མངོན་པའི་ལུགས་ཀྱི་བར་སྲིད་སྐོར་གླེང་བ།

0
662

ནང་དོན་གནད་བསྡུས། དཔྱད་རྩོམ་འདི་ནི་བར་སྲིད་ཡོད་མེད་སྐོར་གྱི་གླེང་གཞི་གཙོ་བོར་མ་བྱས་པར། འབྱུང་འགྱུར་བར་སྲིད་ལ་ཞིབ་འཇུག་གནང་མཁན་དག་ལ་ནང་པའི་མདོ་ཕྱོགས་ཀྱི་གཞུང་ལུགས་ནང་དུ་བར་སྲིད་ཅེས་པའི་ངོས་འཛིན་དང་། དེའི་ཁྱད་ཆོས། རྣམ་པ་བཅས་ཇི་ལྟར་བཤད་ཡོད་མེད་ཀྱི་སྐོར་རྩལ་དུ་བཏོན་ནས་བྲིས་ཡོད།

བརྡ་ཆད།  བར་སྲིད། རིག་པའི་རྣམ་གཞག  བར་སྲིད་ཀྱི་ཁྱད་ཆོས། སྒྲུབ་བྱེད། མངལ་འཇུག

ཐོག་མའི་གླེང་གཞི། 

སྐྱེ་འགྲོའི་སྲོག་ཆགས་ཚང་མ་ཤི་བའི་རྗེས་སུ་མར་མེ་ནུབ་པ་བཞིན་དུ་རྣམ་ཤེས་རྒྱུན་ཆད་པ་ཡིན་ནམ། ཡང་ན་སྐྱེ་བ་གཞན་ཞིག་ལེན་པར་བྱེད། སྐྱེ་བ་གཞན་ཞིག་ལེན་ན་འཆི་བ་དང་སྐྱེ་བ་གཉིས་ཀྱི་བར་ལ་སྲིད་པ་གཞན་ཞིག་བརྒྱུད་དགོས་སམ། ཡང་ན་ཤི་བའི་དེ་མ་ཐག་ཏུ་སྐྱེ་བ་གཞན་ལེན་ནམ་སྙམ་པའི་དོགས་པ་ཞིག་ང་ཚོ་ནང་པའི་གྲུབ་མཐའ་སྨྲ་བའམ།   ཡང་ན་གཞན་ལའང་གནའ་ནས་ད་བར་དུ་འབྱུང་གི་ཡོད་པ་བཤད་མ་དགོས་པ་ཞིག་རེད། ང་ཚོ་ནང་པའི་གྲུབ་མཐའ་སྨྲ་བའི་མི་སྣ་ཞིག་ལ་མཚོན་ན་འདི་ལྟ་བུའི་དོགས་པ་ཞིག་ཡོང་བ་ནི་ཆེས་ངོ་མཚར་བའི་གནས་ཤིག་མཐོང་།  རྒྱུ་མཚན་ཅིའི་ཕྱིར་ཞེ་ན།  ལས་འབྲས་ཀྱི་གནས་ལུགས་ཚུལ་གཞིན་དུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཅིག་ལ་མཚོན་ན་འདི་ལྟ་བུ་དོགས་པ་ཞིག་འབྱུང་བའི་གནས་གང་ཡང་མ་ཡིན་པ་ལྟ་བུར་སྣང་སྟེ། ནང་པའི་རིག་གཞུང་དག་ལས་བར་སྲིད་ཡོད་པའི་སྒྲུབ་བྱེད་ཀྱི་རིགས་པ་དང་། བར་སྲིད་ཀྱི་ངོ་བོ། བར་སྲིད་ཀྱི་རྣམ་པ་སོགས་རྒྱས་པར་གསུངས་ཡོད་པས། ཕལ་ཆེར་བས་དེ་ལ་ཡིད་ཆེས་པའི་དད་པ་ཙམ་གྱིས་ཅི་གསུང་བཀའ་བཞིན་དུ་བརྩི་བ་ལས། དོགས་པ་ཤར་བའམ་དཔྱད་པ་བཏང་མཁན་ནི་ཉིན་མོའི་སྐར་མ་ཙམ་དུ་གནས་པས་སོ། །  དེས་ན་ནང་པའི་གཞུང་ལུགས་ཁག་ནས་གནས་ཚུལ་འདི་དག་གི་ཐད་ལ་སྔར་ནས་འགྲེལ་བཤད་དང་གསལ་བཤད་བྱས་ཟིན་པ་རེད། སེམས་ཅན་གང་ཡིན་ན་ཤི་བའི་རྗེས་སུ་རྣམ་ཤེས་རྒྱུན་ཆད་མི་འགྲོ་བར་སྐྱེ་བ་ལེན་དགོས་པ་ནི་ནང་པའི་གཞུང་ལུགས་སྨྲ་བ་རྣམས་ཀྱིས་འདོད་ལ། ཤི་བ་དང་སྐྱེ་བ་གཉིས་ཀྱི་བར་དུ་ཡང་སེམས་ཅན་གཞན་ཞིག་བརྒྱུད་དགོས་མིན་ཐད་ལ་ནང་པའི་མཁས་པ་དག་ལ་བཞེད་ཚུལ་མི་འདྲ་བ་མང་དུ་བྱུང་ཡོད། ད་སྐབས་དཔྱད་རྩོམ་འདིའི་ནང་ནས་བར་སྲིད་ཡོད་པའི་ངེས་ཤེས་བརྟན་ཚུགས་ཡོད་པའི་མི་རྣམས་ལ་ནང་པའི་གཞུང་ལུགས་ལས་ཇི་ལྟར་བཤད་ཡོད་པའི་སྐོར་དེ་གསལ་བཤད་ཉུང་ངུ་ཞིག་བྲིས་ཡོད།

༡   མངོན་པ་མཛོད་ལས་བར་སྲིད་ཅེས་པ་ངོས་འཛིན་བྱེད་སྟངས་སྐོར།

གང་ཟག་ཅིག་ཡུལ་གཅིག་ནས་འཆི་སྲིད་གྲུབ་ནས་ཡུལ་གཞན་དུ་སྐྱེ་སྲིད་མ་འགྲུབ་པའི་བར་གྱི་བར་མ་དོའི་སེམས་ཅན་ཡོད་ན་དེ་ལ་བར་སྲིད་ཅེས་པའི་ཐ་སྙད་འདོགས་ཤིང་། དེ་ནི་ནང་པའི་གཞུང་ལུགས་སྨྲ་བ་དག་གིས་འཆི་བ་དང་སྐྱེ་བའི་བར་གྱི་སྲིད་པ་ཡིན་པས་བར་གྱི་སྲིད་པ་ཞེས་བར་སྲིད་ངོས་འཛིན་བྱས་ཡོད་དེ། དབྱིག་གཉེན་གྱིས། 《མཛོད་རང་འགྲེལ》   (སྡེ་བསྟན། )པོད་༡༤༠ ཤོག་ངོས། ༡༡༦ ལས། ”ལུས་གང་ཡུལ་གཞན་དུ་སྐྱེ་བ་ཐོབ་པར་བྱ་བའི་ཕྱིར་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པའི་བར་དུ་མངོན་པར་འགྲུབ་པ་དེ་ནི་སྲིད་པ་བར་མ་ཞེས་བྱ་སྟེ། འགྲོ་བའི་བར་མ་ཡིན་པའི་ཕྱིར་རོ། ། ཞེས་གསུངས་སོ། །  བར་སྲིད་ཡོད་མེད་སོགས་ཀྱི་རྩོད་པ་དང་བར་སྲིད་ཅེས་པ་གང་ལ་ངོས་འཛིན་བྱེད་ཀྱིན་ཡོད་མེད་སྐོར་ནས་རྒྱས་པར་བཀྲལ་ནས་སློབ་དཔོན་རང་ཉིད་ཀྱིས་བར་སྲིད་ཡོད་པར་འདོད་པའི་ཕྱོགས་བཟུང་ཡོད། སྤྱིར་བཏང་བར་སྲིད་ཡོད་མེད་སྐོར་ནས་སྡེ་པ་སོ་སོར་འདོད་ཚུལ་མི་འདྲ་བ་མདོའི་ཁུངས་བཀྲལ་ཚུལ་དང་གོ་བ་ལེན་སྟངས་སོགས་ལ་མི་འདྲ་བ་མང་པོ་བྱུང་བ་ཡིན་མོད། ཕྱིས་སུ་ནང་བསྟན་རིག་པའི་ཆེད་མཁས་པ་མང་ཆེ་བས་བར་སྲིད་ཡོད་པའི་སྐོར་དེ་ཁས་བླངས་ནས་འཐད་ཕྱོགས་སུ་བཟུང་ཡོད། ནང་པའི་གཞུང་ལུགས་ནང་ནས། འདོད་ཁམས་དང་གཟུགས་ཀྱི་ཁམས་སུ་འཆི་སྲིད་དང་སྐྱེ་སྲིད་བར་དུ་བར་སྲིད་བརྒྱུད་དགོས་ཀྱི་གཟུགས་མེད་ཁམས་ནི་གནས་གང་དུ་ཤི་བ་དེ་ཉིད་ལ་སྐྱེ་སྲིད་འགྲུབ་ཀྱི་བར་སྲིད་མེད་དོ་ཞེས་སྨྲ་བར་བྱེད་དོ། །

༢ བར་སྲིད་མེད་པར་འདོད་པའི་ཁུངས་བཅོལ་སའི་མདོ་ལུང་གི་སྐོར།

ཁུངས་གཏད་སའི་མདོ་དེ་དག་ལས།  “དེ་ནས་བདུད་སུན་འབྱིན་བྱེད་ཅེས་བྱ་བས་སངས་རྒྱས་འོད་སྲུང་གི་ཉན་ཐོས་མཁས་མགུ་ཞེས་བྱ་བའི་ཀླད་དུ་ཁུ་ཚུར་བསྣུན་པ་ལས་དེས་མ་རངས་པའི་སྐད་ཕྱུང་བ་དང་སྐད་ཅིག་དེ་ཉིད་ལ་རང་གི་ལུས་ཁོ་ནས་སེམས་ཅན་མནར་མེད་པའི་དམྱལ་པ་ཆེན་པོ་ལྷུང་བར་བཤད་པའི་ཕྱིར། ”ཞེས་པ་དང་།  《མཛོད་རང་འགྲེལ》ཞལ་འཕངས་བའི། སྡེ་བསྟན།) པོད། ༡༤༠ ཤོག་ངོས། ༡༡༩ མདོ་ལས།  “མཚམས་མེད་པ་ལྔའི་ལས་གང་དག་བྱས་ཤིང་བསགས་ནས་དེ་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེའོ། ། ”ཞེས་དང་། 《མཛོད་རང་འགྲེལ》ཞལ་འཕངས་བའི། སྡེ་བསྟན། ༡༤༠ ཤོག་ངོས། ༡༡༩ མདོ་ལས། “བཅོམ་ལྡན་འདས་ཀྱིས་བྲམ་ཟེ་རྒན་པོའི་དབང་དུ་མཛད་ནས། བྲམ་ཟེ་ན་ཚོད་ཁྱེར་ཟིན་རྒ་བ་དང་། ། ན་བ་ཡིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། ། བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང་། ། ཁྱོད་ཀྱི་ལམ་བརྒྱགས་ཀྱང་ནི་ཡོད་མ་ཡིན། ། ”ཞེས་པ་རྣམས་ཡིན་ནོ། ། གོང་གི་མདོ་ལུང་དང་པོས། ཚེ་འདིའི་ལུས་དེ་ཉིད་མ་བོར་བར་དམྱལ་བར་སྐྱེ་བ་བསྟན་པ་དང་།  《མདོ་ལུང་གཉིས་པས། 》མཚམས་མེད་བྱས་པ་དེ་མ་ཐག་ཏུ་དམྱལ་བར་སྐྱེ་བ་བསྟན་པས་བར་དུ་སྲིད་པ་གཞན་བརྒྱུད་མི་དགོས་པ་གྲུབ་བོ། ། 《མདོ་ལུང་གསུམ་པས། 》ཤི་བའི་རྗེས་ནས་གཤིན་རྗེའི་དྲུང་དུ་ཕྱིན་གྱི་བར་དུ་གནས་གཞན་མེད་པར་གསུངས་སོ། ། མདོ་ལུང་དེ་དག་ཁས་ལེན་སྟངས་དང་གོ་བ་ལེན་ཚུལ་མི་འདྲ་བའི་དབང་གི་མདོ་ལུང་དེ་བཀྲལ་ཚུལ་ཡང་མི་མཐུན་པ་བྱུང་ཡོད།

