསར་རྩོམ་དང་། བརྩམས་སྒྲུང་གསར་རྩོམ། ལྷག་དོན་དུ་པེ་ཅིན་གློག་བརྙན་སློབ་གླིང་ནས་མཐར་ཕྱིན་ཏེ། གློག་བརྙན་བརྩམས་ཆོས་སམ་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པའི་ལས་གཉེར་དངོས་ལ་ཞུགས་ནས། བོད་ཀྱི་གློག་བརྙན་བརྩམས་ཆོས་ཕབ་བསྐྲུན་བྱས་པ་མ་ཟད། དེང་རབས་བོད་ཀྱི་གློག་བརྙན་རྩོམ་རིག་ཐད་ལ་སྔར་མེད་ཀྱི་ཟིན་ཐོ་གསར་པ་ཞིག་འཛམ་གླིང་གར་སྟེགས་སུ་ཐོག་མར་འགོད་མཁན་ཁོང་ཉིད་ཡིན་པ། རྒྱལ་སྤྱིའི་ཐོག་ནས་གློག་བརྙན་སྒྱུ་རྩལ་གསར་རྩོམ་གྱི་བྱ་དགའ་བླངས་པའི་གནས་ཚུལ་དང་ཁོང་གི་བརྩམས་སྒྲུང་དང་གློག་བརྙན་བརྩམས་ཆོས་དཔྱད་བརྗོད་ཁག་ཏུ་བཀོད་པ་དེ་དག་ལས་དཔོག་ཐུབ། གོང་གསལ་གྱི་བརྩམས་སྒྲུང་དང་གློག་བརྙན་བརྩམས་ཆོས་སམ་འཁྲབ་གཞུང་གསར་རྩོམ་ཁག་ནི། བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས་ཁྲོད་ཚབ་མཚོན་བརྩམས་ཆོས་སུ་གྱུར་པ་དང་། ཁོང་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་སོགས་ཀྱི་ཚབ་མཚོན་མི་སྣའི་དཔེ་གཞི་དངོས་སོ།།
འོན་ཀྱང་། སྟབས་མ་ལེགས་པ་དང་ཡིད་སྐྱོ་བ་ཞིག་ལ། བུ་འཇིགས་མེད་འཕྲིན་ལས་ཀྱི་གློག་བརྙན་བཟོ་སྐྲུན་ཆེད་དུ་ཡར་འབྲོག་གཡུ་མཚོའི་ཉེ་འགྲམ་སྣ་དཀར་རྩེ་རྫོང་ལ་ཡོད་སྐབས། གློ་བུར་སྙིང་ནད་སྙུང་གཞིས་རྐྱེན་པའི་༢༠༢༣ལོའི་ཟླ༥ཚེས་༨ཞོགས་པར་དགུང་ལོ་༥༤ཐོག་འཇིག་རྟེན་འདི་ནས་གཏན་དུ་གྱེས་བྲལ་སོང་བ་ནི། མགོ་ནག་མི་རིགས་ཤིག་ལ་མཚོན་ན་སྐྱོ་གར་གྱི་གཏམ་རྒྱུད་གསོན་པོ་ཞིག་དང་། དེང་རབས་བོད་ཀྱི་གློག་བརྙན་སྲོལ་འབྱེད་ཀྱི་ཀ་ཆེན་ཞིག་འགྱེལ་སོང་བ་ནི། བོད་ཀྱི་དེང་རབས་རྩོམ་རིག་དང་གློག་བརྙན་རྩོམ་རིག་གི་ལོ་རྒྱུས་ལ་གསབ་ཏུ་མེད་པའི་གྱོང་གུད་ཅིག་ཡིན་པར་སྨོས་མ་དགོས་སྙམ།།
གཉིས་པ། པདྨ་ཚེ་བརྟན་གྱི་སྐབས་དེར་བོད་ལ་སྒྱུ་རྩལ་རྩོམ་འབྲིའི་འཕེལ་འགྱུར་ལ་དཔྱད་པ།
བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་གཙོ་བོ་རྣམ་པ་གཉིས་སུ་ཡོད་དེ། བོད་ཀྱི་མཐུན་མོང་མ་ཡིན་པའི་བཙན་པོའི་དུས་ཀྱི་མགུར་རྩོམ་ལྟ་བུའི་སྲོལ་རྒྱུན་རྩོམ་འབྲི་དང་། ཤོང་སྟོན་ལོ་ཙཱ་བ་ཆེན་མོས་སྙན་ངག་མེ་ལོང་མ་བོད་བསྒྱུར་བྱས་པ་བརྒྱུད་དར་བའི་བོད་ཀྱི་མཐུན་མོང་བའི་སྲོལ་རྒྱུན་རྩོམ་འབྲི་བཅས་སོ།།
རྩོམ་སྲོལ་འདི་གཉིས་ཀ་དར་རྒྱས་ཆེན་པོ་བྱུང་ཡོད་པ་ནི། སྙན་ངག་དང་། བརྩམས་སྒྲུང་། ལྷུག་རྩོམ་སོགས་བརྩམས་ཆོས་དང་རྩོམ་པ་པོ་མང་པོ་བྱུང་བ་ལས་མཚོན་ཐུབ་མོད། དེ་དག་ལ་མཐུན་མོང་བའི་རྩོམ་སྲོལ་ཏེ་མེ་ལོང་མའི་རྩོམ་ཐབས་ཀྱིས་ཤན་ཤུགས་ཆེས་ཆེར་ཐེབས་ཡོད་པ་གསལ་པོ་རེད། སྐབས་དེའི་བརྩམས་ཆོས་མང་ཆེ་བ་བཅད་ལྷུག་གཉིས་ལས་གྲུབ་པ་དང་ཚིག་རྒྱན་རིག་པའི་རྩོམ་ཐབས་ལ་མཁས་པའི་རྩོམ་པ་པོ་དང་། དེས་གྲུབ་པའི་གཞུང་ལུགས་དང་བརྩམས་ཆོས་མང་པོ་ཞིག་བྱུང་བ་དོན་དངོས་ཡིན།
