རྗེ་མར་པ་དང་གཉོས་འབྱུང་པོའི་བར་གྱི་འགལ་འབྲེལ་ཆེ་བ།

0
760

རྩོམ་གྱི་བརྗོད་དོན་གནད་བསྡུས་བཤད་བྱ་མཛུབ་མོ་རི་སྟོན། སྒྲ་སྒྱུར་མར་པ་ལོ་ཙཱ་དང་ཁ་རག་གཉོས་ཀྱི་ལོ་ཙཱ་བའི་བར་དུ་བྱུང་བའི་འགལ་བར་སྨྲ་བ་དང་འབྲེལ་བར་སྒྲུབ་པའི་བཤད་པ་དག་ལ་ཕྱིར་རྟོག་བྱས་ཤིང་། རྗེ་མར་པའི་ལམ་གྲོགས་གཉོས་ལོ་ཙཱ་བ་ཞེས་པའི་མཚན་འདི་གང་ཟག་སྒེར་བ་ཞིག་གམ། ལོ་ཙཱ་བ་གཉིས་ཀྱི་སྤྱི་མིང་གང་ཡིན་གྱི་གསེད་བཀྲོལ། དེ་ལས་རྒྱ་ངག་སྙུང་འདེབས་ཀྱི་གཉོས་ལོ་ཙཱ་བའི་མཚན་དངོས་གང་ཡིན་དང་། དུས་ནམ་ཞིག་ལ་གནས་གང་དུ་འཛོམས་ནས་འགྲོགས་ཤིང་། རྒྱུ་རྐྱེན་གང་གིས་རྐྱེན་པས་སོ་སོར་གྱེས་པའི་འགལ་འབྲེལ་གྱི་སྐོར་རྣམས་ཅུང་ཟད་སྤྲོས་བཤད་བྱས་ཡོད།

གནད་ཚིག་དཔྱད་བྱའི་གཙོ་ཕལ་མི་འཁྲུག་དམ་ཚིག་ཕྱག་རྒྱ། མར་པ་ལོ་ཙཱ། གཉོས་ཡོན་ཏན་གྲགས། གཉོས་འབྱུང་པོ། འགལ་བ་དང་འབྲེལ་བ།

གླེང་སློང་བརྟག་བྱའི་རི་མོ་ཅིའི་ཕྱིར་འབྲི་དགོས་བྱུང་ཚུལ།

 གཉོས་ལོ་ཙཱ་བ་རྗེ་མར་པའི་ལམ་གྲོགས་དང་འབྲེལ་བ་ཡོད་པའི་སྐོར་ནི་《མར་པའི་མགུར་ཆེན་》ནང་དུ་གསལ་བར་མ་ཟད། རྗེ་མར་པའི་རྣམ་ཐར་ཁག་ཏུ་འགལ་འབྲེལ་གྱི་བྱུང་རིམ་རྣམས་མཐར་ཆགས་སུ་བཀོད་ཡོད། དཔའ་བོ་གཙུག་ལག་ཕྲེང་བ་ ༡༥༠༤ ༡༥༦༦ ཡང་། རྩ་བའི་ཆ་ནས་གཉོས་ལོ་དང་མར་པའི་བར་དུ་བྱུང་བའི་ལོ་རྒྱུས་ཀྱི་སྒྲོམ་གཞི། རྒྱལ་ཐང་བ་བདེ་ཆེན་རྡོ་རྗེ་ ༡༢༠༠ ༡༢༩༩ དང་། གཙང་སྨྱོན་ཧེ་རུ་ཀ་ ༡༤༥༢ ༡༥༠༧ སོགས་དང་དགོངས་པ་གཅིག་ཡིན་ཡང་། གཉོས་དང་མར་པའི་བར་གྱི་བགྲོ་གླེང་ལ་ཆགས་སྡང་གི་ཉམས་གཏོད་ཡོད་པ་སོགས་ལ། ཕྱིར་རྟོག་དགོས་པའི་དྲན་སྐུལ་གནང་ཡོད། དེ་ནས་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ ༡༦༩༨/༡༧༥༥ ལགས་ཀྱིས། གཉོས་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་རྗེ་མར་པས་བདེ་མཆོག་གི་རྡོ་སྐུ་དང་རྒྱ་དཔེ་ལེགས་སྐྱེས་སུ་ཕུལ་བའི་རྒྱུ་མཚན་འགའ་ཞིག་ཁྱེར་ཏེ། མར་པའི་དཔེ་ཆ་ཆུ་ལ་བསྐུར་བར་བཤད་པ་ལ་བདེན་བདེན་གྱི་ངེས་བརྟན་མེད་པའི་ཕྱོགས་བཟུང་རྗེས། འབེ་ལོ་ཚེ་དབང་ཀུན་ཁྱབ་ ༡༧༡༨/༡༧༩༠ ཀྱིས་རྣམ་ཐར་རྙིང་པ་འགའ་རུ་མར་གཉོས་གཉིས་ཀྱི་བར་དུ་བྱུང་བའི་འགལ་བ་དེ་མེད་ཅིང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་དུ་དེའི་སྒྲོས་ཙམ་ཡང་མ་བྱུང་བ་སོགས་ཀྱི་གཏན་ཚིགས་དང་། རིག་འཛིན་ཚེ་དབང་ནོར་བུའི་བཤད་པ་དེ་ཡང་རྒྱབ་རྟེན་དུ་དྲངས་ཏེ། གཏམ་རྒྱུད་དེ་ནི་ཕྱིས་ཀྱི་བླུན་པོ་ཕྱོགས་རིས་ཅན་འགའ་ཞིག་གིས་བསླད་པའི་འཆལ་གཏམ་དུ་བཤད་ལ། དེའི་རྒྱབ་རྟེན་གྱི་ཚུལ་དུ་ར་སེ་དཀོན་མཆོག་རྒྱ་མཚོས་རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ་ ༡༠༣༦/༡༡༠༢ འི་《མར་པའི་རྣམ་ཐར་》ནང་དུ་བྱུང་བའི་ཚིག་ལ་འགྲེལ་བཤད་གནང་སྟེ། གཉོས་ཀྱིས་མར་པའི་དཔེ་ཆ་ཆུ་ལ་བསྐུར་བར་བཤད་པ་ནི་དོན་དངོས་དང་མི་མཐུན་པའི་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ཡིན་པའི་བསྡོམས་ཚིག་བརྒྱབ་ཡོད། འོན་ཀྱང་ཁོང་རྣམ་པའི་སྒྲུབ་བྱེད་དག་ནི་དོགས་སློང་གི་དཔྱད་གཞི་ཙམ་ལས། དཔྱད་བཟོད་ཀྱི་གཏན་ཚིགས་སུ་མེད་སྟབས། སླར་ཡང་བསྐྱར་ཞིབ་དགོས་པ་ནི་མ་སྐུལ་རང་བྱུང་དུ་ཐོན་པའི་ལས་བྱ་ཞིག་ཏུ་ངེས་ཀྱང་། མིག་སྔར་གྱི་གནས་སྟངས་ནི། གོང་དུ་བཤད་པའི་སྐུ་ཞབས་ར་སེ་སོགས་ཀྱི་དཔྱད་གཏམ་ལ་ཅི་གསུང་ཚད་མར་བཟུང་སྟེ། དཔྱད་ཞིབ་ཀྱི་ངོ་གདོང་ཙམ་ལ་ཡང་བསམ་གཞིག་གི་དོགས་འདྲི་གནང་མི་ཞིག་ཀྱང་བྱུང་མེད་པར་འདྲ་བས། ཁོ་བོ་ནི་ཆེད་དུ་རྗེ་མར་གཉོས་བར་གྱི་འགལ་འབྲེལ་གྱི་བཤད་རྒྱུན་ལ། བསྐྱར་ཞིབ་ཀྱི་དཔྱད་པ་གནང་བའི་མཁས་པ་ཁོང་རྣམ་པར། ཡང་ཞིབ་གཏམ་གྱི་མཆོད་པ་ཐོག་མ་དེ་འབུལ་བའི་ལམ་དུ་ཆས་པ་ཡིན་ནོ། །

དང་པོ། གཞན་བཤད་འཐད་མིན་བརྟག་སྟེ་བསྐྱར་ཞིབ་དཔྱད་པ་བྱ་བ།

དེ་ཡང་《རྗེ་མར་པའི་མགུར་ཆེན་ཉེར་ལྔ》འི་ནང་ཚན་བཅུ་གཉིས་པ། 《ལྷོ་ལ་ཡག་ཏུ་བཞེངས་པའི་མགུར་》ལས། ལམ་བལ་པོའི་མཐིལ་དུ་ཕྱིན་ཙ་ན། །ང་ལྷོ་བྲག་མར་པ་ལོ་ཙཱ་དང་། །ཁ་རག་གཉོས་ཀྱི་ལོ་ཙཱ་གཉིས། །ལོ་ཙཱ་གང་མཁས་གང་མཁས་ཟེེར། །གདམས་ངག་གང་ཆེ་གང་ཆེ་ཟེར། །ཡར་བལ་བོད་མཚམས་སུ་ཐོན་ཙ་ན། །ནོར་ཟང་ཟིང་གི་སྐུ་བསོད་ཁོང་ལ་སྐྱེས། །ལ་སྟོད་ཚོ་བཞི་ཕྱིན་ཙ་ན། །གདམས་ངག་གི་སྙན་པ་ཁོ་བོས་ཐོབ། །བླ་མ་གྲུབ་ཐོབ་དང་མཇལ་ལགས་པས། །གདམས་ངག་མི་ཆེ་དོགས་མ་མཆིས། །[1]ཞེས་ལམ་གྲོགས་ལ་གཉོས་ལོ་ཙཱ་བ་ཡོད་པ་དང་། ཁོང་རྣམ་གཉིས་ལོ་ཙཱ་གང་མཁས་དང་གདམས་ངག་སུ་ཆེའི་སྐོར་ནས་གླེང་སློང་བྱུང་ཡོད་པའང་གསལ་པོར་འཁོད་སྟབས། ཁོང་གི་ལམ་གྲོགས་ལ་གཉོས་ལོ་ཙཱ་བ་ཡོད་མེད་ཀྱི་དོགས་པ་གནང་མཁན་མེད་པ་ལྟ་བུ་ཡིན། འོན་ཀྱང་དཔའ་བོ་གཙུག་ལག་ཕྲེང་བས། སྔོན་གྱི་རྣམ་ཐར་ཁག་ཏུ་རྗེ་མར་པ་དང་གཉོས་ལོ་ཙཱ་བ་གཉིས། ལོ་ཙཱ་གང་མཁས་དང་གདམས་ངག་སུ་ཆེའི་སྐོར་གྱི་བཀལ་མོལ་ལ། གཏམ་རྒྱུད་ཀྱི་བྱུང་རིམ་རྒྱས་སྤྲོས་ཅན་དུ་སྦྱར་ཏེ། གསང་འདུས་སོགས་གསན་པའི་རྒྱུ་རྐྱེན་གཉོས་དང་ཆོས་གཏམ་བྱས་པ་ལས་བྱུང་ཞིང་། རྒྱུད་དེ་རྣམས་ལ་གསན་བཞེས་མཛད་པའི་ཀུན་སློང་ཡང་གཞན་གྱི་ངག་སྣ་གནོན་པའི་ཆེད་དུ་སོང་བ་ལྟ་བུར་སྦྱར་བ་དང་། གཉོས་ལོས་མར་པའི་སྐུ་བསོད་ལ་ཕྲག་དོག་སྐྱེས་ཏེ་ཕྱག་དཔེ་བོད་དུ་སྣུབས་མཚོ་ལ་སྐྱུར་བའམ་ཆུ་ལ་ཤོར་བའི་སྐད་དུ་སྦས་པར་བཤད་པ། གཉོས་ལ་སློབ་དཔོན་གྱི་མཚན་གསང་བའི་ཆེད་དུ་བླ་མ་ཐར་པའི་ལམ་སྟོན་ཡིན་ཞེས་བྲིས་པ་སོགས་ནི། ཤ་གཟུག་ཟ་རྐྱང་ལྟ་བུ་ཞིག་མ་ཡིན་པར་། དཔྱད་ཞིབ་ཀྱི་ལམ་ནས་བརྡར་ཤ་གཅོད་དགོས་པའི་གནས་སུ་བཞག་སྟེ་བསྐྱར་ཞིབ་ལ་དྲན་སྐུལ་བྱས་ཡོད།[2]

༡ ཀཿཐོག་པའི་བཞེད་པ་ལ་བརྟག་པའི་རབ་བྱེད།

 ལྷག་པར་དུ་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས། སྔར་གྱི་རྣམ་ཐར་ནང་དུ་བྱུང་བའི་གཉོས་ལོ་ཙཱ་བས་རྗེ་མར་པའི་དཔེ་ཆ་ཆུ་ལ་བསྐུར་བའི་བཤད་པ་ཁྱབ་ཆེ་ན་ཡང་། བདེན་པ་ཚུགས་ཐུབ་ཀྱི་གཏམ་དུ་མ་ངེས་པའི་གཏན་ཚིགས་སུ། རྗེ་མར་པར་སྨྱོས་ལོ་ཡིས་རྒྱ་བལ་དུ་གསེར་མང་པོའི་ཕན་ཐོགས་ལེགས་པར་མཛད་པའི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བདེ་མཆོག་རྡོ་སྐུ་ནཱ་རོ་པའི་ཐུགས་དམ་གྱི་རྟེན་དང་རྒྱ་དཔེ་སོགས་ཕུལ་བར་གྲགས་པ་དང་། གྱེ་རེ་ལྷ་པའི་ནང་རྟེན་དུ་བཞུགས་པ་དངོས་སུ་མཇལ་ཚུལ་སྨྲས་ཡོད་ལ། མདོར་ན་མར་པས་གཉོས་ལ་བཀའ་དྲིན་གྱི་ལེགས་སྐྱེས་ཕུལ་བ་དང་གཅིག།།གཉོས་དང་མར་པ་བོད་ཕེབས་མཉམ་དུ་མཛད་པ་ལ་ལོ་ཚིགས་ཀྱི་གནོད་བྱེད་ཡོད་པ་དང་གཉིས། གང་ཟག་གཞན་ཞིག་གཉོས་དང་ནོར་ནས་གཉོས་ལོས་མར་པའི་དཔེ་ཆ་ཆུ་ལ་བསྐུར་བའི་གཏམ་དུ་བྱུང་བ་མིན་འགྲོ་སྙམ་པའི་དོགས་གཞི་ཡོད་པ་གསུམ་སྟེ།[3] དེ་ལྟར་རིགས་པ་དང་དོགས་གནས་རྣམ་པ་གསུམ་གྱི་སྒྲུབ་བྱེད་བཀོད་ཀྱང་། གསུམ་པས་དང་པོའི་སྒྲུབ་བྱེད་བསྒྲུབ་བྱར་བསྒྱུར་བ་སྟེ། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཀྱིས་གསེར་སོགས་ཀྱིས་ཕན་འདགས་མཛད་རྗེས། མར་པས་བཀའ་དྲིན་རྗེས་དྲན་གྱི་བདེ་མཆོག་གི་རྡོ་སྐུ་སོགས་ཕུལ་ན་ཡང་། གཉོས་ལོ་ཙཱ་བ་འབྱུང་པོ་དང་འབྲེལ་བ་མེད་ཅིང་། གཉོས་ལོ་ཙཱ་བ་འབྱུང་པོས་མར་པའི་དཔེ་ཆ་ཆུ་ལ་བསྐུར་བའམ་ཤོར་བའི་ངང་ཚུལ་མཛད་ནས་སྦས་པའི་འགལ་འབྲེལ་གྱི་བྱུང་བའི་རྗེས་སུ། གང་ཟག་གཞན་ཞིག་མར་པ་ལ་ལམ་རྒྱགས་ཀྱི་རོགས་དན་མཛད་པའི་གཉོས་ལོ་ཙཱ་བ་དང་འཁྲུལ་བའི་མི་ནི་གཉོས་འབྱུང་པོ་ཡིན་མིན་གྱི་དཔྱད་གཞི་ཆེ་བས། སྒྲུབ་བྱེད་གསུམ་པས་དང་པོ་ལ་གཏན་ཚིགས་ཀྱི་ཐོབ་ཐང་མེད་པར་བཟོས་རྗེས། གཞན་ལ་གནོད་བྱེད་དུ་འཕངས་པ་ནང་བཞིན་རང་ལའང་བགེགས་བྱེད་དུ་ལོག་ཡོད། ལོ་ཚིགས་དང་མི་མཐུན་པའི་དོན་ནི་རང་གིས་བཟོས་པའི་ལོ་ཚིགས་དང་རྒྱ་བཞུད་ཀྱི་རང་ལུགས་ར་བའི་ནང་ནས་ཀི་འདེབས་སྟངས་ཤིག་ཡིན་གཤིས། དེ་ལ་གཞན་གྱིས་ཐེ་གཏོགས་བྱ་དགོས་པའི་གནད་དོན་དེ་ཙམ་མེད་ཅིང་། ལོ་ཚིགས་དེ་ནི་རྗེ་མར་པའི་རང་རྣམ་དང་མི་འགྲིག་པ་སོགས་ཀྱི་བཤད་པ་གཤམ་དུ་འབྱུང་བས་བཞག་གོ། །

༢ འབེ་ལོའི་བཞེད་པ་ལ་བརྟག་པའི་རབ་བྱེད།

དེ་ལྟར་ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུས། གཉོས་ལོས་མར་པའི་དཔེ་ཆ་ཆུ་ལ་བསྐུར་བར་བཤད་པ་གང་དེ། བདེན་བདེན་མ་ཡིན་པའི་དམ་བཅའ་བཞག་སྟེ་སྒྲུབ་བྱེད་དཀོད་རྗེས། འབེ་ལོ་ཚེ་དབང་ཀུན་ཁྱབ་ལགས་ཀྱིས་མོ་སྟོན་ཕག་མགོས་མར་རྙེད་པའི་སད་རྟོག་ལྟ་བུའི་ལམ་ནས། ལོ་ཙཱ་བའི་རྣམ་ཐར་དཔེ་རྙིང་གཉིས་ཙམ་དུ་རྒྱ་དཔེ་ཆུ་ལ་བསྐུར་བའི་གཏམ་དེ་མེད་པ་དང་གཅིག །དཔའ་བོའི་ཆོས་འབྱུང་དུའང་གཏམ་དེའི་སྒྲོས་ཙམ་ཡང་མི་སྣང་བ་དང་གཉིས། གཉོས་ལོའི་ཐུགས་རྒྱུད་བཟང་ཞིང་འཚེ་མེད་ཀྱི་སྤྱོད་པ་མངའ་བའི་གཏམ་རྒྱུད་ཡོད་པ་གསུམ། རྒྱུ་མཚན་གྱི་གཏན་ཚིགས་གཙོ་བོར་བཟུང་སྟེ། གཏན་ཚིགས་དང་པོ་དང་གཉིས་པས་གཉོས་ལོས་རྒྱ་དཔེ་ཆུ་ལ་བསྐུར་བའི་གཏམ་དེ་བདེན་པ་མ་ཡིན་པ་དང་། གསུམ་པས་ཕྲག་དོག་གི་སྦྱོར་བ་ངན་པ་དེ་འདྲ་གཉོས་ལོས་བསྒྲུབ་མི་སྲིད་པའི་རྟགས་སུ་བཀོད་ཡོད།[4]  འོན་ཀྱང་གཉོས་ལོས་རྒྱ་དཔེ་ཆུ་ལ་བསྐུར་བའི་གཏམ་དེ་བདེན་པ་མ་ཡིན་པའི་སྒྲུབ་བྱེད་དེ་དག་ནི། དོགས་པ་སློང་སྤྱད་ཙམ་ལས་དཔྱད་འབྲས་ཀྱི་གྲུབ་དོན་འཇོག་པའི་གཏན་ཚིགས་ཀྱི་ནུས་པ་མེད་དེ། དང་པོ་རྣམ་ཐར་རྙིང་པ་འགའ་རུ་རྒྱ་དཔེ་ཆུ་ལ་བསྐུར་བའི་གཏམ་དེ་མེད་པའི་རྟགས་ཀྱིས་མ་ཡིན་པ་བསྒྲུབ་ཐུབ་ཀྱི་ཡོད་ན། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེས་མཛད་པའི་《མར་པའི་རྣམ་ཐར་》དང།[5] རྗེ་སྒམ་པོ་པའི་《སྒྲ་སྒྱུར་མར་པའི་རྣམ་ཐར་》ནང་དུ་གཉོས་ཀྱིས་དཔེ་ཆ་ཆུ་ལ་བསྐུར་བའི་གཏམ་དེ་བྱུང་[6]བར་མ་ཟད། 《སྦྱངས་པ་ཅན་བླ་མ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་》[7]སོགས། རྣམ་ཐར་རྙིང་པ་མང་པོའི་ནང་དུ་གཉོས་ལོས་རྒྱ་དཔེ་ཆུ་ལ་བསྐུར་བའི་ལོ་རྒྱུས་གསལ་བར་འཁོད་སྟབས། དེ་ཉིད་ཁོ་ན་གཉོས་ལོས་རྒྱ་དཔེ་ཆུ་ལ་བསྐུར་བའི་སྒྲུབ་བྱེད་ཡང་དག་ཏུ་འགྱུར་བར་ཐལ་བས། འགལ་འདུ་གཞི་གཅིག་ཏུ་འདུ་བར་འགྱུར་གཤིས། ཕན་ཚུན་གྱི་འདོད་པ་མི་འདྲ་བ་ལ་གེགས་བྱེད་ཙམ་ལས་གནོད་བྱེད་དུ་འགྲོ་བའི་རྒྱུ་མཚན་དུ་མི་རུང་ཞིང་། ལྷག་པར་དུ་རྗེ་སྒམ་པོ་པས་《མར་པའི་རྣམ་ཐར་》ནང་དུ། གཉོས་ལོས་མར་པའི་དཔེ་ཆུ་ལ་བསྐུར་བའི་བཤད་པ་གཏམ་དངོས་སུ་སྦྱར་བ་དེ་ཉིད་ནི་ཡིད་རྟོན་རུང་བའི་ཚད་དུ་འཇོག་ཆོག་སྟེ། གཏམ་དེ་ཡིན་ངེས་ལྟ་བུའི་ཚད་དུ་མེད་ན། ཚིག་ཚོགས་དོར་ཞིང་བཤད་པ་འདྲ་མིན་སོགས་ཀྱི་སྤྲོས་པ་བསྐྱུང་བའི་རྣམ་ཐར་མདོར་འདུས་གང་དེར། རང་གཞན་གཉི་གའི་མཛད་འཕྲིན་ལ་བར་ཆད་དུ་འགྲོ་སྲིད་པའི་གཏམ་དེ་འབྲི་དོན་མེད་ལ། དུས་སྐབས་དེ་རྣམས་སུ་ཁ་རག་གཉོས་ཀྱི་གདུང་རབས་རྣམ་པ། ཉི་མ་གུང་ལ་སླེབས་པའི་ལྟ་བུའི་ཚད་དུ་ཐོན་ཞིང་། མར་མེ་རླུང་གིས་བསད་ཀྱང་འཛུམ་མུལ་མུལ། ལྷ་བཤོས་ཁྱི་ཡིས་ཟོས་ཀྱང་འཛུམ་མུལ་མུལ་བྱེད་པའི་མདོ་མེད་གཉོམ་ཆུང་། གཞན་གྱིས་ཅི་ཞིག་བཤད་ནའང་ཆོག་པའི་གནས་ཤིག་མ་ཡིན་པ་འདི་ཡང་། གཟུར་གནས་བློ་ལྡན་དག་ལ་དཔྱད་གཞི་གལ་ཆེན་ཞིག་ཏུ་སྣང་ངོ་། །

གཉིས་པ་《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་གི་རྗེ་མར་པའི་རྣམ་ཐར་གྱི་སྐབས་སུ། གཉོས་ཀྱིས་རྒྱ་དཔེ་ཆུ་ལ་བསྐུར་བའི་གཏམ་གྱི་སྒྲོས་མ་བྱུང་བ་བདེན་ན་ཡང་། རྒྱུ་མཚན་དེ་ནི་མ་ཡིན་པ་དང་མེད་པའི་སྒྲུབ་བྱེད་དུ་མི་རུང་སྟེ། ཆོས་འབྱུང་གང་དེའི་ནང་དུ་གཉོས་ལོ་མར་པའི་ལམ་གྲོགས་ཡིན་པའི་སྒྲོས་ཙམ་ཡང་མ་བྱུང་ནའང་། གཉོས་ལོ་རྒྱ་བཞུད་ཀྱི་ལམ་གྲོགས་ཡིན་པ་ཡོངས་སུ་གྲགས་ཤིང་། ཉིད་ཀྱིས་ཀྱང་ཞལ་གྱིསབཞེངས་པས་སོ། །

དེ་བཞིན་དུ་《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་གི་ལོ་པཎ་ཆོས་འབྱུང་དུ།[8] གཉོས་ལོ་ཙཱ་བ་མི་གསལ་ཡང་དེས་གཉོས་ལོ་མེད་པ་དང་ལོ་ཙཱ་བ་མ་ཡིན་པའི་སྒྲུབ་བྱེད་དུ་མི་འགྲོ་བ་ནང་བཞིན་ཡིན་ལ། ལྷག་པར་དུ་《མཁས་པའི་དགའ་སྟོན་》ནང་དུ་མི་གསལ་བ་ཙམ་གྱིས་དཔའ་བོ་གཙུག་ལག་ཕྲེང་བའི་དགོངས་པའི་ལངས་ཕྱོགས་ཡིན་པའི་གཏན་ཚིགས་སུ་མ་ངེས་ཏེ། 《རྗེ་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ》འི་ནང་དུ་གཉོས་ལོས་ཕྱག་དཔེ་ཆུ་ལ་བསྐུར་བ་དང་། མར་པས་གཉོས་ལ་《ཁྲེལ་འདེབས་ཀྱི་མགུར་》གསུངས་པ། དུས་སྐབས་དེ་དག་གིས་རྐྱེན་ལ་བརྟེན་ནས་ཧ་འུ་དཀར་པོ་སོགས་ལ་རྟོགས་འབུལ་གྱི་ཚུལ་དུ་བཞེངས་པའི་《རྗེ་མར་པ་རང་གི་ཐུགས་ལ་འཁྲུངས་པའི་མགུར་》སོགས། ལོ་རྒྱུས་ཀྱི་དོན་དངོས་ཚུལ་དུ་བཀོད་ཡོད་གཤིས།[9] དཔའ་བོ་གཙུག་ལག་ཕྲེང་བའི་དགོངས་པ་གང་ཡིན་ནི། རྣམ་ཐར་དེ་ཉིད་བཀླག་པ་ཙམ་གྱིས་མཁྱེན་ཐུབ་པ་ཞིག་ཡིན།

གསུམ་པ་མི་གཤིས་ལ་དགེ་བ་ཡོད་པ་རྒྱུ་མཚན་དུ་བཟུང་སྟེ། ཀུན་སྤྱོད་ཚང་མ་དྭངས་གཙང་དུ་བསྒྲུབ་པ་ནི། མ་ངེས་པའི་གཏན་ཚིགས་ཀྱི་བསམ་བློའི་རིན་ཐང་ལ་བརྩི་བཀུར་མ་གནང་པའི་མཚོན་རྟགས་ཤིག་ཡིན། ཁ་རག་གཉོས་ཀྱི་གདུང་རབས་ནང་དུ།[10] གཉོས་ལོ་ཙཱ་བ་རང་གི་བླ་མ་བ་ལིཾ་ཨཱ་ཙརྱའི་ཇོ་མོ་ལ། གཤིན་རྗེའི་བསྐྲད་འཁོར་མཛད་ནས་ཕྱིའི་རྒྱ་མཚོའི་མཐར་སྤྱུགས་པ་དང་། ཁ་ཆེ་པཎ་ཌི་ཏ་ཟླ་བའི་མགོན་པོ་གདན་དྲངས་ཏེ། གསེར་སྲང་བརྒྱ་རྫོངས་པའི་ཆད་བྱས་ནས་འགྲེལ་ཆེན་དྲི་མེད་འོད་བསྒྱུར་བའི་ཕྱེད་ལ་སླེབས་དུས། ཁ་ཆེ་ཟླ་མགོན་དང་འགལ་ཟླ་བྱུང་ནས་འགྱུར་འཕྲོ་བཅད། ཟླ་མགོན་འཕན་ཡུལ་གྲུབ་ཏུ་བཞུད། ཞང་ཕུ་ཆུང་བས་བླ་མར་བཟུང་སྟེ་སྦྱིན་བདག་ཞུས་ཤིང་།[11] འབྲོ་ཤེས་རབ་གྲགས་ཀྱིས་ལོ་ཙཱ་བྱས་ནས་དྲི་མེད་འོད་ཀྱི་འཕྲོ་བསྒྱུར་མཛད་སྐབས། གཉོས་ཀྱིས་ཕུ་ཆུང་བ་ལ་འཇིགས་སྐུལ་གྱི་འཕྲིན་བཏང་བའི་ལོ་རྒྱུས་ཡོད་པ་དང་། སྔགས་མཐུ་ལ་བརྟེན་ནས་གཞན་སྡེ་ཟིལ་གྱིས་གནོན་པ། བུ་སྟོན་རིན་ཆེན་གྲུབ་ ༡༢༩༠/༡༣༦༤ ཀྱིས་《རྒྱུད་སྡེ་སྤྱི་རྣམ་》དུ། 《བདེ་མཆོག་ར་ལིའི་རྒྱུད་ སོ་གཉིས་》ནང་དུ་རྒྱུད་ཡང་དག་ཡིན་མིན་ལ་ཐེ་ཚོམ་གྱི་གཞི་ཤིན་ཏུ་ཆེ་བར་སྣང་བས་དཔྱད་པར་བྱའོ་ཞེས་བཤད་རྗེས།[12] གོ་རམ་པ་བསོད་ནམས་སེང་གེ་ ༡༤༢༩/༡༤༨༩ ཡིས་《ར་ལིའི་རྒྱུད་》ཀྱི་ནང་ནས། 《ནམ་མཁའ་དང་མཉམ་པ་ཆེན་བ།》《ནམ་མཁའ་དང་མཉམ་པ་ཆུང་བ།》《ར་ལི་ནམ་མཁའ་དང་མཉམ་པ་》གསུམ་གཉོས་ལོ་ཙཱ་བས་བཟོས་པ་ཡིན་ཞེས་བཤད་རྐྱེན།[13] རྒྱུད་བརྫུས་མ་རྩོམ་པའི་གང་ཟག་ཏུ་དོགས་གཞི་ཡོད་པ་སོགས། མདོར་ན་ང་ཚོའི་གཙོ་རྒྱུགས་ཀྱི་ཐ་སྙད་བེད་སྤྱད་པ་ཡིན་ན། མ་དག་པའི་གདུལ་བྱའི་སྣང་ངོ་ལ་མ་ངེས་པའི་སྤྱོད་པ་སྣ་ཚོགས་ཤིག་མཐོང་རྒྱུ་ཡོད་པ་ཡིན་སྟབས། ཁོང་གི་ཐུགས་རྒྱུད་ལ་ཡོན་ཏན་ཡོད་པའི་ཕྱིར་ཞེས་པ་ཙམ་གྱིས་ལོ་རྒྱུས་ལ་འགྱུར་བ་གཏང་ཞིང་གནད་དོན་ཐག་གཅོད་ཐུབ་པའི་གནས་སུ་ལར་ནས་མེད།

༣ ར་སེའི་བཞེད་པ་ལ་བརྟག་པའི་རབ་བྱེད།

 དེ་ལྟར་ཀཿ་ཐོག་པས་གང་ཟག་གཞན་ཞིག་གཉོས་ལོར་འཁྲུལ་བ་མིན་འགྲོ་སྙམ་པའི་དོགས་གཞི་དང་། འབེ་ལོས་མར་གཉོས་བར་གྱི་འགལ་བ་ནི་ཕྱིས་ཀྱི་བླུན་པོ་འགས་བསླད་ནས་འཕེལ་བར་བཤད་པ་དེ་ཉིད། སྐུ་ཞབས་ར་སེ་ལགས་ཀྱིས་བདེན་རྫུན་གྱི་འཁྲུན་ཐག་གཅོད་པའི་དཔྱད་གཞིར་བཟུང་སྟེ་བརྟག་དཔྱད་གནང་རྗེས། མར་པའི་དཔེ་ཆ་ཆུ་ལ་ཤོར་བའི་གཏམ་ཞིག་ཡོད་པས་གཞིར་བཟུང་། བླ་མ་རྔོག་གི་《མར་པའི་རྣམ་ཐར་》ནང་དུ་བྲིས་པའི་ཡིག་འབྲུ་ཞེ་བཞིའི་གོ་བ་མ་ལོན་ནས། གཉོས་ཀྱི་གཅུང་པོ་གཉོས་དང་འཁྲུལ་ཞིང་། མར་པའི་གྲོགས་པོ་མར་པར་འཁྲུལ་ནས་གཉོས་ཀྱི་གཅུང་པོས་མར་པའི་གྲོགས་པོའི་དཔེ་ཆ་ཆུ་ལ་བསྐུར་བ་ལ། གཉོས་ཀྱིས་ཕྲག་དོག་བྱས་ནས་མར་པའི་དཔེ་ཆུ་ལ་བསྐུར་བའི་གཏམ་དང་། རྫུན་སྒྲུང་གི་གཏམ་རྒྱུད་དེ་དག་བྱུང་བ་ཡིན་པ་ལས། དངོས་འབྲེལ་བྱས་ན་གཉོས་ཀྱིས་མར་པའི་ཕྱག་དཔེ་ཆུ་ལ་བསྐུར་བའི་གཏམ་ནི་བརྫུས་མ་ཡིན་ཞེས་ཆོད་དོན་གནང་ཡོད་ལ།[14] ཕྱག་དཔེ་ཆུ་ལ་བསྐྱུར་སྐབས་《གཉོས་ལ་ཁྲེལ་འདེབས་ཀྱི་མགུར་》དག་ནི་ཕྱིས་སུ་བརྩམས་པ་རེད་ཅེས་བསྡོམས་ཚིག་བརྒྱབ་འདུག། །[15]དེ་ལྟ་བུ་ཡིན་པའི་དབང་དུ་བཏང་ན། ཡིག་འབྲུ་ཞེ་བཞིའི་དོན་ལ་རྨོངས་ནས་ལོག་བཤད་ཀྱི་དཀྲོག་གཏམ་བཟོ་མཁན་དང་། མར་པའི་རྣམ་ཐར་ནང་དུ་འཆལ་གཏམ་གྱི་ལྷད་འཇུག་པའི་བླུན་པོ་གང་ཡིན་ཞེས་སྨྲས་ན། དྭགས་པོ་བསོད་ནམས་རིན་ཆེན་འཇོག་རྒྱུ་ཡིན་ནམ། ཡང་ན་གཞན་ཞིག་འཇོག་རྒྱུ་ཡིན། འདི་ནི་གུས་པས་མ་དྲིས་ཀྱང་རང་བཞིན་གྱིས་ཐོན་ཡོང་བའི་དྲི་བ་ཞིག་རེད།