༣ སློབ་དཔོན་དབྱིག་གཉེན་གྱིས་མདོ་ལུང་དེ་དག་གི་དགོངས་པ་ལེན་ཚུལ་གྱི་སྐོར།

སློབ་དཔོན་དབྱིག་གཉེན་གྱིས་《མཛོད་རང་འགྲེལ》ལས་ཞལ་འཕངས་བའི་ལུང་དེ་དག་ལ་འགྲེལ་བཤད་ཇི་ལྟར་གནང་ཚུལ་ཞུས་ན།  《མདོ་ལུང་དང་པོ། 》དེ་ནས་བདུད་སུན་འབྱིན་བྱེད་ཅེས་བྱ་བས་སངས་རྒྱས་འོད་སྲུང་གི་ཉན་ཐོས་མཁས་མགུ་ཞེས་བྱ་བའི་ཀླད་དུ་ཁུ་ཚུར་བསྣུན་པ་ལས་དེས་མ་རངས་པའི་སྐད་ཕྱུང་བ་དང་སྐད་ཅིག་དེ་ཉིད་ལ་རང་གི་ལུས་ཁོ་ནས་སེམས་ཅན་མནར་མེད་པའི་དམྱལ་བ་ཆེན་པོར་ལྷུང་ངོ་ཞེས་གང་གསུངས་པ་དེའི་དགོངས་པ་ནི། གསོན་པོ་ཁོ་ནར་དམྱལ་བའི་མེ་དག་གིས་བསྐོར་ཏེ་ཤི་ནས་སྲིད་པ་བར་མས་མནར་མེད་པར་སོང་ངོ་སྙམ་དུ་དགོངས་པ་ཡིན་ནོ། ། ལས་དེ་ཤིན་ཏུ་དྲག་པོ་ཡོངས་སུ་རྫོགས་པ་རྣམས་ནི་ལུས་འདོར་བ་མི་སྡོད་པས་དེའི་ཕྱིར་འདིའི་མཐོང་བའི་ཆོས་ལ་མྱང་བར་འགྱུར་བའི་ལས་ནི་དང་པོར་སྨིན་ལ། སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི་ཕྱིས་སྨིན་ཏོ། ། ཞེས་འགྲེལ་བཤད་དེ་ལྟར་གནང་ཡོད། 《མཛོད་རང་འགྲེལ་》 (སྡེ་བསྟན།) པོད། ༡༤༠ ཤོག་ངོས། ༡༡༩ ལས་ཞལ་འཕངས་བའི་མདོ་ལུང་གཉིས་པ་དེ་ཉིད་ལ་འགྲེལ་བཤད་གནང་ཚུལ་ནི།   “མཚམས་མེད་བྱས་པ་དེ་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེའོ་ཞེས་གསུངས་པ་དེའི་དགོངས་དོན་ནི། འགྲོ་བ་གཞན་དུ་མི་འགྲོ་བར་ཞེས་བྱ་བའི་དོན་ཡིན་ཏེ། དེར་ནི་སྐྱེས་ནས་མྱོང་བར་འགྱུར་བའི་ལས་སུ་གསུངས་སོ། ། འོན་ཏེ་སྒྲ་ཇི་བཞིན་དུ་བརྟགས་ན་ནི་ལྔ་ཁོ་ན་བྱས་ནས་ཡིན་གྱི་གཅིག་ཅེས་བྱ་བར་ཡང་མི་འགྱུར་ལ། བྱས་མ་ཐག་ཏུ་ཡིན་གྱི་དུས་གཞན་གྱི་བར་དུ་གསོན་པོར་འདུག་ནས་ཀྱང་མ་ཡིན་ནོ། ། སྲིད་པ་བར་མ་སྐྱེ་བ་ཉིད་ཡིན་པར་ཀོ་སུ་ཞིག་མི་འདོད་དེ།  འདི་འཆི་བའི་སྲིད་པའི་མཇུག་ཐོགས་སུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་སྲིད་པ་བར་མ་ཁོ་ནས་དམྱལ་བ་དག་ཏུ་སྐྱེ་བ་ཡིན་གྱི་སྐྱེས་པ་ཡིན་ནོ་ཞེས་ནི་མི་སྨྲའོ། །   ཞེས་འགྲེལ་བཤད་གནང་ཡོད། 《མཛོད་རང་འགྲེལ》 ལས། (སྡེ་བསྟན། )པོད། ༡༤༠ ཤོག་ངོས། ༡༡༩ ལས་ཞལ་འཕངས་བའི་མདོ་ལུང་གསུམ་པ་དེ་ཉིད་ལ་འགྲེལ་གནང་ཚུལ་ནི།  “བྲམ་ཟེ་ན་ཚོད་ཁྱེར་ཟིན་རྒ་བ་དང་། ། ན་བ་ཡིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། ། བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང་། ། ཁྱོད་ཀྱི་ལམ་བརྒྱགས་ཀྱང་ནི་ཡོད་མ་ཡིན། །ཞེས་གསུངས་པའི་ཚིགས་སུ་བཅད་པའི་དགོངས་དོན་ནི།  མི་དག་གི་ནང་ན་གནས་སུ་མེད་དོ་སྙམ་པ་ཡིན་ནོ། ། ” མདོ་ལུང་དེ་དག་ལ་མཛོད་རང་འགྲེལ་གྱིས་འགྲེལ་བཤད་དེ་ལྟར་གནང་ཡོད།

༤ མཛོད་ལས་བར་སྲིད་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གཞག་གི་སྐོར།

བར་སྲིད་མི་འདོད་པའི་སྡེ་པ་དེ་དག་གིས་ཁུངས་བཅོལ་སའི་མདོ་ལུང་དེ་དག་སློབ་དཔོན་གྱིས་དགོངས་པ་དེ་ལྟར་བཀྲལ་ནས་བར་སྲིད་ཡོད་པ་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གཞག་དངོས་ལ་ཞུགས་ནས་བར་སྲིད་སྒྲུབ་བྱེད་ལ་བརྟགས་ན།   《མཛོད་རང་འགྲེལ་》 (སྡེ་བསྟན།) པོད།  ༡༤༠ ཤོག་ངོས།  ༥༡༢ལས།  “སྡེ་པ་གཞན་དག་ན་རེ། འཆི་བའི་སྲིད་པ་ཆད་པ་ཁོ་ན་ལས་སྐྱེ་བའི་སྲིད་པ་འབྱུང་ངོ་ཞེས་ཟེར་ཏེ། དེ་ནི་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་པ་དང་ལུང་ལས་ཏེ། རེ་ཞིག་རིགས་པ་ལ་བརྟེན་ནས། ” གཞུང་ཚན་དེས་མཚམས་སྦྱར་ནས་བར་སྲིད་སྒྲུབ་བྱེད་ཀྱི་རིགས་པ་དངོས་ནི།  དབྱིག་གཉེན་གྱི་《མཛོད་རྩ་བ་》 ( སྡེ་བསྟན།) པོད། ༡༤༠ ཤོག་ངོས།  ༧ལས།  “འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་བྱུང་བ་མིན། །”ཞེས་བར་སྲིད་སྒྲུབ་བྱེད་ཀྱི་རིགས་པ་གསུངས་པ་དེ་《རྒྱལ་པོའི་སྲས་ཀྱི་འགྲེལ་བཤད་》 (སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་ནས་སྒྲིག་པའི་( སྡེ་བསྟན།) པོད། ༢ ཤོག་ངོས། ༣༢ ལས། “ སྐྱེ་བའི་སྲིད་པའི་གཟུགས་ནི་གང་དང་འབྲལ་བ་དང་གང་དུ་འབྱུང་བ་དེ་དག་གི་བར་མའི་རྒྱུན་ལ་ཡོད་པའི་གཟུགས་སྔོན་དུ་འགྲོ་བ་ཅན་ཡིན་ཏེ།  རང་གི་ཉེ་བར་ལེན་པ་གཟུགས་ཀྱི་རྒྱུན་གྱི་ངོ་བོའི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར། དཔེར་ན་རྒྱུན་ཕྱིས་འབྱུང་བའི་གཟུགས་ལྟ་བུའོ། ། ”ཞེས་གསུངས་སོ། ། དེའི་དོན་གནད་བསྡུས་པའི་ཚུལ་གྱིས་སྦྱོར་ངག་ཏུ་བཀོད་ན། སྐྱེ་བའི་སྲིད་པས་བསྡུས་པའི་གཟུགས་ཆོས་ཅན། གང་དང་འབྲལ་བ་དང་གང་དུ་འབྱུང་བ་དེ་དག་གི་བར་མའི་རྒྱུན་ལ་ཡོད་པའི་གཟུགས་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། རང་གི་ཉེ་བར་ལེན་པ་འཆི་བའི་སྲིད་པས་བསྡུས་པའི་གཟུགས་ཀྱི་རྒྱུན་གྱི་ངོ་བོ་ཡིན་པའི་ཕྱིར། དཔེར་ན། རྒྱུན་ཕྱིས་འབྱུང་བའི་གཟུགས་ལྟ་བུའོ། །

ཡང་《རྒྱལ་པོའི་སྲས་ཀྱི་འགྲེལ་བཤད་》  (སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་ནས་སྒྲིག་པའི་( སྡེ་བསྟན།) པོད། ༢ ཤོག་ངོས། ༣༢ལས།   “རྒྱུན་གྱི་འབྱུང་བའི་ཆོས་རྣམས་ནི་རྒྱུན་མི་འཆད་པར་ཡུལ་གཞན་དུ་འབྱུང་བའི་སྒོ་ནས་ཡུལ་གཞན་དག་ཏུ་འབྱུང་བ་མཐོང་སྟེེ། དཔེར་ན་འབྲུའི་རྒྱུན་ལྟ་བུའོ། ། འབྲུ་ཡུལ་གཞན་དང་གཞན་དུ་ཁྱེར་བ་ན་འབྲུ་དེ་གྲོང་སྔ་མར་འགགས་ནས་གང་ནས་འབྲལ་བའི་ཡུལ་དང་གང་དུ་ཕྱིན་པའི་གྲོང་དེ་གཉིས་བར་དུ་མི་འབྱུང་བར་དཔག་ཚད་དུ་མས་བཅད་པའི་གྲོང་གཞན་དུ་ཆད་ནས་འབྱུང་བ་མ་ཡིན་ནོ། ། འོ་ན་ཅི་ཞེ་ན། ནམ་མཁའི་ཕྱོགས་སུ་འབྲུའི་རྒྱུན་སྔ་མ་སྔ་མ་འགགས་པ་དང་བར་མ་དང་ཕྱི་མ་རིམ་གྱིས་གྲོང་གཞན་དུ་འབྱུང་ངོ་། ། “ ཞེས་གསུངས་སོ། ། དེ་ལྟར་དུ་གང་དུ་འཆི་བའི་གཟུགས་དེ་གང་དུ་སྐྱེ་བའི་གཟུགས་ཀྱི་བར་དུ་དཔག་ཚད་དུ་མས་ཆོད་པ་ལ་མཚོན་ན་འཆི་བའི་གཟུགས་དེའི་སྐད་ཅིག་བར་མ་ཆད་པར་བརྒྱུད་དེ་རིམ་གྱིས་སྐྱེ་བའི་གཟུགས་ཀྱི་ངོ་བོར་འགྱུར་དགོས་ཀྱི། དེ་ལྟར་མིན་པར་བར་དུ་རྒྱུན་ཆད་ནས་སྐྱེ་བའི་གཟུགས་ཀྱི་ངོ་བོར་འགྱུར་བ་མི་སྲིད་དོ། །དེས་ན་འཆི་བའི་སྲིད་པས་བསྡུས་པའི་གཟུགས་དང་སྐྱེ་བའི་སྲིད་པས་བསྡུས་པའི་གཟུགས་གཉིས་ཀྱི་བར་དུ་གཟུགས་སྐད་ཅིག་མ་དུ་མ་བརྒྱུད་དགོས་ལ་དེ་ནི་བར་མ་དོའི་སྲིད་པའི་གཟུགས་ཡིན་ནོ་ཞེས་པའོ། །  དེ་ཡང་གཟུགས་ལ་ཆགས་པ་དང་བཅས་ཡིན་པས་སྐྱེ་བ་ལེན་པའི་རྣམ་ཤེས་ནི་དབང་པོ་གཟུགས་ཅན་པ་དང་འབྲལ་མི་རུང་བར་སྐྱེ་ལ་དབང་པོ་དེ། ཤི་བའི་ཡུལ་གཅིག་ནས་སྐྱེ་བའི་ཡུལ་གཞན་དུ་འགྲོ་བ་ལ་བར་གྱི་གཟུགས་རྒྱུན་རིམ་གྱིས་བརྒྱུད་དགོས་པའི་རྒྱུ་མཚན་གྱིས་བར་སྲིད་ཡོད་པར་ཁས་ལེན་དགོས་ལ། གཟུགས་ལ་ཆགས་པ་དང་བྲལ་བའི་རྒྱུ་མཚན་གྱིས་གཟུགས་མེད་དུ་སྐྱེ་བ་ལེན་པའི་ཚེ་རྣམ་ཤེས་དེ་གང་དུ་ཤི་བ་དེ་ཉིད་དུ་སྐྱེ་སྲིད་གྲུབ་ཀྱི་དབང་པོ་གཟུགས་ཅན་པ་དེ་ཉིད་རྒྱུན་གྱི་སྒོ་ནས་ཡུལ་གཞན་དུ་འགྲོ་བ་མེད་པས་བར་སྲིད་བརྒྱུད་མི་དགོས་སོ། །  རྒྱུ་མཚན་དེའི་ཕྱིར་གཟུགས་མེད་ལ་བར་དོ་མེད་པའི་རྒྱུ་མཚན་ཡང་དེ་ལྟར་སྨྲ་བར་བྱེད་ཀྱིན་ཡོད་དོ། །