ཡིན་ནའང་བོད་ཀྱི་མཐུན་མོང་མ་ཡིན་པའི་རྩོམ་སྲོལ་ཏེ། བོད་རང་གི་ས་སྐྱེས་རྡོ་སྐྱེས་ལས་བྱུང་བའི་ངག་རྒྱུན་རྩོམ་རིག་དཔེར་ན། མགུར་གླུའི་རྩོམ་ཐབས་ལྟ་བུ་ནི། སྐབས་དེར་རྒྱུན་འཁྱོངས་ཙམ་ལས་དར་རྒྱས་ཆེན་པོ་བྱུང་ཐུབ་མེད། དེའི་རྩོམ་ཐབས་ལས་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་ཀྱང་དཀོན་པོ་ཡིན་ལ། རྩོམ་ཐབས་ཕྱི་མ་བཞིན་དར་རྒྱས་མ་བྱུང་བར་བྱེ་མར་ཐིམ་པའི་ཆུའི་བརླན་ཆགས་ལྟ་བུར་གྱུར།
བོད་ཀྱི་སྲོལ་རྒྱུན་རྩོམ་འབྲིའི་གནས་བབ་དེ་ལྟ་བུའི་ཁྲོད་བྱུང་བའི་རྩོམ་པ་པོ་དང་། བརྩམས་ཆོས་མང་པོ་ཡོད་མོད། དེ་དག་ལས་རྩོམ་རིག་གསར་པའི་ལམ་དུ་ཕྱོགས་ཤིང་། རྩོམ་ཐབས་དམིགས་བསལ་ཅན་གྱི་སྙན་ངག་པ་དགེ་འདུན་ཆོས་འཕེལ་དང་ཁོང་གི་སྙན་ངག་ཆུང་གྲོགས་རྗེས་དྲན་ལྟ་བུ་སོགས་ཡོད་པ་རེད།
པདྨ་ཚེ་བརྟན་གསར་རྩོམ་ལ་ཞུགས་པའི་(༡༩༨༧)སྐབས་དེར་བོད་ལ་སྙན་ངག་དང་། བརྩམས་སྒྲུང་། ལྷུག་རྩོམ་སོགས་རྩོམ་ལུས་མི་འདྲ་བ་སྣེ་མང་ཡོད་པ་བཞིན། སྲོལ་རྒྱུན་ལས་བརྒལ་ཏེ་རྩོམ་རིག་གསར་པའི་གོམ་སྟབས་སུ་ཕྱོགས་བཞིན་པའི་སྐབས་ཡིན་པ་བཅས་ནི་<<བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས>>[[31]]དང་། <<བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག>>[[32]] <<དེང་རྩོམ་སྤྱི་བཤད>>[[33]] <<བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས>>[[34]]བཅས་ལ་བལྟས་ན་རགས་རིམ་ཞིག་གསལ་རྟོགས་ཐུབ།
མ་གཞི་ནས་ལོ་རབས་བརྒྱད་ཅུའི་ནང་བོད་ལ་སྔར་གྱི་རྩོམ་སྲོལ་རྙིང་པ་ལས་གསར་པའི་ཕྱོགས་སུ་བསྐྱོད་པའི་དུས་ཚོད་ཡིན་པའང་། ‘‘བོད་དུ་སྲོལ་རྒྱུན་དང་མི་འདྲ་བའི་རྣམ་པ་བྱུང་བ་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་དུས་རེད། ལོ་རབས་བརྒྱད་ཅུ་པའི་ནང་དུ་བོད་ཀྱི་ཤེས་ཡོན་པ་དག་གིས་སྤྱི་ཚོགས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཕྱིར། སྲོལ་རྒྱུན་གྱི་བསམ་བློ་དང་མི་འདྲ་བ་དང་། སྲོལ་རྒྱུན་གྱི་ཀུན་སྤྱོད་དང་མི་འདྲ་བའི་ལྟ་སྤྱོད་མང་བོ་ཞིག་ལ་འཚོལ་སྙེགས་བྱས་ནས། བོད་ཀྱི་རིག་གནས་ལ་བསྒྱུར་བཀོད་བྱ་འདོད་ཀྱིས་རིག་གནས་ཀྱི་རྒྱུན་སྐྱོང་བ་ལས་གསར་པ་བཟོ་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར།”[[35]]ཞེས་གསལ་བ་བཞིན། དུས་སྐབས་དེར་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་འཁོར་རྒྱ་ལས་ཕྱིར་ཐོན་ཏེ། རྩོམ་རིག་གསར་པའི་རྩོམ་ཐབས་དང་བསམ་བློ་མཚོན་པའི་ཕྱོགས་སུ་འབད་པར་བྱས་འདུག །