སྐུ་ཞབས་ར་སེའི་རང་ལུགས་འདི་ནི། སྔར་ཕར་ལམ་གྱི་གྲོགས་གཉིས་ལོ་ཙཱ་བ་དང་རྒྱ་ངག་སྨྱུང་འདེབས་ཕར་ཚུར་བྱས་པ་ཡིན་སྐད། དེ་ནས་འགྲོགས་ནས་འོངས་པའི་ལམ་དུ་གནུབ་མཚོ་ལ་གཅུང་པོས་ཁོའི་དཔེའ་ཆ་ཐམས་ཅད་ཆུ་ལ་བསྐུར་བ་ཡིན་སྐད། [16]ཅེས་པའི་གཏམ་ལ་རང་ཉིད་ཀྱིས་གོ་བ་ལེན་སྟངས་ཀྱི་དབང་དུ་བྱས་ནས་བཞག་པ་ཡིན་གཤིས། རང་ཚུགས་ཐུབ་པའི་སྒམ་རླིང་གི་མཛེས་པ་མེད།  ལུང་འདིའི་ནང་དུ་སྐུ་ཞབས་ཁོང་གི་རང་ལུགས་ཀྱི་རྒྱབ་རྟེན་ལ་ཡིག་འབྲུ་གཉིས་མ་གཏོགས་མེད། གཅིག་ནི“གཉིས”ཞེས་པའི་ཐ་སྙད་འདི་ཡིན་ལ། གཞན་ནི“ཁོའི”ཞེས་པའི་མིང་ཚིག་འདི་ཉིད་རེད།  “གཉིས”ཞེས་པའི་ཐ་སྙད་ནང་དུ་མར་པ་རྒྱ་ཕེབས་ཕར་ལམ་གྱི་ལམ་གྲོགས་གཉིས་རྟོག་པས་བཞེངས་བསྐྲུན་བྱས་ནས་བཅུག་སྟེ། དེ་ཡང་བལ་སྐད་ཀྱི་ལོ་ཙཱ་བ་དང་། རྒྱ་སྐད་ཐོག་ནས་ཕན་ཚུན་རྩོད་པ་བྱུང་བས་འགལ་བ་ཡོད་པ་ལ། ཚུར་ལམ་མཉམ་དུ་ཡོང་དུས་གཉོས་ཀྱི་གཅུང་པོས་གྲོགས་དེའི་དཔེ་ཆ་ཆུ་ལ་བསྐུར་བ་རེད་ཅེས། ཡིག་ཆ་གང་དུ་ཡང་དཔྱད་གཞི་མེད་པའི་གཏམ་རྒྱུད་ཐུང་ཐུང་ཞིག་རང་བཟོ་མཛད་དེ། རང་གི་འདོད་པ་ལམ་ལྷོང་ཡོང་བའི་ཆེད་དུ་འབད་པ་གནང་ཡོད་། དེའི་སྒྲུབ་བྱེད་དུ“ཁོའི”ཞེས་པའི་མིང་ཚིག་འདི་བསྣན་ཏེ། ཁོའི་དཔེ་ཆ་ཐམས་ཅད་ཆུ་ལ་བསྐུར་ཞེས་པའི་སྐབས་ཀྱི་ཐ་སྙད་འདི་མར་པའི་ལམ་གྲོགས་ལ་འཇུག་པ་ལས། རྗེ་མར་པ་ལ་གུས་ཞབས་མེད་པའི་སྐད་ཆ་འདི་ཐོན་མི་སྲིད་དེ། སྐབས་འདི་ནི་རྗེ་མར་པའི་རྣམ་ཐར་གླེང་བཞིན་པ་ཡིན་ལ། རྣམ་ཐར་དེའི་ཐོག་མཐའ་བར་གསུམ་དུ་བླ་མ་མར་པ་ཞེས་གུས་བསྟོད་ཚད་མེད་བྱས་ཡོད་པས་ཀྱང་དོན་དངོས་གསལ་པོར་མཚོན་ཡོད་ཅེས་བཤད་བཞག །

དོན་དངོས་དེ་འདྲ་ཞིག་ཡིན་ནམ་སྙམ་ན། དེ་ནི་རྩོམ་པ་པོའི་བསམ་ཚུལ་སྟོན་པའི་དོན་ཙམ་ལས། དོན་དངོས་ཀྱི་གནས་ལུགས་སྟོན་པའི་གཏམ་དུ་མི་འགྲོ། དོན་དངོས་ནི་ཁོང་དྭགས་པོ་སོགས་ལས་རྣམ་དཔྱོད་རྐྱེན་པའི་སྟོབས་ཀྱིས། སྔོན་གྱི་ལོག་བཤད་ཀྱི་རྙོག་མ་བགྲུངས་ནས་ལོ་རྒྱུས་ཀྱི་དོན་དངོས་གསེད་བཀྲོལ་བྱས་པ་ཞིག་མ་ཡིན་པར། རྒྱ་ངག་སྙུང་འདེབས་ཀྱི་དོན་མ་གོ་བ་ལས་བྱུང་བ་ཡིན། གྲོགས་གཉིས་ལོ་ཙཱ་བ་དང་རྒྱ་ངག་སྨྱུང་འདེབས་ཕར་ཚུར་བྱས་ཞེས་པའི་དོན་དེ། མར་པའི་ལམ་གྲོགས་གཉིས་པོ་ཁ་འཛིང་ལག་འཛིང་ཤོར་བའི་དོན་དུ་གོ་བ་བླངས་ནས། སྔར་མེད་ཀྱི་གཏམ་རྒྱུད་བཟོ་དགོས་བྱུང་བ་ཞིག་ཡིན། དངོས་འབྲེལ་གྱི་དོན་ནི། རྗེ་མར་པའི་རྒྱ་བཞུད་ཕར་ལམ་གྱི་གྲོགས་གཉོས་ལོ་ཙཱ་དང་རྒྱ་ངག་སྙུང་འདེབས་ཕར་ཚུར་བྱས་པའི་ལོ་རྒྱུས་ནི། 《གཉོས་ཀྱིས་གདུང་རབས་》དང་། རྔོག་མི་བསྐྱོད་རྡོ་རྗེས་མཛད་པའི་《རྗེ་མར་པའི་རྣམ་ངོ་མཚར་ས་མ་ཡ་》སོགས་སུ་གསལ་པོར་འཁོད་ཡོད། དེ་ཡང་རྒྱ་ངག་ནི་པཎ་ཌི་ཏ་ཁྱད་པར་ཅན་མཇལ་ན་སྐད་གཏང་བའི་རྒྱ་དང་། ན་ཚ་ལ་སོགས་པ་བྱུང་ན་ཕན་ཚུན་གཅིག་གིས་གཅིག་མི་འབོར་བའི་འབོད་པའི་སྙུང་འདེབས་སམ། ཡང་ན་གོ་སླ་བར་བྱས་ན་ཁ་ཆད་སྙུང་སྡེབ་ཀྱི་གྲོགས་པོ་བཟོས་ཏེ་རྒྱ་གར་དུ་ཆས་པའི་ལོ་རྒྱུས་ཡིན། འོ་ན་གཉོས་ལོ་ཙཱ་བ་ཞེས་མ་བྲིས་པར་གཉིས་ལོ་ཙཱ་བ་ཞེས་ཅིའི་ཕྱིར་བྱུང་བ་ཡིན་ཞེ་ན། འདི་ཡིག་ནོར་སོགས་གང་ཡིན་གྱི་འཁྲུན་ཐག་གཅོད་པར་དཀའ་ཡང་། ཚོད་དཔག་བྱས་ན་གཉོས་ལོ་ཙཱ་ཞེས་པའི་གཉོས་ཀྱི་འབྲི་སྲོལ་གཞན་ཞིག་མ་ཡིན་པའི་ངེས་པ་མེད་དེ། གཉོས་ལ། སྙོས་དང་སྨྱོས་སོགས་འབྲི་སྲོལ་མི་གཅིག་པ་མང་དུ་ཡོད་པ་ཡང་། ཕན་ཚུན་སྒྲ་འདྲ་བ་ཙམ་ལས་རྒྱུ་མཚན་གཞན་པ་མེད་སྟབས། གཉག་ལ་སྙེགས་དང་། མི་ལར་མིད་ལ། གནུབས་ལ་སྣུབས། སྦ་ལ་དབའ། བདུད་མོ་དུལ་མོ་སོགས་སུ་སྦྱར་བ་ནང་བཞིན་ཡིན་སྲིད་པ་ཞིག་རེད།

དེ་ཡང་རྣམ་ཐར་རང་དང་སྦྱར་ཏེ་ཅུང་ཟད་གསལ་བཤད་ཞུས་པ་ཡིན་ན། རྣམ་ཐར་གྱི་མ་ཕྱིའི་དཔེ་རྙིང་འདི་ནི། རྩོམ་གདན་གྱི་མ་ཡིག་དངོས་དང་ཆེས་བར་ཐག་ཉེ་བའི་གནའ་དཔེ་ཞིག་ཡིན་པ་ནི་མཐོང་བ་ཙམ་གྱིས་ངེས་པར་ནུས། དཔེར་ན་མ་མྱ་དང་འ་འཐའ་བསྡུས་མེད་ལ། གྲངས་ཚིག་ལ་ཨང་གྲངས་སྦྱར་ཡོད་པ་སོགས་ཀྱིས་མཚོན་ཏེ། ཡིག་གཟུགས་རང་སྟེང་ནས་ཀྱང་གནའ་བོའི་དཔེ་རྙིང་ཡིན་པ་ཁ་གྲགས་ཀྱི་ཡོད། དེ་བས་རྣམ་ཐར་འདིའི་ནང་གི་ཡིག་འབྲུ་རེ་རེ་ལའང་རིན་ཐང་བླ་མེད་ལྡན་པ་ནི་བཤད་མ་དགོས་པ་ཡིན།

ཡིན་ན་ཡང་གནའ་དཔེ་འདིའི་ནང་དུ། སྨོན་ལམ་ལ་རྨང་ལམ། ལྷོ་བྲག་ལ་ལྷོོ་བྲེག །གདུག་རྩུབ་ལ་གདུབ་རྩུབ། འདི་ལ་འདེའ་ཞེས་སྦྱར་བའི་ཡིག་ནོར་མང་དུ་མཆིས་པའི་དབང་གིས། གང་བྲིས་ཡོད་པའི་ཡི་གེ་ཚང་མ་དག་པ་དབང་བཙན་གྱི་རང་རྐང་དུ་གཞོལ་ཞིང་འབབ་པའི་ངེས་པ་མེད་ཅིང་།《སུམ་པའི་མ་ཤགས་ཆེན་པོའི》གནའ་དཔེ་བཞིན་དུ། ཕྱིས་བྱུང་དག་ཡིག་གི་བཅས་མཚམས་ནང་དུ་མ་གཏོགས་པའི་མིང་ཚིག་དཔེར་ན། གཙང་ལ་རྩང་དང་། འགའ་ལ་གྷ། འགྲིམ་ལ་འདྲིམ། སེང་གེ་ལ་སེང་གྷེ། འཇའ་ལ་འཇ། ཙ་ཀ་ལི་ལ་སག་ཀ་ལི། ཌ་མ་རུ་ལ་དྷ་མ་རུ། མཎ་ཌལ་ལ་མ་དྷལ། མིན་པ་ལ་མེན་བ། བཞེངས་ལ་བཞིངས། དགྱེས་རྡོར་ལ་དགྱེས་གདོར་སོགས་སྒྲ་མཚུངས་མཙོ་བོ་བྱས་ནས་སྦྱར་བ་མང་དུ་ཡོད་གཤིས། ལམ་གྲོགས་གཉོས་ལོ་ཙཱ་བ་ལའང་ལམ་གྲོགས་གཉིས་ལོ་ཙཱ་བ་ཞེས་སྦྱར་བ་མ་ཡིན་པའི་གཏན་ཚིགས་ཤིག་འཇོག་པ་དཀའ་བའི་གནས་སུ་གྱུར་ཡོད།

དེ་ལས་ཀྱང་གལ་ཆེ་བ་གཞན་ཞིག་ནི། རྣམ་ཐར་འདིའི་ནང་དུ་མིང་ཚིག་མང་པོ་ཞིག་ཕལ་སྐད་དམ་ཁ་སྐད་དུ་བྲིས་པ་མང་དུ་མཐོང་རྒྱུ་ཡོད། དཔེར་ན། བྱེའུ་ཚང་ལ་བྱེལ་ཚང་དང་། བྱེའུ་ཆུང་ལ་བྱེལ་ཆུང་ཞེས་སྦྱར་བ་འདི་ནི། དོན་ལ་ཁ་སྐད་དང་མཐུན་པར་བྱེས་ཆུང་ཞེས་བྲིས་པ་དང་འདྲ་སྟེ། ལའི་མཐའ་རྟེན་ལ་སའི་སྒྲ་གདངས་འདོན་པ་འདི་ནི་དབུས་གཙང་ལྟ་ཅི། ཁམས་དང་ཨ་མདོའི་ཕྱོགས་སུའང་མང་དུ་ཐོས་རྒྱུ་ཡོད། ཁམས་པ་དག་གིས་སྦྲུལ་ལ་བུས་ཞེས་ར་བཏགས་བཅད་དེ། ལའི་མཐའ་རྟེན་ལ་རྗེས་འཇུག་ས་ཡི་སྒྲ་གདངས་བཏོན་པ་དང་། ཨ་མདོ་བ་འགའ་ཞིག་གིས་སྦྲུལ་ལ་རུས་ཞེས། ར་བཏགས་འདོགས་གཞིའི་བ་ཡིག་དོར་ཏེ། ར་བཏགས་མིང་གཞི་ལྟ་བུར་གྱུར་ནས་རུས་ཞེས་འབོད་པ་དེ་དག་གིས་མཚོན་ཞིང་། ཕ་ཡུལ་ལ་ཕ་ཡུས། གོས་ཧྲུལ་ལ་གོས་རུས། རིལ་མ་ལ་རིས་མ། ཤ་རུལ་ལ་ཤ་རུས། ས་འགུལ་ལ་ས་འགུས་སོགས་མང་དུ་མཆིས་པ་མ་ཟད། རྣམ་ཐར་འདིའི་ནང་དུ་ཡང་། དེ་ནས་ཁོ་ཐམས་ཅད་དུ་ཚོལ་དུ་སོང་བ་ལ། རི་རྩེ་༡ལ་སོང་བ་མཐོང་། རྗེས་ཐོག་ཏུ་དེད་དེད་པལ།[17] ཞེས་རྗེས་འཇུག་ལ་ས་གཉིས་བརྗེས་ཏེ་པས་ལ་པལ་ཞེས་སྦྱར་བ་འདི་ཡང་། སྒྲ་མཚུངས་གཙོ་བོ་བྱས་ཏེ་ཁ་སྐད་དང་མཐུན་པར་སྦྱར་བ་ཡིན་སྟབས། མིང་ཚིག་རང་སྟེང་གི་གོ་དོན་ཙམ་ལ་ཞེན་ནས་རང་འགྲེལ་རྩོམ་བའི་བྲེལ་འཚུབ་དག་རེ་ཞིག་དོར་ནས། སྐད་བརྡའི་འཕོ་འགྱུར་དང་དག་ཡིག་གི་འཕེལ་རིམ་ཐོག་ནས་ཀྱང་། བསམ་གཞིག་བྱ་དགོས་པའི་འབོད་སྐུལ་གནང་འདུག་སྙམ། དཔེར་ན། མར་པའི་ཐུགས་དགོངས་ལ་འདིར་འདི་ཙམ་གྱི་དཀའ་བླས་བྱེད་པ་བེས། བལ་ཡུལ་དུ་འགྲོ་དགོས་སྙམ་སྟེ།[18] ཞེས་བཤད་པའི་གཏམ་འདིའི་ནང་དུ། དཀའ་བླས་ཞེས་པའི་ཡིག་ནོར་འདི་ཅིའི་ཕྱིར་བྱུང་བ་རེད་ཅེ་ན། དེ་ལ་འགའ་ཞིག་གིས་དཀའ་ལས་རྒྱ་ཆེན་པོའོ་སྐད་དུ་དཀའ་ཀླས་ཞེས་སྦྱར་བར་འདོད་པའི་ཚིག་ལས་བྱུང་བ་རེད་ཅེས་བཤད་སྲིད་ལ། ཡང་འགའ་ཞིག་གིས་ཚིག་འགྲོས་ལ་བརྟག་ནས་དཀའ་ལས་ཀྱི་ཡིག་ནོར་ཡིན་པ་ངོས་གཟུང་རྒྱུ་རེད། འོན་ཀྱང་སྐད་བརྡའི་འཕོ་འགྱུར་ལ་རྟོག་དཔྱོད་མ་བྱས་བར་དུ། འདོད་ཚུལ་གཉིས་པོའི་རང་སྟེང་ལ་འཁྲུན་ཐག་གཅོད་པའི་ནུས་པ་མེད། རེད་དེ་གནའ་བོའི་སྐད་བརྡའི་ཁྱིམ་གཞིས་ཆུང་ཆུང་། ཕ་ཁུ་རྒན་རབས་ཀྱི་ཁ་བརྡའི་གཏམ་ལ་ཉན་པ་ཡིན་ན། གནད་དོན་འདི་འདྲ་མང་པོ་ཞིག་གི་གསང་བ་རང་སར་གྲོལ་བའི་མན་ངག་ཟབ་མོ་ཡོད། དཔེར་ན་རྒན་རབས་དག་གིས་དཀའ་ལས་ལ་དཀའ་བླས་ཞེས་རྒྱུན་པར་ཁ་བརྡའི་ནང་དུ་ཡོད་པ་འདི་རང་གིས། རྩོམ་པ་པོའམ་ཡི་གེ་པས་ཁ་སྐད་གཙོར་བཟུང་བྱས་ཏེ་དཀའ་ལས་ལ་དཀའ་བླས་ཞེས་སྦྱར་བའི་གསང་བ་བདེ་བླག་ཏུ་རྙེད་ཐུབ་པ་ཡིན་ལ། རྒུང་ལོ་བརྒྱའ་ཅུ་ལ་སྐུ་མྱ་ངན་ལས་འདས་པ་ཡིན་ཏེ།[19] ཞེས་བརྒྱད་ཅུའི་གྲོང་ཚིག་ལ་བརྒྱ་ཅུའམ་བརྒྱ་ཆུ་ཞེས་རྒྱུན་པར་ལབ་ཀྱི་ཡོད་པའི་ཁ་བརྡ་ལས། བརྒྱ་ཅུ་ཞེས་པའི་ཡིག་འབྲུ་འདི་ཡང་བརྒྱད་ཅུ་རུ་དཀའ་ཚེགས་མེད་པར་འཆོས་ཐུབ་པ་ཡིན། དེ་བཞིན་དུ་རྣམ་ཐར་འདིའི་ནང་དུ། རྒྱུ་མཚན་སྟོན་པའི་བྱེད་སྒྲ་བསྡུས་པ་བས་ཞེས་པའི་ཡིག་འབྲུ་འགའ་ལ་བེས་དང་། འབྱུང་ཁུངས་དང་ལྷག་བཅས་ཀྱི་འཕྲད་དུ་སྦྱར་བའི་ནས་སྒྲ་མང་པོ་ཞིག་ལ་ནེས་ཞེས་སྦྱར་བར་མཛད་འདུག །འདི་ཡང་རོང་འབྲོག་མང་ཚོགས་ཀྱི་ཁ་བརྡའིི་ནང་དུ། དེ་ནས་ཞེས་ངེས་གཟུང་མེད་པའི་དྲི་བ་འདོན་པ་ལ། དི་ནེས་ཞེས་འབོད་པའི་ཁ་བརྡའི་ཚིག་འགྲོས་འདི་དག་ལ་ལྟོས་ནས་སྦྱར་བ་ཡིན་སྟབས། དུས་སྐབས་དེ་དང་ཁོར་ཡུག་དེ་རུ། གཉོས་ལོ་ལ་ཡང་གཉིས་ལོ་ལྟ་བུ་ཕལ་སྐད་དང་། ཡང་ན་འབོད་ཚུལ་གཞན་པ་མ་ཡིན་པའི་ངེས་པ་མེད་ལ། ད་ལྟ་ཡང་ཁམས་ཀྱི་ཡུལ་གྲུའི་འགའ་རེའི་ནང་དུ། གཉོས་ལོ་ཙཱ་བ་ལ་གཉེས་ལོ་ཙཱ་བ་ཞེས་ན་རོ་ལས་འགྲེང་བུ་སྒྲ་གདངས་འདོན་མཁན་མང་པོ་ཡོད་གཤིས། གཉིས་ཞེས་པ་ཚིག་འབྲུ་གང་དུ་བྱུང་ཡང་། གྲངས་གནས་ཀྱི་གོ་དོན་ལས་གཞན་དུ་འགྱུར་བ་མེད་པའི་དབང་དུ་བཏང་སྟེ། དེ་ལ་རང་གི་དྲན་འཕྲུལ་གྱི་གཟུངས་གཞུག་འཇོག་པའི་ལས་ལ་བྲེལ་བ་འདི་ཡང་། དཔྱོད་ལྡན་མཁས་པའི་ལུགས་སུ་མ་མཐོང་བས། ཁོང་གི་སྒྲུབ་བྱེད་ཀྱི་གཏན་ཚིགས་དེ་ལ་ཡིད་རྟོན་རུང་བའི་ཡིད་ཆེས་བྲལ་བྱུང་།

དེ་བཞིན་དུ་ཁོང་གིས་མར་པའི་རྣམ་ཐར་འདིའི་ནང་དུ། རྣམ་ཐར་དེའི་ཐོག་མཐའ་བར་གསུམ་དུ་བླ་མ་མར་པ་ཞེས་གུས་བསྟོད་ཚད་མེད་བྱས་ཡོད་པས་ཞེ་ས་མ་སྦྱར་བའི“ཁོའི”ཞེས་པའི་ཐ་སྙད་དེ་འབྱུང་མི་སྲིད་པ་དང་། རྗེ་མར་པའི་རྣམ་ཐར་གླེང་བཞིན་པའི་སྐབས་ཡིན་པས་ཁོའོ་ཞེས་པའི་ཐ་སྙད་འདི་མར་པ་ལ་མི་འཇུག་པ་ལྟ་བུར་བཤད་པ་ནི། དགོས་དབང་གིས་བཤད་པའི་ཞལ་རྫུན་ཞིག་མིན་འགྲོ་སྙམ་ཏེ། 《རྗེ་རིན་པོ་ཆེ་མར་པའི་རྣམ་ཐར་》ལས། དེའི་དུས་སུ་བླ་མ་མར་པའི་ཐུགས་དགོངས་ལ།[20] ཞེས་བྲིས་པ་འདི་ནི་ཞེ་ས་སྦྱར་བའི་གུས་བསྟོད་ཡིན་ལ།   《རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེས་མཛད་པའི་མར་པའི་རྣམ་ཐར་》གང་དེའི་ནང་དུ། དེ་ནས་མར་པའི་བསམ་པ་ལ་[21]ཞེས་གུས་ཚིག་མ་སྦྱར་བའི་སྐད་ཆ་ཡང་ཡོད་པས། ཞེ་སའི་མིང་ཚིག་མ་ཡིན་པ་ཁོ་ཞེས་པའི་ཐ་སྙད་འདི་ཡང་རྗེ་མར་པ་ལ་སྦྱར་ན་གུས་པ་མེད་པའི་མཚོན་རྟགས་སུ་འགྲོ་དོན་མེད་པར་མ་ཟད། ཅི་ལྟར་ཡིན་ན་ཡང་ན་རོ་པའི་དྲུང་དུ་བྱོན་ནས། གསེར་གྱི་མ་ཌལ་ཕུང་ཞིང་ཆོས་ཞུས་ཏེ། ལོ་དྲུག་ཏུ་བཞུགས་ནས་ཐེག་པ་ཆེན་པོའི་རྒྱུད་སྡེ་མང་དུ་ཞུས་སོ། །དེ་ནས་ཁོ་རྟོགས་པ་ཡང་ཤིན་ཏུ་ཆེ་བར་བྱུང་ནས།[22]ཞེས་བཤད་པ་ལྟར་དུ། རྣམ་ཐར་འདིའི་སྟོད་ཆ་རང་དུ་ཁོ་ཞེས་པའི་མིང་བརྡ་འདི་མར་པ་ལ་སྦྱར་བའི་གནས་སྐབས་བརྒྱད་ཙམ་བྱུང་ཡོད་པ་དག་ལོགས་སུ་བཞག་སྡེ། ཁོའི་དཔེ་ཆ་ཞེས་པའི་བརྗོད་པ་འདི་ཁོ་ནའི་ཐོག་ཏུ། རང་གི་དྲན་འཕྲུལ་གྱི་བཅས་ཁྲིམས་བཞག་ནས། མར་པ་ལས་གཞན་དུ་གྱུར་པའི་གང་ཟག་ལ་འཇུག་པའི་བསྒྲགས་གཏམ་སྤེལ་བ་དེ་ནི། ངོ་མཚར་བའི་གནས་སུ་འཇོག་པ་ལས་དཔྱད་གཞིའི་ཡུལ་དུ་མ་གྱུར་ཏོ། །

རྣམ་ཐར་གཞན་ཞིག་གིས་ཁ་འཕངས་ནས་འཇུག་བསྡུས་པ་ཡིན་ན། 《སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར་》ལས། མར་པས་ཉན་པ་ལ། དགྱེས་རྡོར་བཤད་ཅིང་འདུག །དེ་ནས་ཁོ་ཉིན་པར་ཐམས་ཅད་དུ་ཆོས་ཉན་དུ་སོོང་། མི་དགྱེས་རྡོར་གྱི་དབང་བསྐུར་བྱེད་པ་ཞིག་ལ། ཁོས་བསྐྲུས་པས། དབང་བསྐུར་ཡང་ཐོབ། འཕྲལ་སྐད་ཀུན་དེར་ལོབས། རྒྱ་གར་གྱི་ཀ་ཁ་པས་ཨཱ་ལི་ཀཱ་ལི་ལ་སོགས་པ་བསླབས། ཁོ་ཤེས་རབ་ཆེ་བས་སྒྲ་ཡང་བཟང་བར་སོང་། [23]ཞེས་རྗེ་མར་པ་ལ་ཁོ་ཞེས་པའི་མིང་ཚིག་ཡང་ཡང་བཀོལ་གནང་འདུག་པས། རྩོམ་པ་པོ་རྗེ་མར་པ་ལ་གུས་ཞབས་མེད་པ་དང་། ཡང་ན་ཁོ་ཞེས་པའི་ཐ་སྙད་འདིའི་ནང་དུ་གང་ཟག་གཞན་ཞིག་འཇོག་པའི་སྟ་གོན་བྱ་རྒྱུ་ཡིན།

སྐུ་ཞབས་ཁོང་གི་དཔྱད་གཏམ་གྱི་སྟོང་ཆ་ཆེ་ཤོས་ཤིག་ནི། བན་ཆུང་དག་གིས་བསྡུས་གྲྭའི་ཚིག་འཁྲི་གཏོང་བའི་ལུགས་སུ་བྱས་ཤིང། ལུང་ཚིག་གི་ངོ་གདོང་ལ་དྲན་འཕྲུལ་གྱི་སྣོན་མ་མང་དུ་བཏབ་སྟེ། རང་གི་ཞེ་འདོད་ཀྱི་ཕྱོགས་སུ་ཁ་གཅུ་ཅི་ཐུབ་བྱས་པའི་བར་གསེང་ནས། གཉོས་ཀྱི་གཅུང་པོ་ཞེས་པའི་མི་སྣ་དེ་གང་ཡིན་གྱི་དོགས་སློང་ཙམ་ཡང་མ་བྱས་པ་དེ་རེད་འདུག་སྙམ།

གཉིས་པ། ལམ་གྲོགས་གཉོས་ལོའི་མཚན་དུ་གཅེན་གཅུང་རྣམ་གཉིས་བཞུགས་སམ།
༡ གཉིས་སུ་གསལ་ཡང་གཉིས་སུ་དབྱེ་བའི་དཀའ་གནད།

དེ་ལ་《རྣམ་ཐར་མཐོང་བ་དོན་ཡོད་》སོགས་སུ་མར་པའི་ལམ་གྲོགས་ལ། གཉོས་ལོའི་མཚན་ཅན་གྱི་གང་ཟག་གཅིག་ལས་མི་གསལ་ན་ཡང་། 《རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེའི་མར་པའི་རྣམ་ཐར་》དང་། 《རྒྱལ་ཐང་བ་བདེ་ཆེན་རྡོ་རྗེའི་མར་པའི་རྣམ་ཐར།》རྩོམ་པ་པོ་རང་བྱུང་རྡོ་རྗེ་ཡིན་མིན་གྱི་དོགས་གཞི་མངའ་བའི་《སྦྱངས་པ་ཅན་བླ་མ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་》སོགས་སུ། རྗེ་མར་པའི་ལམ་གྲོགས་ལ་གཉོས་གཅེན་གཅུང་གཉིས་དང་།[24] གཉོས་ལོ་ཙཱ་བ་གཉིས[25]། ཞབས་ཕྱིའི་ཞུ་སའི་གཉོས་ཀྱི་བན་ཆེན་དང་རྒྱ་ངག་སྙུང་འདེབས་ཀྱི་གཉོས་འབྱུང་པོ་ཟེར་བའི་[26]གང་ཟག་གཉིས་ཡོད་པའི་གསལ་ཁ་གང་འཚམས་བྱུང་ཡོད། དཔེར་ན། 《རྗེ་རིན་པོ་ཆེ་མར་པའི་རྣམ་པར་ཐར་པ་》ལས། རྗེ་མར་པ་གཉོས་ཁ་རག་པ་དང་འགྲོགས་ནས་རྒྱ་གར་དུ་ཞལ་བསྒྱུར་ཏེ་བལ་ཡུལ་ལ་ཕེབས།[27] བལ་ཡུལ་ནས་གཉོས་ཁ་རག་པ་ཁོང་རྒྱ་གར་དུ་སོང་། མར་པ་རང་གི་གྲོགས་མཆེད་གཉོས་འབྱུང་པོ་དང་ལྷན་དུ་བལ་ཡུལ་ལ་བཞུགས། [28]མར་གཉོས་རྣམ་གཉིས་བལ་པོ་སྤྱི་ཐེར་བའི་དགྱེས་རྡོར་རྒྱུད་བཤད་ཀྱི་གྲལ་དུ་ཕེབས་སྐབས། སྐུ་མཆེད་ཀྱིས་མཐོང་ཆུང་གི་ཚིག་བྱུང་བའི་རྐྱེན་ལ་བརྟེན་ནས། གཉོས་འབྱུང་པོ་བལ་པོར་ཡུན་དུ་མ་བཞུགས་ནས་རྒྱ་གར་དུ་ཕེབས། དེ་ནས་ལོ་འགའི་རྗེས་ནས་མར་པ་ཡང་རྒྱ་ཕེབས་མཛད་ཅིང་། རྒྱ་གར་ནས་གྲོགས་གཉོས་དང་ལྷན་འཛོམས་སོགས་ཀྱི་བརྒྱུད་རིམ་མང་དུ་བརྒལ་རྗེས། གྲོགས་མཆེད་གཉོས་འབྱུང་པོ་དང་འགྲོགས་ནས་བོད་དུ་ཕེབས་པའི་བལ་ཡུལ་གྱི་ཆུ་ཁ་ཞིག་ནས་མར་པའི་ཕྱག་དཔེ་སྟོར་ནས། མར་གཉོས་རྣམ་གཉིས་སོ་སོར་གྱེས་དགོས་བྱུང་། མར་པ་རྒྱ་གར་དུ་ལོག །[29]ནཱ་རོ་དང་མཻ་ཏྲི་པ་སོགས་ཀྱི་མདུན་ནས་རྒྱུད་དང་མན་ངག་མང་དུ་ཞུས་ཞིང་བོད་ཕེབས་གཉིས་པ་མཛད། དུས་དེའི་ཚེ་གཉོས་ཁ་རག་པ་དང་སྦྲན་པ་སྟེ། གྲོགས་སུ་འགྲོགས་ནས་བོད་ཡུལ་དུ་ཞབས་སོར་བདེ་བར་འཁོད།[30] དེ་ལྟར་གཉོས་ཁ་རག་པ་འབྱུང་པོ་ལས་གཞན་པའི་གཉོས་ཁ་རག་པ་གང་དེའི་མཚན་དངོས་མི་གསལ་ན་ཡང་། རྩ་བའི་ཆ་ནས་གཉོས་ལོ་ཙཱ་བ་གཉིས་ཡོད་པའི་རྣམ་པ་གསལ་བར་མངོན་འདུག །

འོན་ཀྱང་མར་པའི་ལམ་གྲོགས་གཉོས་ཀྱི་གང་ཟག་གཉིས་པོའི་མཚན་གྱི་དབྱེ་བ། རྟེན་གྱི་ཁྱད་པར། ལས་གནས་ཀྱི་གོ་ཐོབ་སོགས་ལ་དོན་གྱི་ཡིན་ལུགས་བསྟན་པའི་མ་འདྲེས་པའི་རྣམ་པར་བཀྲ་བའི་བཤད་པ་ཞིག་མེད་པར་མ་ཟད། 《ལྷོ་རོང་ཆོས་འབྱུང་》ནང་དུ་གཉོས་ཡོན་ཏན་གྲགས་དང་གཉོས་འབྱུང་པོ་གཉིས་གང་ཟག་གཅིག་གི་མཚན་གྱི་རྣམ་གྲངས་སུ་བཤད་ཡོད་ལ།[31] གཉོས་ཀྱི་གདུང་རབས་ནང་དུ་རྗེ་མར་པའི་རྒྱ་ངག་སྙུང་འདེབས་ཀྱི་ལམ་གྲོགས་ནི། གཉོས་ཡོན་ཏན་གྲགས་ཡིན་པར་བཞེད་ཅིང་།[32]《རྗེ་བཙུན་མར་པ་ལོ་ཙཱའི་རྣམ་ཐར་ངོ་མཚར་ས་མ་ཡ་》ལས་ནི་གཉོས་འབྱུང་པོ་ཡིན་པར་བཤད་པ་སོགས།[33] ཧ་ཅང་དབྱེ་བསལ་དཀའ་བའི་ལོ་རྒྱུས་ཀྱི་དཀའ་གནད་གཅིག་ཏུ་གྱུར་ཡོད།

༢ གཉིས་སུ་མེད་ན་གཅིག་ཏུ་བསྡུམ་པའི་དཀའ་གནད།

གལ་ཏེ་གཉོས་ཡོན་ཏན་གྲགས་དང་གཉོས་འབྱུང་པོ་ཞེས་པའི་མིང་བརྡ་འདི་གཉིས། གང་ཟག་གཅིག་གི་མཚན་གྱི་རྣམ་གྲངས་སུ་བྱེད་དགོས་པ་ཡིན་ན། རབ་བྱུང་བདུན་པའི་མེ་སྟག་(༡༤༤༦)ལོར་བརྩམས་བསྒྲིགས་གནང་བའི་《ལྷོ་རོང་ཆོས་འབྱུང་》གི་ཡན་དུ། དེ་གཉིས་མཚན་གྱི་རྣམ་གྲངས་སུ་བཤད་པའི་དེབ་ཐེར་དང་ཆོས་འབྱུང་གཞན་པ་མཐོང་དུ་མེད་པ་ལྟ་བུར་ཡིན་ལ།

《རྔོག་མི་བསྐྱོད་རྡོ་རྗེའི་མར་པའི་རྣམ་ཐར་》དང་། 《གཉོས་ཀྱི་གདུང་རབས།》 《རྒྱལ་ཐང་བ་བདེ་ཆེན་རྡོ་རྗེའི་མར་པའི་རྣམ་ཐར་》སོགས་སུ་གཉོས་ལོ་རྒྱ་བཞུད་ཐེངས་པོ་དང་། དེ་ཡང་ལོ་ཙཱ་བསླབ་ཏུ་འགྲོ་འགྲོ་བའི་སྟབས་ཀ་འགྲིག་ནས། རྗེ་མར་པ་རྒྱ་གར་དུ་བྱོན་པར་བཤད་པ་དང་། 《དཔའ་བོ་གཙུག་ལག་ཕྲེང་བའི་རྗེ་མར་པའི་རྣམ་ཐར་》ནང་དུ། སྔར་ཡང་རྒྱ་གར་དུ་ཕྱིན་པའི་གཉོས་ལོ་དང་འཛོམས་ནས་རྗེ་མར་པ་རྒྱ་གར་གྱི་ལམ་དུ་ཆས་པར་བཤད་ལ། རྣམ་ཐར་གཞན་དུ་ཡང་གཉོས་སྔར་བྱོན་མྱོང་བའི་རྒྱུས་ཡོད་ཀྱི་གཏམ་བྲིས་ཡོད་སྟབས། སྔར་རྒྱ་གར་དུ་ཕེབས་པ་དང་གསར་དུ་ལོ་ཙཱ་བསླབ་ཏུ་རྒྱ་གར་ལ་འགྲོ་བའི་འགལ་འདུ་འདི་ནི་གང་ཟག་གཅིག་གི་སྟེང་དུ་འདུམ་ཐབས་མེད་ཅིང་།