དཔྱད་པར་བྱ་བའི་གནད་གལ་ཆེ་བ་ཞིག་ལ།  དཔེར་ན་འདོད་གཟུགས་ལྟ་བུ་ལ་གང་དུ་འཆི་སྲིད་འགག་མ་ཐག་པའི་གནས་དེར་བ་གླང་ལྟ་བུ་ཞིག་ཏུ་སྐྱེ་སྲིད་གྲུབ་ན་དེ་ལ་གོང་ནས་བཤད་པ་ལྟར་བར་སྲིད་དེ་ཡོད་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར། དེ་ལ་བར་སྲིད་མེད་ཀྱང་རུང་ངམ་ཅི། གལ་སྲིད་དེ་ལྟར་རུང་ན་ནང་བསྟན་གྱི་གཞུང་ལུགས་མང་ཆེ་ཤོས་ནང་དུ་བར་དོ་མེད་པའི་དམིགས་བསལ་ཞིག་གཟུགས་མེད་ལས་གཞན་དག་གང་ཡང་མ་བཤད་པས་དེ་དང་འགལ་བའི་སྐྱོན་མེད་དམ། མི་རུང་ན་དེ་ལ་བར་སྲིད་ཡོད་པའི་རྒྱུ་མཚན་གང་ཡོད་བློ་གཟུ་བོའི་ངང་ནས་དཔྱད་བརྗོད་ཅིག་བྱེད་དགོས་པ་གནད་ཆེ་ཤོས་ཤིག་ཡིན་པར་འདུག ། བར་སྲིད་མེད་པར་འདོད་པའི་སྡེ་པ་གཞན་དག་མང་ཆེ་ཤོས་ཀྱིས་སྐྱེ་སྲིད་དེ་འཆི་སྲིད་ཆད་ཙམ་ནས་བྱུང་གི་དེའི་བར་སྲིད་པ་གཞན་བརྒྱུད་མི་དགོས་པར་གསུངས། དེ་དག་གིས་དེའི་དཔེ་ལ་གདོང་གི་གཟུགས་བརྙན་མེ་ལོང་ལ་ཆ་འཕོ་བར་བཞག་པར་མཛད། དེ་ལ་སློབ་དཔོན་དབྱིག་གཉེན་གྱིས་དཔེ་མ་གྲུབ་པ་དང་དཔེ་དོན་གཉིས་མི་མཚུངས་སོགས་ཀྱི་སྒོ་ནས་སུན་འབྱིན་མང་དུ་བྱས་ཡོད།  ང་ཚོ་གཅིག་བྱས་ན་བར་སྲིད་གླེང་ན་བར་སྲིད་སྒྲུབ་ཚུལ་གྱི་རིགས་པ་འདི་དག་གལ་གནད་ཆེ་ཤོས་ཡིན་པ་མཐོང་མཁན་མང་པོ་ཡོད། ཡིན་ནའང་ད་སྐབས་ངས་བར་སྲིད་སྐོར་གྱི་ཞིབ་གླེང་རགས་བསྡུས་ནི་བར་སྲིད་ཡོད་པ་ང་ཚོ་ནང་པའི་ལྟ་གྲུབ་ལ་སྦྱོང་པ་སྔོན་སོང་ཅན་དང་དེ་མ་ཡིན་པའི་ལས་རྒྱུ་འབྲས་དང་། སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་མཁན་ཞིག་ལ་མཚོན་ན་བར་སྲིད་སྒྲུབ་ཚུལ་གྱི་རིགས་པ་འདི་ནམ་རྒྱུན་གྱི་སྐད་ཆ་ཞིག་ལས་མ་འདས། ཡིན་ནའང་བར་སྲིད་དེ་ནང་པའི་གཞུང་ལུགས་ཆེ་ཁག་ནང་ནས་ངོས་འཛིན་བྱེད་སྟངས་དང་བར་སྲིད་ཀྱི་ཁྱད་ཆོས། མངལ་དུ་འཇུག་ཚུལ་སོགས་ཀྱི་རྣམ་གཞག་དེ་དག་ནང་པའི་གཞུང་ལུགས་ཀྱིས་ཅི་འདྲ་ངོས་འཛིན་བྱས་ཡོད་མེད་ཀྱི་ཐད་ལ་མི་མང་ཤོས་དེ་ལྐོག་གྱུར་གྱི་སྣང་བ་ཞིག་ལས་ངེས་ཤེས་བརྟན་ཚུགས་ཤིག་མེད་པས། རྒྱུ་མཚན་དེའི་དབང་གིས་ད་རེས་བར་སྲིད་སྐོར་ཀྱི་རྣམ་གཞག་རགས་བསྡུས་བྲིས་པ་ཡིན།

༥ དབྱིག་གཉེན་གྱི་བར་སྲིད་ཡོད་པར་འདོད་པའི་ཁུངས་ཀྱི་མདོ་ལུང་གི་སྐོར།

《སྲིད་པ་བདུན་པའི་མདོ་》ལས། “སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། དུད་འགྲོའི་སྲིད་པ་དང་། ཡི་དྭགས་ཀྱི་སྲིད་པ་དང་། ལྷའི་སྲིད་པ་དང་། མིའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ། །” ཞེས་དང་།  《མངལ་དུ་འཇུག་པའི་མདོ་》ལས།  “གནས་གསུམ་མངོན་དུ་གྱུར་པས་མའི་མངལ་དུ་བུ་ཆགས་པར་གྱུར་ཏེ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང༌། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང༌། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་དྲི་ཟ་གསུངས་ཤིང་དྲི་ཟ་ནི་སྲིད་པ་བར་མ་ཡིན་པའི་ཕྱིར།” ཡང་ 《རྟ་ལེན་གྱི་བུའི་མདོ་》ལས། “ བཅོམ་ལྡན་འདས་ཀྱིས་བྲམ་ཟེ་རྟ་ལེན་གྱི་བུ་ལ། རྟ་ལེན་གྱི་བུ་ཁྱོད་ཀྱིས་མཆིམས་བྲང་ལ་དྲི་ཟ་ཉེ་བར་གནས་པ་གང་ཡིན་པ་དེ་རྒྱལ་རིགས་སམ། བྲམ་ཟེའམ། རྗེའུ་རིགས་སམ། དམངས་རིགས་སམ། འོན་ཏེ་ཤར་ཕྱོགས་ནས་འོངས་པ་ཞིག་གམ། འོན་ཏེ་ལྷོ་དང་ནུབ་དང་བྱང་ནས་འོངས་པ་ཞིག་ཤེས་སམ།  ཞེས་གསུངས་སོ། །”  《ལུང་ཕྲན་ཚེགས་》ལས།  “དགའ་བོ་ཕ་མར་ཆགས་པར་གྱུར་ཅིང་ཕྲད་པ་དང་། མ་ཡང་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་དང་།  དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ཅིང་འཇུག་པར་འདོད་ན་སྟེ། དགའ་བོ་དྲི་ཟ་ཞེས་བྱ་བ་དེ་ནི་སྲིད་པ་བར་མ་བའི་སེམས་ཅན་གྱི་ཚིག་བླ་དྭགས་ཡིན་ནོ་ཞེས་གསུངས་བའི་ཕྱིར་རོ། །

《 ཕྱིར་མི་འོང་བ་ལྔར་གསུངས་པའི་མདོ་》 ལས། བཅོམ་ལྡན་འདས་ཀྱིས་ཕྱིར་མི་འོང་བ་ནི་ལྔ་སྟེ། བར་མ་དོ་དང་། སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བའོ། ། ” ཞེས་གསུངས་སོ། །  《རྣམ་པར་གཏན་ལ་དབབ་པའི་བསྡུ་བ་》སྡེ་བསྟན། པོད། ༤༠༣༨ ཤོག་ངོས། ༥༢ལས།   “ཤི་འཕོས་ནས་སེམས་དང་སེམས་བྱུང་རྟེན་[ཡང] མེད་པ་རྣམས་ནི་ཡུལ་གཞན་དུ་ཕྱིན་མི་སྲིད་པའི་ཕྱིར་དང་། རྣམ་པར་འཁྲུལ་བ་ཙམ་ཡིན་པས་བྲག་ཆ་ལྟ་བུར་[ཡང] མི་རུང་བ་དང་། མ་འགགས་པའི་ཕྱིར་གཟུགས་བརྙན་ལྟ་བུར་ཡང་མི་རུང་ངོ་། ། [འགྲོ་བ]མེད་པའི་ཕྱིར་དམིགས་པ་འཛིན་པ་ལྟ་བུར་ཡང་མི་རུང་སྟེ། གང་གི་ཕྱིར་དཔེ་དེ་དག་མི་རུང་བ་དེའི་ཕྱིར་བར་མ་དོའི་སྲིད་པ་ཡོད་པར་རིགས་པར་བྱའོ། ། ཞེས་གསུངས་སོ། །  མདོ་ལུང་དེ་དག་གིས་བར་སྲིད་ཡོད་པར་གྲུབ་བོ། །”  《འགྲེལ་བཤད་ཉེ་བར་མཁོ་བ་》 སྡེ་བསྟན། པོད།   ༡༡༣ ཤོག་ངོས། ༡༨ལས།  “བསམ་གཏན་དག་གི་བཅུ་ཚན་བཞི། ། གཟུགས་མེད་དག་གི་བདུན་ཚན་གསུམ། ། འདུ་ཤེས་ཀྱི་ནི་དྲུག་ཚན་དུ། ། མཛད་ནས་ཚོམས་སུ་ཡང་དག་བསྡེབས། །  ཞེས་བསམ་གཏན་རེ་རེ་ལ་གནས་གསུམ་གསུམ་དང་། སྔར་བཤད་པའི་བར་མ་དོར་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་རྣམ་པ་ལྔ་དང་།  འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པ་དང་། སེམས་རྣམ་པར་གྲོལ་བ་ཞེས་བྱ་བའི་བཅུ་བཅུ་དང་། གཟུགས་མེད་དང་པོ་གསུམ་ལ་བར་མ་དོར་མྱ་ངན་ལས་འདའ་བ་མ་གཏོགས་པ་བཞི་བཞི་དང་།  གནས་གཞན་ཐ་དད་མེད་པའི་རིས་གཅིག་དང་། འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པ་དང་།  སེམས་རྣམ་པར་གྲོལ་བ་བདུན་བདུན་དང་།  འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་གོང་དུ་འཕོ་བ་མ་གཏོགས་པ་དྲུག་གསུངས་པས་ཀྱང་གྲུབ་སྟེ། དེ་ལ་འཆི་བ་མེད་པ་ལས་འདས་པ་དང་། སེམས་རྣམ་པར་གྲོལ་བ་ནི་ཟག་པ་ལས་གྲོལ་བའི་ཡེ་ཤེས་ཏེ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཡིན་པར་མངོན་ནོ། ། དེས་ན་གཟུགས་ཁམས་སུ་བར་མ་དོར་མྱ་ངན་ལས་འདའ་བ་གསུངས་ལ། གཟུགས་མེད་དུ་མ་གསུངས་པའི་ཕྱིར་ཡང་བར་སྲིད་ཡོད་པར་ཤེས་སོ། །  ” ཞེས་གསུངས་སོ། །