སྔ་མའི་རྩོམ་སྲོལ་དང་མཚོན་དོན་སོགས་མི་འདྲ་བའི་དེང་རབས་སྙན་ངག་དང་། བརྩམས་སྒྲུང་། ལྷུག་རྩོམ་སོགས་དཔེ་མཚོན་དུ་འོས་པའི་བོད་ཀྱི་རྩོམ་རིག་གསར་པའི་སྲོལ་འབྱེད་པ་དོན་གྲུབ་རྒྱལ་གྱི་སྙན་ངག་<<ལང་ཚོའི་རྦབ་ཆུ>>དང་།བརྩམས་སྒྲུང་ལ། <<རྒྱུ་འབྲས་མེད་པའི་མནའ་མ། <<སད་ཀྱིས་བཅོམ་པའི་མེ་ཏོག>> <<སྤྲུལ་སྐུ།>> ལྷུག་རྩོམ་ལ་ཡང་།<<རྐང་ལམ་ཕྲ་མོ།>>སོགས་བྱུང་། གསར་རྩོམ་བརྩམས་ཆོས་དེ་དག་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་འཚོ་བའི་གནད་དོན་བརྗོད་བྱར་བཟུང་སྟེ་བྲིས་ཡོད་པ་དང་། དེང་རབས་རྩོམ་རིག་ནི་སྤྱི་ཚོགས་དང་དེའི་འགྱུར་ལྡོག མིའི་འཚོ་གནས་ལ་ཉེེ་བར་བཅར་བ་ཞིག་ཡིན་པར། དེང་རབས་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ལ་བལྟས་ན་གསལ་བར་མཐོང་ཐུབ།
དུས་སྐབས་དེའི་ནང་བོད་ཀྱི་རྩོམ་རིག་གསར་པའི་ཁྲོད་སྙན་ངག་པ་ལྗང་བུའི་སྙན་ངག་སྟེ། སྤྱི་ལོ་ ༡༩༨༠ ལོའི་ནང་བྲིས་པའི་<<ང་རང་སྦར་ཆོག>>དང་། <<གངས་>> <<ཆུ་རྩེད་ཀྱི་གླུ>>སོགས་སྙན་ངག་གི་བརྩམས་ཆོས་མང་པོ་ཕྱོགས་བསྒྲིགས་བྱས་པ་<<ལྗང་བུའི་རྩོམ་བཏུས་-སྙན་དེབ་>>ཅེས་པར་བཀོད། ཕྱིས་སུ་༢༠༠༡ལོར་དཔར་བསྐྲུན་བྱུང་བའི་<<སྙན་རྩོམ་གཟི་མིག་དགུ་པ>>བཅས་ཡོད། དེ་བཞིན་འཇུ་སྐལ་བཟང་གི་སྙན་ངག་དང་། གཞན་དུ་བཀྲ་ཤིས་དཔལ་ལྡན་གྱི་བརྩམས་སྒྲུང་<<ཕལ་པའི་ཁྱིམ་ཚང་ཞིག་གི་སྐྱིད་སྡུག>> ཚེ་རིང་དོན་འགྲུབ་ཀྱི་བརྩམས་སྒྲུང་<<མེས་པོ་>><<རླུང་དམར་འུར་འུར་>>སོགས་ཡོད་པ་དང་འབྲེལ། སྟག་འབུམ་རྒྱལ། ནག་པོ་སྐལ་བཟང་། བཀྲ་བྷ། རང་སྒྲ། བསྟན་པ་ཡར་རྒྱས། ཨ་སྨྱོན་བཀྲ་ཤིས་དོན་འགྲུབ་སོགས་བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་གྱི་རྩོམ་པ་པོ་མང་པོ་དུས་སྐབས་དེ་དག་ལས་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་། རིམ་པས་དོན་དམ་པའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་རྩོམ་པ་པོ་དང་བརྩམས་ཆོས་ལའང་མིག་དཔེར་འོས་པ་མི་ཉུང་བ་ཞིག་བྱུང་འདུག །
བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཐོག་མའི་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་གནས་བབ་དེ་ལྟ་བུའི་ཁྲོད། པདྨ་ཚེ་བརྟན་ནི། གསར་རྩོམ་གྱི་རྩེ་མོར་སོན་པའི་(༡༩༩༥-༢༠༠༠)དུས་སྐབས་ཤིག་ཆགས་ཡོད་པ་སྟེ། དཔེར་ན། གངས་དང་། བསླུ་བྲིད། ཡུལ་གྱར་རྡུང་ལེན་པ་ཞིག་གི་རྨི་ལམ། ཁ་བ་མེད་པའི་དགུན་ཁ། སྒྲུང་གཏམ་ཞིག་དང་དེའི་མཇུག་བསྡུ་ཚུལ་གཉིས་ཞེས་པ་སོགས་གསར་རྩོམ་བརྩམས་ཆོས་ཀྱི་ཚབ་མཚོན་དུ་འོས་པ་དེ་དག་ལས་རྟོགས་ཐུབ། སྤྱིའི་ཆ་ནས་སྐབས་དེར་བོད་ཀྱི་རྩོམ་རིག་གསར་རྩོམ་ཐད། རྒན་གཞོན་མང་པོ་ཞིག་དགའ་ཞེན་གྱི་ཚ་རླབས་འཕྱུར་བཞིན་པའི་སྐབས་ཡིན་པ་མ་ཟད། མང་པོ་ཞིག་གསར་རྩོམ་རྩོམ་འབྲིར་ཚོད་ལྟའི་ལམ་དུ་འཇུག་དང་འཇུག་མུས་ཤིག་ཀྱང་ཡིན་འདུག།།