《གཉོས་ཀྱི་གདུང་རབས་》ནང་དུ་ཡོན་ཏན་གྲགས་རྒྱ་བཞུད་ཐེངས་གཅིག་མཛད་པ་དང་། དེ་ཡང་དགུང་ལོ་ང་དྲུག་ཐོག་ནས་ཕེབས་ཤིང་། རྒྱ་གར་གྱི་པཎ་ཌི་ཏ་ནག་པོ་ཞབས་ཆུང་བ་ལ་ལོ་བདུན་དང་ཟླ་བ་བདུན་ལྷག་བརྟེན་ཏེ། བོད་དུ་བྱོན་ནས་བསྟན་འགྲོའི་དོན་མཛད་དེ། དགུང་ལོ་བརྒྱ་དང་བཞི་བཅུ་ལྷག་ཏུ་སྐུ་འཚོ་ཞིང་བཞུགས་པར་བཤད་ཡོད།[34]《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལས། གཉོས་འབྱུང་པོ། རྒྱ་གར་དུ་སྔ་ཕྱི་ལ་ལོ་ཉི་ཤུ་བཞུགས་ཞེས།[35] གཉོས་འབྱུང་པོ་རྒྱ་གར་ལ་ཐེངས་གཉིས་སུ་ཕེབས་པ་དང་། རྒྱ་ཕེབས་སྔ་ཕྱི་གཉིས་བསྡོམས་པས་མི་ལོ་ཉི་ཤུ་ཙམ་ལ་རྒྱ་གར་དུ་བཞུགས་པའི་བཤད་པ་སོགས། གང་ཟག་གཅིག་ལ་སྦྱར་མི་བཏུབ་པའི་བཞེད་པ་མང་དུ་བདོག་སྟབས། གཉོས་ཡོན་ཏན་གྲགས་དང་འབྱུང་པོ་གཉིས་གང་ཟག་གཅིག་ཏུ་བྱེད་པ་ལ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཞན་ཞིང་། འགལ་འདུ་ཡི་བཞེད་པ་སྡུམ་པའི་རིགས་པ་མེད་པའི་གནས་སུ་གྱུར་པ་ལྟ་བུའོ། །

ཡང་སྙིང་ལོ་རྒྱུས་ཀྱི་དོན་དངོས་གང་ཡིན་ཞེ་ན། ལས་སླ་མོའི་བསྡོམས་ཚིག་སྟབས་བདེ་ཞིག་འཇོག་རྒྱུ་མེད། ཡིན་ན་ཡང་གོང་དུ་བཤད་པའི་བབ་སོ་དང་། དཔྱད་གཞི་ཡིག་ཆ་དེ་དག་ལས་ཐོན་པའི་འབྲས་བུ་ནི། གཉོས་ཡོན་ཏན་གྲགས་དང་གཉོས་འབྱུང་པོ་གཉིས་ནི་གང་ཟག་མི་འདྲ་བ་གཉིས་སུ་མཐོང་ཞིང་།《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལས་ཀྱང་། དེའི་དུས་སུ་ཁ་རག་གི་གཉོས་འབྱུང་པོས་རྒྱ་གར་དུ་བྱོན་། མཁས་པ་རྣམས་ཀྱི་ཞལ་འགྲིམས། སྒྲ་སྒྱུར་ཤིན་ཏུ་མཁས། ཁྱད་པར་བླ་མ་གྲུབ་ཐོབ་བྷ་ལིང་ཨ་ཙརྱ་དང་མཇལ། གཤིན་རྗེ་གཤེད་དགྲ་ནག །རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་སྒྲུབ་ཐབས་གདམས་པ། དགྱེས་པ་རྡོ་རྗེ་དང་འཇམ་དཔལ་གྱི་མཚན་ཡང་དག་པ་བརྗོད་པ་དང་། གསང་བ་འདུས་པ། ཆོས་སྡེ་ཆེན་པོ་ཞུས། གསར་མའི་ཇོ་སྲས་ཐོབ་པའི་མི་བཞིའི་དང་པོ་ནི། གཉོས་ལོ་ཙཱ་བ་ཡིན་སྐད། དེའི་སྲས་གཉོས་རྡོ་རྗེ། གཉོས་དཔལ་འབྱུང་། གཉོས་དཔལ་སེང་། གཉོས་གྲགས་པ་དཔལ། གཉོས་གཟི་བརྗིད། གཉོས་རིན་ཆེན་རྒྱལ་པོའོ། །གཉོས་ཀྱི་རྒྱུད་བྱ་བར་གྲགས་སོ། །རྒྱ་གར་དུ་སྔ་ཕྱི་ལ་ལོ་ཉི་ཤུ་བཞུགས་སོ། །པཎ་ཌི་ཏ་གཉིས་སྤྱན་དྲངས། གསང་བ་འདུས་པ་ཡེ་ཤེས་ཞབས་ཀྱི་ལུགས། ལུང་དང་མཐུན་པའི་ཆོས་བཅུ་བཞི་དང་། གཉོས་ཡོན་ཏན་གྲགས་ཀྱིས་གཤིན་རྗེ་ནག་པོ་སྐོར་གསུམ་དང་། ཆོས་སྐྱོང་【གུར】མགོན་པོ་ལ་སོགས་པ་མང་པོ་བསྒྱུར་རོ། །[36]ཞེས་གཉོས་འབྱུང་པོའི་རྣམ་ཐར་མདོར་བསྡུས་དང་། རྒྱུད་པའི་གདུང་རྒྱུད། ཞུས་པ་དང་བསྒྱུར་བའི་བརྩམས་ཆོས་སོགས་བཤད་པར་མ་ཟད། གཉོས་ཡོན་ཏན་གྲགས་ཀྱི་འགྱུར་ཆོས་འགའ་ཞིག་ཀྱང་ངོ་སྤྲོད་གནང་ཡོད། མདོར་ན་གཉོས་ལོ་ཙཱ་བ་འབྱུང་པོ་དང་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་གཉིས་ནི། གཉོས་ཀྱི་གདུང་ལས་འཁྲུངས་ཤིང་གང་ཟག་ཐ་དད་པའི་ལོ་ཙཱ་བ་གཉིས་ལས་གཅིག་མ་ཡིན་པར་གསལ་ཡོད། དེས་ན་གཉོས་ཁ་རག་པ་མཐུ་རྒྱལ་གྱི་སྲས་རྣམས་ཀྱི་ཆེ་བ། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཡིན་པ་《གཉོས་ཀྱི་གདུང་རབས་》ལས་གསལ་ཞིང་།[37] རྗེ་མར་པ་རྒྱ་ཕེབས་དང་པོའི་སྐབས་སུ་ཁོང་དགུང་ལོ་ང་དྲུག་ལ་སོན་ཡོད་པ་དང་། སྔར་ཡང་འཕགས་ཡུལ་དུ་ཕེབས་མྱོང་བ་མ་ཟད། མཁས་པའི་ཚད་ནས་བཤད་ན་པཎ་ཆེན་གྱི་མཚན་ཡང་ཡོད་པར་གྲགས་ཤིང་།[38] ཆོས་འབྱུང་དུ་མའི་ནང་ནས་ཁོང་ལ་བན་ཆེན་གྱི་མཚན་སྦྱར་ཞིང་། བན་ཆེན་ཞིག་ཡིན་པར་བཤད་སྟབས།[39] རྟེན་ནི་རབ་བྱུང་ཡིན་པའི་ཕྱོགས་སུ་འབྲེལ་ཆེ། ཐུགས་རྒྱུད་བཟང་ཞིང་མི་ཆེན་གྱི་སྒམ་རླིང་ཡོད་པར་བཤད་པ་སོགས་ལ་གཞིགས་པ་ཡིན་ན། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་རྒྱ་ཕེབས་གཉིས་པ་དང་། གཉོས་ལོ་ཙཱ་བ་འབྱུང་པོ་རྒྱ་ཕེབས་དང་པོ་གཉིས་གཅིག་ཏུ་བསྲེས་ཏེ། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་དགུང་ལོ་ང་དྲུག་ཐོག་ནས་ལོ་ཙཱ་བསླབ་ཏུ་རྒྱ་གར་ལ་གསར་དུ་བྱོན་པར་བཤད་པ་དང་། གཉོས་ཡོན་ཏན་གྲགས་ཀྱི་རྒྱ་བཞུད་ཐ་མའི་ནང་དུ་གཉོས་ལོ་ཙཱ་བ་འབྱུང་པོ་ཡར་བཞག་ནས། གཉོས་འབྱུང་པོ་རྒྱ་བཞུད་ཐེངས་གཅིག་ལས་བྱེད་མ་མྱོང་བ་ལྟ་བུར་བཤད་པའི་འགལ་བ་འདི་དག་བྱུང་བར་མངོན་ནོ། །

༣ གཉིས་སུ་བྱུང་བའི་གཉིས་པ་དབྱུང་པོའི་དཀའ་གནད།

གཉོས་ལོ་ཙཱ་བ་འབྱུང་པོ་ནི། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཀྱི་གཅུང་པོ། ཁ་རག་གཉོས་ཀྱི་གདུང་རྒྱུད་འཛིན་པའི་རྟེན་སྔགས་འཆང་ཡིན་ཞིང་། རྒྱ་གར་དུ་སྔ་ཕྱི་ལན་གཉིས་སུ་བྱོན་པ་དང་།  ཐུགས་ཅུང་ཟད་གཏུམ་ཞིང་མི་རྒོད་པོའི་ཉམས་ཅན་ཞིག་ཡིན་པར་མངོན།

འདི་ལ་དོགས་པ་གཞན་ཞིག་འབྱུང་ཡོང་བ་ནི། ཚལ་པ་ཀུན་དགའ་རྡོ་རྗེ་(༡༣༠༩-༡༣༦༤)ཡི་《དེབ་དམར་》ལས། ཁ་རག་གི་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་པའི་རྣམ་ཐར་གྱི་གཞུག་ཏུ། ལོ་ཙཱ་བའི་གཅུང་པོ་གཉོས་འབྱུང་གནས་ཤེས་རབ་ཀྱིས་འབྲི་ཚོའི་མཁན་པོ་ཡང་མཛད་འདུག །[40]ཅེས་བཤད་པ་འདི་ལ་གཞི་བཅོལ་ཏེ། གཉོས་ཡོན་ཏན་གྲགས་ཀྱི་གཅུང་པོ་གཉོས་འབྱུང་པོ་ཞེས་པ་ནི་གཉོས་འབྱུང་གནས་ཤེས་རབ་ཞེས་པ་འདི་མིན་འགྲོ་སྙམ་པའི་ཐེ་ཚོམ་འབྱུང་སྲིད་པར་མ་ཟད། དུང་དཀར་་བློ་བཟང་འཕྲིན་ལས་ལགས་ཀྱིས་ཀྱང་། གཉོས་འབྱུང་གནས་ཤེས་རབ་འདི་གཉོས་ལོ་ཙཱ་བ་ཡིན་ནམ་བརྟག་[41]ཅེས་དོགས་འདྲི་གནང་སྟབས།  ཤ་ཡིན་ན་ཟ་ཐག་འབུ་ཡིན་ན་བསལ་ཐག་ཆོད་པའི་དཔྱད་ཞིབ་གནང་དགོས་པའི་སྐལ་བ་ཕྱི་རབས་པའི་ཕྲག་ཐོག་ཏུ་བཞག་ཡོད། ཡིན་ཡང་དོགས་འདྲི་འདི་ལ་ལན་ཕུལ་བའི་མི་ཞིག་དེ་སྔོན་མཐོང་མ་བྱུང་།  《གཉོས་ཀྱི་གདུང་རབས་》ནང་དུ་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ལ་སྐུ་མཆེད་ལྔ་ཡོད་པའི་ནང་གི་དང་པོ། གཉོས་འབྱུང་གནས་ཤེས་རབ་ཀྱི་ལོ་རྒྱུས་མདོར་བསྡུས་པའི་ལེ་ཚན་ཞིག་ཡོད་པ་ནི་འདི་ལྟེ།

གཉོས་འབྱུང་གནས་ཤེས་རབ་ནི། འབྲིང་རྫི་དཀར་བའི་མཁན་བུ་རྒྱལ་བ་ཞེས་བྱ་བའི་སྤྱན་སྔར་རབ་ཏུ་བྱུང་ནས། འབྲེང་མཚོའི་མཁན་པོ་མཛད། བྲང་ར་མོ་ཆེའི་གནས་བྱང་མ་བཏབ།  གཞན་ཡང་སྐུལ་གྱི་ཁི་ལྡིར། འབྲོག་ཟད། གཞུང་ཉ་མོ་སྐྱུར། གཟད་སོགས་པ་རི་ལ་སོགས་པ་གནས་གཞི་བཅུ་གསུམ་གྱི་རྨང་བཏིང་། གསས་ཁང་། ཐང་སྐྱ། གནས་སར། རྗེམ་གྱི་གནས་སར་རྣམས་སོགས་པ་རིའི་བུ་བཞིའོ། །མདོར་ན། འབྲིང་མཚོ་པདྨ་སར་གྲགས་པ་ཐམས་ཅད་ཀྱི་བདག་པོ། གཉོས་འབྱུང་གནས་ཤེས་རབ་ཀྱིས་མཛད་པར་སྣང་ངོ་། །[42]

ཞེས་པའི་རྣམ་ཐར་འདི་དཔྱད་གཞིར་བཟུང་བ་ཡིན་ན། གཉོས་འབྱུང་གནས་ཤེས་རབ་ནི། རྟེན་རབ་ཏུ་བྱུང་བ་ཡིན་ཞིང་། གདན་ཐོབ་མཁན་པོ། མཛད་པ་ཕྱག་ལས་ནི་འབྲི་ཚོའི་མཁན་པོ་མཛད་ཅིང་གནས་གཞི་བཅུ་གསུམ་གྱི་རྨང་བཏིང་བ།  སྐུ་བསོད་ཀྱི་མངའ་ཐང་ནི་འབྲིང་མཚོའི་པདྨ་སར་གྲགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པར་བཤད་པ་ལས། ལོ་ཙཱའི་མཁྱེན་པ་ཡོད་པའི་གཏམ་ཙམ་ཡང་མ་བྱུང་ཞིང་། རྒྱ་གར་དུ་ཕེབས་པ་ལོ་རྒྱུས་ནི་ཚིག་ཟུར་ཞིག་ཀྱང་འཁོད་མེད། གཉོས་ལོ་ཙཱ་བ་འབྱུང་པོ་ནི། ཉང་རལ་ཉི་མ་འོད་ཟེར་(༡༡༢༤-༡༡༩༢)གྱི་《ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་》དང་།[43]  འགོལ་ལོ་གཞོན་ནུ་དཔལ་(༡༣༩༢-༡༤༨༡)གྱི་(དེབ་ཐེར་སྔོན་པོ་)[44]སོགས་སུ། གཉོས་འབྱུང་པོ་རྒྱ་གར་དུ་ཕེབས་ཏེ་བ་ལི་ཨཱ་ཙརྱའམ་ནག་པོ་ཞབས་ཆུང་བ་ལ་བརྟེན་ནས། གཉོས་རྒྱུད་སྐོར་གསུམ་དུ་གྲགས་པ་སོགས་བོད་དུ་གདན་དྲངས། ཡུམ་ཡང་འགའ་ཞིག་བཞེས་པ་ལ་ཇོ་སྲས་རྡོ་རྗེ་བླ་མ་སོགས་སྐུ་མཆེད་བཞི་བྱུང་། ཁ་རག་གཉོས་ཀྱི་གདུང་རྒྱུད་འཛིན་པའི་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཞིག་ཡིན་པར་བཤད་ཡོད།

དེས་ན་གཉོས་འབྱུང་པོ་དང་གཉོས་འབྱུང་གནས་ཤེས་རབ་གཉིས་ཀྱི་ཧེ་བག་ནི། རྟེན་གྱི་ཆ་ནས་རབ་བྱུང་དང་སྔགས་འཆང་གི་ཁྱད་པར། གདན་ཐོབ་ཀྱི་ཆ་ནས་མཁན་པོ་དང་ལོ་ཙཱ་བའི་ཁྱད་པར།   མཛད་པ་སྐྱོང་སྟངས་ཀྱི་ཆ་ནས་རྒྱུད་སྐོར་གསུམ་གདན་དྲངས་ཞིང་ཁ་རག་གཉོས་ཀྱི་གདུང་རྒྱུད་འཛིན་པ་དང་། འབྲི་ཚོའི་མཁན་པོ་མཛད་ཅིང་གནས་གཞི་བཅུ་གསུམ་རྨང་བཏིང་སྟེ་འབྲིང་མཚོའི་མགོ་འཛིན་མཛད་པ་སོགས། རྣམ་ཐར་གྱི་གཙོ་སྙིང་རྦད་དེ་མི་འདྲ་བར་ཆགས་གཤིས། ལོ་ཙཱ་བའི་གཅུང་པོ་གཉོས་འབྱུང་གནས་ཤེས་རབ་ཞུ་བ་འདི་ནི་གཉོས་ལོ་ཙཱ་བ་འབྱུང་པོ་མ་ཡིན་པའི་འཁྲུན་ཐག་ཆོད་པ་ཡིན་ནོ། །

ད་དུང་གསེད་བཀྲོལ་དགོས་པའི་དཀའ་བའི་གནད་གཞན་ཞིག་ནི། ཁ་རག་གཉོས་མཐུ་རྒྱལ་གྱི་སྲས་སྐུ་མཆེད་དྲུག་སྟེ། ལོ་ཙཱ་བ་ཡོན་ཏན་གྲགས། འབྱུང་གནས་ཤེས་རབ། སྨན་པ་ཤེས་རབ། ཤེས་རབ་རྒྱལ་མཚན། འབྱུང་རྡོར། ཤར་བ་རྒྱལ་མཚན་སྡེ་བཅས་དྲུག་ཡོད་པའི་ནང་དུ་འབྱུང་པོ་ཟེར་བའི་མཚན་ཞིག་མེད་སྟབས། གཉོས་འབྱུང་པོའི་མཚན་ནི་གཉོས་ལོ་ཙཱ་བའི་མཚན་བྱང་ནང་དུ་བཞུགས་ཤིང་། དེ་ཡང་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་དང་ཕན་ཚུན་གཅིག་ཏུ་འཁྲུག་ནས། སྐུ་མཆེད་དྲུག་ལས་བདུན་པ་འབྱུང་པོ་ཟེར་བ་ཞིག་མ་བྱུང་བའམ། ཡང་ན་འབྱུང་རྡོར་ཞུ་བ་འདི་གཉོས་འབྱུང་པོ་ཡིན་ནམ་ཞེས་རང་བཞིན་གྱིས་དྲི་བ་ཐོན་ཡོང་ན་ཡང་། དེ་ནི་དཔྱད་གཞིའི་ཡིག་ཆ་ཉུང་ཞིང་དུས་ཀྱིས་བསྐལ་བའི་དབང་གིས། ལོ་ན་དགུ་བརྒྱ་ཡན་དུ་སོན་པའི་ཡུལ་ཁ་རག་པའི་གཉོས་ཡབ་སྲས་ལ་ཆ་རྒྱུས་ཡོད་པའི་རྒན་རབས་འདྲ་སྲིད་ན། དྲིས་ལན་ཁ་གསལ་གཏིང་གསལ་ཞིག་ཐོན་པའི་རེ་བ་ཆེ་ཡང་། དེ་ནི་བརྟག་པ་མཐར་བཟུང་གི་དཔེ་ལས་མ་འདས་པས་རེ་བ་མེད།

ང་ཚོས་ཚོད་དཔག་བྱས་ན་དོན་འདི་འདྲ་ཞིག་ཡིན་སྲིད་པ་སྟེ། དཔྱད་གཞིའི་ཡིག་ཆ་དག་དང་བསྡུར་ནས་བལྟས་པ་ཡིན་ན། གཉོས་ཡོན་ཏན་གྲགས་དང་འབྱུང་པོ་གཉིས། དགུང་ལོ་བགྲེས་གཞོན་གྱི་ཐད་ནས་ལོ་གྲངས་ཉི་ཤུ་ཙམ་གྱི་ཧེ་བག་ཡོད་པར་མངོན་པས། སྐུ་མཆེད་རྣམས་ཀྱི་ཆུང་གྲས་སུ་གཏོགས་དགོས་པ་དང་། འབྱུང་པོ་དང་འབྱུང་རྡོར་གྱི་མིང་ཚིག་གཉིས་འདྲ་མཚུངས་ཀྱི་ཆ་ཆེ་ཞིང་། སྔར་འབྱུར་རྡོར་འབོད་པ་གང་ཞིག་ལ། ཕྱིས་སུ་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཆེན་པོར་གྱུར་ཏེ། བཟང་ངན་གང་ཡང་བཀའ་བསྒོ་བ་ཙམ་གྱིས་འབྱུང་བའི་སྟོབས་དང་ལྡན་པའི་དོན་ལ་ལྟོས་ནས། ཨ་ཕོ་ཐོས་པ་དགའ་ལ་ཨ་ཕོ་མཐུ་ཆེན་ཞེས་འབོད་པ་ནང་བཞིན། འབྱུང་རྡོར་ཟེར་བའི་མིང་འདི་ཡང་འབྱུང་པོ་ཞེས་པའི་མཚན་དུ་འགྱུར་མི་སྲིད་པ་ནི་མ་ཡིན་ཞིང་། 《ཁ་རག་གཉོས་ཀྱི་གདུང་རབས་》ལས། མགོན་པོ་ལྷ་མོ་གཞལ་གཟིགས། སྲོག་སྙིང་ཕུལ་བ་དང་། བསྟན་པ་ལ་སྡང་བ་རྣམས་ལ་བཀའ་བསྒོ་བ་ཙམ་གྱིས་བཀའ་ཆད་འབྱུང་བའི་སྟོབས་ཀྱིས་འགྲོ་བ་ཐུལ་བ།[45] ཞེས་པའི་ལུང་འདི་ཡང་གོང་དུ་བཤད་པ་དེ་ཉིད་ཀྱི་དཔྱད་གཞིར་འོས་སོ། །

གསུམ་པ། མར་རྔོག་གཉིས་དང་འགྲོགས་ནས་ལོ་ཚིགས་བྱུང་བར་བསྟུན་པ།
༡ མར་པའི་ལོ་ཚིགས་གླེང་དགོས་པའི་རྒྱུ་མཚན་མདོར་བསྡུས་བསྟན་པ།

དེ་ཡང་མཁས་དབང་དགེ་ཆོས་ ༡༩༠༡/༡༩༥༡ ཀྱིས། ཡིད་བརྟན་འཕེར་བའི་རྒྱལ་རབས་སྨྲ་བ་ལ། སྔ་ཕྱིའི་དུས་ཚིགས་ཤེས་པ་མེད་དུ་མི་རུང་བ་ཡིན་པས། འདིར་ལོ་ཚིགས་ཀྱི་རིམ་པ་གང་ལ་སྦྱོར་བའི་གཞི་བཤད་པར་བྱ་སྟེ།[46] ཞེས་དམ་པ་གང་ཞིག་གི་རྣམ་ཐར་གླེང་སྐབས། ལོ་ཚིགས་ནི་གཏམ་རྒྱུད་ལོ་རྒྱུས་སུ་གྲུབ་པའི་དན་རྟགས་འཁྲུལ་མེད་ཡིན་གཤིས། སྐབས་འདིར་མ་གླེང་ཐབས་མེད་ལྟ་བུ་ཡིན་ཞིང་། ལྷག་པར་དུ་རྗེ་མར་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བཞེད་པ་མི་མཐུན་པ་མང་དུ་ཡོད་པར་མ་ཟད། ཕྱིས་ཀྱི་རྗེ་མར་པའི་རྣམ་ཐར་ཁག་གི་ལོ་ཚིགས་གཞིར་བཟུང་བྱས་ཏེ། གཉོས་ལོ་ཙཱ་བ་གཅུང་འབྱུང་པོ་དང་། གཉོས་ལོ་ཙཱ་བ་གཅེན་ཡོན་ཏན་གྲགས་གཉིས། རྗེ་མར་པ་བོད་ཕེབས་ཀྱི་ལམ་གྲོགས་མཛད་པའི་ལོ་རྒྱུས་དང་སྦྱར་དགོས་པ་ཡིན་ན། གཉོས་ལོ་ཙཱ་བ་ལོ་བཅུ་བཞི་ཡན་མན་ཙམ་དུ་རྒྱ་གར་དུ་བཞུགས་དགོས་པར་ཐལ་བ་སོགས་མཆིས་ཤིང་། དེ་ནི་《གཉོས་ཀྱི་གདུང་རབས་》སོགས་དང་འགལ་ལ། གཉོས་ལོ་ཡོན་ཏན་གྲགས་དགུང་ལོ་བདུན་ཅུ་ཙམ་གྱི་ཐོག །གཞི་ནས་སློབ་གཉེར་དང་གདམས་ངག་རྫོགས་ཏེ་བོད་ཕེབས་མཛད་ཅིང་གདུལ་བྱའི་དོན་བརྩམ་པའི་ལུགས་སུ་གྱུར་སྟབས། རིགས་པ་དང་ཡང་མི་མཐུན་པ་ཡིན།

དེ་ལྟར་རྗེ་མར་པའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་རྒྱ་ཕེབས་ཀྱི་དུས་ཚིགས་གང་ཡིན་གྱི་གླེང་མོལ་མ་བྱས་པའི་ཐབས་མེད་ཅིང་། “ལོ་རྒྱུས་ཀྱི་ཚིག་གསུམ་མ་བཤད་ན། །ཕ་ཨ་ཁུ་ཡིན་ཡང་ཡིད་མི་ཆེས”ཞེས་པའི་དཔེ་ལྟར། ཅུང་ཟད་སྤྲོས་བཤད་མ་བྱས་པ་ཡིན་ན། ཕྱིས་བྱུང་རྣམ་ཐར་གཞན་དང་མི་མཐུན་ཞིང་། མར་རྔོག་ཡབ་སྲས་ཀྱི་རང་བཞེད་ལས་ལོགས་སུ་བྱས་ན། སྔར་མ་བཤད་པའི་འཁྲུངས་འདས་ལོ་ཚིགས་གཞན་ཞིག་ཡིན་གཤིས། གཏན་ཚིགས་དང་ཁུངས་ལུང་འགའ་ཞིག་གིས་གླེང་བར་བྱ་དགོས་པ་ཡིན་ནོ། །

༢ མར་པའི་རང་རྣམ་དང་འགལ་བའི་ལོ་ཚིགས་ཀྱི་དཔེ་བསྟན་པ།

དེ་ལ་རྗེ་མར་པ་དང་གཉོས་ལོ་ཙཱ་བ་གཉིས་འཛོམས་པའི་ལོ་ཚིགས་གཏན་ལ་འབེབས་པར་བྱེད་པ་ལ། རྗེ་མར་པ་ལོ་ཙཱའི་འཁྲུངས་འདས་ཀྱི་ལོ་དང་། རྒྱ་བཞུད་དང་བོད་ཕེབས་ཀྱི་ལོ་ཚིགས་མཁྱེན་དགོས་པ་ཡིན། དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས། སྤྱིར་ལོ་རྒྱུས་ཐམས་ཅད་དང་འགལ་མེད་དུ་འགྲིག་ཐུབ་པ་ཞིག་གང་ལའང་མི་སྣང་།[47] ཞེས་བཤད་པ་ལྟར་རྗེ་མར་པའི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལ་བཞེད་པ་མི་འདྲ་བ་མང་དུ་ཡོད་ཀྱང་། གང་གི་ལུགས་སུ་བྱས་ཀྱང་ཕན་ཚུན་འགལ་མེད་དུ་གུང་བསྒྲིག་ཐུབ་པ་ཞིག་ལར་ནས་མེད། འོན་ཀྱང་ལོ་རྒྱུས་སྨྲ་བ་རྣམས་ཀྱི་དམ་ཚིག་ལྟར། སྐྱེས་བུ་གང་ཞིག་གི་ལོ་རྒྱུས་ལ་བསྐྱར་ཞིབ་གནང་དུས། དམ་པ་གང་དེའི་རང་རྣམ་རྩ་བར་བཟུང་ཞིང་། སྐུ་ཐོག་གཅིག་པའི་དངོས་སློབ་སོགས་ཀྱིས་བྲིས་པའི་ལོ་རྒྱུས་དག་གཙོ་བོར་བྱ་དགོས་པ་ཡིན་ཞིང་། དེ་ལས་ལྡོག་སྟེ་ཁ་གསལ་གྱི་མཛེས་པ། རང་ཕྱོགས་ཀྱི་ཞེན་པ། རང་ལུགས་ཀྱི་དགོས་པ་སོགས་ཀྱི་རྗེས་སུ་འབྲང་སྟེ་ལོ་རྒྱུས་སྨྲ་བ་ལ་ནི། ཡིད་རྟོན་རུང་བའི་གཏན་ཚིགས་ཀྱི་གཟུངས་གཞུག་མེད།

དེ་ལྟར་ན་རྗེ་མར་པའི་ལོ་ཚིགས་དང་ལོ་རྒྱུས་ཀྱི་ཁུངས་བཅོལ་ས་ཡང་ཁོང་གི་རང་རྣམ་རྩ་བར་གཟུང་དགོས་པ་ནི་སྨོས་སུ་མེད། དེ་ཡང་ཁོང་ལ་རང་རྣམ་ཡོད་དམ་ཞེ་ན། 《རྗེ་མར་པའི་མགུར་ཆེན་ཉེར་ལྔ་》དང་། 《རྟོགས་ཚད་གླུ་ཡི་བསམ་གཏན་དགུ།》 ཡང་ན་《རྗེ་མར་པའི་མགུར་ཆེན་བརྒྱད་》སོགས་ནི་ཁོང་གི་རང་རྣམ་གྱི་ཁོངས་སུ་གཏོགས་པ་ཡིན་ཡིན་གཤིས། རྗེ་མར་པའི་རྣམ་པར་ཐར་པའི་གཞུང་གི་རྩ་བ་ནི་དེ་རྣམས་ཀྱིས་གཟུང་དགོས་པ་ཡིན་ལ། དེའི་ཐོག་ཏུ་དམ་པ་ཁོང་གི་དངོས་སློབ། རྔོག་གཞུང་པ་ཆོས་སྐུ་རྡོ་རྗེས་མཛད་པའི་《བླ་མ་མར་པ་ཆོས་ཀྱི་ལོ་རྒྱུས་ཐུན་མོང་མ་ཡིན་པ་》གཙོ་བོར་བྱས་ཏེ། རྗེ་མར་པའི་ལོ་ཚིགས་སོགས་ལ་བསྐྱར་ཞིབ་གནང་བ་ཡིན་ན། དཔྱད་པ་ཁུངས་བཙུན་ཞིང་ལོ་རྒྱུས་ལ་ཡིད་རྟོན་རུང་བའི་གནས་སུ་འགྱུར་བའི་རྒྱབ་རྟེན་བཙུན་པ་ཡིན།

གལ་ཏེ་དེ་ལས་ལྡོག་སྟེ་ཕྱིས་བྱུང་གི་རྣམ་ཐར་འགའ་ཞིག་གི་རྗེས་སུ་འབྲང་སྟེ། རང་གི་ཞེ་འདོད་དང་མཐུན་པའི་རང་ལུགས་ཀྱི་ལོ་ཚིགས་ཤིག་གཏན་འབེབས་གནང་བ་ལ་ནི། གཟུར་གནས་དཔྱོད་ལྡན་རྣམས་ཀྱི་མདུན་དུ་དཔྱད་གཞིའི་གདན་ཐོབ་ཟིན་པ་ཡང་དཀའ་བའི་གནས་སུ་གྱུར་པ་ཡིན། དཔེར་ན་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ལགས་ཀྱིས། རྗེ་མར་རྔོག་རྣམ་གཉིས་ཀྱི་《རང་རྣམ་མགུར་མ་》དང་《རྣམ་ཐར་》དག་ལོགས་སུ་བཞག་སྟེ། ཕྱིས་བྱུང་གི་འདོད་ཚུལ་བྱེ་བྲག་པ་ཞིག་གི་རྗེས་སུ་འབྲང་སྟེ། ཞེ་འདོད་ཀྱི་ལོ་ཚིགས་རང་ལུགས་སུ་བཟུང་ནས་དེ་ཉིད་དག་ལྡན་དུ་བཞེད་ཡོད། དེ་ཡང་། རྗེ་མར་པ་ལོ་ཙཱ་རབ་བྱུང་གོང་གི་དང་པོའི་ལྕགས་བྱི་(༡༠༠༠)ལོར་སྐུ་འཁྲུངས་ཞིང་། དགུང་ལོ་བཅུ་གཉིས་བཞེས་པའི་རབ་བྱུང་གོང་གི་དང་པོའི་ལྕགས་ཕག་(༡༠༡༡)ལོར་འབྲི་ཀློག་བསླབ། དགུང་ལོ་བཅོ་ལྔ་པ་རབ་བྱུང་གོང་གི་དང་པོའི་ཤིང་སྟག་(༡༠༡༤)ལོར་འབྲོག་མི་ཤཱཀྱ་ཡེ་ཤེས་དྲུང་དུ་ལོ་ཙཱ་བསླབ་ནས་ལོ་གསུམ་བཞུགས། དེ་ནས་དགུང་ལོ་བཅོ་བརྒྱད་ལོན་པའི་རབ་བྱུང་གོང་གི་དང་པོའི་མེ་སྦྲུལ་(༡༠༡༧)ལོར་རྒྱ་གར་གྱི་ལམ་དུ་ཆས་ཏེ་བལ་པོར་ལོ་གསུམ་བཞུགས། དེ་ནས་དགུང་ལོ་ཉེར་གཅིག་བཞེས་པའི་ལོ་སྨད་ཙམ་གྱི་རབ་བྱུང་གོང་གི་དང་པོའི་ལྕགས་སྤྲེལ་(༡༠༢༠)ལོར་བལ་ཡུལ་ནས་རྒྱ་གར་དུ་བྱོན་ནས་རྒྱ་ཕེབས་དང་པོ་མཛད། རྒྱ་གར་དུ་ལོ་བདུན་བཞུགས། དགུང་ལོ་ཉེར་དགུའི་ལོ་མགོ་རབ་བྱུང་དང་པོའི་ས་འབྲུག་(༡༠༢༨)ལོར་བོད་དུ་ཕེབས། བོད་ཡུལ་དུ་ལོ་གསུམ་བཞུགས། སླར་ཡང་དགུང་ལོ་ཉེར་གཉིས་བཞེས་པའི་རབ་བྱུང་དང་པོའི་ལྕགས་ལུག་(༡༠༣༡)ལོར་རྒྱ་ཕེབས་གཉིས་པ་མཛད། རྒྱ་གར་དུ་ལོ་ལྔ་བཞུགས། དགུང་ལོ་སོ་བདུན་བཞེས་པའི་རབ་བྱུང་དང་པོའི་མེ་བྱི་(༡༠༣༦)ལོ་ཙམ་དུ་བོད་ལ་ཕེབས།

དེ་ནས་རང་ལོ་བཞི་བཅུ་རྩ་གཉིིས་པ་རབ་བྱུང་དང་པོའི་ལྕགས་སྦྲུལ་(༡༠༤༡)ལོའི་དགུན་སྨད་དེར་རྒྱ་ཕེབས་གསུམས་པའང་ཐ་མ་མཛད། མང་ཡུལ་གྱི་ལམ་བར་ཞིག་ནས་ཇོ་བོ་རྗེ་དང་མཇལ། རྒྱ་གར་དུ་ལོ་བརྒྱད་ཙམ་བཞུགས་ཏེ་བལ་པོར་ཕེབས། བལ་ཡུལ་དུ་ལོ་བཞི་ཙམ་བཞུགས་ནས་བོད་དུ་བྱོན་ཚེ་དགུང་ལོ་ལྔ་བཅུ་རྩ་གྲངས་བཞེས་པར་བཤད་ལ། མཐར་དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་རབ་བྱུང་དང་པོའི་ལྕགས་མོ་བྱ་(༡༠༨༡)ཡི་ལོའི་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ཉིན་སྐུ་གཤེགས་པའི་ལོ་ཚིགས་སོགས་མར་མཐར་ཆགས་སུ་བཀོད་ཡོད།[48]