༦ བར་སྲིད་ཀྱི་ཁྱད་ཆོས་མཛོད་རང་འགྲེལ་དང་ཀུན་བཏུས་སོགས་ལས་ཇི་ལྟར་བཤད་པའི་སྐོར།

མཛོད་ཀྱི་གནས་གསུམ་པའི་ཁ་ཐོགས་སུ་བར་སྲིད་ཀྱི་ཁྱད་ཆོས་བཤད་པའི་སྐབས་སུ་རྩ་གཞུང་དང་སྦྲགས་ནས་ཁྱད་ཆོས་སོགས་རིམ་བཞིན་འབྲི་བར་བྱའོ། །  《མངོན་པ་མཛོད་རྩ་བ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༧ལས།   “དེ་ནི་འཕེན་པ་གཅིག་པའི་ཕྱིར། ། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། ། ” ཞེས་པ་ནས་བར་སྲིད་ཀྱི་ཁྱད་ཆོས་ནི་རིམ་བཞིན་བསྟན་ནོ། །

༡ བར་སྲིད་ཀྱི་སེམས་ཅན་ཤ་ཚུགས་ཅན་ཡིན་མིན།  《མཛོད་རྩ་བ་》  སྡེ་བསྟན། པོད། ༡༤༠ ཤོག་ངོས། ༧ ལས། “ དེ་ནི་འཕེན་པ་གཅིག་པའི་ཕྱིར། ། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། ། ”ཞེས་གསུངས། དེའི་དོན་ནི། འགྲོ་བ་གང་དུ་སྐྱེ་བར་འགྱུར་བ་དེའི་ཤ་ཚུགས་ཡིན་པ་སྟེ། དཔེར་ན། བ་གླང་དུ་སྐྱེ་བར་འགྱུར་བ་ཡིན་ན་བ་གླང་གི་ཤ་ཚུགས་ཅན་ཡིན་པ་ལྟ་བུའོ། ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དེ་གཉིས་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་ཕྱིར་རོ་ཞེས་སྨྲ་བར་བྱེད་དོ། །  《རྩ་བ་ལས། 》དེ་ནི་འཕེན་པ་གཅིག་པའི་ཕྱིར། ། ཞེས་གསུངས་སོ། །   《མཛོད་རང་འགྲེལ་》 (སྡེ་བསྟན། )པོད། ༡༤༠ ཤོག་ངོས། ༡༡༩ ལས། “ ལས་གང་གིས་འགྲོ་བ་འཕེན་པ་དེ་ཉིད་ཀྱི་དེར་ཕྱིན་པར་བྱ་བའི་ཕྱིར་སྲིད་པ་བར་མ་ཡང་འཕེན་ཏེ། དེའི་ཕྱིར་དེ་ནི་འགྲོ་བ་གང་དུ་འགྲོ་བར་འགྱུར་བའི་འགྲོ་བ་དེ་དུས་སྔ་མའི་སྲིད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེའི་ཤ་ཚུགས་ལྟ་བུར་འགྱུར་རོ། ། དེ་ལྟ་ན་འོ་ན་ཁྱི་མོ་ལ་སོགས་པའི་མངལ་གཅིག་ཏུ་འགྲོ་བ་ལྔ་པའི་སྲིད་པ་བར་མ་མངོན་པར་འགྲུབ་པས་དམྱལ་བའི་སྲིད་པ་བར་མས་མའི་མངལ་ཚིག་པར་འགྱུར་རོ་ཞེ་ན། རེ་ཞིག་སྲིད་པ་སྔ་མ་ལ་ཡང་དམྱལ་བ་པ་རྣམས་ལྷག་པ་དག་ན་འཕྱན་པ་ན་རྟག་ཏུ་འབར་བ་མ་ཡིན་ན་སྲིད་པ་བར་མ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཡང་ན་འབར་དུ་ཆུག་ན་ཡང་དེ་ནི་ལུས་ཤིན་ཏུ་དང་བའི་ཕྱིར་ཇི་ལྟ་བ་བལྟར་མི་ནུས་པ་དེ་ལྟར་རེག་པ་ཡང་མི་མི་ནུས་པས་འདི་ནི་ཀླན་ཀར་མི་རུང་ངོ་། ། སྲིད་པ་བར་མ་རྣམས་ཀྱང་མངལ་ན་ཕན་ཚུན་མ་རེག་པའི་ཕྱིར་དང་། ལས་ལ་རག་ལུས་པའི་ཕྱིར་མི་འཚིག་གོ་ཞེས་གསུངས་སོ། ། ”

༢ བར་སྲིད་ཀྱི་སེམས་ཅན་གྱི་བོངས་ཚོད།  དཔེར་ན་བྱིས་པ་ལོ་ལྔ་འམ་དྲུག་ལོན་ལྟ་བུ་དང་། དེ་ཡང་དབང་པོ་གསལ་བ་ཡིན་ནོ། ། 《མཛོད་རང་འགྲེལ》་ལས། “ བོངས་ཚད་ནི། དཔེར་ན་བྱིས་པ་ལོ་ལྔའམ་དྲུག་ལོན་པ་ལྟ་བུ་སྟེ། དེ་ཡང་དབང་པོ་གསོ་བ་ཡིན་ནོ།  ཞེས་གསུངས་སོ། ། ”

༣ བར་སྲིད་ཀྱི་སེམས་ཅན་གོས་དང་བཅས་མིན་ནི། ངོ་ཚ་ཤེས་པ་ཤས་ཆེ་བའི་ཕྱིར་གཟུགས་ཁམས་ཀྱི་བར་སྲིད་གོས་དང་བཅས་ཤིང་། ངོ་ཚ་ཆུང་བའི་ཕྱིར་འདོད་པའི་བར་སྲིད་ཕལ་ཆེ་བ་གཅེར་བུ་དང་། དེ་ལ་ཡང་འགའ་ཞིག་གོས་དང་བཅས་པར་གསུངས་ཏེ།  《མཛོད་རང་འགྲེལ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༠ ལས། “ གཟུགས་ན་སྤྱོད་པའི་སྲིད་པ་བར་མ་ཡང་བོངས་ཚོད་རྫོགས་པ་དང་། ངོ་ཚ་ཤེས་པ་ཤས་ཆེ་བའི་ཕྱིར་གོས་དང་བཅས་པར་འབྱུང་ངོ་། ། བྱང་ཆུབ་སེམས་དཔའི་ཡང་གོས་དང་བཅས་པ་ཡིན་ནོ། ། དགེ་སློང་མ་དཀར་མོའི་ཡང་གོས་དང་བཅས་པ་ཡིན་ཏེ། སྨོན་ལམ་གྱི་དབང་གིས་དེ་ཉིད་ཀྱིས་དཀྲིས་ནས་བསྲེགས་པའི་བར་དུ་ཡིན་ནོ། །  འདོད་པའི་ཁམས་ན་ངོ་ཚ་མེད་པའི་ཤས་ཆེ་བའི་ཕྱིར་གཞན་ནི་གཅེར་བུ་ཡིན་ནོ། །  ”ཞེས་གསུངས་སོ། །

༤ བར་སྲིད་ཀྱི་སེམས་ཅན་གང་གིས་མཐོང་མིན་ནི།《མཛོད་རྩ་བ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༠  ལས“རིས་མཐུན་ལྷ་མིག་དག་པས་མཐོང་། ། “ཞེས་པའི་དོན་ནི།  ལྷའི་མིག་གི་མངོན་ཤེས་ཀྱིས་མཐོང་ཞིང་། སྐྱེས་ཐོབ་ཀྱི་མིག་གིས་མི་མཐོང་ངོ་། ། རང་དང་རིགས་མཐུན་པའི་བར་སྲིད་རྣམས་ཕན་ཚུན་མཐོང་ཡང་རིགས་མི་མཐུན་པ་རྣམས་མི་མཐོང་ངོ་། །གཞན་དག་ན་རེ་ལྷའི་བར་སྲིད་ཀྱིས་འགྲོ་བ་ལྔ་གའི་བར་སྲིད་མཐོང་བ་ནས་མི་དང་ཡི་དྭགས་དང་དུད་འགྲོའི་བར་སྲིད་ཀྱིས་བཞི་དང་གསུམ་དང་གཉིས་དང་དམྱལ་བའི་བར་སྲིད་ཀྱིས་དམྱལ་བའི་བར་སྲིད་ཁོ་ན་མཐོང་བས་གོང་མ་གོང་མའི་སྲིད་པ་བར་མ་དང་ལྷའི་མིག་རྣམ་པར་དག་པ་གསུམ་གྱིས་མཐོང་ངོ་ཟེར་རོ། །  《མཛོད་རང་འགྲེལ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༠ ལས།  “སྲིད་པ་བར་མ་རིས་མཐུན་པ་དག་གིས་མཐོང་ངོ་། ། གང་དག་ལ་ལྷའི་མིག་ཤིན་ཏུ་རྣམ་པར་དག་པ་མངོན་པར་ཤེས་པ་ལས་བྱུང་བ་ཡོད་པ་དེ་དག་གིས་འདི་མཐོང་གི།  ཤིན་ཏུ་དང་བའི་ཕྱིར་སྐྱེས་ནས་ཐོབ་པའི་མིག་གིས་ནི་མི་མཐོང་ངོ་། ། གཞན་དག་ལྷའི་སྲིད་པ་བར་མ་པས་ནི་ཐམས་ཅད་མཐོང་ངོ་། ། མི་དང་། ཡི་དྭགས་དང་། དུད་འགྲོ་དང་། དམྱལ་བའི་སྲིད་པ་བར་མ་རྣམས་ཀྱིས་ནི་གོང་མ་མ་གཏོགས་པའོ་ཞེས་ཟེར་རོ། ། ཞེས་གསུངས་སོ། །  ”

༥ བར་སྲིད་སེམས་ཅན་གྱི་རྫུ་འཕྲུལ་ནི། 《མཛོད་རྩ་བ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༠ ལས། “ ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། ། ”ཞེས་པའི་སྐབས་ནས་སྔོན་གྱི་ལས་ཀྱིས་བསྐྱེད་པའི་རྫུ་འཕྲུལ་གྱི་ཤུགས་ཆེན་པོ་དང་ལྡན་པས་ཤིན་ཏུ་མགྱོགས་པ་དང་ནམ་མཁའ་ལ་ཐོགས་མེད་དུ་འགྲོ་བའི་ཤུགས་དང་ལྡན་ནོ། །ལུས་ཀྱང་རྫུ
་འཕྲུལ་དང་ལྡན་པ་བཞིན་དུ་ཐོགས་པ་མེད་དོ། ། 《མཛོད་རང་འགྲེལ》སྡེ་བསྟན། པོད། ༡༤༡ ཤོག་ངོས། ༡༣༧ ལས། “རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བའོ། ། ལས་ཀྱི་རྫུ་འཕྲུལ་བྱེད་པས་ན་ལས་རྫུ་འཕྲུལ་ལོ། ། དེའི་ཤུགས་ནི་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དེ་མགྱོགས་པ་ཉིད་དོ། ། དེ་འདི་ལ་ཡོད་པས་ན་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པའོ། ། དེས་ན་འདི་ནི་སངས་རྒྱས་རྣམས་ཀྱིས་ཀྱང་དགག་པར་མི་སྤྱོད་དོ། ། ལས་སྟོབས་དང་ལྡན་པའི་ཕྱིར་རོ། ། ཞེས་གསུངས་སོ། ། ”

༦ བར་སྲིད་ཀྱི་སེམས་ཅན་དབང་པོ་ཚང་མིན་ནི།མཛོད་རྩ་བ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༨ ལས། “ དབང་པོ་ཀུན་ཚང་ཐོགས་མེད་ལྡན། ། ”ཞེས་པའི་དོན་ནི།   དབང་པོ་ཀུན་ཚང་ཞེས་པའི་སྐབས་ནས་སྲིད་པ་འཚོལ་བ་ཡིན་པའི་ཕྱིར་མིག་ལ་སོགས་པའི་དབང་པོ་གཟུགས་ཅན་ཀུན་ཚང་ཞིང་དེ་ལ་ལོང་བ་སོགས་མེད་དོ། ། 《མཛོད་རང་འགྲེལ་》སྡེ་བསྟན། པོད། ༡༤༠ ཤོག་ངོས  ༡༢༠ ལས། “ དབང་པོ་ཀུན་ཚང་། དབང་པོ་ལྔ་ཆར་ཚང་པའོ། ། ཞེས་གསུངས་སོ། ། ”