མཇུག་གཏམ།
དཔྱད་རྩོམ་འདིའི་རྒྱུ་ཆ་འཚོལ་བསྡུ་དང་དབྱེ་ཞིབ་སོགས་རིམ་པར་བརྒྱུད་པ་ལས། པདྨ་ཚེ་བརྟན་བྱིས་དུས་ཀྱི་འཚར་ལོངས་དང་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་སོགས་འགྲིམས་པའི་བརྒྱུད་རིམ་གསལ་པོར་མཐོང་ཐུབ་པ་དང་། ཁོང་ནི་བོད་ཀྱི་གསར་རྩོམ་གྱི་ལམ་ལ་ཞུགས་པ་མ་ཟད། ཆེས་ཐོག་མའི་བརྩམས་སྒྲུང་<<མི་དང་ཁྱི>> དེ་བཞིན།<<གངས་>>དང་<<ཡུལ་གྱར་རྡུང་ལེན་པ་ཞིག་གི་རྨི་ལམ>>སོགས་ཚབ་མཚོན་གྱི་བརྩམས་ཆོས་མང་པོ་ཡོད་པ་དང་། བོད་ཡིག་ཐོག་ཁྱོན་བསྡོམས་བརྩམས་སྒྲུང་བཞི་བཅུ་ཞེ་བརྒྱད་ཡོད།
སློབ་ཆེན་དུ་སྐྱོད་པའི་སྐབས། བྱིས་པའི་དུས་ནས་དགའ་ཕྱོགས་ཡོད་པའི་གློག་བརྙན་སྒྱུ་རྩལ་གྱི་ལམ་དུ་དངོས་སུ་སློབ་སྦྱོང་བྱས་པ་ཙམ་མ་ཟད། མིང་གྲགས་ལྡན་པའི་པེ་ཅིན་སློབ་གླིང་ནས་གློག་བརྙན་ཆེད་ལས་མཐར་ཕྱིན་བྱུང་། རྗེས་སུ་ཆེད་ལས་དེའི་ཐོག་མུ་མཐུད་གོམ་པ་མདུན་སྤོས་ཐུབ་པ་དང་། རྒྱལ་སྤྱིའི་གར་སྟེགས་འདྲ་མིན་སྟེང་ནས་བྱ་དགའ་རིམ་པ་མང་པོ་ཐོབ།
གོང་གསལ་བརྒྱུད་རིམ་ལ་གཞིགས་ན། ཁོང་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་། འཁྲབ་གཞུང་རྩོམ་པ་པོ། བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱ་བ་དང་རྩོམ་པ་པོ་ཞིག་ཡིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་གར་སྟེགས་སྟེང། སྔོན་མེད་གནའ་དེང་བོད་མིའི་འཚོ་བ་དང་གནས་སྟངས་སོགས་མཚོན་པའི་གློག་བརྙན་ཕབ་བསྐྲུན་བྱས་པ་དེ་དག་འགྲན་ཞུགས་ཁག་ལས་རྒྱལ་ཁ་ཆེན་པོ་ཐོབ། དེས་ན་ཁོང་ནི་ཉེ་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་ཟིན་ཐོ་གསར་པ་ཞིག་ཁ་སྐོང་བྱེད་མཁན་ཡིན་པར་ཁོང་གི་མི་ཚེའི་ལོ་རྒྱུས་ཁྲོད་ནས་རྟོགས་ཡོང་།
པདྨ་ཚེ་བརྟན་སློབ་གྲྭ་ཆུང་འབྲིང་འགྲིམས་པའི་དུས་སྐབས། བོད་ནང་རྩོམ་རིག་གསར་པའི་འགོ་འཛུགས་བྱེད་བཞིན་ཡོད་པ་རེད། ༡༩༨༠ ལོའི་ནང་། བོད་དུ་སྲོལ་རྒྱུན་ལས་འདས་པའི་རྩོམ་འབྲིའི་ཐབས་ལམ་གསར་པ་དང་བསམ་བློ་གསར་པའི་ཕྱོགས་སུ་འབད་བརྩོན་བྱས་ནས། བོད་དུ་རྩོམ་རིག་གསར་པའི་ལམ་སྟོན་ཐོག་མ་ནི། དོན་གྲུབ་རྒྱལ་དང་ལྗང་བུ་སོགས་ཡིན་པ་ཤེས་རྟོགས་ཐུབ། རྗེས་སུ་སྟག་འབུམ་རྒྱལ་དང་ཚེ་རིང་དོན་གྲུབ་སོགས་བྱུང་ལ། ཁོང་ཚོས་ཚབ་མཚོན་རང་བཞིན་ཅན་གྱི་བརྩམས་ཆོས་ཀྱང་མང་པོ་བྲིས་མོད། སྤྱིའི་ཆ་ནས་སྐབས་དེའི་རྩོམ་འབྲིའི་གནས་ཚད་ལ་སྨིན་དང་མ་སྨིན་གྱི་ཆ་གཉིས་སུ་ཡོད་པ་ཤེས་རྟོགས་ཐུབ་བོ།།