འོན་ཀྱང་མར་རྔོག་གཉིས་ཀྱི་བཞེད་པ་ལས་ཕྱི་རུ་གྱུར་སྟབས་ཡིད་རྟོན་རུང་བའི་ཁུངས་ལྡན་གྱི་གནས་སུ་མེད།

དེ་ལ་ང་ཚོས་དཔྱད་མི་བཟོད་པའི་གསུང་བཤད་ཀྱི་ཚན་པ་གཅིག་གི་ཐོག་ནས་རྒྱུས་ལོན་ཞིག་བྱེད། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས། དེ་ཡང་མགུར་ལས། ང་མར་སྟོན་ཆོས་ཀྱི་བློ་གྲོས་ནི། །ཚེ་སུམ་གཉིས་རྒྱ་དཀར་ཡུལ་དུ་བསྐྱལ། །ལོ་བཞི་བཅུ་བར་དུ་ཐོས་བསམ་བྱས། །དུས་ན་ནིང་གདུག་པ་སྦྲུལ་གྱོ་ལོ། །ཆོ་འཕྲུལ་རྟ་བའི་ཟླ་བ་ལ། །མི་ཁོ་བོ་ལམ་དུ་ཞུགས་ཏེ་མཆིས། ། ཞེས་གསུང་ལྟར་ཏེ། མགུར་དོན་འདི་རྒྱ་དཀར་ནས་ཚུར་ལ་བྱོན་པ་དང་། བོད་ནས་ཕར་འདོད་པ་མི་འདྲ་བ་འབྱུང་བ་བྱུང་མོད་ལ། རྒྱ་གར་ནས་བལ་པོར་སྦྲུལ་ལོར་ཕེབས་པ་ལ་ཡང་རུང་མོད། བོད་ནས་རྒྱ་གར་དུཕེབས་པ་ནི་སྦྲུལ་ལོའི་གཞུག་རྟ་ལོོ་ཡི་འགོ་ཡིན་པར་འཁྲུལ་མེད་དུ་སྣང་ངོ་། །ཞེས་མི་གསལ་བའི་གསལ་བཤད་ཀྱི་སྒྱུ་རྩལ་ངོམ་པར་མཛད་ཡོད།

ཁོང་གི་གསུང་བཤད་ཐུང་ཐུང་འདི་མར་མཇལ་བའི་གོ་རིམ་ཁྲོད་ནས། བློ་བུར་དུ་ཐོན་ཡོང་བའི་ཚ་འདྲི་ཞིག་འབྱུང་ངེས་པ་ནི། རྒྱ་ཕེབས་གསུམ་པའམ་ཐ་མའི་གནས་སྐབས་འདི་རུ། རྗེ་མར་པའི་གསུང་མགུར་འདི་ཅིའི་ཕྱིར་གླེང་དགོས་པ་ཡིན་ཞེས་པའི་དྲི་བ་འདི་རེད།

དེ་ནི་ང་ཚོས་ཤེས་གསལ་ལྟར། 《མཚན་ལྟས་ཟློས་པའི་མགུར་ཆེན་》འདི་ནི། 《རྗེ་མར་པའི་མགུར་ཆེན་ཉེར་ལྔ།》 《རྟོགས་ཚད་གླུ་ཡི་བསམ་གཏན་དགུ།》 《མགུར་ཆེན་བརྒྱད་》སོགས་གང་གི་སྐབས་སུ་ཡང་གདན་ཐོབ་ཡོད་ཅིང་།《ལྷོ་རོང་ཆོས་འབྱུང་》སོགས་རྣམ་ཐར་མང་པོ་ཞིག་གིས། མགུར་མ་འདི་ནི་རྗེ་མར་པའི་ལོ་ཚིགས་ཀྱི་གཞི་བཅོལ་ས་གལ་ཆེན་དུ་བརྩི་བའི་སྟབས་ཀྱིས། ཁོང་གིས་ཀྱང་དག་ལྡན་གྱི་མཚན་སྙན་སྲུང་སྐྱོབ་བྱ་བའི་ཆེད་དུ་མགུར་མ་འདི་ཉིད་སྟོང་སྙོམས་སུ་འཇོག་མ་ཐུབ་ནས་གླེང་བ་གདོན་མི་ཟ་བ་ཡིན།

ཡིན་ན་ཡང་ངུ་ལུགས་ཇི་ལྟར་ཡག་ཀྱང་དགོད་པའི་ཉམས་མི་ཐོན་པ་ནང་བཞིན། ལོ་ཚིགས་ལ་རང་ལུགས་བཟུང་སྟེ་《རྗེ་མར་པའི་རང་རྣམ་མགུར་མ་》རང་ལུགས་ལ་བསྟུན་དགོས་པར་གྱུར་གཤིས། མགུར་མའི་བརྗོད་དོན་གསེད་བཀྲོལ་གྱིས་གསལ་བར་བྱས་ན་རང་ལུགས་ཀྱི་རྣམ་གཞག་འཇིག་རྐྱེན། མགུར་དོན་རང་ལུགས་ལ་བསྟུན་ནས་རང་སྲུང་གི་གསལ་བཤད་ཡ་མ་བརླ་དེ་མཛད་པ་ཡིན།

དེ་ཡང་མགུར་དོན་རང་ལུགས་ལ་བསྟུན་ཚུལ་གྱི་གསང་བ་ནི། གོང་དུ་དྲངས་མ་ཐག་པའི་མགུར་ཚིག་གི་འཕྲོ་སྦས་ཏེ། མགུར་འདི་བོད་ནས་རྒྱ་བཞུད་དང་། རྒྱ་ནས་བོས་ཕེབས་ཀྱི་ལམ་བར། བལ་ཡུལ་ནས་བཞེངས་པའི་འདོད་པ་མི་འདྲ་བ་གཉིས་ཡོད་པ་རྒྱུ་མཚན་དུ་བཟུང་ནས། རང་ལུགས་ལ་བོད་ནས་རྒྱ་གར་ལ་ཕེབས་པའི་ལམ་བར། དགུང་ལོ་བཞི་བཅུ་ཞེ་གསུམ་རབ་བྱུང་དང་པོའི་ཆུ་རྟའི་(༡༠༤༢)ལོ་མགོར་བལ་ཡུལ་ནས་བཞེངས་པའི་ལུགས་སུ་བྱས་ཀྱང་སྐྱོན་མེད་པའི་མི་གསལ་བའི་གསལ་བཤད་མཛད་ཡོད། འོན་ཀྱང་མགུར་དེ་ཁས་བླངས་ཕྱིན། དེ་ལྟའི་ལུགས་སུ་བཤད་པ་རྩ་བ་ནས་མི་རུང་སྟེ། མགུར་དེའི་འཕྲོ་ཡི་ཚིག་རྐང་། ཆུ་འཇིགས་སུ་རུང་བའི་གང་གཱ་བརྒལ། །ཞེས་ན་ནིང་སྦྲུལ་ལོར་ལམ་དུ་ཞུགས་ཏེ་ཆུ་བོ་གང་གཱ་བརྒལ་ནས་བལ་ཡུལ་དུ་ཡོང་བའི་རིམ་པ་གསལ་བར་བཤད་པ་མ་ཟད། ཚེ་བཅུའི་མཆོད་པའི་སྐབས་སུ་རྣལ་འབྱོར་ཕོ་མོ་དག་མཐོང་བའི་རྐྱེན་བྱས་ཏེ། རྗེ་ནཱ་རོ་དང་མེ་ཏྲཻ་པ་གཉིས་རྗེས་སུ་དྲན་ནས། སེམས་གདུང་བས་མ་བཟོད་མཆི་མ་ཤོར། །སླར་རྒྱ་གར་ཡུལ་དུ་ལྡོག་གམ་བསམ། །ཞེས་དགོངས་པ་དེ་ལྟར་འཁྲུངས་པ་ལ། ནམ་གྱི་ཐོ་རངས་ཞིང་སྐྱོང་གི་མཁའ་འགྲོ་མས། ཁྱོད་རྒྱ་གར་དུ་མ་ལྡོག། །ད་བོད་དུ་སོང་ལ་སྣོད་ལྡན་གྱི་སློབ་མའི་དོན་མཛོད། ལམ་གྱི་བར་ཆད་ང་ཡིས་སེལ་ཞེས་པའི་ཞལ་བཞེངས་ཀྱི་གཟིམ་ལམ་བྱུང་ཚུལ་ཡང་གསལ་པོར་འཁོད་སྟབས།[49] མགུར་འདི་མར་མཐར་མཐར་ཆགས་སུ་ཀློག་མ་མྱོང་བ་དག་ལ། མགོ་ཆད་མཇུག་སྡུམ་གྱི་ལམ་ནས་མི་གསལ་བའི་གསལ་བཤད་མགོ་སྐོར་བའི་གཏམ་དུ་འགྲོ་སྲིད་ཀྱང་། ཆ་རྒྱུས་ཡོད་པ་དག་ལ་ནི་རང་ལུགས་ཀྱི་གསང་བའི་མཚང་སྔོག་པའི་ཆོས་ལྡན་དཔལ་མོའི་དག་དག་གི་དཔེ་ཟླ་ལས་མི་འོས་པ་ཡིན།

དེ་བཞིན་དུ། ཁོང་གིས་མགུར་འདི་ལ་སྐྱོན་སྤོང་གཞན་ཞིག་མཛད་པ་ནི། རྒྱ་དཀར་ནས་བལ་པོར་སྦྲུལ་ལོ་ལ་ཕེབས་པར་ཡང་རུང་མོད། ཅེས་གསུངས་པའི་ཚིག་འདི་དོན་དངོས་ལ་དགོངས་ནས་རུང་བར་བཤད་པ་ཡིན་ན་ནི་དེར་ཟད་ལ། ཁོང་གི་ལུགས་ལ་ནི་རྩ་བ་ནས་རུང་བ་མ་ཡིན་ཏེ། རྗེ་མར་པ་བོད་ཕེབས་གཉིས་པའི་སྐབས་སུ་དགུང་ལོ་སོ་བདུན་བཞེས་པའི་རབ་བྱུང་དང་པོའི་མེ་བྱི་(༡༠༣༦)ལོ་ཙམ་དུ་བཤད་ཅིང་། དེ་ནས་རྒྱ་ཕེབས་གསུམ་པ་རང་བྱུང་དང་པོའི་ཆུ་རྟ་(༡༠༤༢)ལོར་བཞེད་རྐྱེན། དེ་གཉིས་བར་དུ་རྒྱ་གར་ནས་བལ་ཡུལ་དུ་ཕེབས་པའི་རྣམ་གཞག་ཅིག་བྱ་རྒྱུ་མེད་པས། དགུང་གྲངས་བཞི་བཅུའི་ཐོག་རྒྱ་གར་ནས་བལ་ཡུལ་དུ་ཕེབས་པའི་ལུགས་དེ་ནི་རུང་བའི་གཞི་མེད་ཅིང་། རྒྱ་ཕེབས་ཕྱི་མའི་དུས་སུ་རྒྱ་གར་ལ་ལོ་བཅུ་གཉིས་བར་དུ་བཞུགས་པར་བཤད་པ་ནི། རྒྱ་བལ་གཉིས་སུ་བཞུགས་པའི་བསྡོམས་ལོ་ཡིན་པའི་དགོངས་པ་བཞག་སྟེ། རང་ལུགས་ལ་རྒྱ་གར་དུ་ལོ་ལྔ་ཙམ་དུ་བཞུགས་ནས། རབ་བྱུང་དང་པོའི་ས་གླང་(༡༠༤༩)ལོར་རྒྱ་གར་ནས་བལ་ཡུལ་དུ་བྱོན་ཏེ། བལ་པོར་ལོ་བཞི་ཙམ་བཞུགས་ནས་རབ་བྱུང་དང་པོའི་ཆུ་འབྲུག་(༡༠༥༢)ལོ་ཙམ་དུ། རྗེ་མར་པ་དགུང་ལོ་ང་གསུམ་བཞེས་པའི་དུས་སུ་བོད་དུ་ཕེབས་པའི་རང་ལུགས་བཟོས་པའི་རྐྱེན་གྱིས། རྒྱ་ཕེབས་ཐ་མའི་ལོ་སྐོར་འདིའི་ནང་དུ། རྒྱ་གར་ནས་བལ་ཡུལ་དུ་བྱོན་དུས་སྦྲུལ་དང་། བལ་པོར་ཕེབས་སྐབས་རྟ་ཡིན་པའི་ལོ་རྟགས་ཤིག་འབྱུང་མི་སྲིད་པ་ནི། བོད་ཀྱི་བྱིས་པ་ཡིན་ཆད་ཀྱིས་མཛུབ་མོའི་ཐོག་ཏུ་བརྩི་ཤེས་སྟབས། དེ་ལ་ལུང་རིགས་ཀྱིས་གནོད་པ་བརྗོད་དགོས་པའི་དོན་སྙིང་མེད། དེ་བས་རྒྱ་དཀར་ནས་བལ་པོར་སྦྲུལ་ལོ་ལ་ཕེབས་པར་ཡང་རུང་མོད། ཅེས་པའི་དོན་དངོས་མི་གསལ་བའི་རང་སྲུང་གི་གསལ་བཤད་འདི་ནི། རྗེ་མར་པའི་རང་རྣམ་མགུར་མ་དང་མི་མཐུན་པའི་བཤད་པ་ཞིག་ཡིན་ཞེས་བསྒྲགས་པའི་གཏམ་ཙམ་དུ་ཟད་དོ། །

མདོར་ན་རང་རྣམ་དོར་བའི་རང་ལུགས་རང་བཞིན་ཅན་གྱི་རྣམ་ཐར་ནི། ཁུངས་བཙུན་ཡིད་རྟོན་རུང་བའི་ལོ་རྒྱུས་ཀྱི་གྲས་སུ་མི་འགྲོ་བ། ལོ་རྒྱུས་ལ་དོན་གཉེར་ཡོད་པ་མི་བུ་ཀུན་གྱི་རྒྱུན་ཤེས་ཤིག་ཡིན་གཤིས། ལོ་རྒྱུས་རིག་པའི་གཏན་ཚིགས་མང་པོ་ཞིག་གིས་གསལ་བཤད་བྱ་དགོས་པའི་དོན་བྱ་མིན།

རྗེ་མར་པའི་རང་རྣམ་དོར་བའི་རང་ལུགས་སྐྱོན་ཅན་དུ་འགྱུར་བར་མ་ཟད། རྗེ་མར་པའི་དངོས་སློབ་ཀྱིས་མཛད་པའི་རྣམ་ཐར་ལས་ལོགས་སུ་བྱོལ་ན་ཡང་། དོན་དངོས་ཀྱི་ལོ་རྒྱུས་ལས་འདའ་འགྲོ་བའི་དཔེ་ཞིག་གི་ཐོག་ནས་བཤད་ན། 《ལྷོ་རོང་ཆོས་འབྱུང་》ནང་གི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་ཞེས་པའི་ནང་དུ་བྱུང་བའིི་ལོ་ཚིགས་སོགས་ནི།[50] རྗེ་མར་པའི་རང་རྣམ་དང་བསྟུན་ཆེ་ཤོས་ཀྱི་རྣམ་ཐར་ཞིག་ཡིན། ཡིན་ན་ཡང་རྔོག་གཞུང་པས་མཛད་པའི་མར་པའི་རྣམ་ཐར་ལ་གསང་བའི་བཀའ་རྒྱ་ཡོད་པ་སོགས་ཀྱིས་རྐྱེན་པས། རྗེ་མར་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བཞེད་པ་མི་འདྲ་བ་འགའ་ཞིག་བཀོད་པའི་ནང་དུ་བླ་མ་རྔོག་པའི་བཞེད་པ་མ་བྱུང་ཞིང། སྤྱན་སྔ་བསོད་ནམས་རྒྱལ་མཚན་ ༡༣༨༦/༡༤༣༤ གྱིས་མཛད་པའི་《ཆོས་འབྱུང་མིག་འབྱེད་འོད་སྟོང་》ནང་དུ་རབ་བྱུང་གོང་གི་དང་པོའི་ཤིང་བྱི་(༡༠༢༥)ལོར་སྐུ་བལྟམས་ཤིང་། དགུང་ལོ་གྱ་བཞི་བཞེས་པའི་རབ་བྱུང་གཉིས་པའི་མེ་ཕག་(༡༡༠༧)ལོར་སྐུ་གཤེགས་པར་བཤད་པ་ལ།[51] ཁོང་གིས་ཕལ་ཆེར་ལོ་རྒྱུས་འདི་ནི་རྔོག་ལུགས་ཀྱི་རྗེས་སུ་འབྲང་བ་ཡིན་ཞེས་གསུངས་པར་བརྟག་ན། བླ་མ་རྔོག་པས་མཛད་པའི་རྗེ་མར་པའི་རྣམ་ཐར་ལ་ཆ་རྒྱུས་མེད་པའི་ངང་ཚུལ་བསྟན་ཡོད། ཁོང་གིས་རྗེ་མར་པ་ལོ་ཙཱ་རབ་བྱུང་གོང་གི་དང་པོའི་མེ་བྱ་(༩༩༧)ལོར་སྐུ་འཁྲུངས་ཤིང་། དགུང་ལོ་གྱ་བདུན་བཞེངས་པའི་རབ་བྱུང་དང་པོའི་ཤིང་གླང་(༡༠༨༤)ལོར་དགོངས་པ་མྱ་ངན་ལས་འདས་པའི་ལོ་ཚིགས་འདི་གཞུང་ཤིང་བྱས་ནས། རྗེ་མར་པའི་རང་རྣམ་མགུར་མ་ལས་བྱུང་བའི་ལོ་ཚིགས་དག་སོ་སོར་བགོས་ཏེ་བཤད་ཡོད་ན་ཡང་། གཞུག་ཏུ་ལོ་ཚིགས་ཀྱི་བཞེད་པ་མི་འདྲ་བ་གཞན་ཞིག་བཀོད་ནས། འདི་རྣམས་གང་ཡིན་བརྟག་དགོས་ཞེས་དཔྱད་གཞིའི་ཚུལ་དུ་བཞག་ཡོད་པ་ལས། འཁྲུན་ཐག་བཅད་པའི་ཆོད་སྡོམ་གྱི་ཚུལ་དུ་བཟུང་མེད།

ལོ་ཚིགས་འདི་སྐྱོན་ཅན་དུ་འགྱུར་ཚུལ་ནི། གཅིག་ནས་རྗེ་མར་པའི་དངོས་སློབ་བླ་མ་རྔོག་གཞུང་པའི་བཤད་པ་དང་འགལ་ཞིང་། གཉིས་དེ་ལས་འགལ་སྟབས་ལོ་རྟགས་ནོར་ཞིང་ལོ་ཁམས་འཁྲུགས་པའི་རྐྱེན་གྱིས། 《རྗེ་མར་པའི་རང་རྣམ་མགུར་མའི་》ནང་གི་ལོ་ཚིགས་རྣམས་དེ་ལ་སྦྱར་ནས་བཤད་དུས། ལོ་ཚིགས་སྔ་དྲགས་ནས་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པར་གྱུར་པ་ཡིན། དཔེར་ན། རྗེ་མར་པ་དགུང་ལོ་སོ་གཉིས་བཞེས་པའི་རབ་བྱུང་དང་པོའི་ས་འབྲུག་(༡༠༢༨)ལོར་རྒྱ་བཞུད་གསུམ་པ་མཛད་ཅིང་། སྐབས་དེར་མང་ཡུལ་གྱི་ལམ་ཁ་ཞིག་ནས་ཇོ་བོ་རྗེ་མངའ་རིས་སུ་བྱོན་པ་དང་མཇལ་བར་བཤད་ཡོད།  དེས་ན་ཇོ་བོ་བོད་ཕེབས་ཀྱི་ལོ་དང་རྗེ་མར་པ་རྒྱ་བཞུད་ཐ་མ་གཉིས་དུས་མཉམ་ཡིན་པ་ཡོངས་གྲགས་ཡིན་ཞིང་། ལོ་ཚིགས་དེ་ནི་རབ་བྱུང་དང་པོའི་ཆུ་རྟ་(༡༠༤༢)ལོ་ཡིན་པ་ལ་རྩོད་པ་མེད་རྐྱེན། རྗེ་མར་པ་ལོ་ཙཱ་རབ་བྱུང་གོང་གི་དང་པོའི་མེ་བྱ་(༩༩༧)ལ་སྐུ་འཁྲུངས་པར་བཤད་པ་ནི། ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་ཐབས་མེད།

དེ་བཞིན་དུ་གྲགས་ཆེ་བའི་རྣམ་ཐར་འགའ་ཞིག་ཀྱང་ལོ་ཚིགས་ལ་འཐད་སྒྲུབ་མེད་པའི་དཔེ་མཚོན་དུ་དྲང་བ་ཡིན་ན། དེ་ལ་《དེབ་སྔོན་》ལྟར་ན་ཡང་། རྗེ་མར་པ་ལྷོ་ཕུ་ཆུ་ཁྱར་དུ་རབ་བྱུང་གོང་གི་ཆུ་བྱི་(༡༠༡༢)ལོར་སྐུ་འཁྲུངས། དགུང་ལོ་བཅོ་ལྔའི་མེ་སྟག་(༡༠༢༦)ལོར་འབྲོག་མིའི་དྲུང་དུ་ཕེབས་ནས་ལོ་ཙཱ་ལོ་གསུམ་ལ་བསླབས། དེ་ནས་རྒྱ་གར་དུ་ཆས། བལ་ཡུལ་དུ་བླ་མ་སྤྱི་ཐེར་བའི་མདུན་དུ་ལོ་གསུམ་ལ་བཞུགས། དེའི་འཕྲོ་རྒྱ་གར་དུ་ཕེབས། པཎ་ཆེན་ནཱ་རོ་པ་གཙོས་པའི་བླ་མ་རྣམས་དང་མཇལ། བོད་དུ་ཕེབས། སླར་ཡང་བལ་ཡུལ་ནས་རྒྱ་གར་དུ་བྱོན། ཡུལ་དབུས་སུ་ཕེབས་པའི་ཚེ་ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་ཡུན་རིང་ཙམ་མ་མཇལ། དེ་ནས་བླ་མ་ནཱ་རོ་པ་མཇལ་ནས་གདམས་ངག་རྫོགས་པར་ཞུས། རྒྱུད་ལ་ཐུགས་དམ་གྱི་ཉམས་རྟོགས་རྒྱ་ཆེར་འཁྲུངས། བོད་དུ་བྱོན་སྐབས་དེར་དགུང་ལོ་བཞིི་བཅུ་རྩ་གཉིས་བཞེས་པར་གསུངས་པས། རབ་བྱུང་དང་པོའི་ཆུ་སྦྲུལ་(༡༠༥༣)ལོར་བོད་དུ་ཕེབས་ཏེ་ཡུལ་ས་གཟུང་བ་དང་། བདག་མེད་མ་སོགས་བཙུན་མོ་བཞེས། དེ་ནས་མཻ་ཏྲི་པའི་བསྔགས་པ་གསན་པས་ཐུགས་དྲངས་ཏེ་རྒྱ་ཕེབས་གསུམ་པ་མཛད། རྗེ་མཻ་ཏྲི་པ་དང་མཇལ་ནས་རྒྱུད་ཀྱི་གསན་བཞེས་མང་དུ་མཛད། ཕྱག་རྒྱ་ཆེན་པོའི་མན་ངག་གིས་མངོན་སུམ་གྱི་རྟོགས་པ་འཁྲུངས་ཏེ། རྗེ་མངའ་བདག་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། །ཅེས་གསུངས་ནས་སླར་ཡང་བོད་དུ་བྱོན་པར་བཞེད། དེ་རྗེས་སླར་ཡང་བལ་པོར་ལན་གཉིས་སུ་བྱོན་ཏེ་བླ་མ་རྣམས་ལས་ཆོས་གསན་པ་སོགས། སྐུ་ཚེའི་འདུ་བྱེད་འཁོར་ལོ་གསུམ་གྱིས་རྫོགས་པར་མཛད་དེ། མཐར་དགུང་ལོ་གྱ་དྲུག་བཞེས་པའི་རབ་བྱུང་གཉིས་པའི་མེ་གླང་(༡༠༩༧)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་བཤད།[52]

འོན་ཀྱང་མར་པའི་རང་རྣམ་མགུར་མ་རྣམས་དང་སྦྱར་བ་ཡིན་ན། ལུགས་འདིའི་ལོ་ཚིགས་ཀྱང་དག་པར་མ་མཐོང་སྟེ། རྒྱ་བཞུད་ཐ་མའི་དུས་སུ་མཻ་ཏྲི་པ་མཇལ་ཞིང་། ཐུགས་རྒྱུད་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་ཏེ། 《འཕྲོ་རྒོད་འཐོར་བ་སྡུད་པའི་མགུར་ཆེན་》འདི་བཞེངས་ཏེ། སླར་ཡང་བོད་དུ་བྱོན་པར་བཤད་པ་ནི། མགུར་འདིའི་བྱུང་བའི་བཤད་པ་སྤྱི་དང་འགལ་བར་མ་ཟད། མགུར་རང་དུ་ཡང་བོད་དུ་བྱོན་ཟིན་རྗེས། ཆོས་ཕྱིར་དཀའ་བ་ཇི་ལྟར་སྤྱད་པའི་རང་རྣམ། སློབ་མ་རྣམས་ཀྱིས་ཞུས་པའི་ལན་དུ་བསླབ་བྱར་གདམས་པ་གསལ་པོར་བྱུང་ཡོད།

དེ་བཞིན་དུ་རྒྱ་ཕེབས་གསུམ་པ་ནི། མཻ་ཏྲི་པའི་སྙན་པ་གསན་ནས་བྱོན་པ་དང་། མཻ་ཏྲི་པ་བླ་མར་བསྟེན་ནས་སླར་བོད་དུ་བྱོན་པར་བཤད་པ་ལྟར་ན། 《རྗེ་མར་པའི་མཚན་ལྟས་ཟློས་པའི་མགུར་ཆེན་》འདི་ཡང་རྒྱ་བཞུད་ཐ་མའི་བོད་ཕེབས་ཀྱི་ལམ་བར། བལ་ཡུལ་ནས་བཞེངས་པར་མཛད་པ་ནི་ཡོངས་སུ་གྲགས་ཤིང་། མགུར་ཆེན་རང་དུ་ཡང་། རྗེ་མཻ་ཏྲི་པ་རྩ་བའི་བླ་མར་བརྟེན་ནས། ཞིང་སྐྱོང་གི་མཁའ་འགྲོའི་ལུང་དང་བཅས་ཏེ་བོད་ཕེབས་ཐ་མ་ཡིན་པའི་སྐོར་རྣམས་གསལ་ཞིང་། བགུར་ཆེན་འདི་བཞེངས་པའི་ལོ་ནི་རྟ་ལོ་ཡིན་པའང་གསལ་ཡོད། དེ་ལྟར་བོད་ཕེབས་གཉིས་པའི་སྐབས་སུ་དགུང་ལོ་ཞེ་གཉིས་བཞེས་པའི་ཆུ་སྦྲུལ་ཡིན་པར་བཤད་སྟབས། མགུར་འདི་བཞེངས་པའི་ལོ་ནི། རབ་བྱུང་དང་པོའི་མེ་རྟ་(༡༠༦༦)ལོ་རུ་ལྡོག་མེད་དུ་ཁེལ་ཞིང་། དུས་ན་ནིང་གདུག་པ་སྦྲུལ་གྱི་ལོ། །ཞེས་པའི་སྦྲུལ་ལོ་དེ་ཡང་རབ་བྱུང་དང་པོའི་ཤིང་སྦྲུལ་ཡིན་པར་འགྱུར་བས། ཇི་སྐད་དུ། མེ་ཆུའི་སྟག་དང་ལྕགས་ཆུ་སྦྲུལ། །ཆུ་ཤིང་སྤྲེའུ་ཤིང་ཕག་རྣམས། །གདུག་པ་ཅན་གྱི་ལོ་བདུན་ནོ། །[53]ཞེས་བཤད་པ་ལྟར་དུ་གྲགས་པའི་གདུག་པ་ཅན་གྱི་ལོ་བདུན་ནང་དུ་ལྕགས་ཆུའི་སྦྲུལ་ལས་གཞན་པ། ཤིང་སྦྲུལ་ལོ་འདི་ཡང་གསར་བསྣན་མཛད་ན་མ་གཏོགས་འགྲིག་ཐབས་མེད། དེ་བས་འགོས་ཀྱི་མར་པའི་ལོ་ཚིགས་ལ་ཡང་དེ་ཙམ་ཡིད་རྟོན་བྱ་རུང་བའི་གནས་སུ་མེད།

དེ་བཞིན་《རྣམ་ཐར་མཐོང་བ་དོན་ཡོད་》ལྟར་ན་ཡང་། འདས་ལོས་འཁྲུངས་ལོ་བཙལ་དགོས་ཤིང་། འཁྲུངས་འདས་ཀྱི་ལོ་ཚིགས་ཤིག་བཀོད་ཡོད་ན་ཡང་། ནང་འགལ་བའི་ངང་ཚུལ་དང་མི་འཐད་པའི་རྣམ་པ་མངོན་ཡོད། དེ་ཡང་རབ་བྱུང་གོང་གི་དང་པོའི་ཤིང་རྟ(༩༩༤)ལོར། རྗེ་མར་པ་ལྷོ་བྲག་ཆུ་ཁྱེར་གྱི་བེ་ལུང་དུ་སྐུ་འཁྲུངས་ཤིང་། རབ་བྱུང་དང་པོའི་ཤིང་སྦྲུལ(༡༠༠༥)ལོར་ཀློག་ཡིག་བསླབས། དེ་ནས་འབྲོག་མིའི་མདུན་ནས་རྒྱ་གར་གྱི་སྐད་ཐད་ཀློག་དང་འཕྲལ་སྐད་ཀྱི་ལོ་ཙཱ་ལོ་གསུམ་ལ་བསླབས། དེ་མཚམས་རྒྱ་ཕེབས་དང་པོའི་མགོ་བརྩམས་ཏེ། བལ་ཡུལ་དུ་བྱོན་ནས་སྤྱི་ཐེར་བའི་དྲུང་དུ་ལོ་གསུམ་དུ་བཞུགས། དེ་ནས་རྒྱ་གར་དུ་ཕེབས། རྒྱ་བལ་གཉིས་སུ་ལོ་བཅུ་གཉིས་བཞུགས་པའི་བཤད་པ་གཅིག་དང་། རྒྱ་གར་རང་དུ་ལོ་བཅུ་གཉིས་བཞུགས་པའི་བཤད་ཚུལ་མི་གཅིག་པ་གཉིས་བྱུང་།  བོད་དུ་ཕེབས་ནས་སྐལ་ལྡན་གྱི་སློབ་མ་རྗེས་སུ་བཟུང་ཤིང་། མཚན་ལྡན་གྱི་རིག་མ་བཞེས་ཏེ་སྐུ་སྲས་དར་མ་མདོ་སྡེ་འཁྲུངས་པ་སོགས། ཡུན་རིང་ཙམ་བོད་དུ་བཞུགས་ནས་སླར་ཡང་རྒྱ་ཕེབས་གཉིས་པ་མཛད་པར་བཤད།

རྒྱ་ཕེབས་གཉིས་པའི་དུས་སུ་རྒྱ་གར་དུ་ལོ་དྲུག་ལ་བཞུགས་ནས་བོད་དུ་བྱོན། རྒྱ་ཕེབས་གསུམ་པའི་དུས་སུ་ཉང་སྟོད་བཞེངས་ཀྱི་གླང་པོ་སྣར། ཇོ་བོ་རྗེ་བོད་དུ་བྱོན་པ་དང་མཇལ་འཕྲད་བྱུང་བར་བཤད། རྒྱ་ཕེབས་ཐ་མའི་དུས་འདིར་རྒྱ་གར་ལ་ལོ་གསུམ་བཞུགས་ནས་བོད་ཡུལ་དུ་བྱོན་ཏེ། སྐུ་ཚེ་ཧྲིལ་པོ་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་མཛད་རྗེས། དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བྱའི་(༡༠༨༡)ལོ། རྟའི་ཟླ་བའི་ཚེས་བཅོ་ལྔའི་ཉི་མ་རྩེ་ཤར་ལ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པར་བཤད་ཡོད།

འོན་ཀྱང་དགུང་ལོ་ཞེ་དགུ་བཞེས་པའི་ཆུ་རྟ(༡༠༤༢)ལོར་ཇོ་བོ་བོད་ཕེབས་ཀྱི་ལོ་འདི་དོན་དངོས་བྱས་པ་ཡིན་ན། རྒྱ་ཕེབས་གསུམ་པའི་དུས་སུ་རྒྱ་གར་དུ་ལོ་གསུམ་བཞུགས་ནས། བལ་ཡུལ་དུ་དགུན་ཁར་བསྙེལ་གསོའི་དགོངས་པ་དང་བཅས་བྱོན་ཏེ། དགུན་དུས་དེ་རང་《མཚན་ལྟས་ཟློས་པའི་མགུར་ཆེན་》བཞེངས་པར་བཤད་སྟབས། མགུར་དེའི་ནང་དུ་མར་པ་རྒྱ་གར་ནས་བལ་ཡུལ་དུ་ཕེབས་པའི་ལོ་དེ་ནི་གདུག་པ་སྦྲུལ་གྱི་ལོ་ཡིན་པ་དངོས་སུ་གསལ་ཞིང་། ལོ་རྒན་དྲུག་ཅུ་ནང་ཚན་གྱི་སྦྲུལ་ལོ་གང་ཞིག་ལ། གདུག་པ་ཅན་གྱི་མིང་ཐོགས་པ་ནི་ལྕགས་སྦྲུལ་དང་ཆུ་སྦྲུལ་གང་རུང་ལས་འདའ་བ་མེད།  དེ་ཡང་རབ་བྱུང་དང་པོའི་ཆུ་སྦྲུལ་(༡༠༥༣)དང་སྦྱར་དུ་མི་བཏུབ་པའི་ནི། ཇོ་བོ་བོད་ཕེབས་ཀྱི་ཆུ་རྟ་(༡༠༤༢)ལོར་རྒྱ་ཕེབས་ཐ་མ་མཛད་ཅིང་། བགྲང་བྱ་གསུམ་ལས་རྒྱ་གར་དུ་མ་བཞུགས་པ་བཤད་པས། རྒྱ་གར་ནས་བལ་ཡུལ་དུ་ཕེབས་པའི་ལོ་ལ་ཆུ་སྦྲུལ་ཐོད་རྒལ་དུ་ཐོན་མི་ཡོང་བ་ནི་སུས་ཀྱང་ཤེས་ལ། ཇོ་བོ་བོད་ཕེབས་ཀྱི་ལོ་ཚིགས་མར་བསྣུར་ནས་ཆུ་སྦྲུལ་(༡༠༥༣)གྱི་ལོ་དང་ཡང་སྦྱར་ཐབས་མེད། ཇོ་བོ་བོད་ཕེབས་ཀྱི་ལོ་ཚིགས་མར་བསྣུར་ནས་བསྒྲིག་པ་ཡིན་ན་ཅི་ཞིག་འགྱུར་ཞེ་ན། ཇོ་བོ་རྗེ་བོད་དུ་ཕེབས་དུས་དགུང་ལོ་བདུན་ཅུར་བཞེས་པར་ཐལ་བ་དང་། ནག་ཚོས་ཇོ་བོ་རྒྱ་གར་དུ་སྐྱེལ་བའི་བལ་ཡུལ་སོགས་ལམ་ཁ་ཞིག་ཏུ་སྐུ་གྲོངས་ཏེ། དབུས་ཀྱི་སྙེ་ཐང་སོགས་ལ་ཕེབས་པའི་ལོ་གྲངས་ཀྱིས་མི་འདང་བའི་གནད་དོན་འབྱུང་བར་འགྱུར་རོ། །