༧ བར་སྲིད་ཀྱི་སེམས་ཅན་ཐོགས་བཅས་ཡིན་མིན་ནི། 《མཛོད་རྩ་བ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༨ ལས། “ཐོགས་མེད་ལྡན། ། ” ཞེས་པའི་སྐབས་ནས་གཟུགས་ཤིན་ཏུ་ཕྲ་བས་རྩིག་པ་དང་རི་བྲག་ལ་སོགས་པ་ལ་མི་ཐོགས་པར་གསུངས་འདུག་ལ། གཞུང་དོན་དེ་ལྟར་ཡིན་པའང་གྲགས་ཀྱིན་འདུག་མོད།  གཞན་རི་བྲག་དང་ཁང་རྩིགས་སོགས་གང་ལ་ཡང་མི་ཐོགས་པར་བཤད་པའི་དོན་དེ་དེ་ལྟར་ཡིན་མིན་ཞིབ་ཏུ་དཔྱད་དགོས་པའི་ཚུལ་ཡང་འདུག་སྟེ། རྒྱུ་མཚན།   《མཛོད་རང་འགྲེལ》 སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༠ ལས། “  ཐོགས་མེད་ལྡན། ཐོགས་པ་ནི་རྡུགས་པའོ། ། དེ་འདི་ལ་ཡོད་པས་ཐོགས་པ་དང་ལྡན་པའོ། ། ཐོགས་པ་མེད་པ་དང་ལྡན་པས་ན་ཐོགས་མེད་ལྡན་ཏེ། རྡོ་རྗེ་ལ་སོགས་པས་ཀྱང་མི་ཟློག་པའི་ཕྱིར་རོ། ། འདི་ལྟར་ལྕགས་ཀྱི་ཐུ་ལུམ་འབར་བ་གཤགས་ནས་དེའི་ནང་ནས་བྱུང་བའི་སྲིན་བུ་དམིགས་སོ་ཞེས་གྲག་གོ། ། ཞེས་གསུངས་སོ། ། ”  དེའི་སྐབས་ནས་བར་སྲིད་དེ་མའི་མངལ་དང་རྡོ་རྗེ་གདན་མ་གཏོགས་པ་གཞན་རིའི་རྒྱལ་པོ་རི་རབ་ལ་ཡང་ཕར་ཚུར་ཐོགས་མེད་དུ་འགྲོ་བ་བར་དོའི་ངོ་སྤྲོད་སོགས་ལས་མང་པོ་གསུངས་མོད།  རི་དང་བྲག་དང་རྩིགས་པ་སོགས་ལ་མ་ཐོགས་ན་ལྷག་པར་མའི་མངལ་དང་རྡོ་རྗེ་གདན་ལ་ཐོགས་འགྲོ་དོན་ཅི་ཞིག་ཡིན་ནམ།  རྡོ་རྗེ་གདན་གྱི་རི་བྲག་སོགས་རི་བྲག་གཞན་ལས་སྲ་བའི་རྒྱུ་མཚན་བྱས་ན། ལྕགས་དང་ཨར་འདམ་གྱི་ཁང་བརྩིགས་སོགས་ལ་ཐོགས་ངེས་པའི་ཚུལ་ཡང་འདུག ། རྡོ་རྗེ་གདན་གྱི་ས་གཞི་དེ་ལྕགས་དང་ཨར་འདམ་ལས་ཀྱང་སྲ་བ་ཡིན་པའི་ཚུལ་མེད་དོ། །  དེའི་ཕྱིར་ཐོགས་བཅས་དང་ཐོགས་མེད་ཀྱི་གོ་དོན་ནི་ཆུ་ལ་ཉ་བཞིན་རྡུལ་གྱི་གསེབ་ཏུ་རྒྱུ་བའི་དོན་ཡིན་གྱི། གཟུགས་ཅན་གཞན་གྱི་གོ་སར་གཟུགས་ཅན་གཞན་ཐོགས་མེད་དུ་འཇུག་པའི་དོན་དེ་ལྟར་མ་ཡིན་ནོ་སྙམ།  གོང་ནས་གཟུགས་ཅན་གྱི་དབང་པོ་བཤད་པའི་སྐབས་སུ་བསྟན་མེད་ཐོགས་བཅས་ཀྱི་གཟུགས་སུ་གསུངས་པའི་ཕྱིར་ཞེ་ན། བདེན་མོད་ཀྱི།  ཐོགས་མེད་དུ་གསུངས་པའི་ལུང་དེ་དག་གི་དོན་གཏན་ནས་མི་ཐོགས་པའི་དོན་ཡང་མིན་པར་གོང་དེ་དག་ལས་ཤེས་སོ། །

༨ བར་སྲིད་ཀྱི་སེམས་ཅན་ལྡོག་མི་ལྡོག་ནི།《མཛོད་རྩ་བ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༨ ལས། “མི་ཟློག། ”ཞེས་པའི་སྐབས་ནས་དམྱལ་བ་ལ་སོགས་པ་འགྲོ་བ་གང་དུ་སྐྱེ་བར་འགྱུར་བའི་སྲིད་པ་བར་མ་གྲུབ་ན་ནི་ལྷ་ལ་སོགས་པའི་བར་སྲིད་གཞན་དུ་མི་བཟློག་ཏེ། ལས་ཀྱིས་འཕངས་པའི་རྣམ་པར་སྨིན་པ་མྱང་བའི་འགོ་བརྩམས་ཟིན་པའི་ཕྱིར་རོ། །  ཐོགས་མེད་ཀྱི་《ཀུན་བཏུས》སྡེ་བསྟན། པོད། ༡༣༠ ཤོག་ངོས། ༢༤༦ལས། ཅི་སྟེ་ན་ལྡོག་གོ། དེ་ན་གནས་པ་ཡང་ལས་གསོག་གོ་ཞེས་དམྱལ་བ་ལ་སོགས་པའི་སྲིད་པ་བར་མ་གྲུབ་ནས་མིའི་སྲིད་པ་བར་མར་འགྱུར་ཏེ་མིར་སྐྱེ་བ་ལ་སོགས་པའང་ཡོད་པ་བཤད་དེ།  《མཛོད་རང་འགྲེལ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༠ ལས། “  དེ་འགྲོ་བ་གང་དུ་སྐྱེ་བར་འགྱུར་བ་དེ་ལས་རྣམ་པ་ཐམས་ཅད་དུ་མི་ཟློག་སྟེ། མིའི་སྲིད་པ་བར་མ་མེད་པར་གྱུར་ནས་ལྷའི་སྲིད་པ་བར་མའམ། གཞན་དུ་འགྱུར་བ་ནི་ནམ་ཡང་མེད་ཀྱི་འདི་འགྲོ་བ་གང་གི་དབང་དུ་བྱས་ནས་མངོན་པར་འགྲུབ་པ་དེ་ཁོ་ནར་སྐྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། ། ཞེས་གསུངས་སོ། ། ”

༩ བར་སྲིད་ཀྱི་སེམས་ཅན་གྱི་ཟས་ནི།《མངོན་པ་མཛོད་རྩ་བ་》སྡེ་བསྟན། པོད། ༡༤༠ ཤོག་ངོས  ༨ ལས། “དེ་ནི་དྲི་ཟའོ། ། ”ཞེས་པའི་སྐབས་ནས་འདོད་པའི་བར་སྲིད་དེ་ནི་སྐལ་པ་བཟང་ངན་གྱིས་དྲི་ཞིམ་པ་དང་མི་ཞིམ་པ་ཟ་བའི་ཕྱིར་དེ་ལ་དྲི་ཟ་ཞེས་ཀྱང་བྱའོ། ། གཟུགས་ཀྱི་བར་སྲིད་ཀྱིས་ཁམ་ཟས་ལོངས་སུ་མི་སྤྱོད་ཅིང་འདོད་པའི་བར་སྲིད་ཀྱིས་དྲི་ལ་ལོངས་སྤྱོད་ཀྱི། ཁམ་གྱི་ཟས་རགས་པ་ལ་ལོངས་སུ་མི་སྤྱོད་དོ། ། 《མཛོད་རང་འགྲེལ་》སྡེ་བསྟན། པོད  ༡༤༠ ཤོག་ངོས། ༡༢༠ ལས།  “ ཡང་ཅི་འདོད་པ་ན་སྤྱོད་པའི་སྲིད་པ་བར་མ་ཡང་ཁམ་གྱི་ཟས་ཟའམ་ཞེ་ན། སྨྲས་པ་དེ་བཞིན་ཏེ། རགས་པ་ནི་མ་ཡིན་ནོ། ། འོ་ན་ཇི་ལྟ་བུ་ཞེ་ན། དེ་ནི་དྲི་ཟའོ། ། དེ་ཉིད་ཀྱི་ཕྱིར་དྲི་ཟ་ཞེས་བྱའོ། ། དབང་ཆུང་བར་གྲགས་པ་ནི་དྲི་མི་ཞིམ་པ་ཟ་བའོ། ། དབང་ཆེ་བར་གྲགས་པ་ནི་དྲི་ཞིམ་པོ་ཟ་བའོ། ། ཞེས་གསུངས་སོ། ། ”

༡༠ བར་སྲིད་ཀྱི་སེམས་ཅན་གྱི་ཚེ་ཚད་ནི། ཚེ་ཚད་ཅི་ཙམ་གནས་ཚུལ་སྐོར་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་འདོད་ཚུལ་མི་འདྲ་བ་མང་པོ་ཡོད། 《བཙུན་པ་དབྱིག་བཤེས་》ཀྱིས། ཞག་བདུན་ལ་གནས། ཞེས་གསུངས།  《བཙུན་པ་ཆོས་སྐྱོབ་》ཀྱིས། སྐྱེ་གནས་ཀྱི་ཚོགས་པ་མ་རྙེད་བར་དུ་གནས། ཞེས་གསུངས།  《གཞན་འགའ་ཞིག་》གིས། ཞག་བདུན་ཕྲག་བདུན་དུ་གནས་པར་གསུངས། མདོ་སྡེ་བཙུན་པ་ན་རེ་དེ་ལྟ་བུའི་ངེས་པ་མེད་དེ་ཇི་སྲིད་སྐྱེ་གནས་ཀྱི་ཚོགས་པ་མ་རྙེད་ཀྱི་བར་དུ་གནས་ཞེས་གསུངས། ཐོགས་མེད་ཀྱི 《ཀུན་བཏུས་》ལས། རེ་ལྟར་ཐོགས་ན་ཞག་བདུན་གནས་ཏེ་ཚུན་ཆད་ཀྱིས་འཆི་འཕོའོ་ཞེས་གསུངས་སོ། །    《བྱེ་བྲག་ཏུ་སྨྲ་བ་》རྣམས་ཀྱིས། འདི་སྲིད་པ་འཚོལ་བ་ཡིན་པས་དུས་ཐུང་ངུ་བར་གནས་ཏེ་སྐྱེ་བའི་གནས་སུ་འཇུག་གོ། ། སྐྱེ་བའི་གནས་མ་རྙེད་ན་ཇི་ལྟར་ཞེ་ན། གལ་ཏེ་དེར་ངེས་པར་སྐྱེ་བར་འགྱུར་བ་ཞིག་ཡིན་ན་ནི་དེའི་ལས་ཀྱིས་སྐྱེ་གནས་ཀྱི་ཚོགས་པ་ཕ་མ་སོགས་འདྲེན་ལ། འོན་ཏེ་དེར་སྐྱེ་བར་མ་ངེས་ན་ནི་དེ་ལས་གཞན་པའི་ཡུལ་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །  གཞན་དག་ན་རེ། དེ་དང་འདྲ་བའི་སྐྱེ་གནས་སུ་འཇུག་པར་འགྱུར་ཏེ་དབྱར་ལྟ་བུ་དུས་ངེས་པར་ཅན་བ་ལང་གི་༼སྲིད་པ་བར་མ་རང་གི་སྐྱེ་གནས་མ་རྙེད་པ་རྣམས་ནི་དུས་མ་ངེས་པ་བ་མེན༽་དང་། ཁྱི་རྣམས་ནི་ལྕེ་སྤྱང་དང་། རྟ་རྣམས་ནི་བོང་བུ་དང་། དོམ་རྣམས་ནི་དྲེད་རྣམས་སུ་སྐྱེའོ་ཞེས་ཟེར་རོ། ། 《རྣལ་འབྱོར་སྤྱོད་པའི་ས》ལས།   སྡེ་བསྟན་པོད། ༡༢༧  བར་མ་དོའི་སྲིད་པ་དེ་ཡང་སྐྱེ་བའི་རྐྱེན་མ་རྙེད་ཀྱི་བར་དུ་དེ་ལྟར་ཐོགས་ན་ཡང་ཞག་བདུན་གནས་པར་ཟད་དོ། །རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །  ཡང་མ་རྙེད་ན་ནི་ལུས་བརྗེས་ནས་ཡང་ཞག་བདུན་དུ་གནས་སོ། །སྐྱེ་བའི་རྐྱེན་མ་རྙེད་ན་ཞག་བདུན་ཕྲག་བདུན་གྱི་བར་དུ་ཡང་གནས་སོ། །དེ་ལས་འདས་ཕན་ཆད་ནི། གདོན་མི་ཟ་བར་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །ཞག་བདུན་གྱིས་ཤི་འཕོས་པ་དེ་ཡང་།  ཡང་ན་ནི་དེ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ། །ཡང་ན་ནི་སྐལ་བ་མི་མཉམ་པ་གཞན་དུ་སྟེ། གལ་ཏེ་ལས་གཞན་གྱི་བྱ་བ་ཡོངས་སུ་གྱུར་པས། བར་མ་དོའི་སྲིད་པའི་ས་བོན་ཡོངས་སུ་འགྱུར་བར་བྱེད་པའི་ཕྱིར་རོ། །