འོན་ཀྱང་རྩོམ་ཡིག་འདི་དུས་ཚོད་ཧ་ཅང་བྲེལ་བའི་ཁྲོད་བྲི་དགོས་བྱུང་བས། ཚིག་དོན་གང་གི་ཐད་ལ་སྐྱོན་ཆ་མི་ཉུང་བ་ཞིག་ཤོར་ཡོད་ངེས་པས། བཟོད་གསོལ་དང་འབྲེལ་ཀློག་པ་པོའི་ཁྲོད་ནས་ཡོ་བསྲང་དང་ལམ་སྟོན་མི་ཉུང་བ་ཞིག་གནང་སྐྱོང་ཡོང་བའི་རེ་སྐུལ་དང་། རྩོམ་ཡིག་འདི་འབྲི་སྐབས། རྒྱུ་ཆ་འཚོལ་བསྡུ་དང་དཔྱད་ཐབས་སོགས་དང་འབྲེལ་བའི་སྐོར། བཀའ་འདྲི་ལམ་སྟོན་ཞུ་ས་དང་སྐུལ་མ་གནང་མཁན། ཕྲན་གྱི་མཛུབ་སྟོན་དགེ་རྒན། འབུམ་རམས་པ་རྒན་ལྷ་མོ་མཚོ་དང་། ཤར་ཕྱོགས་སྐད་ཡིག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་རྒན་ཆོས་ཉིད་དབང་མོ་(Professor Francoise Robin)རྣམ་གཉིས་སོགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད། རྩོམ་ཡིག་འདིའི་མགོ་མཇུག་བར་གསུམ་ལ་ཞུ་དག་སོགས་ཀྱི་ལམ་སྟོན་རོགས་རམ་གནང་མཁན་འབུམ་རམས་པ་རྒན་གཅན་བཟོད་རྒྱམ་དང་། མཐའ་མའི་ཞུ་དག་གནང་མཁན། དགེ་བཤེས་ལྷ་རམས་པ་རྒན་ནགས་ཤོད་སྐལ་རྒྱན་མཆོག་བཅས་ལ་ཤིན་ཏུ་བཀའ་དྲིན་ཆེ་ཞུའོ།།
དཔྱད་གཞིའི་ཡིག་ཆ།
- ཆབ་འགག་རྟ་མགྲིན། དེང་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ ༧ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
- རྣམ་སྲས། བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོའི་ཟླ ༧ པར་པར་ཐེངས་༡ པོ་བཏབ།
- མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། ནགས་ཀློང་ཁུ་བྱུག་འདུ་གནས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ་༡༢པར་པར་གཞི་དང་པོ་བསྒྲིགས།
- ལྷ་མོ་ཚེ་བརྟན། བཅར་འདྲི་ཞུ་ཡུལ། པད་མ་ཚེ་བརྟན། (བཅར་འདྲི།) ཟུར་བཀོད་དང་པོ། གོང་གསལ་པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ་ཞེས་པར་བཀོད། བཅར་འདྲིའི་དུས་ཚོད། ༢༠༡༤།༡༢།༠༨ (༡༥:༠༠ ༡༧:༠༠)
- ལྷ་མོ་ཚེ་བརྟན། པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་(རམས་འབྱམས་ཞིབ་འཇུག་མཐར་ཕྱིན་དཔྱད་རྩོམ།) ༢༠༡༥།༠༥།༡༣ཉིན།
- སྟག་ལྷ་ཐར། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཞིབ་འཇུག མཚོ་སྔོན་མི་རིགས་སློབ་ཆེན་(རབ་འབྱམས་པའི་བསླབ་གནས་དཔྱད་རྩོམ།) ༢༠༡༧ལོའི་ཟླ ༥ཚེས་༢༢ ཉིན།
- ལྷག་པ་ཆོས་འཕེལ་དང་བྱམས་པ་ཚུལ་ཁྲིམས་སོགས་ཀྱིས་རྩོམ་བསྒྲིགས་བྱས། བོད་ཀྱི་དེང་རྩོམ་སྤྱི་བཤད། མི་རིགས་དཔེ་སྐྲུན་ཁང། ༢༠༡༧ལོའི་ཟླ་༧པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
- བདུད་ལྷ་རྒྱལ་གྱིས་བརྩམས། བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ ༡༡ པར་དཔར་ཐེངས་དང་པོ་དཔར།
- ལོ་ཙཱ་བ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་༢༠༡༤ལོའི་འཛིན་གྲྭ། ཐར་ལོ། པད་ཚེ་བརྟན་གྱི་སྒྲུང་གཏམ་བོད་འགྱུར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༡༡པར་དཔར་ཐེངས་དང་པོ་དཔར།
- རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་དབྱིན་ཡིག་ཏུ་བརྩམས། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར་བ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས། བོད་ཀྱི་དུས་བབ། ༢༠༢༣།༠༩། ༢༥ཉིན།
- ཝེ་ཁེ་རིག་མཛོད། https://en.m.wikipedia.org/wiki/Pema_Tseden
དཔྱད་ཡིག་དང་ཞབས་མཆན།
[1] ལྷག་པ་ཆོས་འཕེལ་དང་བྱམས་པ་ཚུལ་ཁྲིམས་སོགས་ཀྱིས་རྩོམ་སྒྲིག་བྱས། བོད་ཀྱི་དེང་རྩོམ་སྤྱི་བཤད། མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ༧པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་ངོས། ༡༣༧
[2] ལྷ་མོ་ཚེ་བརྟན། པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་(རམས་འབྱམས་ཞིབ་འཇུག་མཐར་ཕྱིན་དཔྱད་རྩོམ།) ༢༠༡༥།༠༥།༡༣། ལོར་དཔར། ཤོག་ངོས། ༥
[3] སྟག་ལྷ་ཐར། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཞིབ་འཇུག ཚོ་སྔོན་མི་རིགས་སློབ་ཆེན་(རབ་འབྱམས་པའི་བསླབ་གནས་དཔྱད་རྩོམ།) ༢༠༡༧ལོའི་ཟླ ༥ཚེས་༢༢ ཉིན། ཤོག་ངོས། ༥
[4] ལྷ་མོ་ཚེ་བརྟན། བཅར་འདྲི་ཞུ་ཡུལ། པད་མ་ཚེ་བརྟན། (བཅར་འདྲི།) ཟུར་བཀོད་དང་པོ། གོང་གསལ་པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ་ཞེས་པར་བཀོད། བཅར་འདྲིའི་དུས་ཚོད། (།༢༠༡༤།༡༢། ༠༨།) (༡༥:༠༠) ཤོག་ངོས། ༩༤
[5] རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་དབྱིན་ཡིག་ཏུ་བརྩམས། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས། བོད་ཀྱི་དུས་བབ། ༢༠༢༣།༠༩།༢༥།
[6] ལྷ་མོ་ཚེ་བརྟན། བཅར་འདྲི་ཞུ་ཡུལ། པད་མ་ཚེ་བརྟན། (བཅར་འདྲི།) ཟུར་བཀོད་དང་པོ། གོང་གསལ་པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ་ཞེས་པར་བཀོད། བཅར་འདྲིའི་དུས་ཚོད། ༢༠༡༤།༡༢།༠༨། (༡༥:༠༠ ༡༧:༠༠) ཤོག་ངོས། ༩༤
[7] ལྷ་མོ་ཚེ་བརྟན། བཅར་འདྲི་ཞུ་ཡུལ། པད་མ་ཚེ་བརྟན། (བཅར་འདྲི།) ཟུར་བཀོད་དང་པོ། གོང་གསལ་པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ་ཞེས་པར་བཀོད། བཅར་འདྲིའི་དུས་ཚོད། ༢༠༡༤།༡༢།༠༨། (༡༥:༠༠ ༡༧:༠༠) ཤོག་ངོས། ༩༥
[8] ལྷ་མོ་ཚེ་བརྟན། བཅར་འདྲི་ཞུ་ཡུལ། པད་མ་ཚེ་བརྟན། (བཅར་འདྲི།) ཟུར་བཀོད་དང་པོ། གོང་གསལ་པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ་ཞེས་པར་བཀོད། བཅར་འདྲིའི་དུས་ཚོད། ༢༠༡༤།༡༢།༠༨ (༡༥:༠༠ ༡༧:༠༠)
[9] ལྷ་མོ་ཚེ་བརྟན། པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་(རམས་འབྱམས་ཞིབ་འཇུག་མཐར་ཕྱིན་དཔྱད་རྩོམ།) ༢༠༡༥།༠༥།༡༣ ཉིན།