དེ་བཞིན་དུ་རབ་བྱུང་དང་པོའི་ལྕགས་སྦྲུལ(༡༠༤༡)ལ་ཡང་འགྲིག་ཐབས་མེད་དེ། དགེ་སློང་འཇིགས་མེད་གྲགས་པས་རྗེ་མར་པ་ལ། མཻ་ཏྲི་པའི་སྐོར་གྱི་བཀའ་འདྲི་ཞུས་པའི་ལན་དུ་བཞེངས་པའི་《མཻ་ཏྲི་པའི་བཞེད་གཞུང་གི་རྟོགས་པའི་མགུར་》དུ། ཁོང་རྒྱ་གར་དུ་བཞུགས་པའི་བྱ་ལོའི་བདེ་གཤེགས་མཆོད་པའི་དུས་མཆོད་ཀྱི་སྐབས་སུ། མཻ་ཏྲི་པའི་སྙན་པའི་བ་དན་ཕྱོགས་སུ་མཆེད་ཅིང་། མངའ་བདག་གི་མཚན་ཡང་བྱ་ལོའི་དུས་མཆོད་ཀྱི་མངའ་བདག་མཛད་པ་དང་འབྲེལ་ཏེ་ཐོགས་པར་བཤད་ཅིང་། མགུར་འདི་བལ་ཡུལ་དུ་ཐོན་པའི་དགུན་ཁ་དེ་རང་དུ་བཞེངས་པར་ཞལ་གྱིས་བཞེས་སྟབས། བྱ་ལོའི་དུས་མཆོད་སྐབས་སུ་བྱུང་བའི་ཡུལ་དངོས་ཀྱི་གནས་ཚུལ་འདི། རབ་བྱུང་དང་པོའི་ཆུ་བྱ་(༡༠༣༣)ལོ་ཡི་བྱུང་བ་རུ་ཐལ་བས། དེ་ཡི་གོང་ནས་རྒྱ་ཕེབས་ཐ་མ་མཛད་ཅིང་། ལམ་ནས་ཇོ་རྗེ་དང་ཐུག་འཕྲད་བྱུང་དུས། ཇོ་བོ་རྗེ་དགུང་ལོ་ལྔ་བཅུའི་ནང་དུ་ཐོན་ཙམ་ལས་རེད་མེད་ལ། ཇོ་བོ་བོད་ཕེབས་ཀྱི་ལོ་དེ་ཡང་རབ་བྱུང་དང་པོའི་ལྕགས་ལུག་(༡༠༣༡)ཡན་མན་དུ་ཁེལ་བར་འགྱུར་བ་སོགས། ལོ་རྒྱུས་ཀྱི་དོན་དངོས་དང་འབྲེལ་བའི་ལོ་ཚིགས་སུ་ཡིད་རྟོན་རུང་བའི་གནས་ན་མེད་པར་འགྱུར་བ་ཡིན་གཤིས།

དཔའ་བོ་གཙུག་ལག་ཕྲེང་བས། ལན་ཕྱི་མ་འདི་ལ་རྒྱ་གར་དུ་ལོ་མང་དུ་མ་བཞུགས་པར་འཆད་པ་མང་བར་འདུག་ཀྱང་སྲིན་པོ་རྡོ་རྗེ་གདན་དུ་མཆོད་པ་བྱེད་པ་འདི་བྱ་ལོའི་དུས་མཆོད་ལ་ཡོང་བར་གྲགས་ཤིང་ཚུར་འབྱོན་པའི་གངྒཱ་བརྒལ་བ་དེ། དུས་གཞི་ནིང་གདུག་པ་སྦྲུལ་གྱི་ལོ། །ཞེས་བྱུང་བས་འདི་ལའང་ལོ་བརྒྱད་དགུ་ཙམ་བཞུགས་པ་འདྲ་བར་སྣང་ངོ་། །[54] ཞེས་ལོ་ཚིགས་ལ་དཔྱད་ཞིབ་གནང་བའི་རིགས་པ་འདི་ཡིས་རྣམ་ཐར་མང་པོ་ཞིག་གི་ལོ་ཚིགས་ལ་སྤྱི་བསྡོམས་བྱས་ཡོད།

རྣམ་ཐར་འདིའི་ནང་དུ་བྱུང་བའི་ལོ་ཚིགས་དག་རྣམ་པ་གཅིག་ཏུ་ན། དཔའ་བོ་གཙུག་ལག་ཕྲེང་བས། འཁྲུངས་ལོ་ལ། རྣམ་ཐར་སྔ་རབས་མ་གཅིག་ཏུ་ཆུ་ཕོ་རྟ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་སྐར་མ་རྒྱལ་ལ་འཁྲུངས་པར་བཤད་ཀྱང་དེ་ལྟར་ན་ཇོ་བོ་རྗེ་དང་དགུང་མཉམ་དང་འགྱུར་བས་མི་འགྲིག །[55]ཅེས་བཤད་པའི་ལུགས་འདི་ཡིན་སྲིད་པ་ཞིག་སྟེ། ཇོ་བོ་བོད་ཕེབས་ཀྱི་ལོ་དང་མར་པའི་རྒྱ་བཞུད་ཐ་མ་གཉིས་དུས་མཚུངས་སུ་བཤད་ཅིང་། སྐབས་དེར་རྗེ་མར་པ་ཡང་སྐུ་ན་བགྲེས་པོར་ཆགས་སྟབས། བུ་སློབ་སོགས་ཀྱིས་རྒྱ་གར་དུ་འགྲོ་བའི་བཤུལ་ཐག་རིང་ཞིང་ལམ་འཕྲང་གི་འཇིགས་པ་ཆེ་བའི་ཐོག་ཏུ་སྐུ་ན་ཡང་བྱོན་པས། རྒྱ་ཕེབས་གསུམ་པ་མི་མཛད་པའི་རེ་སྐུལ་གྱིས་བཤོལ་མ་བཏབ་རུང་། མ་གསན་ཏེ་《རྒྱ་གར་ཕར་འབྱོན་གྱི་མགུར་》བཞེངས་ནས་བྱོན་པར་བཞེད། དེས་ན་འཁྲུངས་ལོ་ནི་རབ་བྱུང་གོང་གི་དང་པོའི་ཆུ་རྟ་(༩༨༢)ལོ་དང་། འདས་ལོ་ནི་རབ་བྱུང་དང་པོའི་ས་བྱ་(༡༠༦༩)ལོ་རུ་ཁེལ་བ་ཡིན། ལོ་ཚིགས་འདི་ཡང་གོང་དུ་འཕངས་པའི་རིགས་པ་དག་ལ་གཟུར་དུ་མེད་ཅིང་། འཁྲུངས་འདས་ཀྱི་ལོ་ཚིགས་སྔ་དྲགས་པའི་དབང་གིས་རྔོག་པ་ཡབ་སྲས་སོགས་ཀྱི་འཁྲུངས་འདས་ལོ་ཚིགས་དང་སྦྱར་དུ་མེད་པའི་གནོད་པ་དུ་མ་འབྱུང་བ་ཡིན་ནོ། །འདིར་ཤེས་དགོས་པ་ཞིག་ནི། རྩོམ་པ་པོས་རྣམ་ཐར་བྱིངས་ཀྱི་འགྲོས་བཞིན། ལོ་ཚིགས་སོགས་ལ་ཐུགས་སྣང་ཆེན་པོ་མ་མཛད་ནས་བྱུང་བ་ཞིག་ལས། མཁྱེན་ཡོན་ཞན་པའི་སྟོབས་ཀྱིས་བྱུང་བ་མ་ཡིན་ཞིང་། ལོ་ཚིགས་ལ་ནོར་འཁྲུལ་བྱུང་བ་ཙམ་གྱིས་རྣམ་ཐར་སྤྱིའི་བརྗོད་སྙིང་དང་འབྲེལ་བ་དེ་ཙམ་མེད་ཅིང་། ལོ་ཚིགས་མི་འཐད་པའི་བཤད་པའི་ཟུར་ནས་བལྟས་ཏེ། རྣམ་ཐར་སྤྱི་ཡོངས་མི་འགྲིག་པའི་ལེབ་མཐོང་གི་ངང་ཚུལ་འཛིན་མི་རུང་བ་ཡང་མཁྱེན་པར་གནང་དགོས།

གཞན་ཡང་《རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ་》ལས། རྗེ་མར་པ་ལོ་ཙཱ་ནི། ལྷོ་བྲག་ནང་མའི་སྟོད་གངས་ལུང་སྤེ་ས་རུ། རབ་བྱུང་གོང་གི་དང་པོའི་ལྕགས་བྱི་(༡༠༠༠)ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ལྕགས་ཕག་(༡༠༡༡)ལོར་སློབ་དཔོན་རྙིང་མ་བ་ཞིག་ལས་འབྲི་ཀློག་བསླབས། དགུང་ལོ་བཅོ་ལྔ་བཞེས་པའི་ཤིང་སྟག་(༡༠༡༤)ལོར་དབུས་གཙང་དུ་འབྲོག་གི་སར་བྱོན། འགོས་ལ་སྒྲོན་གསལ་གསན། འབྲོག་མི་ལས་སྒྲ་ལོ་གསུམ་དུ་བསླབས། དགུང་ལོ་བཅོ་བརྒྱད་མེ་འབྲུག་(༡༠༡༧)ལོར་བལ་ཡུལ་དུ་ཕེབས། བལ་པོ་སྤྱི་ཐེར་བ་བསྟེན་ནས་ལོ་གསུམ་ལ་བཞུགས། དགུང་ལོ་ཉེར་གཉིས་བཞེས་པའི་ལྕགས་བྱའི་(༡༠༢༡)ལོ་ཙམ་རྒྱ་གར་དུ་ཕེབས། རྒྱ་གར་དུ་ལོ་བཅུ་གཉིས་བཞུགས་ཏེ་རབ་བྱུང་དང་པོའི་ཆུ་སྤྲེལ་(༡༠༣༢)གྱི་ལོ་ཡན་མན་ཞིག་ཏུ་བོད་ལ་ཕེབས་ནས། མེས་རྔོག་མཚུར་མི་རྣམས་རྗེས་སུ་བཟུང་ཞིང་། བདག་མེད་མ་སོགས་རིག་མ་བཞེས་ཏེ་སྐུ་སྲས་དར་མ་མདོ་སྡེ་བལྟམས་པ་སོགས་མཛད། སླར་ཡང་རྒྱ་གར་དུ་བྱོན།

རྒྱ་ཕེབས་གཉིས་པའི་སྐབས་སུ་རྒྱ་གར་དུ་ཅི་ཙམ་བཞུགས་པར་མི་གསལ། བོད་དུ་བྱོན་ནས་མེས་སྟོན་སར་ཆོས་འཁོར་བསྐོར་བ་དང་། རྗེ་མི་ལས་སྲས་མཁར་བཞེངས་ཤིང་། སྲས་ཀྱི་ཆེ་འདོན་སོགས་སྐབས་དེར་མཛད་པར་བཤད། དེ་ནས་རྒྱ་ཕེབས་གསུམ་པ་མཛད་དེ། ཇོ་བོ་རྗེ་བོད་དུ་བྱོན་པ་དང་དུས་མཚུངས་ནས། ཉང་སྟོད་བཞེངས་ཀྱི་གླང་པོ་སྣར་མཇལ་འཕྲད་བྱུང་། རྒྱ་གར་དུ་ལོ་བརྒྱད་ཙམ་བཞུགས་ཏེ་བལ་ཡུལ་གྱི་བླ་མ་དང་མཆེད་གྲོགས་རྣམས་ལ་མཇལ་འཕྲད་མཛད་ནས་རིམ་བཞིན་བོད་དུ་བྱོན་པར་བཞེད་ཅིང་། རྒྱ་ཕེབས་སྔ་ཕྱི་བར་གསུམ་བསྡོམས་པས་རྒྱ་གར་དུ་སྤྱིར་ལོ་ཉི་ཤུ་བཞུགས་པ་ཡིན་ཞེས་གསལ་པོར་བཤད་ཡོད།[56]

འོན་ཀྱང་རྣམ་ཐར་འདིའི་ནང་དུ་བཀོད་པའི་མར་པའི་འཁྲུངས་འདས་ཀྱི་ལོ་ཚིགས་འདི་ནི། དེང་གི་མི་འགའ་ཤས་ཀྱིས་རང་གི་འདོད་པ་འགྲུབ་པའི་ཆེད་དུ། ལོ་ཚིགས་འདི་ནི་དཔའ་བོ་གཙུག་ལག་ཕྲེང་བས་འཁྲུལ་མེད་དག་ལྡན་དུ་འདོད་པའི་རང་ལུགས་ཡིན་ཞེས་བཤད་པ་དང་། དཔྱད་ཐབས་དང་རིགས་པའི་རྣམ་གྲངས་གཅིག་ཀྱང་འདྲེན་རྒྱུ་མེད་ཀྱང་། ཕྱི་ཕྱོགས་ཀྱི་རྩོམ་པ་པོ་ཞིག་གིས་མར་པའི་འཁྲུངས་ལོ་ལྕགས་བྱི་རུ་བཞེད་པ་ཐོས་པས། དེ་དག་ལ་ནི་འཁྲུལ་བ་མེད་དོ་ཞེས་རྨོངས་དད་གནང་མཁན་བྱུང་ན་ཡང་། དཔའ་བོ་གཙུག་ལག་ཕྲེང་བས་ནི། ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུས་བཤད་པ་བཞིན་དུ། རང་གིས་བཀོད་པའི་ལོ་ཚིགས་འདི་ནི་འཁྲུལ་མེད་དག་ལྡན་ཡིན་ཞེས་བཤད་པ་ལྟ་ཅི།དེ་ལས་ལྡོག་སྟེ་རྗེ་མར་པའི་འཁྲུངས་འདས་ལོ་ཚིགས་ལ་བཞེད་པ་མི་མཐུན་པ་མང་དུ་བྱུང་བའི་སྟབས་ཀྱིས། འཁྲུངས་འདས་ཀྱི་ལོ་ཚིགས་ནི་རྙོག་གྲ་ཆེ་བའི་ལོ་རྒྱུས་ཀྱི་དཀའ་གནད་ཅིག་ཡིན་པར་གསལ་བཤད་གནང་ཡོད་ལ།  དེས་ན་རེ་ཞིག་གམ་གནས་སྐབས་སུ་《མཚུར་ཕུ་བའི་བཀའ་བརྒྱུད་གདུང་རབས་》ཀྱི་ལུགས་འདི་དཔྱད་གཞི་གལ་ཆེ་བའི་ལོ་ཚིགས་ཀྱི་མཚན་གཞིར་སྨོས་པ་ཡིན་པའི་ཕྱོགས་བསྟན་ཞིང་། དེ་ཡང་རྣམ་ཐར་འདི་རང་དུ། གནས་སྐབས་སུ་ལྕགས་བྱི་ལ་འཁྲུངས་ནས་གྱ་དྲུག་བཞུགས་པའི་ཕྱོགས་དག་པར་བསམ་མོ་ཞེས། རྣམ་ཐར་སྟོད་དུ་《མཚུར་ཕུ་བའི་བཀའ་བརྒྱུད་གདུང་རབས་》ཀྱི་ལུགས་ལ་བརྩི་བཀུར་གནང་ནས་ལོ་ཚིགས་མཚན་གཞིར་བཟུང་ན་ཡང་། རྣམ་ཐར་གྱི་མཇུག་ཏུ། ཡིག་ཆ་རྙིང་མ་ཀུན་ན་དགུང་ལོ་བརྒྱད་ཅུ་པ་བྱ་ལོ་ཆོ་འཕྲུལ་གྱི་ཟླ་བ་ཟེར་བ་མང་བར་སྣང་བས་དེ་ལྟ་ན་ལོ་བཞིས་སྔ་བའི་ལྕགས་མོ་བྱ་ལོ་དང་དགུང་ལོ་གྱ་གཉིས་པར་སྣང་། ཞེས་ལུགས་འདི་རྣམ་ཐར་རྙིང་མ་རྣམ་དང་འགྲིག་གི་མེད་པའི་ཕྱོགས་སྟོན་གྱི་བརྡ་གསལ་བར་བསྟན་ཞིང་། ལོ་ཚིགས་ཀྱི་འཁྲུན་ཐག་ནི་ཡིག་ཆ་རྙིང་མ་རྣམས་ལ་བསྟེན་ནས་གཅོད་དགོས་པ་ལས། རང་ལུགས་ཀྱི་ཡིག་ཆའི་རང་ཕྱོགས་གཟུང་བའི་གླེན་པའི་ཨུ་ཚུགས་བྱ་མི་རུང་བའི་བསླབ་བྱ་ཡང་ཤུགས་ནས་གནང་ཡོད།

ལོ་ཚིགས་ལ་བསྐྱར་ཞིབ་ཀྱི་དཔྱད་པ་ལོགས་སུ་གནང་དགོས་པའི་སྐུལ་མ་དང་འབྲེལ་ཏེ། གནས་སྐབས་དཔྱད་གཞི་གལ་ཆེ་བའི་འཁྲུངས་འདས་ལོ་ཚིགས་ཀྱི་མཚན་གཞི་སྨོས་པས་འཐུས་པར་བྱས་ཏེ། རྒྱ་བོད་བར་གྱི་འགྲུལ་བཞུད་ཀྱི་ལོ་ཚིགས་དང་གྲངས་ཀ་ལ་ཐུགས་མཉམ་མ་བཞག་པའི་དབང་གིས། རྣམ་ཐར་ནང་དུ་འགལ་བ་དང་མི་འཐད་པའི་ངང་ཚུལ་དེ་དག་མངོན་པ་ལས། ལོ་རྒྱུས་སྨྲ་བའི་མཁས་པ་ཁོང་ལྟ་བུས་དེ་ཙམ་མ་ཤེས་པའི་དབང་གིས་བྱུང་བ་ནི་ག་ལ་ཡིན། དེ་ལ་ནང་འགལ་དང་མི་འཐད་པའི་རྣམ་པ་གང་ཡིན་ཞེ་ན། རྒྱ་ཕེབས་གསུམ་དང་རྒྱ་གར་དུ་ལོ་ཉི་ཤུ་བཞུགས་པར་བཤད་སྟབས། རྒྱ་ཕེབས་དང་པོ་ལ་ལོ་བཅུ་གཉིས། གསུམ་པའི་དུས་སུ་ལོ་བརྒྱད་དང་དགུ་ཙམ་རྒྱ་གར་དུ་བཞུགས་པར་བཞེད་པས། དེ་གཉིས་བསྡོམས་པ་བགྲང་བྱ་ཉི་ཤུ་དང་ཉེར་གཅིག་གང་རུང་སོང་ཟིན་པས། རྒྱ་ཕེབས་གཉིས་པའི་དུས་སུ་རྒྱ་གར་དུ་བཞུགས་པའི་ལོ་ཞིག་བསྣན་རྒྱུ་མེད་པར་ཆགས་ཡོད།

དེ་བཞིན་དུ་རྒྱ་ཕེབས་གསུམ་པའི་དུས་ནི་ཡོངས་གྲགས་ཀྱི་བཞེད་པ་ལྟར་དུ། ཇོ་བོ་རྗེ་བོད་དུ་བྱོན་པའི་ལོ་དང་མཚུངས་པར་བཤད་ཅིང་། ཇོ་བོ་བོད་ཕེབས་ཀྱི་ལོ་ནི་འགོས་ཀྱི་བཞེད་དང་མཚུངས་པར། དཔའ་བོ་རང་གི་《ཆོས་འབྱུང་》ནང་དུ་གསལ་བས།[57] རབ་བྱུང་དང་པོའི་ཆུ་རྟ་(༡༠༤༢)ལོར་རྒྱ་ཕེབས་ཐ་མ་མཛད་ཅིང་། རབ་བྱུང་དང་པོའི་ཤིང་བྱ་(༡༠༤༥)ལོ་ཡི་རྡོ་རྗེ་གདན་དུ་བྱ་ལོའི་དུས་མཆོད་སྐབས་སུ། རྗེ་མར་པས་སྲིན་པོའི་རོ་ལ་གྲོང་འཇུག་མཛད་པ་སོགས། རྒྱ་གར་དུ་བགྲང་བྱ་བརྒྱད་ཙམ་སོང་བའི་ས་གླང་(༡༠༤༩)ལོ་ཙམ་བོད་དུ་བྱོན་པར་བཞེད་པའི་ཕྱོགས་དེ་དང་། རྒྱལ་གར་ནས་བལ་ཡུལ་དུ་ཕེབས་པའི་ལོ་དེ་ནི་གདུག་པ་སྦྲུལ་(༡༠༥༣)གྱི་ཡིན་པ་རྗེ་མར་པའི་མགུར་གྱིས་བསྒྲུབ་པར་མཛད་པ་གཉིས་ནི་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད། དེ་ལྟར་རྩོམ་པ་པོ་ཁོང་གིས་རྣམ་ཐར་སྤྱི་འགྲོས་ཀྱི་ལུགས་བཞིན་སྦྱར་བ་ལས། ལོ་ཚིགས་དག་ལྡན་གྱི་རང་ལུགས་བཟུང་ནས་གོ་རིམ་ངེས་པ་ཅན་དུ་བྱས་པ་མ་ཡིན་ཞིང་། འཁྲུངས་འདས་ཀྱི་ལོ་ཚིགས་ལ་བསྐྱར་ཞིབ་དགོས་པའི་སྐུལ་མ་དང་བཅས་སྦྱར་བར་མཛད་སྟབས། རྣམ་ཐར་འདི་ལ་གནོད་བྱེད་ཀྱི་རིགས་པ་གཏང་སའི་ཡུལ་མེད་ཅིང་། རྗེ་མར་པའི་འཁྲུངས་འདས་ལོ་ཚིགས་ཀྱི་རྒྱབ་རྟེན་ལ་རྣམ་ཐར་འདི་ཁུངས་སུ་བྱེད་པ་ནི། བསྒྲུབ་བྱ་སྒྲུབ་བྱེད་དུ་དྲངས་ཤིང་སྒྲུབ་བྱེད་བསྒྲུབ་བྱར་འགྱུར་བའི་རང་བཞིན། རྣམ་ཐར་འདི་ཀློག་པའི་མི་བུ་ཕལ་ཆེར་བས་ཤེས་པ་གཤིས་ལུགས་ཡིན་སྟབས། མང་དུ་སྨྲ་བ་ངལ་བའི་རྒྱུ་ལས་མ་འདས་པས་བཞག་གོ །

༣ མར་རྔོག་ཡབ་སྲས་ཀྱི་རང་བཞེད་དང་འབྲེལ་བའི་ལོ་ཚིགས་བསྟན་པ།

དེ་ལ་མང་པོ་ཞིག་གིས་རྗེ་མར་པས་རང་གི་དགུང་སྙིང་གང་ཡིན་བཞེད་པའི་ལུགས་ཤིག་མེད་དོ་སྙམ་པར་མ་ཟད། རྗེ་མར་པའི་འཁྲུངས་ལོོའི་དགུང་སྙིང་གི་རང་བཞེད་བཀོད་པའི་རྩོམ་ཡིག་ཅིག་ཀྱང་མཐོང་དུ་མེད། དེ་ནི་ཁོ་ཚོ་དབང་པོ་རྟུལ་བའི་དབང་གིས་ལན་པ་མ་ཡིན་པར། རིག་པ་རྣོ་དྲགས་ཏེ་ལོ་ཚིགས་ཀྱི་རང་ལུགས་བཟུང་སྟེ། རྗེ་མར་པའི་རང་རྣམ་མགུར་མ་དག་རང་ལུགས་ལ་བསྟུན་པའི་སྟབས་ཀྱིས་རྐྱེན་པ་འདྲ། འོ་ན་རྗེ་མར་པའི་རང་བཞེད་ཀྱི་དགུང་སྙིང་གང་ཡིན་ཞེ་ན། 《མཚན་ལྟས་ཟློས་པའི་མགུར་ཆེན་》ནང་དུ། དགུང་ལོ་བཞི་བཅུ་བཞེས་པའི་སྦྲུལ་གྱི་ལོ་ལ། རྒྱ་གར་ནས་གང་གཱ་བརྒལ་ཏེ་བལ་ཡུལ་དུ་ཡོང་བ་ཡིན་ཞེས་གསལ་པོར་གསུངས་ཡོད། ལོ་རྟགས་སྦྲུལ་ནས་མི་ལོ་བཞི་བཅུ་ཕྱིར་ལྡོག་བྱས་ནས་བརྩིས་པ་ཡིན་ན། དགུང་སྙིང་སྟག་ལ་ཁེལ་བ་ནི་བོད་མི་ཡིག་རྨོངས་པ་ཡན་ཆད་ཀྱིས་རྟོགས་པའི་རྒྱུན་ཤེས་ཆུང་ཆུང་ཞིག་ཡིན་པས་གསལ་བཤད་མང་པོ་ཞུ་མི་དགོས།

འོན་ཀྱང་ལོ་ཁམས་གང་ཞིག་ཡིན་པ་ནི་དཔྱད་གཞིར་ལུས་ཡོད། དེ་ཡང་རྗེ་མར་པའི་རང་བཞེད་ཀྱི་ལུགས་སུ་དགྲོལ་རྒྱུ་མེད་པ་ནི་མ་ཡིན་ཏེ། 《བླ་མ་དང་མཇལ་ལུགས་ངོ་མཚར་ལྟས་བརྒྱད་ཀྱི་མགུར་ཆེན་》སོགས་སུ།[58] རྒྱ་གར་ན་ལན་གསུམ་དུ་ཕེབས་པ་གསལ་པོར་བཀོད་ཡོད་ལ། རྒྱ་བཞུད་ཐ་མའི་དུས་ནི་ཇོ་བོ་རྗེ་བོད་ཕེབས་ཀྱི་ལོ་ཡིན་པ། ལོ་རྒྱུས་རྣམས་སུ་ཡོངས་གྲགས་ཡིན། ཇོ་བོ་རྗེ་བོད་ཕེབས་ཀྱི་ཆུ་རྟ་(༡༠༤༢)ལོར། རྗེ་མར་པ་རྒྱ་གར་དུ་ཕེབས་རྗེས་ཀྱི་སྦྲུལ་ལོ་དང་པོ་ནི། རབ་བྱུང་དང་པོའི་ཆུ་སྦྲུལ་(༡༠༥༣)ཡིན་གཤིས། དེ་ཡི་གོང་དུ་རྒྱ་བཞུད་ཐ་མའི་བོད་ཕེབས་ཀྱི་ལོ་ཚིགས། རྒྱ་གར་ནས་བལ་པོར་ཕེབས་པའི་སྦྲུལ་གྱི་ལོ་གཞན་ཞིག་མེད་པས། རྗེ་མར་པ་དགུང་ལོ་བཞི་བཅུར་ཕྱིན་པའི་སྦྲུལ་གྱི་ལོ་ནི། རབ་བྱུང་དང་པོའི་ལྕགས་སྦྲུལ་(༡༠༤༡) སོགས་སུ་ཡར་ནུར་བའི་གོ་སྐབས་མེད། རྒྱ་བཞུད་ཐ་མའི་དུས་སུ་རྒྱ་གར་དུ་ལོ་བཅུ་གཉིས་ཙམ་དུ་བཞུགས་པ་ནི། 《རྗེ་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ་》དང་།[59] 《རྣམ་ཐར་མཐོང་བ་དོན་ཡོད་》[60]སོགས་སུ་བྱུང་བའི་《རྗེ་མར་པའི་མཚན་ལྟས་ཟློས་པའི་མགུར་ཆེན་》ལས། ཚེ་སུམ་ཆ་རྒྱ་གར་ཡུལ་དུ་བསྐྱལ། །ཞེས་གསུངས་པ་འདི་ནི། རྒྱ་བཞུད་ཐ་མའི་དུས་སུ་དགུང་ལོ་བཞི་བཅུའི་སུམ་ཆ། མི་ལོ་བཅུ་གཉིས་ཙམ་དུ་རྒྱ་གར་ལ་བཞུགས་པའི་དོན་དུ་གསལ་ཞིང་། 《ལྷོ་རང་ཆོས་འབྱུང་》ལས།[61] ནང་གི་ཐ་མ་ལ་ལོ་བཅུ་གཉིས་ཞེས་པ་ཡང་མགུར་ལ་གསལ། ཞེས་《ཤེས་རབ་སེང་གེ་ལ་ཕྱི་ཕྱག་གི་མགུར་》གྱི་ནང་དུ་ཡང་། རྒྱ་ཕེབས་ཐ་མ་ལ་མི་ལོ་བཅུ་གཉིས་སུ་བཞུགས་པ། རྗེ་མར་པའི་རང་བཞེད་ཡིན་པར་བཤད་ཡོད། རྒྱུ་མཚན་དེས་ན་རྒྱ་བཞུད་ཐ་མའི་རྗེས་ཀྱི་སྦྲུལ་ལོ་གཉིས་པ་ཤིང་སྦྲུལ་(༡༠༦༥)གྱི་ལོ་ལ། རྗེ་མར་པ་རྒྱ་གར་ནས་ལམ་དུ་ཞུགས་ཏེ་བལ་ཡུལ་དུ་ཕེབས་པ་ནི། རང་རྣམ་མགུར་མ་གཙོས་པའི་ལོ་རྒྱུས་རྣམས་དང་རྩ་ནས་འགྲིག་ཐབས་མེད་དེ། དེའི་ལུགས་སུ་བྱས་པ་ཡིན་ན། མེ་ཆུའི་སྟག་དང་ལྕགས་ཆུ་སྦྲུལ། །ཆུ་ཤིང་སྤྲེའུ་ཤིང་ཕག་རྣམས། །གདུག་པ་ཅན་གྱི་ལོ་བདུན་ནོ། །[62]ཞེས་བཤད་པའི་གདུག་པ་ཅན་གྱི་མིང་ཐོགས་པའི་ལོ་བདུན་སྟེང་དུ། ཤིང་སྦྲུལ་ཡར་བསྣན་ཏེ་གདུག་པ་ཅན་གྱི་ལོ་བརྒྱད་ཅེས་པ་ཞིག་གསར་བཟོ་གནང་དགོས་པར་མ་ཟད། རྒྱ་བཞུད་ཐ་མའི་དུས་སུ་མི་ལོ་ཉེར་བཞི་ཙམ་དུ་རྒྱ་གར་དུ་བཞུགས་དགོས་པར་ཐལ་བས། ཚེ་སུམ་ཆ་རྒྱ་གར་ཡུལ་དུ་བསྐྱལ། །ལོ་བཞི་བཅུའི་བར་དུ་ཐོས་བསམ་བྱས། །དུས་ན་ནིང་གདུག་པ་སྦྲུལ་གྱི་ལོ། །ཆོ་འཕྲུལ་རྟ་ཡི་ཟླ་བ་ལ། །མི་ཁོ་བོས་ལམ་ལ་ཞུགས་ནས་མཆིས། །[63] ཞེས་རྗེ་མར་པ་དགུང་ལོ་བཞི་བཅུ་བཞེས་པའི་རྒྱ་ཕེབས་གསུམ་པའི་དུས་སྐབས། རྒྱ་གར་དུ་མི་ལོ་བཅུ་གཉིས་ཙམ་སོང་བའི་གདུག་པ་སྦྲུལ་གྱི་ལོ་རུ། རྒྱ་གར་ནས་ལམ་དུ་ཞུགས་ཏེ་བལ་ཡུལ་དུ་ཕེབས་པར་བཞེད་པ་ནི། རབ་བྱུང་གཉིས་པའི་ཆུ་སྦྲུལ་(༡༠༥༣)ལོ་སྟེ། གོང་བཤད་པ་བཞིན་དུ་གདུག་པ་ཅན་གྱི་ལོ་བདུན་གྱི་ནང་ཚན། ཆུ་སྦྲུལ་སྨེ་བ་གཉིས་ནག་གི་ལོ་ཡིན་པར། ལུང་དང་རིགས་པ་གཉིས་ཀྱིས་གྲུབ་སྟབས། དེ་ལས་མི་ལོ་བཞི་བཅུ་ཕྱིར་ལྡོག་བྱས་ནས་རྩིས་པ་ཡིན་ན། རྗེ་མར་པའི་དགུང་སྙིང་སྟག་ཡིན་པ་ཤེས་པར་མ་ཟད། ལོ་ཁམས་ཤིང་ཡིན་པ་ཡང་བདེ་བླག་ཏུ་རྟོགས་ཐུབ་པ་ཡིན། དེས་ན་རྗེ་མར་པ་ལོ་ཙཱ་རབ་བྱུང་གོང་གི་དང་པོའི་ཤིང་སྟག་(༡༠༡༤)ལོར་སྐུ་འཁྲུུངས་པ་ནི། རྗེ་བཙུན་རང་གི་དགོངས་པ་ཡིན་སྟབས། རྗེ་མར་པས་རང་གི་དགུང་སྙིང་དང་ལོ་ཁམས་གང་ཡིན་བཞེད་པའི་ལུགས་ཤིག་གསལ་བར་བྱུང་བ་ཡིན་ནོ། །