༡༡ བར་སྲིད་སྐབས་ཀྱི་འདུ་ཤེས།《མཛོད་རྩ་བ》 སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༢ ལས།  “བློ་ནི་ཕྱིན་ཅི་ལོག་གྱུར་པས། ། རྩེ་དགའས་འགྲོ་བའི་ཡུལ་དུ་འགྲོ། ། ”ཞེས་གསུངས་པའི་དོན་ནི།  མངལ་སྐྱེས། སྒོང་སྐྱེས། དྲོད་སྐྱེས། རྫུས་སྐྱེས་ཏེ་སྐྱེས་གནས་བཞི་བཤད་པའི་སྐབས་སུ་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་དབང་དུ་བྱས་ན་ལས་ཀྱི་མཐུ་ལ་སོགས་པའི་དབང་གི་བྱུང་བའི་མིག་གིས་རང་གི་སྐྱེ་བའི་ཡུལ་ཐག་རིང་པོ་ན་འདུག་ཀྱང་མཐོང་ཞིང་།  ཡུལ་དེ་ན་ཕ་མ་ཉལ་པོ་བྱེད་པ་དེ་མཐོང་ནས་བུ་ཞིག་ཡིན་ན་ནི་མ་ལ་ཕོའི་འདོད་ཆགས་སྐྱེ་ཞིང་ཕ་ལ་ཁོང་ཁྲོ་བར་འགྱུར། མོ་ཞིག་ཡིན་ན་ནི་ཕ་ལ་མོའི་འདོད་ཆགས་སྐྱེ་ཞིང་མ་ལ་ཁོང་ཁྲོ་བར་སྐྱེ། དེ་ལྟ་བུའི་ཕྱིན་ཅི་ལོག་གི་བློ་ཡིས་མངལ་དུ་བརྩེ་བར་འདོད་པས་ཞུགས་ཤིང་དེ་ནས་དེའི་ཕུང་པོ་མཁྲང་པོར་འགྱུར་ལ་སྲིད་པ་བར་མ་ཡང་འགག་ཏེ་སྐྱེ་བ་ཡིན་ནོ། ། འོ་ན་བར་སྲིད་ཀྱི་སེམས་ཅན་ཚང་མ་དེ་ལྟ་བུའི་འདུ་ཤེས་ངེས་པར་སྐྱེའམ་ཞེ་ན། དེ་ཡང་ངེས་པ་མེད་དེ་སེམས་ཅན་དབང་ཐང་ཆུང་བ་འགའ་མའི་མངལ་དུ་འཇུག་པའི་ཚེ་འདི་ལྟར་སྙམ་དུ་རླུང་ལངས་པའམ། ཆར་པ་འབབ་པའམ། གྲང་བའམ། ཡུལ་ངན་ནམ། སྐྱེ་བོ་མང་ཆེ་བ་དག་ཀུ་ཅོ་འདོན་པའི་སྣང་བ་ལངས་ནས། རང་ཉིད་གང་གི་མངལ་དུ་འཇུག་པའི་མའིི་མངལ་དེ་རྩྭ་ཐིབས་པོའམ། ནགས་ཐིབས་པོའམ། རྩྭའི་སྤྱིལ་པོའམ།   ལོ་མའི་སྤྱིལ་པོ་དང་། ཤིང་དྲུང་ངམ། རྩིག་པའི་དྲུང་གི་སྣང་བ་འཆར་ནས་འཇུག་ཅིང་། གནས་པའི་ཚེ་ཡང་དེ་དག་ཏུ་གནས་སོ་སྙམ་ལ། འབྱུང་ན་ཡང་དེ་དག་ནས་འབྱུང་ངོ་སྙམ་དུ་ལོག་པའི་འདུ་ཤེས་དང་མོས་པ་དག་འབྱུང་བར་འགྱུར། སེམས་ཅན་དབང་ཐང་ཆེ་བ་དག་ནི་མངལ་དུ་འཇུག་པའི་ཚེ་མའི་མངལ་དེ་ཀུན་དགའ་ར་བའམ། སྐྱེད་མོས་ཚལ་ལམ། ཁང་བཟངས་སུ་འཇུག་པའམ། ཁང་པ་བརྩེགས་པའམ། ཁྲི་ལ་འཛེག་གོ་སྙམ་པ་དང་། གནས་པའི་ཚེ་དེ་དག་ཏུ་གནས་སོ་སྙམ་པ་དང་། འབྱུང་བའི་ཚེ་ཡང་དེ་དག་ལས་འབྱུང་ངོ་སྙམ་དུ་སེམས་སོ། ། དྲོད་གཤེར་ལས་སྐྱེ་བ་ནི་ལས་ཇི་ལྟ་བ་བཞིན་དུ་སྐྱེ་བའི་གནས་གཙང་མའམ་མི་གཙང་བ་གང་རུང་དུ་དྲི་འདོད་པས་འགྲོ་ཞིང་། རྫུས་ཏེ་སྐྱེ་བ་ནི་གནས་འདོད་པས་འགྲོ། འོ་ན་དམྱལ་བ་པ་དག་རྫུས་ཏེ་སྐྱེ་བ་མ་ཡིན་ནམ་དེ་དག་ཇི་ལྟར་གནས་འདོད་ཅེ་ན། བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་ཏེ། དེ་ནི་རང་ཉིད་རླུང་དང་ཆར་པ་ཤིན་ཏུ་གྲང་མོ་དག་གིས་སྡུག་བསྔལ་བའི་ཚེ་དམྱལ་བ་དག་ན་མེ་འབར་བ་མཐོང་སྟེ། དེའི་ཕྱིར་དྲོ་བར་འདོད་དེ་རྒྱུག་གོ། །ཡང་བདག་ཉིད་རླུང་ཚ་བ་དང་ཉི་མ་དང་མེའི་གདུང་བ་དག་གིས་སྡུག་བསྔལ་བའི་ཚེ་དམྱལ་བ་དག་ན་བསིལ་བ་མཐོང་བས་བསིལ་བ་འདོད་པས་རྒྱུག་གོ་ཞེས་སྨྲའོ། །

ཐོགས་མེད་ཀྱི《རྣལ་འབྱོར་སྤྱོད་པའི་ས》ལས།(སྡེ་བསྟན་པོད།127_ཤོག་ངོས།0022)“བར་མ་དོའི་སྲིད་པ་ལ་གནས་པ། དེ་སྐལ་བ་མཉམ་པའི་སེམས་ཅན་ལ་བལྟ་བ་དང༌། རྩེ་བ་ལ་སོགས་པ་བྱ་བར་འདོད་པས་སྐྱེ་བའི་གནས་སུ་འགྲོ་འདོད་པ་སྐྱེད་པར་གྱུར་ལ། ཕ་མ་ལས་བྱུང་བའི་ཁུ་བ་དང༌། ཁྲག་དེ་ཡང༌། དེའི་ཚེ་ཕྱིན་ཅི་ལོག་ཏུ་མཐོང་བར་འཇུག་པར་འགྱུར་རོ། །དེ་ལ་ཕྱིན་ཅི་ལོག་ནི་འདི་ཡིན་ཏེ། ཕ་མ་གཉིས་ཉལ་པོ་བྱེད་པར་མཐོང་ན། དེའི་ཚེ་ན་ཕ་མ་གཉིས་ཉལ་པོ་བྱེད་པ་ཡང་མེད་བཞིན་དུ་དེས་ཕྱིན་ཅི་ལོག་གི་བློས་དེ་ལྟར་མཐོང་སྟེ། སྒྱུ་མ་བྱས་པ་མཐོང་བ་བཞིན་ནོ། །ཉལ་པོ་བྱེད་པ་དེ་མཐོང་ནས་ཀྱང་དེ་དེར་ཆགས་པ་སྐྱེ་བར་འགྱུར་ཏེ། གལ་ཏེ་བུད་མེད་དུ་འགྱུར་བར་འདོད་ན་ནི་དེ་སྐྱེས་པ་ལ་ཆགས་ཏེ། ཉལ་བར་འདོད་པ་སྐྱེའོ། །གལ་ཏེ་སྐྱེས་པར་འགྱུར་བར་འདོད་ན་ནི་དེ་བུད་མེད་དེ་ལ་ཆགས་ནས་ཉལ་བར་འདོད་པ་སྐྱེ་བར་འགྱུར་རོ། །དེ་ནས་དེའི་དྲུང་དུ་སོང་ནས་བུད་མེད་དུ་འགྱུར་ན་ནི། བུད་མེད་དང་བྲལ་བར་འདོད་པ་སྐྱེའོ། །སྐྱེས་པར་འགྱུར་ན་ནི། སྐྱེས་པ་དང་བྲལ་བར་འདོད་པ་སྐྱེའོ། །དེ་བསྐྱེད་པས་སྐྱེས་པ་འམ། བུད་མེད་འབའ་ཞིག་མཐོང་བར་འགྱུར་རོ། །དེ་ཇི་ལྟ་ཇི་ལྟར་ཕྱོགས་དེར་ཉེ་བར་སྦྱོར་བ་དེ་ལྟ་དེ་ལྟར་སྐྱེས་པ་འམ། བུད་མེད་གང་ཡང་རུང་བ་དེའི་ཡན་ལག་གཞན་སྣང་བ་ནི་མེད་པར་འགྱུར་ལ། སྐྱེས་པ་དང་བུད་མེད་དེ་ལ། མོ་མཚན་དུ་མཐོང་བ་འམ། ཕོ་མཚན་དུ་མཐོང་བ་འབའ་ཞིག་ཉེ་བར་གནས་པར་འགྱུར་རོ། །དེ་ལ་ཁོང་ཁྲོ་བར་གྱུར་ནས་ནི་འཆི་འཕོ་བ་དང་སྐྱེ་བར་འགྱུར་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །

གལ་ཏེ་བསོད་ནམས་ཆུང་ངུ་ཞིག་ཡིན་ན་ནི། རིགས་དམའ་བར་སྐྱེ་བར་འགྱུར་ཏེ། འཕོ་བའི་ཚེ་དང༌། འཇུག་པའི་ཚེ་དེ་ལ་ཀུ་ཅོའི་སྒྲ་དང༌། འདམ་བུ་དང༌། ནགས་ཚལ་ཐིབས་པོ་ལ་སོགས་པའི་ནང་དུ་འགྲོ་བའི་མཚན་མ་འབྱུང་བར་འགྱུར་རོ། །གལ་ཏེ་ལེགས་པའི་ལས་བྱེད་པ་ཞིག་ཡིན་ན་ནི། རིགས་མཐོན་པོར་སྐྱེ་བར་འགྱུར་ཏེ། དེ་ལ་ཞི་བ་དང༌། སྙན་པའི་སྒྲ་འབྱུང་ཞིང༌། ཁང་བཟངས་དང༌། གཞལ་མེད་ཁང་ལ་སོགས་པའི་གནས་སུ་འགྲོ་བའི་མཚན་མ་འབྱུང་བར་འགྱུར་རོ། །ཞེས་དང་། དེ་ལ་ཕ་མ་གཉིས་ཆགས་པར་གྱུར་ཏེ། འདོད་ཆགས་དྲག་པོའི་སྐབས་སུ་བབ་པ་ནི། མཇུག་ཁོ་ནར་ཁུ་བ་སྐ་བ་འབྱུང་བར་འགྱུར་རོ། །དེའི་རྗེས་ལ་གཉི་ག་ལས་ཁུ་བ་དང་ཁྲག་གི་ཐིགས་པ་གཉིས་གདོན་མི་ཟ་བར་འབྱུང་བར་འགྱུར་ཏེ། གཉིས་ཀའི་ཁུ་བ་དང་ཁྲག་གི་ཐིགས་པ་དེ་གཉིས་མའི་སྐྱེ་གནས་སུ་འདྲེས་པར་གྱུར་ནས། དཔེར་ན་འོ་མ་བསྐོལ་བ་གྲངས་པའི་སྤྲིས་མ་བཞིན་དུ་སྤྲིས་མ་ལྟ་བུར་ཆགས་ནས་འདུས་ཤིང་འདུག་པར་འགྱུར་ཏེ། དེས་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པ་བསྡུས་པ། ལུས་ལེན་པར་བྱེད་པ་ཀུན་གཞི་རྣམ་པར་ཤེས་པ་འཇུག་པར་འགྱུར་རོ། །ཇི་ལྟར་འཇུག་པར་འགྱུར་ཞེ་ན། ཁུ་བ་དང་ཁྲག་འདུས་ནས་སྤྲིས་མ་ལྟ་བུར་གྱུར་པ་དེ་དང་ལྷན་ཅིག་ཏུ་སྟེ། ཕྱིན་ཅི་ལོག་ཏུ་དམིགས་པ་བར་མ་དོའི་སྲིད་པ་དེ་འགག་པར་འགྱུར་ལ། དེ་འགག་པ་དང་དུས་གཅིག་ཏུ་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེའི་མཐུས་དེ་ལས་གཞན་པ་དབང་པོའི་འབྱུང་བ་ཆེན་པོ་འབྱུང་བ་ཆེན་པོ་ཆ་ཕྲ་བ་དང་འདྲེས་པ། དེ་དང་མཐུན་པའི་ཁུ་བ་དང་། ཁྲག་འདུས་པ་དབང་པོ་དང་བཅས་པ་གཞན་འབྱུང་བར་འགྱུར་ཏེ། དེའི་དུས་སྐབས་སུ་རྣམ་པར་ཤེས་པ་གནས་པར་གྱུར་པ་ནི་ཉིང་མཚམས་སྦྱོར་བ་ཞེས་བྱ་སྟེ། དེ་ནི་མེར་མེར་པོའི་དུས་ཡིན་ནོ། །མེར་མེར་པོ་དེའི་དབང་པོའི་འབྱུང་བ་ཆེན་པོ་དེ་དག་ཀྱང་ལུས་ཀྱི་དབང་པོའི་དང་ལྷན་ཅིག་འབྱུང་ངོ་། །

དབང་པོའི་རྟེན་གྱི་འབྱུང་བ་ཆེན་པོ་རྣམས་དང་། དབང་པོའི་འབྱུང་བ་ཆེན་པོ་དེ་དག་ཉིད་དང་། ལུས་ཀྱི་དབང་པོ་ཡང་ལྷན་ཅིག་ཏུ་འབྱུང་བར་འགྱུར་རོ། །དེ་ནས་དབང་པོའི་འབྱུང་བ་ཆེན་པོ་དེ་དག་རྒྱུར་བྱས་ནས། མིག་གི་དབང་པོ་ལ་སོགས་པ་རིམ་གྱིས་འགྲུབ་པར་འགྱུར་རོ། །དབང་པོའི་རྟེན་གྱི་འབྱུང་བ་ཆེན་པོ་དེ་དག་ཀྱང་རྒྱུར་བྱས་ནས་རིམ་གྱིས་དབང་པོའི་རྟེན་རྣམས་ཀྱང་འགྲུབ་པར་འགྱུར་རོ། །དབང་པོ་རྣམས་དང་། དེ་དག་གི་རྟེན་རྣམས་བྱུང་བ་ལས་ལུས་ཐམས་ཅད་འགྲུབ་ཅིང་འཐོབ་པར་འགྱུར་རོ། །མེར་མེར་པོའི་གཟུགས་དེ་ཡང་སེམས་དང་སེམས་ལས་བྱུང་བའི་ཆོས་དེ་དག་དང་། གཅིག་ལ་གཅིག་གྲུབ་པ་དང་བདེ་བས་ཞུགས་པ་ཞེས་བྱའོ། །སེམས་ཅན་གྱི་དབང་གིས་ཀྱང་དེ་རུལ་བར་མི་འགྱུར་རོ། །དེའི་ཕན་པ་དང་གནོད་པ་ལས་ཀྱང་། སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཕན་པ་དང་། གནོད་པར་འགྱུར་རོ། །དེ་བས་ན་གཅིག་ལ་གཅིག་གྲུབ་པ་དང་བདེ་བ་ཞེས་བྱའོ། །མེར་མེར་པོའི་ཕྱོགས་གང་དུ་རྣམ་པར་ཤེས་པ་ཞུགས་པར་གྱུར་པ་དེ་ནི་དེའི་ཚེ་དེའི་སྙིང་གི་ཕྱོགས་ཡིན་ནོ། །དེ་ལྟར་ན་རྣམ་པར་ཤེས་པ་དེ་ནི་ཕྱོགས་གང་ནས་འཆི་འཕོ་བའི་ཕྱོགས་དེ་ཉིད་དུ་ཐོག་མ་ཁོ་ནར་འཇུག་གོ། །རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དག་གི་ནི་ས་བོན་ཡོངས་སུ་ཚང་བ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་དག་གི་ནི། བྱང་ཆུབ་རྣམ་པ་གསུམ་གྱི་ས་བོན་མེད་པ་ཡིན་ནོ།། །། ”ཞེས་གསུངས་སོ། ། རྣལ་འབྱོར་སྤྱོད་པའི་གཞུང་ཚན་དེར་བར་སྲིད་པ་འགའ་སྔོན་བྱ་བ་ག་འདྲ་ཞིག་ལ་གོམས་པའི་ཤུགས་རྐྱེན་གྱི་དབང་གིས་བར་སྲིད་ཀྱི་ཚེ་ཡང་དེ་ལྟ་བུ་གོམས་ཕྱོགས་ཤུགས་ཆེར་ལྡན་པའི་བྱ་བ་དེ་དག་མཐོང་ནས་དགའ་བར་རྒྱུག་པས་མངལ་དུ་ཉིང་མཚམས་སྦྱོར་བ་ཡང་གསུངས་སོ། ། དཔེར་ན། སྔོན་མ་དུད་འགྲོ་གསོད་མཁན་ལྟ་བུ་ཞིག་ཡིན་ན་བར་སྲིད་ཀྱི་སྐབས་སུ་དུད་འགྲོ་མཐོང་ནས་དགའ་བར་རྒྱུག་པའི་སྣང་ཚུལ་དེ་འདྲ་ཡོད་པ་གསུངས་སོ། །

༧ རྩ་འགྲེལ་གཉིས་ལས་གནས་སུ་འཇུག་ཚུལ་གྱི་སྐོར།

《མཛོད་རྩ་བ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༢ ལས། “དྲི་དང་གནས་ལ་མངོན་འདོད་གཞན། ། ” ཞེས་གསུངས་པའི་དོན་ནི།  ལས་ཇི་ལྟ་བ་བཞིན་དུ་དྲི་དང་གནས་ལ་འདོད་ཅིང་སྲེད་པས་སྐྱེ་བའི་གནས་སུ་འཇུག་པ་ནི་སྐྱེས་གནས་དྲོད་སྐྱེས་དང་རྫུས་སྐྱེས་གཉིས་སུ་འཇུག་ཚུལ་ལོ།  ། དམྱལ་བ་དག་ཏུ་གནས་ཇི་ལྟར་འདོད་ཅེ་ན། བློ་ཕྱི་ཅི་ལོག་ཏུ་གྱུར་པའི་ཕྱིར་ཏེ། དེ་ནི་རང་ཉིད་རླུང་དང་ཆར་བ་སོགས་ཤིན་ཏུ་གྲང་མོ་དག་གིས་བཏབ་ནས་ཉེན་པ་དང་དམྱལ་བ་དག་ན་མེ་འབར་བ་མཐོང་སྟེ། དེའི་ཕྱིར་དྲོ་བར་འདོད་དེ་རྒྱུག་གོ། ། ཡང་རང་ཉིད་རླུང་ཚ་བ་དང་ཉི་མ་དང་མེའི་གདུང་བ་དག་གིས་ཉེན་པ་དང་དམྱལ་བ་དག་ན་བསིལ་བ་མཐོང་བས་བསིལ་བར་འདོད་ནས་རྒྱུག་པའི་ཕྱིར་ཚ་བ་དང་གྲང་བའི་དམྱལ་བར་སྐྱེ་བ་ལེན་ནོ། ། ཞེས་གསུངས་སོ། །  ལྷའི་སྲིད་པ་བར་མ་རྣམས་ནི་སྟན་ལས་ལྡང་བ་བཞིན་དུ་གྱེན་དུ་འགྲོ་བ་དང་། མི་དང་དུད་འགྲོ་ཡི་དྭགས་རྣམས་ཀྱི་སྲིད་པ་བར་མ་མི་ལ་སོགས་འགྲེང་ནས་འགྲོ་བ་དང་། དམྱལ་བ་དག་ནི་སྤྱི་ཚུགས་སུ་འགྲོའོ་ཞེས་གསུངས་དེ་ཡང།  《མཛོད་རང་འགྲེལ་》སྡེ་བསྟན། པོད། ༡༤༡ ཤོག་ངོས། ༡༣༧ ལས།  “ དེ་ལ་ལྷའི་སྲིད་པ་བར་མ་ནི་སྟན་ལས་ལྡང་བ་བཞིན་དུ་གྱེན་དུ་འགྲོའོ། ། མི་དང་དུད་འགྲོ་དང་། ཡི་དྭགས་རྣམས་ཀྱི་ནི་མི་ལ་སོགས་པ་བཞིན་ནོ། ། ” ཞེས་གསུངས་སོ། །