[10] སྟག་ལྷ་ཐར། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཞིབ་འཇུག མཚོ་སྔོན་མི་རིགས་སློབ་ཆེན་(རབ་འབྱམས་པའི་བསླབ་གནས་དཔྱད་རྩོམ།) ༢༠༡༧ལོའི་ཟླ༥ ཚེས་༢༢ ཉིན།
[11] ལྷ་མོ་ཚེ་བརྟན། བཅར་འདྲི་ཞུ་ཡུལ། པད་མ་ཚེ་བརྟན། (བཅར་འདྲི།) ཟུར་བཀོད་དང་པོ། གོང་གསལ་པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ་ཞེས་པར་བཀོད། བཅར་འདྲིའི་དུས་ཚོད། ༢༠༡༤།༡༢།༠༨། (༡༥:༠༠ ༡༧:༠༠) ཤོག་ངོས། ༩༤
[12] སྟག་ལྷ་ཐར། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཞིབ་འཇུག མཚོ་སྔོན་མི་རིགས་སློབ་ཆེན་(རབ་འབྱམས་པའི་བསླབ་གནས་དཔྱད་རྩོམ།) ༢༠༡༧ ལོའི་ཟླ་ ༥ ཚེས་༢༢ ཉིན།
[13] རིག་འབྱུང་དོན་གྲུབ་བཀྲ་ཤིས་ནས་དབྱིན་ཡིག་ཏུ་བརྩམས། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར་བ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས། བོད་ཀྱི་དུས་བབ། ༢༠༢༣། ༠༩། ༢༥ ཉིན། ཤོག་ངོས། ༡
[14] སྟག་ལྷ་ཐར། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཞིབ་འཇུག མཚོ་སྔོན་མི་རིགས་སློབ་ཆེན་(རབ་འབྱམས་པའི་བསླབ་གནས་དཔྱད་རྩོམ།) ༢༠༡༧ལོའི་ཟླ༥ཚེས་༢༢ཉིན། ཤོག་ངོས། ༩
[15] སྟག་ལྷ་ཐར། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཞིབ་འཇུག མཚོ་སྔོན་མི་རིགས་སློབ་ཆེན་(རབ་འབྱམས་པའི་བསླབ་གནས་དཔྱད་རྩོམ།) ༢༠༡༧ལོའི་ཟླ༥ཚེས་༢༢ཉིན།
[16] ལྷ་མོ་ཚེ་བརྟན། པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་(རམས་འབྱམས་ཞིབ་འཇུག་མཐར་ཕྱིན་དཔྱད་རྩོམ།) ༢༠༡༥།༠༥།༡༣ ཉིན།
[17] རིག་འབྱུང་དོན་གྲུབ་བཀྲ་ཤིས་ནས་དབྱིན་ཡིག་ཏུ་བརྩམས། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར་བ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས། བོད་ཀྱི་དུས་བབ། ༢༠༢༣།༠༩།༢༥ཉིན།
[18] ལྷ་མོ་ཚེ་བརྟན། བཅར་འདྲི་ཞུ་ཡུལ། པད་མ་ཚེ་བརྟན། (བཅར་འདྲི།) ཟུར་བཀོད་དང་པོ། གོང་གསལ་པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ་ཞེས་པར་བཀོད། བཅར་འདྲིའི་དུས་ཚོད། ༢༠༡༤།༡༢།༠༨། (༡༥:༠༠ ༡༧:༠༠)
[19] གོང་མཚུངས་བཅར་འདྲིའི་བརྩམས་ཆོས་ལས་གསལ།
[20] རིག་འབྱུང་དོན་གྲུབ་བཀྲ་ཤིས་ནས་དབྱིན་ཡིག་ཏུ་བརྩམས། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར་བ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས། བོད་ཀྱི་དུས་བབ། ༢༠༢༣།༠༩། ༢༥ ཉིན། (དྷ་ས།)
[21] ལྷ་མོ་ཚེ་བརྟན། བཅར་འདྲི་ཞུ་ཡུལ། པད་མ་ཚེ་བརྟན། (བཅར་འདྲི།) ཟུར་བཀོད་དང་པོ། གོང་གསལ་པད་མ་ཚེ་བརྟན་གྱི་གློག་བརྙན་ལ་དཔྱད་པ་ཞེས་པར་བཀོད། བཅར་འདྲིའི་དུས་ཚོད། ༢༠༡༤།༡༢།༠༨ (༡༥:༠༠ ༡༧:༠༠)