དེ་བཞིན་དུ། རྗེ་མར་པའི་དངོས་སློབ་རྔོག་ཆོས་སྐུ་རྡོ་རྗེའི་ཞལ་སྔ་ནས། རྒུང་(དགུང)ལོ་བརྒྱ་(བརྒྱད)ཅུ་ལ་སྐུ་མྱ་ངན་ལས་འདས་པ་ཡིན་ཏེ། སྐུ་འད་(འདའ)་བའི་དུས་སུ་རླུང་སེམས་ལས་སུ་རུང་བས་འཕོ་བ་རྟགས་དང་བཅས་པ་མཛད་པ་དང་། དེའི་དུས་སུ་བླ་མ་ན་རོ་པ་བྱོན་མ་དྷལ་(མཎ་ཌལ)ཤོམས་གསུང་། གཞན་གྱིས་ཀྱང་དྷ(ཌ)མ རུའི་སྒྲ་དང་འོད་འཇ་(འཇའ)ལ་སོགས་པ་མཐོང་རྟགས་མང་པོ་བྱུང་བ་ཡིན། སྐུ་དང་རིང་སྲེལ་(བསྲེལ)མང་པོ་བྱུང་བ་ཡིན་ཏེ། བྱའི་ལོ་རྟའི་ཟླ་བ་ར་བའི་ཚེས་བཅུའ་(བཅུ་)བཞིའི་ཉི་མ་རྩེ་ཤར་བ་ལ་སྐུ་འདས་པའོ། །[64] ཞེས་གསུངས་པས། བྱ་ཡི་ལོ་ནས་བགྲང་བྱ་བརྒྱད་ཅུ་ཕྱིར་ལྡོག་བྱས་ནས་བརྩིས་པ་ཡིན་ན། ཏག་ཏག་དགུང་སྙིང་སྟག་ལ་ཁེལ་བ་ནི། རྗེ་མར་པའི་རང་བཞེད་དང་གཅིག་མཚུངས་སུ་གནས་ཡོད། འོན་ཀྱང་རྔོག་གཞུང་པས་སྦྱར་བར་ངེས་པའི་རྣམ་ཐར་སྨད་ཆའི་གཞུག་ཏུ་བྱུང་བའི་རྗེ་མར་པའི་འདས་ལོ་འདི་ཡང་།《དེབ་དཀར་》ལས། སྤྱིར་བོད་ཀྱི་ལོ་རྒྱུས་རྙིང་པའི་རིགས་ལ། གླང་རྟགས་སོགས་ཀྱི་ལོ་ཙམ་ལས། ལོ་ཁམས་བཤད་པ་ཡེ་མེད་པས། རབ་བྱུང་དང་པོ་ཡན་ཆད་ཀྱི་ལོ་ཚིགས་རྣམས་གཏན་ལ་འབེབས་ཚེ། ལོ་རྒྱུས་ཤིན་ཏུ་མང་པོ་བསྡུར་ནས་དཔྱད་དགོས།[65] ཞེས་བཤད་པ་བཞིན་དུ། རྗེ་མར་པ་དགུང་ལོ་བརྒྱད་ཅུ་བཞེས་པའི་བྱ་ཡི་ལོ་ལ་འདས་པར་བཤད་པ་ལས། ཤིང་མེ་ས་ལྕགས་ཆུ་ལྔ་གང་ཡིན་གྱི་ལོ་ཁམས་མ་སྨོས་པའི་རྐྱེན་གྱིས། བྱུང་བ་རིག་པའི་སྤྱི་ལུགས་ཀྱི་འགྲོས་ལྟར། རྗེ་མར་པའི་རྣམ་ཐར་དང་འབྲེལ་བ་ཡོད་ཅིང་འཁྲུལ་པ་མེད་པའི་ལོ་ཚིགས་ཤིག་ལ་བསྟུན་ཏེ། དགུང་སྙིང་སྟག་གི་ལོ་ཁམས་སོགས་གང་ཡིན་གཏན་ལ་དབབ་དགོས་པ་ཡིན་སྟབས། དེ་ནི་རྗེ་མར་པ་རྒྱ་བཞུད་ཐ་མའི་དུས་དང་། ཇོ་བོ་རྗེ་བོད་ཕེབས་ཀྱི་ལོ་གཉིས་གཞིི་གཅིག་ཏུ་བབ་པ། ལོ་རྒྱུས་སྨྲ་བ་སྤྱི་ལ་གྲགས་པའི་ལོ་ཚིགས་མི་འགྱུར་བའི་གཟེར་ཞིག་ཏུ་གྲུབ་ཡོད། རབ་བྱུང་དང་པོའི་ཆུ་རྟ་(༡༠༤༢)ལོ་འདིར། རྗེ་མར་པ་དགུང་གྲངས་ག་ཚད་ཕྱིན་ཡོད་པ་ནི། བླ་མ་རྔོག་གི་རྗེ་མར་པའི་རྣམ་ཐར་འདི་གཞུང་ཤིང་དུ་བཟུང་ནས། རྗེ་མར་པའི་རང་རྣམ་མགུར་མ་དང་སྦྱར་ཏེ་རྣམ་ཐར་བྱིངས་ཀྱི་འགྲོས་ལྟར་དུ་བཤད་ན། དགུང་ལོ་བཅུ་གཉིས་ཐོག་ནས་འབྲི་ཀློག་སྦྱང་ཞིང་། བཅོ་ལྔར་ཕྱིན་དུ་འབྲོག་མི་མདུན་དུ་ལོ་ཙཱ་བསླབ་ནས་ལོ་གསུམ་ལ་བསྡད་པ་སོགས་ནི། དཔའ་བོ་གཙུག་ལག་ཕྲེང་བས། འདི་རྣམས་མགུར་ལས། ལོ་བཅུ་གཉིས་ལོ་ནས་ཆོས་དང་མཇལ། །དང་པོར་ཡིག་ཚང་ཀ་ཁ་བསླབས། །ཞེས་དང་། དཔལ་སྨྱུ་གུ་ལུང་གི་དགོན་པ་རུ། །གསང་སྔགས་ཆོས་ཀྱི་མུ་གེ་ལ། །སེམས་ཡི་དྭགས་བྱེད་ཅིང་ལོ་གསུམ་བསྡད། །ཅེས་དང་། སྒྲ་སྒྱུར་འབྲོག་མི་ལོ་ཙཱ་ལ། །སྒྲ་ཐད་ལོག་སྐད་ཀྱི་ཡིག་ཚང་བསླབས། །ཅེས་པའི་དོན་ཏོ། །[66] ཞེས་གསུངས་པ་ལྟར་དུ་དགུང་ལོ་བཅུ་བདུན་མ་ཕྱིན་བར་དུ་བོད་ནས་སློབ་གཉེར་མཛད་ཅིང་། དགུང་ལོ་བཅུ་བདུན་ཐོག་ནས་རྒྱ་གར་དུ་ཕེབས་པའི་ལམ་ཁར། བལ་ཡུལ་དུ་ལོ་གསུམ་བཞུགས་པ་ཡང་། 《རྗེ་མར་པའི་མགུར་ཆེན་ཉེར་ལྔའི་》ནང་ཚན་བཅུ་གཉིས་པ།《ལྷོ་ལ་ཡག་ཏུ་བཞེངས་པའི་མགུར་ཆེན་》ལས། ཐ་མ་ལྷོ་བལ་རྒྱ་ལ་ཕྱིན། །ལོ་གསུམ་བལ་པོའི་མཐིལ་དུ་བསྡད། །[67]ཅེས་པའི་དོན་བཞིན། བལ་ཡུལ་དུ་ལོ་གསུམ་བཞུགས་ཏེ་དགུང་ལོ་ཉི་ཤུའི་ཐོག །བལ་ཡུལ་ནས་རྒྱ་གར་དུ་ཕེབས། བླ་མ་རྔོག་པས། ནཱ་རོ་པའི་དྲུང་དུ་བྱོན་ནས། གསེར་གྱི་མཎ་ཌལ་ཕུལ་ཞིང་ཆོས་ཞུས་ཏེ། ལོ་དྲུག་ཏུ་བཞུགས་ནས་ཐེག་པ་ཆེན་པ་ཆེན་པོའི་རྒྱུད་སྡེ་མང་དུ་ཞུས་སོ། །[68] ཞེས་རྒྱ་ཕེབས་དང་པོའི་དུས་སུ་བགྲང་བྱ་དྲུག་ཏུ་བཞུགས་པར་བཤད་ཅིང་། དེ་ནས་རྒྱགས་ཀྱང་ཆད། བླ་མ་ལའང་འབུལ་བ་གྲུབ་ཐོབ་རྣམས་ལ་མཆོད་པ་བྱ་བའི་ཕྱིར་དུ། རྒྱགས་དང་གསེར་བཙལ་བའི་སླད་དུ་བོད་དུ་ཆས་ཀྱང་། དུག་མཚོ་ནག་མོ་བརྒལ་དུས་ཁོང་གི་ཕྱག་དཔེ་རྣམས། རྒྱ་ངག་སྙུང་འདེབས་ཀྱི་ལོ་ཙཱ་བ་གཅུང་འབྱུང་པོས་ཆུ་ལ་བསྐུར་སྟབས། སླར་རྒྱ་གར་དུ་ལོག་ནས་ལོ་གཅིག་ཏུ་བཞུགས་པ་ནི་གོང་གི་རྣམ་ཐར་སྨད་ཆའི་ནང་དུ་གསལ།[69] དེ་ནས་དགུང་ལོ་ཉེར་དྲུག་བཞེས་པའི་དུས་སུ་བོད་དུ་ཕེབས། བོད་དུ་ལོ་གསུམ་བཞུགས་ནས་དེར་གསེར་བསྣམས་ཏེ་རྒྱ་གར་དུ་བྱོན་ཞེས་གསལ་བར་བྱུང་སྟབས།[70] རྒྱ་བཞུད་ཐ་མའི་དུས་ནི། དགུང་ལོ་ཉེར་དགུ་བཞེས་པའི་ཆུ་རྟ་(༡༠༤༢)ལོ་ཡིན་ཞིང་། ལོ་འདི་ཇོ་བོ་བོད་ཕེབས་ཀྱི་ལོ་དང་ཁྲིགས་སེ་འགྲིག་པས། ཆུ་རྟ་(༡༠༤༢)ལོ་ནས་བགྲང་བྱ་ཉེར་དགུ་ཕྱིར་ལྡོག་བྱས་ནས་བརྩིས་པ་ཡིན་ན། རྗེ་མར་པ་རབ་བྱུང་གོང་གི་ཤིང་སྟག་(༡༠༡༤)ལོར་འཁྲུངས་པ་ལ་འགལ་འཛོལ་མེད་རྐྱེན། རྗེ་མར་རྔོག་ཡབ་སྲས་ཀྱི་དགོངས་པ་གཅིག་ཏུ་བབ་པ་འདི་ཡང་། དོན་དངོས་ཀྱིི་ལོ་རྒྱུས་ཡིན་པའི་གནས་ལུགས་བསྟན་ཡོད།

རྒྱ་བཞུད་ཐ་མའི་དུས་སུ་པཎ་ཆེན་ནཱ་རོ་པ་ལ་ལོ་བདུན་བསྟེན་པའི་གསལ་ཁ་ལས། རྒྱ་གར་དུ་ལོ་གྲངས་ཅིི་ཙམ་བཞུགས་པའི་གྲངས་འཛིན་གྱི་མངོན་གསལ་མ་བྱུང་ན་ཡང་། ཐ་མའི་དུས་སུ་མི་ལོ་བཅུ་གཉིས་ཙམ་དུ་བཞུགས་པ་ནི་གཞུང་འདིར་གསལ་བ་ཡིན་ཏེ། སྤྱིར་རྒྱ་གར་ན་ལོ་ཉི་ཤུ་བཞུགས་པ་ཡིན་ཞེས་བྱུང་བས།[71] རྒྱ་ཕེབས་དང་པོ་ལ་ལོ་བདུན། གཉིས་པ་ལ་ལོ་གཅིག །གསུམ་པ་ལ་བཅུ་གཉིས་བཞུགས་ཤིང་། བོད་དུ་བྱོན་པའི་ཤིང་རྟ་(༡༠༥༣)ལོ་ནས། རྒྱ་བཞུད་ཐ་མའི་དུས་ཀྱི་ཆུ་རྟ་(༡༠༤༢)ལོ་རུ། ཡར་ཕྱིར་ལྡོག་བྱས་ནས་བརྩིས་ན། མི་ལོ་བཅུ་གསུམ་བགོར་བ་ཡིན་སྟབས། ངོམ་རྫོང་སྟོན་པས། རྒྱ་གར་དུ་ལོ་བཅུ་དགུ་བཞུགས་ཏེ། ནངས་ཀྱི་ཐ་མ་བོད་དུ་བྱོན་པའི་དུས་སུ།[72] ཞེས་གསུངས་པ་ལྟར། རྗེ་མར་པ་དགུང་ལོ་བཞི་བཅུ་བཞེས་པའི་ཆུ་སྦྲུལ་(༡༠༥༤)ལོར་རྒྱ་གར་ནས་བལ་ཡུལ་དུ་ཕེབས་པར་གསལ་བས། 《མཚན་ལྟས་ཟློས་པའི་མགུར་ཆེན་》ནང་དུ། དགུང་ལོ་བཞི་བཅུ་བཞེས་པའི་སྦྲུལ་ལོར་རྗེ་མར་པ་རྒྱ་གར་ནས་བལ་ཡུལ་དུ་ཕེབས་པར་བཞེད་པ་འདི་དག། །སུས་ཀྱང་བཙན་དུ་བསྒྲིག་མི་དགོས་པར། རང་བཞིན་གྱིས་ལོ་རྒྱུས་གུང་འགྲིག་འགྲོ་བ་འདི་ནི། རང་བཟོས་མ་བསླད་པའི་དངོས་འབྲེལ་དོན་གྱི་རང་བཞིན་མངོན་པ་ཡིན་ནོ། །

རྗེ་མར་པ་རྒྱ་གར་དུ་ལན་གསུམ་དུ་བྱོན་པ་ནི།  《རྗེ་མར་པའི་མགུར་ཆེན་ཉེར་ལྔའི་》ནང་ཚན་ལྔ་པ། 《མཛད་སྤྱོད་རྫུ་འཕྲུལ་ངོ་མཚར་གྱི་མགུར་ཆེན》ལས། མི་ང་རང་གང་ཡིན་ཟེར་ཙ་ན། །མཚན་སྙན་མར་པ་ལོ་ཙཱ་ཡིན། །ལྟེ་བ་བོད་ཡུལ་དབུས་སུ་བཅད། །སྦྱངས་པ་ལྷོ་བར་ཕྱོོགས་སུ་བགྱིས། །ལར་རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན། །[73] ཞེས་རྗེ་མར་པའི་རང་རྣམ་མགུར་མ་རྣམས་སུ་གསལ་བར་བྱུང་གཤིས། དོན་འདི་ཁས་མི་ལེན་པའི་རྣམ་ཐར་མེད་པ་ལྟ་བུ་ཡིན་ཡང་། ཕྱིས་ཀྱི་རྣམ་ཐར་ཕལ་ཆེར་བའི་ནང་དུ། རྒྱ་ཕེབས་གསུམ་པའི་གྲལ་དུ་ཕྱག་དཔེ་བརླག་པའི་རྐྱེན་གྱིས། བལ་ཡུལ་ཕྱོགས་ནས་རྒྱ་གར་དུ་སླར་ལོག་པར་བཤད་ཀྱང་། དེ་ཉིད་རྒྱ་ཕེབས་ཀྱི་གྲས་སུ་མི་བརྩི་བ་དང་། བོད་རང་ནས་རྒྱ་གར་ལ་ལན་གསུམ་དུ་ཕེབས་པར་བཤད་པ་སོགས་མི་གཅིག་པ་མང་དུ་བྱུང་ཞིང་། མར་པ་དགུང་ལོ་བགྲེས་པོར་ཆགས་རྗེས། གཟོད་རྒྱ་ཕེབས་གསུམ་པ་མཛད་དེ། དཔལ་ནཱ་རོ་པ་ལྷ་བབ་ཀྱི་ལམ་ལམ་ནས་གདམས་ངག་མང་དུ་གནང་ཞིང་ཞུས་པའི་ལྷ་སྒྲུང་རང་བཞིན་ཅན་གྱི་གཏམ་རྒྱུད་བྲིས་པ་མང་། སྐྱོོན་དེ་ཡང་རྒྱ་ཕེབས་ཀྱི་རྣམ་པ་འཁྲུག་པའི་རྐྱེན་གྱིས་ལན་པ་གོར་མ་ཆག །བོད་རང་ན་རྒྱ་ཕེབས་ལན་གསུམ་དུ་མཛད་པའི་བཤད་པ་འདི་ཡང་། རྗེ་སྒམ་པོ་པའི་སྐུ་དུས་ཙམ་ནས་མགོ་འབུས་པ་འདྲ་སྟེ། རྔོག་གཞུང་པའི་སྦྱར་བྱང་ཅན་གྱི་རྣམ་ཐར་སྨད་ཆའི་ནང་དུ་དེ་བཞིན་བྱུང་ཡོད།[74]

གོང་དུ་རྔོག་གཞུང་པའི་ལུགས་སུ་བཀྲལ་བའི་རྒྱ་ཕེབས་ཀྱི་རིམ་པ་དེ་ཡང་།《རྗེ་མར་པའི་མགུར་ཆེན་ཉེར་ལྔའི་》ནང་ཚན་བདུན་པ། 《བཀྲ་ཤིས་བྱོན་སྐྱེམས་སུ་ཕུལ་བའི་མགུར་ཆེན་》ལས། ཡུལ་རྒྱ་དང་བལ་པོར་ལན་ལྔར་ཕྱིན། །[75]ཞེས་གསུངས་པའི་རྗེ་མར་པའི་རང་རྣམ་གྱི་བཤད་པ་ཞིག་ཡིན་ལ། དེའི་དོན་ཡང་། རྒྱ་གར་ཡུལ་དུ་ལན་ ༣ བལ་པོར་ལན་ལྔ་གཉིས་ཏེ་ལྔ་རྒྱ་དང་བལ་པོར་ཕྱིན་ནས་ཆོས་བསླབས།[76] ཞེས་རྔོག་གཞུང་པའི་སྦྱར་བྱང་ཅན་གྱི་རྣམ་ཐར་སྨད་ཆའི་ནང་དུ་བྱུང་བ་འདི་ཉིད་ཡང་དག་པར་སྦྱར་བ་ཡིན་ན། རྒྱ་གར་ཡུལ་དུ་ལན་གསུམ་བལ་པོར་ལན་གཉིས་ཏེ་ལྔ་རྒྱ་དང་བལ་པོར་ཕྱིན་ནས་ཆོས་བསླབས་ཞེས་བྱུང་བ་འདི་གཞིར་བཟུང་བ་ཡིན་ན། བལ་ཕེབས་གཉིས་ནི་བོད་ནས་རྒྱ་ཕེབས་སྔ་ཕྱི་གཉིས་ཀྱི་སྐབས་དང་། རྒྱ་ཕེབས་སྔ་རྟིང་བར་གྱི་རྒྱ་བཞུད་ནི། ཕྱག་དཔེ་བརླག་པའི་རྐྱེན་གྱིས་བོད་དུ་ཕེབས་མ་གྲུབ་ནས། བལ་ཡུལ་ཕྱོགས་ནས་རྒྱ་ཕེབས་མཛད་སྟབས། བོད་ནས་བལ་ཕེབས་གསུམ་པ་མཛད་རྒྱུ་མེད་པ་འདི་ནི་རང་རྣམ་དང་མཐུན་པར་མ་ཟད། ངོམ་རྫོང་སྟོན་པའི་མར་པའི་རྣམ་ཐར།[77] རྗེ་སྒམ་པོ་པས་མཛད་པའི་མར་པའི་རྣམ་ཐར།[78] བླ་མ་ཞང་གི་རྗེ་མར་པའི་རྣམ་ཐར།[79] 《སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར།》[80] 《རྗེ་མར་པ་ལོ་ཙཱའི་རྣམ་ཐར་ངོ་མཚར་ས་མ་ཡ་》[81]སོགས། རྣམ་ཐར་ཁུངས་བཙུན་ཤོས་རྣམས་ཀྱི་བཤད་པ་དང་ཡང་མཐུན་སྟབས། རྒྱ་ཕེབས་སོགས་ཀྱི་རིམ་པ་འདི་ནི་དོན་དངོས་ཀྱི་ལོ་རྒྱུས་ཡིན་པར་ངེས་སོ། །

ད་ནི་གོང་དུ་བཤད་པའི་ལོ་ཚིགས་རྣམས་ཀྱི་གྲུབ་དོན་མདོར་བསྡུས་པ་ཡིན་ན། རྗེ་མར་པ་ལོ་ཙཱ་ནི་རབ་བྱུང་གོང་གི་ཤིང་སྟག་(༡༠༡༤)ལོར་དབུས་ཀྱི་ལྷོ་བྲག་ཏུ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་བཞེས་པའི་རབ་བྱུང་གོང་གི་ཤིང་གླང་(༡༠༢༥)ལོར་འབྲི་ཀློག་གི་སྦྱང་བ་ལོ་གསུམ་མཛད། དགུང་ལོ་བཅོ་ལྔ་རབ་བྱུང་དང་པོའི་ས་འབྲུག་(༡༠༢༨)ལོར་དཔལ་སྨྱུ་གུ་ལུང་དུ་འབྲོག་མི་མདུན་དུ་ལོ་ཙཱ་ལོ་གསུམ་དུ་བསླབ། དགུང་ལོ་བཅུ་བདུན་བཞེས་པའི་རབ་བྱུང་དང་པོའི་ལྕགས་རྟ་(༡༠༣༠)ལོར་གཉོས་ལོ་གཅེན་གཅུང་གཉིས་དང་འགྲོགས་ནས་རྒྱ་གར་དུ་ཕེབས། བལ་པོར་ལོ་གསུམ་དུ་བཞུགས།  དགུང་ལོ་ཉི་ཤུ་རབ་བྱུང་དང་པོའི་ཆུ་སྤྲེལ་(༡༠༣༣༢)ལོར་བལ་ཡུལ་ནས་རྒྱ་གར་དུ་ཕེབས། གཙོ་བོ་དཔལ་ཆེན་ནཱ་རོ་པ་དང་མཇལ་ནས་ལོ་དྲུག་ཏུ་བསྟེན།   དགུང་ལོ་ཉེར་ལྔ་ས་སྟག་(༡༠༣༨)ལོར་གཉོས་འབྱུང་པོ་དང་འགྲོགས་ནས་བོད་དུ་ཕེབས་ཀྱང་། གཉོས་ལོ་ཡོན་ཏན་གྲགས་ཀྱི་གཅུང་པོ་གཉོས་འབྱུང་པོས་ཕྱག་དཔེ་དུག་མཚོ་ནག་མོར་བསྐུར་བའི་རྐྱེན་ལ་བརྟེན་ནས་རྒྱ་གར་དུ་ལོག་སྟེ་རྒྱ་ཕེབས་གཉིས་པ་མཛད། ལོ་གཅིག་ཙམ་དུ་བཞུགས་ཏེ་མངའ་བདག་མཻ་ཏྲི་པ་སོགས་ལ་མཇལ། དགུང་ལོ་སོ་དྲུག་བཞེས་པའི་ས་ཡོས་ལོའི་(༡༠༣༩) སྟོན་ཁར་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་དང་འགྲོགས་ནས་བོད་དུ་ཕེབས། བོད་དུ་ལོ་གསུམ་བཞུགས་ཏེ་སྣོད་ལྡན་འགའ་ཞིག་རྗེས་སུ་བཟུང་། གསེར་བཙལ་ནས་དགུང་ལོ་ཉེར་དགུར་ཕྱིན་པའི་རབ་བྱུང་དང་པོའི་ཆུ་རྟ་(༡༠༤༢)ལོར་རྒྱ་བཞུད་གསུམ་པ་མཛད་སྐབས། ཇོ་བོ་རྗེ་བོད་དུ་ཕེབས་པའི་ལམ་མཇལ་བྱུང་། རྒྱ་གར་དུ་འབྱོར་དུས་ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས། རི་ཁྲོད་སོགས་གར་བཞུགས་ཆ་མེད་ཀྱི་སྤྱོད་པ་བསྐྱང་སྟབས་ཡུལ་རིང་དུ་མ་མཇལ། ཚོགས་ཀྱི་འཁོར་ལོའི་བསགས་པ་དང་འབྲེལ་ཏེ་འབད་པ་མང་པོས་བཙལ་བས་མཇལ་ནས་གསེར་གྱི་མཎ་ཌལ་སོགས་ཕུལ། ཟླ་བ་བདུན་ལྷག་བསྟེན་ནས་ཏཻ་ལོ་པའི་ལུང་བསྟན་དང་འབྲེལ་ཏེ་གནས་ཕུ་ལ་ཧ་རིར་སྙན་བརྒྱུད་ཀྱི་གདམས་པ་མ་ལུས་པ་མནང་། དེ་ནས་མི་རིང་བར་རབ་བྱུང་དང་པོའི་ཤིང་བྱའི་(༡༠༥༤)ལོ་ལ་བབ་སྟེ། རྗེ་མཻ་ཏྲི་པའི་སྙན་པ་ཕྱོགས་སུ་ཁྱབ་ཅིང་། ལྷག་པར་དུ། ཆོ་འཕྲུལ་བྱ་ལོའི་བདེ་གཤེགས་མཆོད་པའི་དུས་ཆེན་གྱི་སྐབས་སུ། གནས་ལྔ་རིག་པའི་པཎ་གྲུབ་རྣམས་ཀྱི་གཙུག་རྒྱན་དང་མངའ་བདག་གི་སྙན་པ་འབར་བའི་དུས་དེར། རྗེ་མཻ་ཏྲི་པའི་ཞབས་ལ་གཏུག་ནས། མདོ་རྒྱུད་མན་ངག་གི་གདམས་པ་རྣམས་ཚུལ་བཞིན་དུ་མནོས། དེ་ལྟར་རྩོད་མེད་ཡོངས་གྲགས་ཀྱི་མཁས་པ་དང་གྲུབ་ཐོབ་མང་དུ་བསྟེན་ནས། དགུང་ལོ་བཞི་བཅུར་ཕྱིན་པའི་རབ་བྱུང་དང་པོའི་ཆུ་སྦྲུལ་(༡༠༥༣)ལོར་རྒྱ་གར་ནས་ལམ་དུ་ཞུགས་ཏེ་ཆུ་བོ་གང་གཱ་བརྒལ། རབ་བྱུང་དང་པོའི་ཤིང་རྟ་(༡༠༥༣)ལོར་བལ་ཡུལ་རིན་ཆེན་གཙུག་ལག་ཁང་དུ། པེཎ་དྷ་བས་སྐུལ་ངོར་《མཚན་ལྟས་ཟློས་པའི་མགུར་ཆེན་》བཞེངས། དུས་དེར་མཻ་ཏྲི་པ་སྐུ་གཤེགས་པ་ཡང་ཤུགས་ནས་གསལ། དེ་ནས་མི་རིང་བར་བོད་དུ་ཕེབས་ཏེ་བླ་མའི་ཞལ་ཆོས་དང་ལུང་བསྟན་ལྟར་དུ། མཚན་ལྡན་གྱི་རིག་མ་བཞེས་ཤིང་སྐལ་ལྡན་གྱི་གདུལ་བྱ་བསྐྱངས་ནས། བཤད་བརྒྱུད་དང་སྒྲུབ་བརྒྱུད་ཀྱི་བསྟན་པ་ནམ་ལངས་ལ་ཉི་མ་ཤར་བ་ལྟར་མཛད་དེ། དགུང་ལོ་བརྒྱད་ཅུ་བཞེས་པའི་རབ་བྱུང་གཉིས་པའི་ཆུ་བྱ་(༡༠༩༣)ལོའི་རྟ་ཡི་ཟླ་བ་ར་བའི་ཚེས་བཅུ་བཞི་ཉི་མ་རྩེ་ཤར་བའི་དུས། རླུང་སེམས་ལས་སུ་རུང་བའི་འཕོ་བའི་རྟགས་དང་བཅས་ཏེ་སྐུ་མྱ་ངན་ལས་འདས་པར་བཤད་དོ། །

བཞི་པ། རྩིས་ཀྱི་ལྷ་ཁང་ནང་ནས་ལྷན་འཛོམས་བྱུང་བ་མིན་འགྲོ།
༡ འཛོམ་སའི་གནས་ཀྱི་བཞེད་པ་མི་མཐུན་པའི་སྐོར།

དེ་ཡང་རྗེ་མར་པ་དང་གཉོས་གཅེན་གཅུང་གསུམ་པོ། གང་ནས་མཇལ་འཛོམས་བྱུང་བའི་ཡུལ་ཕྱོགས་དང་། གནས་གཞི་གང་ཡིན་སོགས་ཀྱི་ཁྱད་པར་ལ་བཞེད་པ་མི་མཐུན་པ་འགའ་ཞིག་བྱུང་སྟབས།  ཕྱོགས་མཚམས་ངོས་འཛིན་ལྟ་བུའི་ལས་བྱ་ཞིག་ཏུ་གནས་མེད། དཔེར་ན།《རྗེ་མར་པའི་རྣམ་ཐར་ངོ་མཚར་ས་མ་ཡ་》ལས་ནི། བལ་ཡུལ་དུ་ལོ་གསུམ་བཞུགས་ནས་རྒྱ་གར་དུ་བྱོན་སྐབས། བལ་ཡུལ་ནས་གཉོས་འབྱུང་པོ་དང་མཇལ་འཛོམས་བྱུང་སྟེ། རྒྱ་ངག་སྙུང་འདེབས་བྱས་ནས་རྒྱ་གར་དུ་ཕེབས་པར་བཤད་ཡོད་ལ།[82] རྗེ་སྒམ་པོ་པས་མཛད་པའི་《རྗེ་མར་པ་དང་རྗེ་བཙུན་མི་ལའི་རྣམ་ཐར་》སོགས་འགའ་ཞིག་ཏུ་ནི། གཉོོས་ལོ་ལམ་གྲོགས་ཡིན་པའི་ཟུར་ཙམ་ལས། གང་ནས་འགྲོགས་ཏེ་བྱོན་པ་སོགས་མི་གསལ་ཞིང་། རྔོག་ཆོས་སྐུ་རྡོ་རྗེས་མཛད་པའི་《བླ་མ་མར་པ་ཆོས་ཀྱི་ལོ་རྒྱུས་ཐུན་མོང་མ་ཡིན་པ་》དང་།[83]《ཁ་རག་གཉོས་ཀྱི་གདུང་རབས་།》[84]《རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ་》[85]སོགས་ལས་ནི། བོད་ནས་རྒྱ་བཞུད་ཀྱི་ལམ་གྲོགས་མཛད་ནས་ཕེབས་པར་གསལ་ཡང་། གནས་གང་ཞིག་ནས་མཇལ་འཛོམས་བྱུང་བའི་སྐོར་ལ་གསལ་ཁ་མེད་ཅིང་། འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ།》[86] འབྲུག་པདྨ་དཀར་པོའི་《ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་》[87]སོགས་སུའང་། མང་ཡུལ་ཕྱོགས་ཀྱི་ལམ་ཁ་ཞིག་ནས་སྟབས་ཀ་འགྲིགས་ཏེ་བྱོན་པར་བཤད་པ་ལས། ས་གནས་དམིགས་བསལ་བའི་གསལ་ཁ་འཁོད་མེད།

གསལ་ཁ་ཡོད་ཀྱང་བཞེད་པ་མི་གཅིག་པ་ནི།《སྦྱངས་པ་ཅན་བླ་མ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་》[88]གྱི་ནང་དུ། མར་གཉོས་རྣམ་གསུམ་མཇལ་འཛོམས་ཀྱི་གནས་ནི། གཙང་མྱང་སྟོད་རྩིས་ཀྱི་ལྷ་ཁང་ཡིན་པར་བཤད་ལ།《རྣམ་ཐར་མཐོང་བ་དོན་ཡོད་》[89]ལས་ནི། ཉང་སྟོད་རྩིས་གནས་གསར་ཡིན་པར་བཞེད། དེེ་གཉིས་ནི་འཛོམ་སའི་གནས་གཞི་མི་གཅིག་པ་ཙམ་ལས། ཡུལ་ཕྱོགས་ཀྱི་ཆ་ནས་གཞི་གཅིག་ཏུ་འབབ་ཐུབ་ཀྱི་ཡོད།

༢ རྩིས་ལྷ་ཁང་དང་རྩིས་གནས་གསར་ལྷ་ཁང་གི་སྐོར།

གནས་གཞི་མི་གཅིག་པའི་ཧེ་བག་གི་ངོས་ནས་བཤད་པ་ཡིན་ན། མྱང་སྟོད་རྩིས་ཀྱི་ལྷ་ཁང་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། ལྕེ་ཁྲི་བཟང་ལྷ་སྦྱིན་གྱིས་དམག་དཔོན་བྱས་པའི་སྡིག་སྦྱངས་སུ་བཞེངས་པར་བཤད་ཅིང་། བསྟན་པ་ཕྱི་དར་གྱི་དུས་སུ་ཡང་རྩིས་ལྷ་ཁང་གནས་གཞི་བྱས་ནས། སྦ་བཙུན་བློ་གྲོས་ཡོན་ཏན་ནས་བརྒྱུད་དེ་རྩིས་ནས་མཆེད་པ་ལ། སྦ་ཚོ་སྨད་པ་ཞེས་ཞེས་བསྟན་པའི་གནས་གཞི་བསྐྱར་དར་གྱི་གོ་ས་ཡོད། འོན་ཀྱང་ཇོ་ནང་ཏཱ་ར་ན་ཐའི་སྐུ་དུས་སུ་རྗེས་ཤུལ་ཙམ་ལས་མེད་པར་མངོན་ཏེ།《མྱང་ཆོས་འབྱུང་》 ལས།[90] རྩིས་གནས་གསར་གྱི་མྱང་ཆུ་དང་ཉེ་བའི་སར་ཁྲི་སྲོང་ལྡེའུ་བཙན་དུས་ཀྱི་གཙུག་ལག་ཁང་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་ལྕེ་ཁྲི་བཟང་ལྷ་བྱིན་གྱིས་རྩིས་ཀྱི་ལྷ་ཁང་བཞེངས་པ་དེའི་ཞིག་ཤུལ་ཞིག་ཀྱང་ཡོད། ཅེས་བཤད་ཡོད།

རྩིས་གནས་གསར་ལྷ་ཁང་ནི། 《མྱང་ཆོས་འབྱུང་》ལས། ཁྲི་རལ་གྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་དམ་བཅས་པའི་ནང་ཚན་རྟིང་མའི་མཇུག་རང་དུ་བཏབ་ནས། གཙུག་ལག་ཁང་སྟོང་རྩ་བརྒྱད་ཚང་མ་ཚངས་ཀྱི་གྲངས་རྩིས་ས་ཡང་འདིར་ཡིན་པས། རྩིས་གནས་གསར་དུ་ཐོགས་པའི་གཙུག་ལག་ཁང་ནུབ་མ་འདི་ཁྲི་རལ་གྱིས་བཏབ་པ་ཡིན་ལ་དེང་སང་རྒྱ་ཕེབས་ཟེར། དེར་གཙོ་བོ་རྣམ་པར་སྣང་མཛད་མི་བཞི་རྒྱབ་སྤྲོད་དང་ཉེ་བའི་སྲས་བརྒྱད་ཡོད་དོ། །[91] ཞེས་གསར་བཞེངས་མཛད་པོ་དང་། མཚན་གྱི་ཐོགས་སྟངས། ནང་བཞུགས་རྟེན་གཙོ་སོགས་མདོར་བསྡུས་ཚིག་གིས་གསལ་བར་བྱས་ཡོད་པ་མ་ཟད། གཏེར་སྟོན་འགའ་ཞིག་དཀོན་གཉེར་གྱི་གཡོག་ཏུ་བརྫུས་ནས། རྟེན་གཙོའི་རྣམ་སྣང་གི་སྐུ་རྒྱབ་ཕྱོགས་ནས་བྲུས་ཏེ་སྐྱེ་བདུན་རིལ་བུ་འཁྱེར་ཚུལ་དང་། གཏེར་སྟོན་གཞན་ཞིག་གིས་སློབ་མ་ལ་ངན་སྐུལ་བྱས་ནས། རྟེན་གཙོའི་རྩ་ཆེ་བ་དག་རྐུ་འཁྱེར་བཟོས་པའི་འཕྲོས་བཤད་ཀྱང་མཛད་འདུག།།

གསུང་འདིའི་ནང་དུ་ལོ་རྒྱུས་ཀྱི་དོན་དངོས་དང་འབྱོར་དཀའ་བ་ནི། ཁྲི་རལ་གྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་དམ་བཅས་ཚུལ་དང་། ཁྲི་རལ་གྱིས་བཞེངས་པའི་གཙུག་ལག་ཁང་སྟོང་རྩ་བརྒྱད་ཀྱི་རྟིང་མ་རྩིས་གནས་གསར་གྱི་ལྷ་ཁང་ཡིན་པར་བཤད་པ་འདི་ཡིན།

འདི་ལ་ལོ་རྒྱུས་དང་ཆོས་འབྱུང་གཞན་དུ་ཡང་བཤད་སྲོལ་མི་གཅིག་པ་འགའ་ཞིག་བྱང་འདུག་སྟེ།《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》དང་།[92] ནེའུ་པཎ་ཌི་ཏ་གྲགས་སྨོན་ལམ་གྱིས་མཛད་པའི་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》[93]སོོོགས་སུ། གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཀྱིས་གྲངས་མ་ཐེམ་པའི་ཁ་སྐོང་དང་། ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་གྲངས་བརྩི་ས་ཡང་ཉང་རོ་རྩིས་ཀྱི་ལྷ་ཁང་ཡིན་པར་བཤད་སྟབས། གཙུག་ལག་ཁང་གི་གྲངས་དང་མཚན་གྱི་སྐོར་ནས་བཤད་ཚུལ་གཞན་དུ་གྱུར་ཡོད་ལ།

《བུ་སྟོན་ཆོས་འབྱུང་》[94]ནང་གི་མཆན་དང་། 《ཚལ་པའི་དེབ་དམར།》[95]《ཆོས་འབྱུང་མཁས་པའི་དགའ་སྟོན་》[96]སོགས་སུ་ནི། ཁྲི་རལ་ཡན་ཆད་དུ་བོད་ཀྱི་རྒྱལ་བློན་རྣམས་ཀྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་བཤད་པ་ལས། མངའ་བདག་ཁྲི་རལ་རྐྱང་པས་སྟོང་རྩ་བརྒྱད་བཞེངས་པར་བཤད་མེད་ལ།   ཆོས་འབྱུང་རྣམས་སུ་མྱང་སྟོད་རྩིས་དང་མྱང་སྟོད་རྩིབས་ཞེས་དོན་གཅིག་མིང་གི་རྣམ་གྲངས་སུ་སྦྱར་བར་བྱས་པ་དང་། དེ་ཡང་ཡུལ་གྱི་མིང་དུ་བཀོལ་ཡོད། དེས་ན་རྩིས་ལྷ་ཁང་ནི་ས་སྐྱ་དགོན་ཞེས་སྦྱར་བ་བཞིན་དུ། ས་གནས་ཀྱི་མིང་གི་ཁྱད་པར་བྱས་པ་ཙམ་ལས་སྒྲ་བཤད་དམིགས་བསལ་བྱ་རྒྱུ་མེད། རྩིས་གནས་གསར་ཡང་དེ་ལ་ལྟོས་ནས་སྦྱར་བའི་དོན་ལས། གཙུག་ལག་ཁང་གི་རྩིས་གྲངས་གཞལ་བའི་རྒྱུ་མཚན་གྱིས་རྩིས་གནས་གསར་ཐོགས་པའི་བཤད་པ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་དཀའ། མཚན་དངོས་ལ་ཡང་། ལྷ་ཁང་ཁྲབ་སྒོ་ཅན་ཞེས་འབོད་པ་སོགས་ཀྱི་དོགས་གཞི་མང་།