 ༨ མངལ་དུ་འཇུག་པ་ཐམས་ཅད་དེ་ལྟར་ཡིན་པའི་ངེས་པ་ཡོད་མེད་ཀྱི་སྐོར།

《མཛོད་རྩ་བ་》སྡེ་བསྟན། པོད། ༡༤༠ ཤོག་ངོས།  ༨ ལས།  “མངལ་དུ་འཇུག་པ་གསུམ་དག་སྟེ། ། འཁོར་ལོས་སྒྱུར་དང་རང་བྱུང་གཉིས། ། ” ཞེས་གསུངས་པའི་དོན་ནི།    འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། རང་བྱུང་རང་སངས་རྒྱས་དང་། སྲིད་པ་ཐ་མའི་བྱང་སེམས་སོགས་ཀྱིས་རིམ་པ་བཞིན་མངལ་དུ་འཇུག་པ་དང་། འཇུག་གནས་གཉིས་དང་། འཇུག་གནས་འབྱུང་གསུམ་ཀ་ཤེས་པའི་སྒོ་ནས་འཇུག་པར་བཤད།  《མཛོད་རང་འགྲེལ་》སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༣ ལས། “འཁོར་ལོས་སྒྱུར་བ་དང་། རང་བྱུང་རང་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་དག་སྟེ། འོག་ནས་གོ་རིམ་བཞིན་ཞེས་འཆད་པར་འགྱུར་རོ། ། དེ་ལ་འཁོར་ལོས་སྒྱུར་བ་ནི་དང་པོ་སྟེ། དེ་ནི་འཇུག་པའི་ཁོ་ན་ཤེས་བཞིན་ཡིན་གྱི་གནས་པ་ཡང་མ་ཡིན་ལ། འབྱུང་བ་ཡང་མ་ཡིན་ནོ། ། རང་སངས་རྒྱས་ནི་གནས་པ་ཡང་ངོ་། ། སངས་རྒྱས་ནི་འབྱུང་བ་ཡང་ངོ་། ། འདིར་ཡང་འབྱུང་བར་འགྱུར་བའི་མིང་གིས་བསྟན་ཏོ། ། ཞེས་གསུངས་སོ། །    《མཛོད་རྩ་བ་》 སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༣ ལས། “ ལས་སམ་ཡེ་ཤེས་སམ་གཉི་ག། རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན། ། ” ཞེས་གསུངས་པའི་དོན་ནི།  ལས་སམ་བསོད་ནམས་ཚོགས་རྒྱ་ཆེན་པོ་བསགས་པ་རྣམས་ནི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ནི་དང་པོ་དང་། ཡེ་ཤེས་རྒྱ་ཆེན་པོ་ཐོས་པ་དང་མང་བ་རབ་ཏུ་འབྱེད་པ་བྱས་རྣམས་ནི་རང་བྱུང་རང་རྒྱལ་དང་གཉིས་ནི་གཉིས་པ་ཡིན་ནོ། ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེ་བ་རྣམས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་གསུམ་པ་ཡིན་ནོ། ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འཁོར་ལོས་བསྒྱུར་བའི་བར་སྲིད་ནི་བསོད་ནམས་ཀྱི་ལས་རྒྱ་ཆེ་བ་ཡིན་པའི་ཕྱིར་དང་། རང་སངས་རྒྱས་ནི་བསྐལ་བ་བརྒྱར་གོམས་ཤིང་དངོས་པོ་དྲུག་ཤེས་པའི་ཡེ་ཤེས་ཀྱི་རྒྱ་ཆེ་བའི་ཕྱིར་དང་།  སངས་རྒྱས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ལས་གཉིས་ཀ་རྒྱ་ཆེ་བའི་ཕྱིར་ན་གོ་རིམ་བཞིན་ཡིན་ནོ། ། 《མཛོད་རང་འགྲེལ》 སྡེ་བསྟན། པོད། ༡༤༠ ཤོག་ངོས། ༡༢༣ ལས།“ ལས་རྒྱ་ཆེན་པོ་བསོད་ནམས་རྒྱ་ཆེན་པོ་བྱེད་པ་རྣམས་ནི་དང་པོ་ཡིན་ནོ། ། ཡེ་ཤེས་རྒྱ་ཆེན་པོ་ཐོས་པ་མང་བ་དང་རབ་ཏུ་འབྱེད་པ་བྱས་པ་རྣམས་ནི་གཉིས་པ་ཡིན་ནོ། ། བསོད་ནམས་ཀྱི་ལས་དང་ཡེ་ཤེས་རྒྱ་ཆེ་བ་རྣམས་ནི་གསུམ་པ་ཡིན་ཏེ། དེ་ལྟ་བུར་གྱུར་པ་དེ་དག་ནི་རིམ་བཞིན་དུ་འཁོར་ལོས་སྒྱུར་བ་ལ་སོགས་པའི་ཡིན་པར་རིག་པར་བྱའོ། ། ལྷག་མ་རྣམས་ནི་བཞི་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། ། ཞེས་གསུངས་སོ། །

མཇུག་བསྡུ་བ། 

སྤྱིར་ང་ཚོ་འགྲོ་བ་མི་དང་སེམས་ཅན་སྲོག་ཆགས་སུ་ཡིན་ན་ཤི་བའི་རྗེས་སུ་མར་མེ་ནུབ་པ་བཞིན་དུ་རྒྱུན་ཆད་པ་ཡིན་ནམ། ཡང་ན་རྒྱུན་དེ་མཐུད་དེ་སྐྱེ་བ་ལེན་པ་གང་ཡིན། དེང་སྐབས་ལ་སྐྱེ་བ་སྔ་ཕྱི་དྲན་པ་དང་། བར་དོའི་འཆར་སྣང་སོགས་གནས་ཚུལ་ཇི་བཞིན་དྲན་མཁན་ཡང་མང་དུ་མཐོང་ཞིང་།  ས་སྒང་གོ་ལ་ཧྲིལ་པོ་འདིར་འཚོ་ཞིང་སྡོད་པའི་སྐྱེ་འགྲོ་སྲོག་ཆགས་ཚང་མ་ལ་འཆི་སྲིད་འགག་མ་ཐག་ནས་ངེས་པར་བར་སྲིད་བརྒྱུད་ནས་སྐྱེ་སྲིད་ཀྱི་ཉམས་སྣང་མངོན་འགྱུར་ཡོང་དགོས་པའི་ངེས་པ་ཡོད་དམ། དེ་ལྟར་བརྒྱུད་དགོས་པ་དེ་ཡང་སེམས་ཅན་སྲོག་ཆགས་འགའ་རེ་ཙམ་ཡིན་ནམ། ཆ་ཚང་ལ་དེ་ལྟར་ངེས་པ་ཡོད་སྲིད་དམ། ཤི་ནས་སྐྱེ་བ་ལེན་པ་དེ་དག་གཏན་དུ་ཡོད་སྲིད་དམ། དེ་དག་གི་སྐོར་ནས་ཞིབ་ཐག་ཆོད་པའི་སྐད་ཆ་དང་དྲི་བའི་ལན་ཞིག་དེ་སྔོན་མེད་པ་ཞིག་རེད། ད་སྐབས་ངས་བྲིས་པའི་བར་སྲིད་སྐོར་གྱི་དཔྱད་རྩོམ་འདིའི་ནང་ལ་ངེས་པར་དུ་གོང་གི་དྲི་བ་དེ་དག་ལ་ཁ་ཚོན་དང་ཐག་བཅད་བྱེད་པའི་གདེང་ཚད་ཅིག་རྙེད་མ་སོང་། ཡིན་ནའང་ནང་པའི་གཞུང་ལུགས་ཁག་ནས་བར་སྲིད་ངོས་འཛིན་བྱེད་སྟངས་དང་ཁྱད་ཆོས་སོགས་ལ་མངོན་པ་མཛོད་དཔེ་ཀློག་ཞར་ཞོར་བྱེད་པ་དང་བསྟུན་ནས་བར་སྲིད་སྐོར་གྱི་དཔྱད་རྩོམ་ཟེར་ན་འདྲ། གང་ལྟར་བར་སྲིད་སྐོར་གྱི་སྐད་ཆ་ཉུང་ངུ་ཞིག་བྲིས་པ་ཡིན། འདི་ནས་ནང་པའི་གཞུང་ལུགས་ནང་གི་བར་སྲིད་ཟེར་བ་འདི་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་མེད་སྐོར་ལ་ངེས་པ་ཅུང་ཙམ་རྙེད་སྲིད་ན་ཐང་། གང་ལྟར་ནོར་བའི་ཆ་དང་འཁྲུལ་བའི་ཆ་གང་ཡོད་དེ་ཀློག་པ་པོའི་སྡེ་ལ་བཟོད་གསོལ་ཞུ་བ་ཡིན།

དཔྱད་གཞི་ཡིག་ཆའི་ཁུངས། 
  1. ཨདརྴ། (སྡེ་བསྟན།) མངོན་པ། པོད་༡༤༠མཛོད་རང་འགྲེལ།  ཤོག་ངོས། ༡༡༦
  2. ཨདརྴ།  (སྡེ་བསྟན།) མངོན་པ།  པོད། ༡༤༠ མཛོད་རང་འགྲེལ། ཤོག་ངོས། ༡༡༩
  3. ཨདརྴ།  (སྡེ་བསྟན།) མངོན་པ། པོད།  ༡༤༠ མཛོད་རང་འགྲེལ། ཤོག་ངོས། ༡༡༩
  4.  ཨདརྴ། (སྡེ་བསྟན།) མངོན་པ། པོད།  ༡༤༠ མཛོད་རང་འགྲེལ། ཤོག་ངོས། ༠༥༡༢
  5. ཨདརྴ། ( སྡེ་བསྟན།) མངོན་པ། པོད། མཛོད་རྩ་བ། ༡༤༠ ཤོག་ངོས།  ༧
  6. ཨདརྴ། ( སྡེ་བསྟན།) མངོན་པ། པོད། ༢ རྒྱལ་པོའི་སྲས་ཀྱི་འགྲེལ་བ། ཤོག་ངོས། ༣༢
  7. ཨདརྴ། ( སྡེ་བསྟན།) མངོན་པ། པོད། རྒྱལ་པོའི་སྲས་ཀྱི་འགྲེལ་བ། ༢ ཤོག་ངོས། ༣༢
  8. 《སྲིད་པ་བདུན་བསྟན་པའི་མདོ། 》
  9. 《མངལ་དུ་འཇུག་པའི་མདོ། 》
  10. 《རྟ་ལེན་བུ་ཡི་མདོ། 》
  11. 《ལུང་ཕྲན་ཚེགས། 》
  12. 《རྣམ་པར་གཏན་ལ་དབབ་པའི་བསྡུ་བ་》སྡེ་བསྟན། པོད། ༤༠༣༨ ཤོག་ངོས། ༥༢
  13.  ཨདརྴ། (སྡེ་བསྟན།) མངོན་པ། པོད།   ༡༡༣ འགྲེལ་བཤད་ཉེ་མཁོ། ཤོག་ངོས། ༡༨
  14. ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རྩ་བ། ཤོག་ངོས། ༧
  15. ཨདརྴ། (སྡེ་བསྟན།)  མངོན་པ། པོད། ༡༤༠ མཛོད་རྩ་བ། ཤོག་ངོས། ༧
  16.   ཨདརྴ། (སྡེ་བསྟན། ) མངོན་པ། པོད། ༡༤༠ མཛོད་རང་འགྲེལ། ཤོག་ངོས། ༡༡༩
  17.   ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རང་འགྲེལ། ཤོག་ངོས། ༡༢༠
  18. ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རྩ་བ། ཤོག་ངོས། ༡༢༠
  19. ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རང་འགྲེལ། ཤོག་ངོས། ༡༢༠
  20.  ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རྩ་བ། ཤོག་ངོས། ༡༢༠
  21.  ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༡ མཛོད་རང་འགྲེལ། ཤོག་ངོས། ༡༣༧
  22.  ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠མཛོད་རྩ་བ།  ཤོག་ངོས། ༨
  23. ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རང་འགྲེལ། ཤོག་ངོས  ༡༢༠
  24.  ཨདརྴ། (སྡེ་བསྟན།) མངོན་པ། པོད།།༡༤༠ མཛོད་རྩ་བ། ཤོག་ངོས། ༨
  25. ཨདརྴ། (སྡེ་བསྟན།) པོད། ༡༣༠ ཀུན་བཏུས། ཤོག་ངོས། ༢༤༦
  26.  ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རང་འགྲེལ། ཤོག་ངོས། ༡༢༠
  27.   ཨདརྴ། (སྡེ་བསྟན། ) མངོན་པ། པོད། ༡༤༠ མཛོད་རྩ་བ། ཤོག་ངོས  ༨
  28.  ཨདརྴ། (སྡེ་བསྟན།) མངོན་པ། པོད  ༡༤༠ མཛོད་རང་འགྲེལ། ཤོག་ངོས། ༡༢༠
  29. ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རྩ་བ། ཤོག་ངོས། ༡༢༢
  30. ཨདརྴ། (སྡེ་བསྟན། ) པོད། ༡༢༧ རྣལ་འབྱོར་སྤྱོད་པའི་ས། ཤོག་ངོས། ༠༠༢༢
  31. ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རྩ་བ། ཤོག་ངོས། ༡༢༢
  32. ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༡ མཛོད་རང་འགྲེལ། ཤོག་ངོས། ༡༣༧
  33. ཨདརྴ། (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རྩ་བ། ཤོག་ངོས།  ༨
  34. ཨདརྴ། (སྡེ་བསྟན། )མངོན་པ། པོད། ༡༤༠ མཛོད་རང་འགྲེལ། ཤོག་ངོས། ༡༢༣
  35. ཨདརྴ། ( སྡེ་བསྟན།)མངོན་པ། པོད། ༡༤༠མཛོད་རྩ་བ།  ཤོག་ངོས། ༡༢༣
  36. ཨདརྴ།  (སྡེ་བསྟན།) མངོན་པ། པོད། ༡༤༠ མཛོད་རང་འགྲེལ། ཤོག་ངོས། ༡༢༣

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།