[22]སྟག་ལྷ་ཐར། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཞིབ་འཇུག མཚོ་སྔོན་མི་རིགས་སློབ་ཆེན་(རབ་འབྱམས་པའི་བསླབ་གནས་དཔྱད་རྩོམ།)༢༠༡༧ལོའི་ཟླ༥ཚེས་༢༢ཉིན།
[23] ལུང་ཁུངས་ཡིག་ཆ་གོང་དང་འདྲ།
[24] ལུང་ཁུངས་ཡིག་ཆ་གོང་དང་འདྲ།
[25] མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། ནགས་ཀློང་ཁུ་བྱུག་འདུ་གནས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ་༡༢ པར་པར་གཞི་དང་པོ་བསྒྲིགས།
[26] ལྷག་པ་ཆོས་འཕེལ་དང་བྱམས་པ་ཚུལ་ཁྲིམས་སོགས་ཀྱིས་རྩོམ་བསྒྲིགས་བྱས། <<བོད་ཀྱི་དེང་རྩོམ་སྤྱི་བཤད།>> མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ་༧པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་ངོས། ༡༣༧
[27] ལོ་ཙཱ་བ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་༢༠༡༤ལོའི་འཛིན་གྲྭ། ཐར་ལོ། པད་མ་ཚེ་བརྟན་གྱི་སྒྲུང་གཏམ་བོད་འགྱུར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ ༡༡ པར་དཔར་ཐེངས་དང་པོ་དཔར།
[28] སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ། (Professor Francoise Robin) <<གངས་>>ཧྥ་རན་སིའི་སྐད་དུ་བསྒྱུར།
[29] ལྷག་པ་ཆོས་འཕེལ་དང་བྱམས་པ་ཚུལ་ཁྲིམས་སོགས་ཀྱིས་རྩོམ་བསྒྲིགས་བྱས། <<བོད་ཀྱི་དེང་རྩོམ་སྤྱི་བཤད།>> མི་རིགས་དཔེ་སྐྲུན་ཁང། ༢༠༡༧ལོའི་ཟླ་༧པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་ངོས། ༡༣༧
[30] ཝེ་ཁེ་རིག་མཛོད། https://en.m.wikipedia.org/wiki/Pema_Tseden
[31] ཆབ་འགག་རྟ་མགྲིན། དེང་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས། མི་རིགས་དཔེ་སྐྲུན་ཁང་།༢༠༠༧ལོའི་ཟླ ༧ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
[32] རྣམ་སྲས། བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ ༧པར་པར་ཐེངས་༡པོ་བཏབ།
[33] ལྷག་པ་ཆོས་འཕེལ་དང་བྱམས་པ་ཚུལ་ཁྲིམས་སོགས་ཀྱིས་རྩོམ་བསྒྲིགས་བྱས། བོད་ཀྱི་དེང་རྩོམ་སྤྱི་བཤད། མི་རིགས་དཔེ་སྐྲུན་ཁང། ༢༠༡༧ལོའི་ཟླ་༧པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
[34] བདུད་ལྷ་རྒྱལ་གྱིས་བརྩམས། བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོའི་ཟླ ༡༡ པར་དཔར་ཐེངས་དང་པོ་དཔར།
[35] བདུད་ལྷ་རྒྱལ་གྱིས་བརྩམས། བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོའི་ཟླ ༡༡ པར་དཔར་ཐེངས་དང་པོ་དཔར། ཤོག་ངོས། ༡༠༣
(མཆན།) དཔྱད་རྩོམ་འདི་ཐོག་མར་༢༠༢༤ ལོའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དུས་དེབ་ཏུ་བཀོད།
– – – – – –