དངོས་འབྲེལ་གྱི་ལོ་རྒྱུས་གང་ཡིན་ཞེ་ན། གོང་དུ་བཤད་པ་དེ་དག་གུང་བསྒྲིགས་ནས་གཞིགས་པ་ཡིན་ན། ཉང་སྟོད་རྩིས་གནས་གསར་གྱི་ལྷ་ཁང་ནི། བོད་ཀྱི་རྒྱལ་བློན་རྣམས་ཀྱིས་བཞེངས་པའི་གཙུག་ལག་ཁང་སྟོང་རྩ་བརྒྱད་ཀྱི་མཐའ་རྟེན། མངའ་དག་ཁྲི་རལ་ཡན་དུ་རྒྱ་བོད་ལི་ཡུལ་སོགས་སུ་གཙུག་ལག་ཁང་ཇི་ཙམ་བཞེངས་པའི་རྩིས་ཀྱང་གནས་གཞི་འདི་རུ་བཏབ་ཏེ། ལོ་རྒྱུས་དང་ཆོས་འབྱུང་རྣམས་སུ། འདི་ཡན་ལ་རྒྱལ་བློན་རྣམས་ཀྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་བྱས་སོ་ཞེས་དང་[97]། གཙུག་ལག་ཁང་སྟོང་རྩ་བརྒྱད་ཚང་མ་ཚངས་ཀྱི་གྲངས་རྩིས་ས་ཡང་འདིར་ཡིན་པས། རྩིས་གནས་གསར་དུ་ཐོགས་པའི་གཙུག་ལག་ཁང་ནུབ་མ་འདི་ཁྲི་རལ་གྱིས་བཏབ་པ་ཡིན་ལ།[98] ཞེས་པའི་ཚིག་འདི་དག་བྱུང་བར་མངོན་ཞིང་།

གཙང་མྱང་སྟོད་རྩིས་ཀྱི་ལྷ་ཁང་ནི། མངའ་བདག་ཁྲི་རལ་པ་ཅན་གྱིས། ཡབ་མེས་རྣམས་ཀྱི་ཐུགས་དམ་དུ་བཞེངས་པའི་དམ་བཅས་ཏེ་འཕྲོ་ལུས་པ་དག་བཞེངས། ཞིག་རལ་ཏུ་སོང་བ་རྣམས་ཉམས་གསོ་མཛད་དེ། གཙུག་ལག་ཁང་དེ་རྣམས་ཀྱི་དཀར་ཆག་གི་གྲངས་རྩིས་གནས་འདིར་བཏབ་རྐྱེན། བྲག་དམར་དང་དཀར་ཆུང་ལ་སོགས་པ་ཡབ་མེས་ཀྱི་ཐུགས་དམ་བཞེངས་པའི་འཕྲོ་ཐམས་ཅད་ཀྱང་མ་ལུས་པ་བཞེངས། ཞིག་རལ་སོང་བ་རྣམས་གསོས། གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཀྱི་གྲངས་མ་ཚང་བ་དག་ཀྱང་ཁ་བསྐངས་ཏེ། ཉང་རོ་རྩིས་ཀྱི་ལྷ་ཁང་དུ་རྩིས་བཏབ།[99] ཅེས་བཤད་པའི་གཏམ་འདི་དག་བྱུང་བ་མིན་འགྲོ་སྙམ་ཞིང་།

《རྒྱ་བོད་ཡིག་ཚང་ཆེན་མོ་》ལས། ཡབ་མེས་ཀྱིས། གཙུག་ལག་ཁང་བཞེངས་པར་དམ་བཅས་ནས། མ་འབྱོངས་པ་རྣམས་གསོས། རྒྱ་ནག་རི་བོ་རྩེ་ལྔར་ལྷ་ཁང་དང་། ཤ་ཆུ་སྡོང་བཙན་དུ། མཚོའི་དཀྱིལ། ལྕགས་ཀྱི་སྡོང་པོའི་སྟེང་དུ། སངས་རྒྱས་སྟོང་རྩའི་ལྷ་ཁང་དང་། གླང་ཡུལ་དུ། རིང་པོ། གསུམ་པར། སླེའུ་འཕྲུལ་གྱི་ཀྲེའི་དང་འོག་ཏུ། ཀ་བྲག་དཀོན་མཆོག་འབྱུང་གནས། བོད་དུ་བྱམས་ཆེན་ལྷ་ཁང་། ཉང་རོ་རྩིས་གནས་གསར་དུ། ལྷ་ཁང་ཁྲབ་སྒོ་ཅན་རྣམས་བཞེངས། ཞེས་དང་། ལར་ན། འདི་ཡན། བོད་ཀྱི་རྒྱལ་བློན་རྣམས་ཀྱིས་རྒྱ་བོད་དུ། གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་འདོད་དོ། །[100] ཞེས་བཤད་པ་འདི་ཉིད་ཀྱིས་ཀྱང་ཁོ་བོའི་གོ་བ་ལེན་སྟངས་ལ། གཏན་ཚིགས་ཀྱི་སྒྲོམ་གཞི་ངེས་ཅན་ཞིག་ཡོད་པ་ནི་གོ་བར་ནུས།

འོན་ཀྱང་། ཤ་ཆུའམ་ལི་ཡུལ་གྱི་ཏུན་ཧོོང་སྟེ། ཏུན་ཧོང་ཞེས་པའི་ཐ་སྙད་འབྱུང་ཁུངས་བོད་འབྲེལ་གྱི་དབང་དུ་བྱས་ན་སྟོང་སྐུ་ཞེས་གྲགས་པའི་གནས་དེར། སངས་རྒྱས་སྟོང་གི་བྲག་ཕུག་བཞེངས་པའི་བཤད་པ་འདི་ཉིད་དཔྱད་གཞིར་བཟུང་བ་ཡིན་ན།  ཁྲི་རལ་གྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་བཤད་པ་འདི་ལ་ཡང་། གོ་བ་ལེན་སྟངས་དང་འགྲེལ་བཤད་གནང་ཚུལ་གཞན་ཞིག་ཡོད་པའང་སྲིད་རྐྱེན། ཡང་དག་པ་ནི་ཞིབ་འཇུག་གི་ལམ་ནས་དཔྱད་འབྲས་མངོན་དགོས་པ་ཡིན་གཤིས། འདིར་མང་དུ་བྲིས་ན་ཚིག་ཚོགས་མོད་པའི་སྐྱོན་དང་། སྐབས་དོན་སྒྲིབ་པའི་རྐྱེན་དུ་མི་འགྱུར་བའི་ངེས་པ་མེད་པས། འབྲེལ་ཡོད་ཀྱི་རྒྱུན་ཤེས་དེ་ཙམ་གྱིས་མཐུས་པར་བྱས་ནས་བཞག་གོ །

༣ འཛོམ་གནས་རྩིས་ལྷ་ཁང་ཡིན་པའི་མཐའ་བསྡོམས་ཀྱི་སྐོར།

སྐབས་དོན་བསྡུ་ན། རྗེ་མར་པ་ལོ་ཙཱ་གཉོས་གཅེན་གཅུང་གཉིས་དང་མྱང་སྟོད་རྩིས་ལྷ་ཁང་དང་། རྩིས་གནས་གསར་གྱི་ལྷ་ཁང་གང་ནས་འཕྲད་པར་བྱས་ཀྱང་། ས་གནས་ཀྱི་ཆ་ནས་ཧེ་བག་ཆེན་པོ་མེད་ཅིང་། རྣམ་ཐར་སྔ་མའི་གྲལ་དུ་གཏོགས་པའི་《སྦྱངས་པ་ཅན་བླ་མ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་》དང་།[101]《རྗེ་མར་པའི་རྣམ་ཐར་གསང་བ་མཛོད་ཀྱི་ལྡེ་མིག་།》[102]རྣམས་སུ། མར་གཉོས་རྣམ་གསུམ་ལྷན་འཛོམ་གྱི་གནས་གཞི་ནི། མྱང་སྟོད་རྩིས་ཀྱི་ལྷ་ཁང་ཡིན་པར་བཤད་པའི་ལུགས་སུ་བྱས་ནས་བཞག་ན། བྱུང་བ་རིག་པའི་སྤྱི་འགྲོས་ཀྱི་ལུགས་དང་མཐུན་ཆེ་བས། འཛོམ་གནས་མྱང་སྟོད་རྩིས་ཀྱི་ལྷ་ཁང་ཡིན་པའི་མཐའ་བསྡོམས་བྱས་པ་ཡིན་ནོ། །

ལྔ་པ། རྒྱ་དང་བལ་པོར་ཕེབས་ནས་དགོངས་བཞེད་ལྷུན་གྱིས་གྲུབ་པ།
༡ བོད་ནས་ལྷན་དུ་འཛོམས་ཏེ་བལ་པོའི་ཡུལ་དུ་ཕེབས་པ།

 དེ་ཡང་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་(༡༥༧༡-༡༦༡༦)གྱིས་མཛད་པའི་《སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ་》དང་།[103] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་(༡༧༣༧-༡༨༠༢)མཛད་པའི་《ཐུའུ་བཀྭན་གྲུབ་མཐའ་》[104]སོགས་ལས་བཤད་པ་བཞིན་དུ། གསང་སྔགས་གསར་མའི་བསྟན་པའི་སྲོལ་འབྱེད་པ་གསུམ་གྱི་ཡ་གྱལ་དང་གཙོ་བོ། འགོས་ལོ་ཙཱ་བའི་《དེབ་སྔོན་》ལས་ཀྱང་། གངས་ཅན་གྱི་རྒྱུད་འདིར་བཤད་སྒྲུབ་གཉིས་ཀའི་སྒོ་ནས་བསྟན་པའི་བདག་པོར་གྱུར་པ་ནི་རྗེ་མར་པ་ལྷོ་བྲག་པ་ཡིན་[105] ཞེས་གསུངས་པ་ཇི་བཞིན། མར་པ་ལོ་ཙཱ་ནི་བོད་བརྒྱུད་ནང་བསྟན་ཁྲོད་དུ་དམིགས་བསལ་གྱི་རླབས་ཆེ་བའི་མི་སྣར་ཞིག་ཏུ་གྱུར་ཡོད། དེ་ནི་སྟབས་ལེགས་ལྟེས་དབང་གིས་རྐྱེན་པས་བྱུང་བ་མ་ཡིན་པར། རླབས་ཆེན་གྱི་ཕུགས་བསམ་ལ་ཆོད་སེམས་ཀྱི་སྤོབས་པས་བསྐུལ་ཏེ། ཞུམ་མེད་ཀྱི་བརྩོན་པ་དང་འགྲོགས་ནས་བྱུང་བའི་གོ་རིམ་ངེས་པ་ཅན་ཞིག་ཏུ་གནས།

དེ་ལ་དམ་པ་ཁོང་གི་རླབས་ཆེན་གྱི་ཕུགས་བསམ་ནི།《རྒྱ་གར་དུ་འབྱོན་པའི་ཞེ་བཅས་མཛད་པའི་མགུར་》ལས་བྱུང་བ་ལྟར་དུ། མི་ཚེའི་རིན་ཐང་དམ་པའི་ཆོས་ལས་འཚོལ་བའི་དགོངས་པ། དྲི་མེད་བསྟན་པ་འཕགས་པའི་ཡུལ་ནས་བཙལ་བའི་ཐུགས་དགོངས། འཕགས་ཡུལ་པཎ་གྲུབ་རྩོད་མེད་བསྟན་པའི་དགོངས་འདུན། མཁས་དང་གྲུབ་པའི་བླ་མ་བྱེད་པའི་དམ་བཅའ། གསང་སྔགས་གསར་མས་བོད་ཡུལ་དཀར་པོར་གཏང་བའི་ཕུགས་བསམ་བཅས་འཆང་ནས། དགུང་ལོ་བཅུ་བདུན་བཞེས་པའི་རབ་བྱུང་དང་པོའི་ལྕགས་རྟ་(༡༠༣༠)ལོར་འཕགས་ཡུལ་དུ་ཞལ་ཕྱོགས་ཏེ་ཕེབས་པའི་ལམ་ཁར། མྱང་སྟོད་རྩིས་ཀྱི་ལྷ་ཁང་དུ་ཞག་བཞུགས་མཛད་པའི་ནངས་ཀ།།བན་ཆེན་པོ་ཞིག་འཁོར་གཡོག་རྟ་དྲིལ་དང་བཅས་ཏེ་ཕྱགས་ཕེབས་བྱུང་། དེ་ཡི་དྲུང་དུ་སོང་ནས་ཚད་མཐོ་བའི་གུས་ལུགས་དང་འབྲེལ་ཏེ་ཕྱག་ཅིག་ཕུལ་བས། གཉོས་ཡོན་ཏན་གྲགས་ཀྱིས་སྐྱེ་བོ་རང་ག་བ་ཞིག་མ་ཡིན་པ་ཤེས་རྟོགས་བྱུང་ཞིང་། མར་པ་ལ་གང་ནས་ཡིན་ཚུལ་དང་གང་དུ་འགྲོ་བའི་དྲི་བ་གནང་། དྲིས་ལན་ཕུལ་རྗེས་གསེར་ཅི་ཙམ་ཡོད་ཅེས་བསྐྱར་འདྲི་བྱུང་། གསེར་ཆེན་པོ་མེད་པའི་སྐོར་རྣམས་ཞུས་རྟིང་། གཉོས་ཡོན་ཏན་གྲགས་ཀྱིས་གསུང་རྒྱུར། གསེར་མེད་ན་རྒྱ་གར་ནས་ཆོས་འཚོལ་བའི་དགོས་དོན་མི་འགྲུབ་པས། ཁྱོད་རང་ཕ་ཡུལ་ལྷོ་བྲག་ཏུ་སོང་ཞེས་ཚོད་བགམ་དང་འབྲེལ་བའི་ཞལ་ཏའི་ཚུལ་དུ་གསུངས། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་འཆི་བ་སྲོག་ལ་བབ་ཀྱང་ཕྱིར་ལྡོག་མེད་པའི་དམ་བཅའ་དང་ཕུགས་འདུན་ཡོད་པའི་བསམ་ཚུལ་རྣལ་མ་ཞུས་རྗེས། འདི་འདྲའི་ལོ་ན་ཕྲ་བ་ཞིག་ལ་རླབས་ཆེན་གྱི་ཕུགས་བསམ། ཆོད་སེམས་ཀྱི་སྙིང་སྟོབས་ཡོད་པ་སོགས་གང་ལ་དཔག་ཀྱང་། རླབས་ཆེན་གྱི་མི་སྣ་ཞིག་ཏུ་འགྱུར་བ་གདོན་མི་བྱ་བར་མཁྱེན་ཏེ། སྐུ་འཁོར་དུ་བཀུག་ནས་ཕྲིན་ལས་སྤེལ་བའི་ཕོ་ཉར་འགྱུར་བའི་ཐུགས་སྨོན་འཁྲུངས། གནས་དེར་གཉོས་འབྱུང་པོ་ཞུ་བ་ཞིག་གཟིམ་ནས་འདུག་པ་ཡར་བཞེངས་ཏེ་ཁོང་རྣམས་ལ་ཇ་དྲངས། དེ་ནས་རབ་བྱུང་གོང་གི་ཤིང་ཕག་(༩༧༥) ལོ་པ་དགུང་ལོ་ང་དྲུག་བཞེས་པའི་བན་ཆེན་ནམ་བཙུན་པ་གཉོས་ཡོན་ཏན་གྲགས་ནི། སྔར་རྒྱ་གར་དུ་འབྱོན་མྱོང་བར་མ་ཟད། ཐེངས་འདིའི་རྒྱ་ཕེབས་སྐབས་སུ་རང་གི་གཅུང་པོ་གཉོས་འབྱུང་པོ་སོགས་སྐུ་འཁོར་ཡང་མང་དུ་མཆིས། འོན་ཀྱང་གཉོས་ལོ་ཐུགས་གཤིས་བཟང་ཞིང་མར་པ་སྐུ་འཁོར་དུ་འགུགས་པའི་ཐབས་ཇུས་དང་སྦྲགས་ཏེ་གསུང་རྒྱུར། ཆོས་ཀྱི་བློ་གྲོས་ལགས་ཁྱོད་རང་གལ་ཏེ་འཐད་པ་ཡིན་ན། ང་རང་དང་འགྲོགས་ནས་ངའི་ཞབས་ཕྱི་གྱིས་དང་། ལམ་རྒྱགས་ཀྱི་བྲོ་དང་འབུལ་བའི་གསེར་ཡང་གང་འཚམས་གནང་ཞེས་གསུངས་རྗེས། མར་པས་ཀྱང་དེ་བཞིན་བསྒྲུབ་པའི་ཞལ་ཆད་བྱས་ཏེ་བོད་ནས་ལམ་ལ་བཏེག་སྟེ་བལ་ཡུལ་དུ་ཕེབས། མི་མངོན་པའི་རྒྱབ་ལྗོངས་གཉོས་ལོའི་དགོངས་པ་དང་མཐུན་པར་གཅུང་གཉོས་འབྱུང་པོས་མར་པ་དང་སྐྱིད་སྡུག་མཉམ་ཁུར་གྱི་འདུན་མ་གཏམ་སྟེ། “ཁོང་ཅག་གཉིས་པོ་སྙིང་དང་འདྲ་བའི་གྲོགས་པོ་བྱས་ནས། དེ་ཡང་གཅིག་གིས་གཅིག་ལ་པཎ་ཌི་ཏ་ཁྱད་པར་ཅན་དང་མཇལ་ན་སྐད་གཏོང་བར་བྱས། ན་ཚ་བྱུང་བ་ལ་སོགས་པ་བྱུང་ན་གཅིག་གིས་གཅིག་མི་འབོར་བ་བྱས་ནས། གྲོགས་པོ་སྙིང་སྤྲད་པའི་ཤ་མ་ཡིན་པར་བྱས།”[106] རྒྱ་ངག་སྙུང་འདེབས་དང་བཅས་ཏེ་བྱོན་པའི་ལམ་བར་ནས། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་གཉོས་ལོའི་མཚན་མོ་རྐུ་ཇག་གི་མེལ་ཚེ་མཛད། ཉིན་མོ་ཐབ་ཀའི་གསོལ་གཡོག་བྱས་ནས་དཀའ་སྤྱད་དང་འགྲོགས་ནས་ཕེབས། མར་པའི་སྤྱོད་ལམ་ཟབ་པ་དེ་ལ་གཉོས་ལོའི་ཐུགས་རབ་ཏུ་མཉེས། གསེར་གྱི་གནང་སྦྱིན་ཡང་མཛད། བལ་ཡུལ་དུ་ཞབས་སོར་བདེ་བར་འཁོད་དོ། །

ལམ་ཡིག་གི་བཤད་པ་འདི་ནི། 《སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར་》དང་།[107] 《རྗེ་བཙུན་མར་པའི་རྣམ་ཐར་ངོ་མཚར་ས་མ་ཡ།》《རྗེ་རིན་པོ་ཆེན་མར་པའི་རྣམ་པར་ཐར་པ།》[108]《ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པར་འཕགས་པ་》[109]སོགས་ལས་བཏུས་ཏེ། མདོར་བསྡུས་གོ་བདེའི་ལམ་ནས་བཀོད་པ་ཡིན།

༢ བལ་པོའི་ཡུལ་ནས་གྱེས་ཏེ་རྒྱ་གར་ཡུལ་དུ་འཕྲད་པ།

 དེ་ནི་རྗེ་མར་གཉོས་རྣམ་གསུམ་གྱིས་དགུན་དུས་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ཏེ་བལ་པོར་ཐོན། 《ལྷོ་ལ་ཡག་ཏུ་བཞེངས་པའི་མགུར་》ལས། བདག་བལ་ཡུལ་གྱི་ལམ་དུ་ཞུགས་ཙ་ན། །གཅན་འཕྲང་དང་ཆུ་ལ་རྒལ་དུས་མེད། །ནགས་མཐུགས་པོ་གཅིག་ལ་ཐོན་དུས་མེད། །ལམ་རིང་པོ་གཅིག་ལ་འགྲོད་དུས་མེད། །ལམ་དེ་ཀུན་གྱི་བདེ་དོག་མཐོང་ཙ་ན། །བྱ་དགུང་ལ་འཕུར་བ་གཤོག་པ་འདར། །འོན་ཀྱང་ངལ་དུབ་སྤྱད་རིན་ཆོག །ཡུལ་ལྷ་ལས་བབ་པའི་བལ་པོར་མཐོང་། །ཕྱི་འདོད་ཡོན་ལྟ་བས་ཆོག་མི་ཤེས། །མི་འདོད་ཁམས་ཀྱི་ལྷ་བྲན་ཡིན་ནམ་སྙམ། །དུས་སྐལ་པ་བཟང་པོ་འདུག་གམ་སྙམ། །ལམ་བགྲོད་པར་དཀའ་ཡང་ཕྱིན་ཏེ་ལེགས། །[110] ཞེས་བལ་ཕེབས་ལམ་མགུར་བསྡུས་པ་འདིའི་ནང་དུ་བྱུང་བ་ལྟར་དུ། རི་བོ་ཆེན་པོའི་གངས་ཁྲོད་ཀྱི་གྲང་ལྷགས་གཤགས་ཏེ། རྐུ་འཕྲང་གཅན་གསུམ་གྱི་འཇིགས་པ་བརྒྱུད་ནས་བལ་པོའི་གནས་སུ་སླེབས་དུས། བལ་ཡུལ་ནི་དྲོ་གྲང་ཆ་སྙོམས་ཤིང་། བཟའ་བཏུང་ལོངས་སྤྱོད་ཀྱང་འཛོམས་པོ་ཡིན་པ། ནང་པའི་བསྟན་པ་ཡང་ཉི་མ་གུང་ལ་སླེབས་པ་ལྟ་བུའི་དུས་སུ་ཁེལ་བས། བློ་བུར་དུ་ལྷ་ཡུལ་ལ་ཐོན་པ་མིན་འགྲོ་སྙམ་པའི་བསམ་པ་བྱུང་། དེ་ནས་གཅེན་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ནི། ནག་པོ་ཞབས་ཆུང་བ་མཇལ་བའི་སླད་དང་འབྲེལ་ཏེ་བལ་ཡུལ་ནས་རྒྱ་གར་དུ་མར་ཐད་ཀར་ཕེབས། གཅུང་གཉོས་འབྱུང་པོ་དང་མར་པ་གཉིས་ནི་ཚད་པ་ལ་འདྲིས་པའི་ཆེད་དང་། ལོ་ཙཱའི་སྦྱངས་པ་མཐར་ཕྱིན་པའི་དོན་དུ་གནས་སྐབས་བལ་ཡུལ་དུ་བཞུགས་རྒྱུ་བྱས། དེ་ཡང་དགེ་ཆོས་ཀྱིས། ལྷག་པར་བལ་ཡུལ་དུ་ནི་སྔོན་གྱི་ཕམ་མཐིང་པ་སོགས་ལས་མཆེད་པའི་གསང་འདུས་དང་། །གཞན་ཡང་མཻ་ཏྲཱིའི་ལུགས་ཀྱི་རྣལ་འབྱོར་མ། བདེ་མཆོག་སོགས་བརྒྱུད་པ་མ་ཆད་པར་ཡོད་ཟེར་ཞིང་། སྐབས་སྐབས་སུ་མི་བརྒྱ་ཕྲག་རེ་གཉིས་བསྡུས་ནས་དབང་དང་ཚོགས་འཁོར་བྱེད་པ་སོགས་ཀྱང་ཡོད་འདུག །[111] ཞེས་བཤད་པའི་དུས་ཕྱིས་སུ་ཡང་ཡོད་པའི་ཆོས་ཚོགས་དེ་རུ་མར་པ་དང་འབྱུང་པོ་རྣམ་གཉིས་ཕེབས། དེ་ཡིས་མཚམས་འབྱོར་གྱི་རྐྱེན་བྱས་ཏེ་ཕམ་མཐིང་པ་སྐུ་མཆེད་ལ་དད་ནས་ཞབས་ལ་གཏུག །རྒྱུད་ཀྱི་བཤད་པ་པ་འགའ་ཞིག་ཀྱང་གསན། གཉོས་འབྱུང་པོ་ལ་ཡང་བལ་པོ་ཕམ་མཐིང་པ་ལས་བརྒྱུད་པའི་རྒྱུད་ཅིག་གི་བརྒྱུད་པ་ཡོད་པར་གྲགས་པས། རྒྱུད་ཀྱི་བཤད་པ་གསན་པའི་ཉིན་གཅིག་གི་རྗེས་སུ་གཉོས་འབྱུང་པོས་བླ་མའི་སྐུ་མཆེད་ཀྱི་བཀའ་བཀྱོན་ལ་མ་བཟོད་ནས། རྒྱ་གར་དུ་ཕེབས་པའི་བཤད་པ་ནི་རགས་བཤད་ཚིག་སྣ་བསྡུས་དྲགས་པའི་སྐྱོན་དུ་མཐོང་།

དེས་ན་ཁོང་རྣམ་གཉིས་ཀྱིས་རྒྱུད་བཤད་ལ་གསན་པ་མཛད་དེ་དུས་ཡུན་གང་འཚམས་འགོར་རྗེས། གཉོས་འབྱུང་པོ་སྔར་སྤྱི་ཐེར་བའི་དྲུང་དུ་རྒྱུད་གསན་པར་ཕེབས་དུས། སྐུ་མཆེད་པེཎ་ཏ་པས་བ་གླང་དང་འདྲ་བས་སྐད་མི་གོ་བས་གསང་སྒྲོག་སུ་མི་འགྱུར་ཞེས་སྤྱི་ཐེར་བ་ལ་གྱ་ཚོམ་དུ་ཞུ་བ་ཕུལ་བའི་གཏམ་ཐུགས་ལ་བཟུང་སྟེ། ཡི་མ་རངས་པའི་ཚུལ་མཛད་དེ་བལ་པོ་འདི་རྒྱ་གར་དང་མི་འདྲ། རིག་པའི་འབྱུང་ནས་རྒྱ་གར་ཡིན། ང་རང་རྒྱ་གར་དུ་འགྲོ་བ་ཡིན་ཞེས་མར་པ་ལ་བཤད་ཅིང་། དོན་ལ་མར་པ་ཡང་ཁོང་དང་ལྷན་དུ་འགྲོ་དགོས་པའི་སྐུལ་མ་ཡིན་པར་མ་ཟད། གཅེན་གཉོས་ལོ་ཡོན་ཏན་གྲགས་ཀྱི་དྲུང་དུ་མར་པ་ལོན་དགོས་པའི་སོགས་ཀྱིས་རྐྱེན་པས། ཞུ་བ་རྒྱུ་མཚན་དང་སྦྲགས་ཏེ་རྒྱ་གར་ལ་ལྷན་དུ་འགྲོ་བའི་རེ་སྐུལ་མང་དུ་གནང་ཡང་། མར་པས་དང་ལེན་གནང་རྒྱུ་མ་བྱུང་བའི་ཐོག་ཏུ། གནས་སྐབས་བལ་ཡུལ་དུ་བཞུགས་དགོས་པའི་རྒྱུ་མཚན་དང་རེ་བ་གནང་། དེ་ལྟར་རེ་འདུན་འགལ་བ་ལྟག་སྤྲོད་དུ་སོང་སྟབས། 《དེབ་སྔོན་》ལས། དེ་ནས་བལ་པོར་བྱོན་ཚེ་གཉོས་ཁ་རག་པ་དང་སྟབས་སུ་བྱུང་བས། ཁོང་གི་ཞལ་ནས། ཁྱོད་ལ་གསེར་ཅི་ཡང་མི་འདུག་པས་ངའི་གཡོག་གྱིས། ང་དང་ཆོས་སྟབས་སུ་ཞུས་པས་ཆོག་གསུང་བ་ལ། ཁོང་གསུང་བ་བཞིན་ཅུང་ཟད་མ་བགྱིས་ཏེ། བལ་པོར་ལོ་གསུམ་བཞུགས་ཆུ་སྙོམས་པར་བྱས།[112] ཞེས་བྱུང་བ་ལྟར་དུ་རྗེ་མར་པས་གཅེན་གཉོས་ལོའི་དགོངས་པ་དང་གཅུང་འབྱུང་པོའོ་རེ་བ་དང་ལེན་མ་གནང་ཞིང་། འབྱུང་པོ་རྒྱ་གར་དུ་ཕེབས། མར་པར་སྔ་མུས་བཞིན་བལ་པོར་བཞུགས་ཏེ། མར་གཉོས་བར་གྱི་འགལ་བའི་དབུ་ཁྱུད་ཀྱང་འདི་ནས་བྲིས་པར་མངོན་ནོ། །

དེ་ནས་རྗེ་མར་པས་རྒྱུད་དང་སྒྲུབ་ཐབས་སོགས་ལ་གསན་བཞེས་གནང་བར་མ་ཟད། སྔར་འབྲོག་མི་མདུན་ནས་གཙོ་བོ་འཆད་ཉན་སྐད་ཀྱི་ལོ་ཙཱ་བའི་ཡོན་ཏན་འབྱོར་བའི་ཐོག་ཏུ། བལ་པོའི་སློབ་དཔོན་པེཎ་ཏ་བའི་དྲུང་ནས་བསྒྱུར་ཞུས་ཡི་གེའི་ལོ་ཙཱ་བའི་སྐུ་ཡོན་ཡང་རྒྱས་པར་མཛད་དེ། དགུང་ལོ་ཉི་ཤུ་རབ་བྱུང་དང་པོའི་ལྕགས་རྟ་(༡༠༣༠)ལོར་བལ་ཡུལ་ནས་རྒྱ་གར་དུ་ཕེབས། 《ལྷོ་ལ་ཡག་ཏུ་བཞེངས་པའི་མགུར་》ལས། ཁོ་བོ་དེ་ནས་རྒྱ་གར་དུ་འགྲོ་ཙ་ན། །འཐའ་འཁོབ་ཀྱི་ཇག་པ་ཤི་སྐྱིད་ལ། །སྲོག་ཅི་བདེར་ཐོན་པ་ཅུང་མ་བསམས། །གཅན་གཟན་གྱི་ངར་སྐད་ཐོས་ཙ་ན། །ཡིད་བརྟན་པོར་ཕྱིན་ཡང་གོམ་ཚུགས་འཁྱོར། །ལམ་དེ་ཀུན་གྱི་ཚ་གྲང་བཤད་ཙ་ན། །དུས་ད་ལྟ་དྲན་ཡང་གློ་སྙིང་འདར། །ཆུ་གྲགས་པ་ཅན་གྱི་གང་གཱ་བརྒལ། །འོན་ཀྱང་དཀའ་པ་སྤྱད་རིན་ཆོག །ཡུལ་དབུས་འགྱུར་ཚལ་གྱི་བཀོད་པ་མཐོང་། །དཔལ་རྡོ་རྗེ་གདན་གྱིས་སྣ་དྲངས་ནས། །རྟེན་ཁྱད་པར་ཅན་ལ་མཆོད་པ་བྱས། །ཁོ་བོ་ཕྱིན་པ་འཕྱིས་སོང་སྙམ། །[113] ཞེས་གསུངས་པ་ལྟར་དུ་འཆི་གསོན་རྒྱན་དུ་བཞག་ནས་རྒྱ་གར་དུ་ཕྱིན་པ་ཡིན་ཏེ། སྐབས་དེ་དུས་ཀྱི་ལམ་ཇག་རིགས་ངན་ཤི་སྐྱིད་ཀྱི་ཆོམ་རྐུན་གཅིག་པུར་མཚོན་ནས་བཤད་པ་ཡིན་ན་ཡང་། སྲོག་མགོ་ཐོན་ནས་རྒྱ་གར་དུ་འབྱོར་ཐུབ་མིན་ནི་ཐེ་ཚོམ་ཅན་གྱི་དྲི་བ་ཞིག་ལས། ཕལ་ཆེར་ཐོན་ལས་ཆེ་སྙམ་པའི་སྤོབས་སེམས་ཡོད་པ་ཡང་དཀའ་བའི་ཚོད་དུ་མཆིས་ཏེ།《ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར་》 ལས། དེ་ནས་ཕམ་མཐིང་གི་ལམ་ནས་བླ་མ་དཔྱལ་ལོའི་གཅུང་པོ་དགེ་བཤེས་ལྔ་རྩེ་བྱ་བ་ལ་སྩོགས་པ་མི་སུམ་ཅུ་རྩ་ལྔ་ཙམ་བི་ཤི་ཊར་དང་བཅས་པ་དང་། ཏི་ར་ཧུ་ཏི་བརྒལ་ནས་ཆུ་བོ་གྷ་གྷ་(གངྒ)མ་བརྒལ་བའི་བར་དེར་ཤི་སྐྱིད་ཀྱི་ཇག་པ་བྱུང་ནས་ཐམས་ཅད་མ་ལུས་པར་བསད། སྔོན་བོད་སོང་པ་རྣམས་ཀྱི་རྣམ་ཐོས་ལ་གསེར་མིད་ན་མི་རྙེད་བྱ་བ་དང་། བཤང་ལམ་དུ་བཅུག་ན་ཕན་བྱ་བ་ལག་ལེན་ལ་བཏབ་པ་བྱུང་ནས། ལུས་ཐམས་ཅད་དུམ་བུར་རྟུབ་(གཏུབས)། གསེར་ཡོད་དམ་ཟེར་ཞིང་རྒྱུ་མ་བརྡས་སྐད། དེ་ནས་ཟླ་བ་གཉིས་ཙམ་ན་ཙ་མི་བའི་འབུལ་སྐྱེལ་བ་གསེར་དང་དར་ཟབ་ཀྱི་ཁུར་མང་པོ་སོང་པས་ཀྱང་པཱ་ར་ཅུང་མ་བརྒལ་བར་བསད། ཡང་ཟླ་བ་འགའི་འོག་ཏུ་ལམ་གཞན་ཞིག་ནས་ཕྱིན་པས་ཐར་རོ་ཟེར་ནས་སྔོན་ལ་ལམ་གྱི་སོ་བྱ་བ་བརྫངས་པས་ཀྱང་ཏི་ཤི་ལིས་རྟུབས་(གཏུབས)ཏེ་བསད། དེ་ནས་ལམ་འགགས་པས་འགྲོ་ས་མ་རྙེད་དེ་བླ་མ་པཎ་ཆེན་དེ་ཉིད་ཀྱི་ཞབས་རྡུལ་བསྟེན་ནོ། །[114]ཞེས་བྱུང་བའི་ཚན་པ་འདིས་ཀྱང་། རྗེ་མར་པས། འཐའ་འཁོབ་ཀྱི་ཇག་པ་ཤི་སྐྱིད་ལ། །སྲོག་ཅི་བདེར་ཐོན་པ་ཅུང་མ་བསམས། །ཞེས་གསུངས་པའི་མགུར་ཚིག་གི་དོན་དངོས་དཔེར་བརྗོད་ཀྱི་ལམ་ནས་བསྟན་ཡོད་པ་ཡིན། དེ་ལྟར་ལམ་འཕྲང་གི་འཇིགས་པ་དེ་དག་རིམ་གྱིས་བརྒལ་ཏེ། དམ་པ་ཁོང་གི་ལས་སྐལ་དང་ཁ་བ་གངས་ཅན་པའི་བསོད་ནམས་དང་འབྲེལ་ནས་འཕགས་ཡུལ་དུ་ཞབས་སོར་འཁོད་ཐུབ་པ་བྱུང་།

འཕགས་ཡུལ་དུ་ཐོན་དུས་ལོ་ཙཱ་བ་གཉོས་འབྱུང་པོ་དང་ལྷན་འཛོམས་བྱུང་ཞིང། འབྱུང་པོས་གཅེན་ཡོན་ཏན་གྲགས་ཀྱི་དགོངས་པ་ལྟར་དུ། མུ་མཐུད་ནས་ཨུ་ཚུགས་མཐའ་སྐྱེལ་མཛད་དེ་མར་པ་ལ་གསུང་རྒྱུར། ངའི་ཕྱིར་དུ་འབྲང་དང་གསེར་གང་མཆིས་ལྷན་དུ་བེད་སྤྱོད་བྱེད། ང་རང་གི་སློབ་དཔོན་པཎ་ཌི་ཏ་བ་ལི་ཨ་ཙརྻ་ལ་ཆོས་མཉམ་པོ་མཉན་ཞེས་བཤད་ཀྱང་། མར་པས་དེ་ལས་ལྡོག་སྟེ། ད་ལྟ་འཕགས་པའི་ཡུལ་དུ་རྩོད་མེད་ཡོངས་སུ་གྲགས་པའི་པཎ་གྲུབ་རྣམས་ཀྱི་གཙུག་རྒྱན་ནི། རྗེ་པཎ་ཆེན་ནཱ་རོ་པ་ཡིན་པས་ང་རང་གཉིས་མཉམ་དུ་དཔལ་ནཱ་རོ་པའི་ཞབས་ལ་གཏུག་ཅེས་ཞུ་བ་ཕུལ་རྗེས། གཉོས་འབྱུང་པོ་ཐུགས་མ་རངས་ནས་གསུང་རྒྱུར། ནཱ་རོ་པ་ཞུ་བ་དེ་ནི་སྔར་པཎ་ཌི་ཏ་མཁས་པ་ཞིག་ཡིན་པ་བདེན་ཡང་། ཕྱིས་ཏཻ་ལོ་པའི་དྲུང་དུ་ཕྱིན་པ་མན་ཆད་རྒྱུད་ཀྱི་བཤད་པ་ལ་གཙོ་བོ་མི་བྱེད་ཅིང་ཀུ་སུ་ལུའི་སྒོམ་བྱེད་ཀྱི་ཡོད་འདུག་པས། ང་ཁོང་གི་མདུན་དུ་མི་འགྲོ། ཁྱེད་རང་ངའི་རྗེས་སུ་མི་འགྲོ་བ་ཡིན་ན་གསེར་སེ་བ་གཅིག་ཀྱང་སྟེར་རྒྱུ་མེད་ཅེས་བཤད། འདི་ནི་《ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར་》 ལས། རྣལ་འབྱོར་པ་དེ་ཁྲོ་ཕུ་བའི་ཇོ་སྲས་ཀྱིས་སྤྱན་དྲངས་པར་གདའ་བས། འོ་སྐོལ་དང་འབྲེལ་བ་ཆེ་བས་བསྙེན་བཀུར་ཞབས་ཏོག་ནི་བགྱི་འཚལ། བཀའ་གདམས་པས་རྣལ་འབྱོར་པ་ལ་ཆོས་ཞུས་པས་སྲོལ་ལ་གནོད་པས་མི་མཛད་པར་ཞུ་བྱས་པས་གྲོས་བྱ་ཡིས་གསུང་སྐད།[115] ཅེས་མི་ཏྲ་ཛོ་གི་ལ་ལྟ་སྟངས་གང་འདྲ་གནང་ཡོོད་པའི་དོན་འདིར་དཔག་ན། བཤད་པ་གཙིགས་སུ་འཛིན་པའམ་བཙུན་པ་གཙོ་བོར་མཛད་པའི་མཁས་པ་རྣམས་ཀྱིས་ཀུ་ས་ལི་པའི་མིང་ཅན་དང་། ཛོ་གིའི་མཚན་ཅན་གྱི་རྣལ་འབྱོར་པའི་མདུན་ནས་ཆོས་ཞུ་བ་ལ་འཛེམ་བག་ཡོད་པར་མངོན་སྟབས། གཉོས་འབྱུང་པོས་ལུགས་སྲོལ་དེ་ཉིད་གཏན་ཚིགས་སུ་དྲངས་ནས། གཅེན་པོ་ཡོན་ཏན་གྲགས་ཀྱི་དགོངས་པ་བཞིན་དུ་སློབ་དཔོན་ནག་པོ་ཞབས་ཆུང་བའི་སྐུ་ཡི་དྲུང་དུ། མར་པ་ཆོས་ཀྱི་བློ་གྲོས་གདན་དྲངས་པའི་དགོས་ཆེད། མར་པ་ནཱ་རོ་པའི་དྲུང་དུ་འགྲོ་བ་ལ་བཤོལ་མ་བཏབ་པའི་དོན་ལས། རང་གར་པཎ་ཆེན་ནཱ་རོ་པ་ལ་སྐུར་བ་བཏབ་པའི་དོན་ཞིག་ནི་ཡིན་ཚོད་མི་འདུག །གང་ལྟར་ཀྱང་། མར་གཉོས་རྣམ་གཉིས་ཀྱི་བསམ་ཚུལ་ཐ་དད་དུ་གྱུར་པར་མ་ཟད། འགྲོ་ལམ་ཡང་སོ་སོར་གྱེས་ཏེ་འགལ་བའི་ཧེ་བག་ཇེ་ཆེར་གྱུར།  མར་པས་འབྱུང་པོའི་དགོངས་པ་ལྡོག་ནས་ནཱ་རོའི་དྲུང་དུ་བྱོན། འབྱུང་པོས་མར་པ་ལ་གསེར་སེ་བ་གཅིག་ཀྱང་མ་གནང་ནས་རང་གི་སློབ་དཔོན་མདུན་དུ་ཕེབས། འབྲེལ་བའི་འདུ་བ་ལ་འགལ་བའི་འབྲལ་བ་ཅན་དུ་འགྱུར་བའི་ཕྱོགས་སུ་ཁ་ཐག་ཇེ་ཉེར་གྱུར་པ་ཡིན།

༣ འབྱུང་པོས་དཔེ་ཆ་བརླགས་ཏེ་རྒྱ་གར་ཡུལ་དུ་ལོག་པ།

 དེ་ནས་རྗེ་མར་པ་ལོ་ཙཱས་པཎ་ཆེན་ནཱ་རོ་པ་གཙུག་གི་ནོར་བུར་མཛད་དེ། པཎ་ཌི་ཏ་ཡེ་ཤེས་སྙིང་པོ་ལ་སོགས་པའི་གྲུབ་ཐོབ་རྣམས་ཀྱི་ཞབས་ལ་གཏུགས་ནས་རྒྱུད་སྡེ་བཞི་ལ་གསན་བཞེས་གནང་ཞིང། ཐོས་བསམ་སྒོམ་གསུམ་གཅིག་གོ་གཅིག་གིས་མི་འགག་པར་ཐུགས་ཉམས་སུ་བཞེས་[116]ཞེས་གསུངས་པ་ལྟ་དུ་མཛད། བར་དང་མཚམས་རེར་གཉོས་ལོ་ཙཱ་བ་འབྱུང་པོ་དང་མཇལ་འཛོམས་བྱུང་སྟེ། གང་གསན་བཞེས་མཛད་པའི་རྒྱུད་སྡེའི་ཐོག་ནས་གོ་བསྡུར་རེ་མཛད་དུས། རྗེ་མར་པས་རྒྱུད་སྡེར་གསན་བསམ་མཛད་པའི་གོ་བ་ལ་འགྲན་མི་བཟོད་པ་བྱུང་། དེ་ནི་གཉོས་ལོ་ཙཱ་བའི་མཁྱེན་རབ་ཀྱི་རྩལ་ཞན་པའི་རྐྱེན་གྱིས་མ་ཡིན་པར། མར་པ་དམིགས་བསལ་གྱི་མི་སྣ་ཞིག་ཡིན་པའི་དབང་གིས་ཏེ།  རྡོ་རྗེ་གདན་དུ་ཚོགས་གྲལ་ཞིག་གི་ས་ནས། རྒྱ་གར་གྱི་པཎ་ཌི་ཏ་དང་བོད་ཀྱི་ཆོས་སློབ་པ་མང་པོ་འདུས་པའི་ནང་ནས་རྗེ་མར་པ་ལོ་ཙཱས་ཆོས་གཏམ་མཛད་པས། རྗེ་མར་པའི་མཁྱེན་རབ་ཟབ་མོ་ཟིལ་གྱིས་ནོན་པ་ཡེ་ནས་མ་བྱུང་སྟེ། དེ་ཡི་དུས་སུ་བླ་མ་ནཱ་རོ་པ་ལྟ་བུ་ལ་སློབ་མ་འདི་ལྟ་བུ་ཡོང་བ་ལས་འོས་མེད་ཟེར་ཞིང་། མཁས་པའི་གྲགས་པ་ཆེན་པོ་ཡང་ཐོབ་པའི་ལོ་རྒྱུས་ཡོད་པར་མ་ཟད།[117]

རྒྱ་བལ་ཐམས་ཅད་དུ་དཔལ་ནཱ་རོོ་པ་སྤྱོད་པ་ལ་གཤེགས་ནས་བོད་ཀྱི་མར་པ་ལོ་ཙཱས་མཇལ་ཏེ་གྲུབ་པ་ཐོབ་ཅེས་ཉི་ཟླ་ལྟར་གྲགས་པས་གར་བྱོན་དུ་ངོ་འཚལ་བ་རྣམས་ཀྱིས་ཕྱག་དང་མཆོད་པ་རུབ་རུབ་ཏུ་བྱུང་[118]ཞེས་རྣམ་ཐར་དག་ཏུ་ཡོངས་སུ་གྲགས་ཤིང་། 《རང་རྣམ་མགུར་མ》་རྣམས་སུ་ཡང་ཐོན་གྱི་ཡོད་སྟབས། གང་གསན་བཞེས་མཛད་པའི་རྒྱུད་སྡེའི་སྐོར་ནས་ཆོས་གཏམ་གྱི་གོ་བསྡུར་མཛད་དུས། མར་པ་གཉོས་ལོ་ཙཱ་བ་འབྱུང་པོ་ལས་རྒྱལ་བ་ནི་དོན་གྱི་ལོ་རྒྱུས་ཤིག་ཏུ་འཁུམས། འོན་ཀྱང་དུས་སྐབས་དེ་དུས་ཐོས་རྒྱ་ནི་གཉོས་ལོ་ཆེ་བར་མངོན་ཏེ།  སྔར་མར་པས་འབྱུང་པོའི་དགོངས་པ་ལྡོག་ཅིང་འབྱུང་པོས་ནཱ་རོ་པ་ལ་ཀུ་ས་ལི་པ་ཞེས་ཁས་ལེན་མ་མཛད་ནས་སོ་སོར་གྱེས་པའི་རྐྱེན་དང་འབྲེལ། མར་པས་གང་གསན་བཞེས་མཛད་ཡོད་པའི་རྒྱུད་སྡེ་གན་དང་དེ་ནི་ཟབ་པ་མཐར་ཐུག་གི་ཆེ་བ་ཅན་མ་ཡིན་པའི་ཟོལ་དང་། དེ་ཉིད་བོད་ཡུལ་དུ་དར་ཁྱབ་བྱུང་ཟིན་པ་དང་སྦྲགས། འདི་ཉིད་ཤེས་པས་བོད་དུ་བསྟན་འགྲོའི་མཛད་ཕྲིན་མི་ཡོང་པའི་ཚུལ་དུ་མཐོང་ཆུང་གི་རྣམ་པ་བསྟན་ཞིང་། མར་པ་ལ་ཆ་རྒྱུས་མེད་པའི་རྒྱུད་སྡེ་གཞན་ཞིག་གི་མཚན་ནས་བཟུང་སྟེ། བརྗོད་བྱ་དམིགས་བསལ་བའི་ཁྱད་ཆོས་ཐོག་ནས་ཡོན་ཏན་བརྗོད་དེ། བོད་དུ་གསང་སྔགས་ཀྱི་བསྟན་པའི་འགྲོ་དོན་མཛད་དགོས་པ་ཡིན་ན་འདི་ཉིད་ཤེས་དགོས་པ་ཡིན་ཞེས་གསུངས་རྗེས། རྗེ་མར་པའི་ཕུགས་བསམ་གྱི་དགོངས་པ་དང་ཆོད་སེམས་ཀྱི་དམ་བཅའ་ལ་རྟིང་སྐུལ་དུ་གྱུར་ཅིང་། ཐབས་ཤེས་གང་ཡོད་ཀྱི་ལམ་ནས་ཚེ་སྲོག་རྒྱན་ལ་བཞག་སྟེ་རྒྱུད་སྡེ་གང་དེའི་བཀའ་བབ་ཀྱི་བླ་མ་བཙལ་ཏེ། དབང་བཤད་མན་ངག་གསུམ་འབྲེལ་གྱི་སྒོ་ནས་ཟབ་པ་ལྐོག་ཆོས་ཀྱི་རྒྱུད་སྡེ་གང་དེའི་སྙིང་ཁུ་བཞེས་པར་མཛད། དེ་ལྟར་རིམ་པ་འགའ་ཞིག་བརྒྱུད་རྗེས། གངས་ལྗོངས་ཐུབ་བསྟན་གསང་སྔགས་གསར་མའི་སྲོལ་འབྱེད་ཀྱི་སྐྱེས་བུའི་ནང་ནས་དམིགས་བསལ་ཕུལ་བྱུང་གི་མི་སྣར་འགྱུར་བའི་བདག་རྐྱེན་དུ་གྱུར་པ་སྟེ། 《ཐུའུ་བཀྭན་གྲུབ་མཐའ་》ལས། འབྲོག་མིས་བསྒོས་པ་བཞིན་བསྒྲུབས་པས་མཁས་པ་ཆེན་པོར་གྱུར། འདིས་མ་རྒྱུད་གཙོ་བོར་གྱུར་པའི་བཤད་སྒྲུབ་ཀྱི་བསྟན་པ་དར་བར་མཛད། ལོ་ཆེན་རིན་བཟང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རྒྱུད་མ་རྒྱུད་གཉིས་ཀའི་བཤད་བཀའ། བྱེ་བྲག་ཏུ་རྣལ་འབྱོར་རྒྱུད་གསལ་བར་མཛད། རྗེ་འགོས་ཀྱིས་གསང་བ་འདུས་པ་འཕགས་ལུགས་གཙོ་བོར་གྱུར་པའི་བཤད་བཀའ་སྤེལ། མངའ་བདག་མར་པས་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། སྙིང་པོ་དགྱེས་པ་རྡོ་རྗེ། ཡང་སྙིང་འཁོར་ལོ་བདེ་མཆོག །བཀའ་སྲུང་ཅན་གྱི་གདན་བཞི་ལ་སོགས་པའི་དབང་བཀའ། བཤད་བཀའ། མན་ངག་གི་བཀའ་རྣམས་རྒྱ་ཆེར་སྤེལ་བས་མཁས་གྲུབ་ཀྱིས་བོད་ཡུལ་བཀང་། གསང་སྔགས་ཀྱི་བསྟན་པའི་བདག་པོར་གྱུར་ཏེ། ལོ་ཙཱ་བ་ཆེན་པོ་འདི་རྣམས་ནས་གསང་སྔགས་གསར་མའི་བསྟན་པའི་དབུ་ཚུགས་པ་ཡིན་ནོ། [119]།ཞེས་གསུངས་པའི་དོན་འདིས་ཀྱང་གསལ་བར་བྱས་ཡོད་ལ། ལོ་རྒྱུས་ཀྱི་རིན་ཐང་འདི་ཡི་ངོས་ནས་གཞལ་བ་ཡིན་ན། གཉོས་ལོ་ཙཱ་བ་འབྱུང་པོ་ལ་རྗེ་མར་པའི་མཛུབ་སྟོན་དགེ་རྒན་གྱི་རིན་ཐང་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་།

དེ་ལྟར་མངའ་བདག་མར་པ་ལོ་ཙཱས་གཙོ་བོ་པཎ་ཆེན་ནཱ་རོ་པའི་ཞབས་ལ་གཏུགས་ནས། རྒྱུད་སྡེ་བཞི་ལ་གསན་བསམ་ཚུལ་བཞིན་དུ་མཛད་དེ་བགྲང་བྱ་དྲུག་ཙམ་འགོར་རྗེས། རྗེ་མར་པའི་ཐུགས་དགོངས་ལ། བོད་དུ་ཆས་ནས་གསེར་སྲང་འགའ་ཞིག་བཙལ་ཏེ། བླ་མ་ལ་འབུལ་བ། གྲུབ་ཐོབ་རྣམས་ལ་བསྙེན་བཀུར་བྱ་དགོས་སྙམ་ནས་ཕྱིར་བོད་དུ་འབྱོན་གྲབས་མཛད། དེ་དང་དུས་མཚུངས་སུ་གཉོས་ལོ་ཙཱ་བ་འབྱུང་པོ་ཡང་རྒྱགས་ཀྱི་དགོས་ཆེད་དང་འབྲེལ་ནས་བོད་དུ་ཕེབས་རྩིས་ཡོད་པ་དང་ཞལ་བགྲོས་ཏེ། གཉིས་པོ་ལྷན་དུ་འགྲོགས་ནས་བོད་ཡུལ་དུ་ཞལ་ཕྱོགས་ཏེ་ཕེབས། ཆུ་བོ་གང་གཱ་བརྒལ་ནས་བལ་ཡུལ་གྱི་མངའ་ཁོངས་སུ་ཐོན་དུས།   དུག་མཚོ་ཁོལ་མ་སྐྱེས་པའམ་བྲུབ་ནས་བརྒལ་དགོས་བྱུང་། དེ་ཡི་དུས་སུ་གཉོས་ལོ་ཙཱ་བ་གཅུང་འབྱུང་པོར། སྔར་མར་པ་དང་ཞལ་མ་འཆམ་པའི་འཁོན་སེམས་ལ་ཕྲག་དོག་གི་སེམས་བྱུང་ལྡང་སྟེ། གཡོག་ཁུར་ཙ་པ་ཞིག་ལ་ངན་སྐུལ་བྱས་པ་ཡང་བཤད། གྲུ་པ་ལ་ཞལ་བཀོད་གནང་བ་ཡང་གྲགས། རང་གིས་སྦས་ཏེ་ཆུ་རུ་ཤོར་བའི་སྐད་དུ་བྱས་ནས་ཉིད་ཀྱིས་བཀོད་པ་འཐེན་པའི་གཏམ་ཡང་བྱུང་། གང་ལྟར་ཀྱང་། ཁོང་གི་བཀས་བཀོད་དང་འབྲེལ་བའི་ཨ་ཙ་ར་ཞིག་གིས་མར་པའི་ཕྱག་དཔེ་རྣམས་ཆུ་ལ་ཤོར་བ་ལྟར་བྱས་ནས་ཆུ་ལ་བསྐུར་བའི་གཏམ་དེ་བདེན་པར་མངོན་ཞིང་། མཚོ་འགྲམ་དུ་ཐོན་དུས་མར་པ་དང་ཕྱག་དཔེ་གཉིས་ནི། བདག་པོ་དང་དངོས་པོའི་བར་གྱི་འབྲེལ་བ་ཆད་དེ། མར་པ་ལོ་ཙཱ་ལ་ཐུགས་ཕམ་ཚད་མེད་པ་སྐྱེས། ཨ་ཙ་ར་ཁྲིམས་ལ་སྦྱར་བའི་འཇིགས་སྐུལ་བྱས་རྗེས་གཅུང་འབྱུང་པོའི་བཀོད་པ་ཡིན་པའི་གསང་བ་ཡང་ཕྱིར་བསྒྲགས་བྱུང་། མར་པ་ལོ་ཙཱས་གཉོས་ལོ་ཙཱ་བ་གཅུང་འབྱུང་པོ་ལ། ད་རེས་ཀྱི་བྱ་སྤྱོད་འདི་ནི་ཆོས་འཇིག་རྟེན་གང་གིས་ངོས་ནས་བལྟས་ཀྱང་ངོ་གནོང་དགོས་པའི་དོན་ཞིག་དང་། རང་སྣང་མཐོ་བའི་སྐད་ཆ་མ་ཡིན་ཏེ་གཞན་ལ་མེད་པའི་ཁྱད་ཆོས་ཅན་གྱི་དཔེ་འགྱུར་མཆན་གསུམ་གྱི་ཡིག་ཆ་དེ་རྣམས་ནི། རང་སྲོག་དང་བསྡོས་ནས་བསྒྲུབས་པ་ཡིན་གཤིས། སེམས་ཕམ་པ་ལ་ཚད་ཅིག་མ་བྱུང་ན་ཡང་། རང་གཉིས་གནའ་མཐུན་གྱི་གྲོགས་པོ་བྱེད་མྱོང་བའི་ངོ་སྐལ་ནས་འཁོན་མེད་དུ་བཞག་ལ། ད་ནི་ཕངས་སེམས་ལ་ཞེ་འཁོན་གྱི་ཕབས་རྟ་སྦྱར་བར་སྙིང་པོ་མེད་པས་འཆར་གཞི་གཞན་ཞིག་བཟོ་བར་བྱ། རྩོད་པ་མེད་པའི་པཎ་གྲུབ་ཀྱི་མདུན་ནས་དམ་པའི་ཆོས་ལ་ནན་ཏན་ཞུ་དག་བགྱིས་པའི་དབང་གིས། རྒྱུད་མན་ངག་རྣམས་ཀྱི་ཚིག་དོན་ནི་ཁོང་དུ་ཆུད། དམ་པའི་ཆོས་དང་རང་སེམས་འདྲེས་ནས་ཡོད་པས། སླར་རྒྱ་གར་དུ་ལོག་པ་ཙམ་གྱིས་ཆོག་གོ་ཞེས་པའི་དོན་རྣམས། 《གཉོས་ལ་ཁྲེལ་འདེབས་ཀྱི་མགུར་》[120]དུ་བཞེངས་པར་མཛད་དེ།   འགལ་ཟླའི་རྒྱུ་རྐྱེན་འདི་ལ་བརྟེན་ནས་གྲོགས་མཆེད་གཉིས་པོའི་འབྲེལ་བ་དང་བཅས་པ་སོ་སོར་གྱེས་སོང་། དེ་ནས་བལ་པོའི་མཐིལ་དུ་ཐོན་དུས་བླ་མ་སྤྱི་ཐེར་བ་དང་མཇལ། གྲོགས་ཧ་དུ་དཀར་པོས་དབུ་མཛད་པའི་མཆེད་གྲོགས་ཀྱིས། མར་པ་ལ་སྣ་ལེན་བཟང་པོ་ཡང་དག་པ་བྱས་ཏེ། ད་རེས་གཉོས་ལ་རྒྱལ་པོའི་ཆད་པ་སོགས་མ་བསྐུལ་བར་དབྱངས་གསུངས་པ་ཐོས་པས་ངོ་མཚར་ཆེ། དེ་ལྟ་བུའི་ཐུགས་དམ་གྱི་ཐོག་ཏུ་ཁེལ་ཞིང་ཐུགས་རྒྱུད་ཆོས་ལ་འདྲེས་པ་དེ་ནི་ལྟ་བ་བཟང་པོ་ཕྱིན་ཅི་མ་ལོག་པ་ཐུགས་ལ་འཁྲུངས་པའི་རྟགས་ཡིན་པས། ལྟ་བ་མཐར་ཕྱིན་པ་གཞུང་གི་ཚིག་ལ་མ་བརྟེན་པ། ཁྱེད་རང་གི་ཐུགས་ལ་འཁྲུངས་པའི་མགུར་ཞིག་གསུང་བར་འཚལ་ཞེས་ཞུས་པ་ལ། 《ལྟ་བ་ཐུགས་ལ་འཁྲུངས་ཚུལ་གྱི་མགུར་》[121]འདི་བཞེངས་པར་མཛད།  《རྗེ་རིན་པོ་ཆེ་མར་པའི་རྣམ་ཐར་》ལས། དེ་ནས་བླ་མ་མར་པ་རྒྱགས་སྐྱེལ་མི་དང་མཇལ། ཉེ་འབྲེལ་དང་། གྲོགས་མཆེད་རྣམས་ཀྱིས་གསེར་མང་དུ་བསྐུར་འདུག །བླ་མ་མར་པས་རྒྱགས་སྐྱེལ་མི་བྱུང་བ་དང་། ཕྱག་དཔེ་སྟོར་བ་དེས་རྐྱེན་བྱས་ཏེ། ཡང་རྒྱ་གར་དུ་བླ་མའི་དྲུང་དུ་བྱོན་ནོ། །[122]ཞེས་བྱུང་བ་ལྟར་དུ་རྒྱ་གར་དུ་ལྡོག་པར་མཛད་དོ། །

མཚམས་འདིར་ཁ་སྐོང་གི་ཚུལ་དུ་གླེང་དགོས་པའི་གནད་དོན་ཞིག་ནི། ཕྱག་དཔེ་གང་དུ་བརླག་པའི་ཆུ་བོའི་སྐོར་དེ་ཡིན། དེ་ཡང་རྒྱ་གར་གྱི་ཆུ་བོ་གང་གཱ་བརྒལ་དུས་དཔེ་ཆུ་ལ་བསྐུར་བར་འདོད་པ་དང་། བལ་ཡུལ་གྱི་དུག་མཚོ་ཁོལ་མ་སྐྱེས་ནས་བརྒལ་དགོས་བྱུང་སྟེ། མཚོ་དེ་ཉིད་དུ་དཔེ་ཆུ་ལ་བརླག་པར་འདོད་པ། བོད་ནས་རྗེ་མར་པའི་སྐུ་བསོད་ལ་ཕྲག་དོག་བྱས་ཏེ་ཕྱག་དཔེ་སྣུབས་མཚོ་ལ་སྐྱུར་བར་འདོད་པ་སོགས་མང་དུ་མ་མཆིས་ཀྱང་། རྗེ་མར་པའི་དངོས་སློབ་རྔོག་ཆོས་ཀྱི་རྡོ་རྗེས། རྒྱ་གར་དུ་ཕར་ཚུར་རྒྱ་ངག་སྙུང་འདེབས་བྱས་པའི་གྲོགས་པོ་གཉོས་འབྱུང་པོ་དང་འགྲོགས་ཏེ། རྒྱ་གར་ནས་བོད་དུ་ཕེབས་པའི་ལམ་ཁ་ནས་གནུབ་མཚོ་ཞེས་པའི་ཆུ་བོ་བརྒལ་དུས། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཀྱི་གཅུང་པོ།  རྗེ་མར་པ་རང་གི་ལམ་གྲོགས་གཉོས་འབྱུང་པོས། མར་པའི་དཔེ་ཐམས་ཅད་ཆུ་བོ་དེ་ལ་བསྐུར་བའི་ལོ་རྒྱུས་བྲིས་ཡོད་ལ།[123] རྗེ་སྒམ་པོ་པས་ཀྱང་། མར་པ་ལོ་ཙཱའི་ཕྱག་དཔེ་དག་བསྣུབས་མཚོ་ལ་བརྒལ་དུས་ཆུ་ལ་ཤོར་བའི་གཏམ་དང་།[124] ཞང་གཡུ་བྲག་པའི་རྗེ་བཙུན་མར་པའི་རྣམ་ཐར་[125]གཙོས་པའི་དཔེ་རྙིང་མ་རྣམས་སུ། སྣུམས་མཚོ་འམ་སྣུབས་མཚོ་ལ་བརྒལ་དུས་དཔེ་ཆ་རྣམས་ཆུ་ལ་ཤོར་བའི་རྐྱེན་པས། བོད་དུ་ཕེབས་མ་གྲུབ་ནས་རྒྱ་གར་དུ་ལྡོག་པའི་ལོ་རྒྱུས་བྱུང་ཡོད།  དེས་ན་དཔའ་བོ་གཙུག་ལག་ཕྲེང་བས། རྗེ་མར་པ་སྐུ་བསོད་ཆེ་བས་ཕྲག་དོག་སྐྱེས་ཏེ། ཕྱག་དཔེ་རྣམས་བོད་ནས་སྣུབས་མཚོའི་ཆུ་ལ་བསྐྱུར་ཟེར་བའི་སྐད་ཆ་དག །རང་བཟོའི་གཏམ་གྱི་ཁོངས་སུ་བསྡུས་ཡོད་པ་ནི་ཤིན་ཏུ་མད།[126] བོད་ནས་སྣུབས་མཚོ་ལ་བསྐུར་བའི་གཏམ་གྱི་འཁྲུལ་གཞི་ནི། གོང་དུ་བཤད་པ་བཞིན་དུ། རྔོག་གཞུང་པས། གནུབ་མཚོ་ལ་བརྒལ་དུས་གཉོས་ཀྱི་གཅུང་པོས་དཔེ་ཆ་ཐམས་ཅད་ཆུ་ལ་བསྐུར་བར་བཤད་པ་དེ་དང་། སྒམ་པོ་པས་རྗེ་མར་པའི་ཕྱག་དཔེ་རྣམས་བསྣུབས་མཚོ་ལ་བརྒལ་དུས་ཆུ་ལ་ཤོར་བའི་བཤད་པ་འདི་དག་གི་ཐ་སྙད་ལ་བརྟེན་ནས། བོད་ཡུལ་གྱི་མཚོ་དང་འབྲེལ་བའི་རང་བཟོའི་གཏམ་རྒྱུད་བསྒྲིག་པར་མངོན་ཏེ། སྣུབས་མཚོ་ཞེས་པ་ནི་བོད་ཡུལ་གྱི་མཚོ་ཆེན་ཞིག་གི་མིང་སྟེ། དེ་ནི་བོད་ཀྱི་མཚོ་ཆེན་བཞི་ཡི་ཡ་གྱལ་ཡར་འབྲོག་གཡུ་མཚོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན་པར་བཤད་ཅིང་། དེ་ལ་སྣུབས་མཚོ་ཞེས་འབོད་དོན་ནི། སྔོན་སྣུབས་ཀྱི་རུས་རྒྱུད་ཚོ་པ་རྣམས་གནས་དེར་སྡོད་ཀྱི་ཡོད་སྟབས། རུས་ཀྱི་མིང་ཡུལ་ལ་བཏགས་ཏེ་སྣུབས་ཡུལ་གླིང་དགུ་དང་སྣུབས་མཚོ་ཞེས་ཐོགས་པར་གྲགས།[127] དེ་ལྟས་གནུབ་མཚོ་དང་སྣུབས་མཚོ་ཞེས་པའི་ཐ་སྙད་ལ་ཞེན་ཞིང་འཁྲུལ་ཏེ། རྗེ་མར་པ་ལ་ཕྲག་དོག་སྐྱེས་ནས་དཔེ་ཆ་དག་བོད་ཀྱི་སྣུབས་མཚོ་ལ་བསྐུར་ཟེར་བའི་རང་བཟོའི་གཏམ་རྒྱུད་དེ་དག་བྱུང་བར་མངོན་ནོ། །

འོ་ན་དངོས་འབྲེལ་ལོ་རྒྱུས་ཀྱི་དོན་དངོས་གང་ཡིན་ཞེ་ན། དེ་ལ་ལས་སླ་མོའི་སྒོ་ནས་འཁྲུལ་མེད་ཤན་འབྱེད་ཀྱི་འཁྲུན་ཐག་གཅོད་པའི་བསྡོམས་ཚིག་ཅིག་འགོད་དཀའ་ཡང་། གོང་དུ་ཞུས་པ་ལྟར། རྣམ་ཐར་རྙིང་མ་རྣམས་སུ་རྒྱ་གར་ནས་བོད་དུ་ཕེབས་དུས། མཚོ་མིང་ཐོགས་པའི་བལ་ཡུལ་གྱི་ཆུ་བོ་གང་དེ་བརྒལ་སྐབས། རྗེ་མར་པའི་ཕྱག་དཔེ་སྟོར་བའི་ལོ་རྒྱུས་སྟུད་མར་བྲིས་ཡོད་པ་ལ་གནོད་བྱེད་ཀྱི་རིགས་པ་བསྟན་དུ་མེད་པ་དང་གཅིག །མཚོ་དེ་མིང་ལ་གནུབ་མཚོ་དང་བསྣུབས་མཚོ། སྣུམས་མཚོ། སྒྲུབ་མཚོ། སྣུབས་མཚོ། དུག་མཚོ་ཁོལ་མ་ཞེས་མིང་ཚིག་འདྲ་མིན་མང་དུ་བྱུང་གཤིས། སྣུབས་མཚོ་ཞེས་པའི་མིང་ཚིག་འདི་རང་གི་ཐོག་ནས་དཔྱད་པ་གནང་དགོས་པའི་གནས་སུ་ཡང་ལུས་མེད། དཔེར་ན། དེ་ནས་བོད་དུ་བྱོན་ཏེ། སྒྲུབ་མཚོ་ལ་བརྒལ་བའི་དུས་སུ་དཔེ་ཆ་ཐམས་ཅད་ཆུ་ལ་ཤོར་བའི་དུས་སུ། ཡང་ལོག་ནས་ཕྱིན་ཏེ།[128]ཞེས་བཤད་པའི་སྐབས་སུ་བྱུང་བའི་ཐ་སྙད་སྒྲུབ་མཚོ་ཞེས་པའི་མིང་ཚིག་འདི་དཔྱད་གཞིར་དྲངས་པ་ཡིན་ན། སྒྲུབ་མཚོ་ཞེས་པའི་མིང་ཚིག་འདི་བྲུབ་མཚོའི་དོན་དུ་འགྱུར་བ་ཡང་ཡོད་པར་སེམས་ཏེ། ཕྱི་སྦྲུམ་སྦལ་ན་ཉལ་ན་ཡང་གཟའ་སྐར་གྱི་གྲངས་འཛིན་ནོ། ། ཞེས་གནའ་བོའི་སྐད་བརྡའི་དབང་དུ་བྱས་པ་ཡིན་ན་ཕྱི་བ་དང་གྲུམ་པའི་ཚིག་སྡུད་ཕྱི་གྲུམ་ཞེས་པའི་དོད་དུ། ཕྱི་སྦྲུམ་ཞེས་སྦྱར་བར་མཛད་ཡོད་པ་ཡིན། ཐ་སྙད་འདི་དག་ཡིག་ནོར་དུ་སྒྲུབ་པའི་གཏན་ཚིགས་མེད་དེ། འདི་དག་ཡིག་ནོར་མི་ནོར་དུ་སྒྲུབ་པའི་བརྡ་དག་གི་རྣམ་གཞག་ནི་ཕྱིས་སུ་བྱུང་ཞིང།  ཕྱིས་བྱུང་དག་ཡིག་རྣམས་ཀྱི་བཀས་བཅད་ལ་བརྟེན་ནས་གཟོད་མཛངས་པ་ལ་འཛངས་པ་ཞེས་སྦྱར་ན་ཡིག་ནོར་དུ་གྲུབ་པ་ལྟ་བུར་བྱས་པ་ཡིན། དེ་བས་གནའ་ཡིག་རྣམས་སུ་སྒྲ་འདྲ་བ་མང་པོ་ཞིག་ཕན་ཚུན་འདྲེས་མར་སྦྱར་ཡོད་པ་ཡིན་གཤིས།  གྲུམ་པ་ལ་སྦྲུམ་པ་ཞེས་སྦྱར་བ་ནང་བཞིན། བྲུབ་མཚོ་ལ་སྒྲུབ་མཚོ་ཞེས་འབོད་ཅིང་སྦྱར་བ་ཡང་སྲིད་པ་ཡིན། དེ་ལ་བྲུབ་ཅེས་པའི་བྱ་ཚིག་འདི་བྱེད་མེད་ལས་ཚིག་གི་དབང་དུ་བཏང་ན། བྲུག་དང་དོན་འདྲ་བའི་རང་བཞིན་གྱིས་འཕེལ་བའམ། གློ་བུར་དུ་རྒྱས་པའི་དོན་ཏེ། ཆར་བབས་ནས་ཆུ་བོ་བྲུབ་ལྟ་བུ་དང་། རང་བཞིན་དུ་འཕེལ་བའམ་རྒྱས་པའི་ཆུ་ལ་བྲུག་ཆུ་ཞེས་སྦྱར་བ་ཡིན་སྟབས། བྲུབ་མཚོ་ནི་རྒྱུན་གཏན་རང་བཞིན་ཅན་གྱི་མཚོ་ཞིག་མ་ཡིན་ན་ཡང་། དུས་དང་གནམ་གཤིས་ཆར་ཞོད་སོགས་ཀྱིས་རྐྱེན་པས་འཕེལ་ཞིང་རྒྱས་པའམ། བྲུབ་པའི་མཚོ་ཞིག་ལ་གོ་ཆོག་པ་ཡིན་ཞིང། 《བླ་མ་མར་པ་ལོ་ཙཱའི་རྣམ་ཐར་》 ལས། ཚུར་བོད་དུ་འོང་བསམ་པ་མཆིས་ནས། བལ་ཡུལ་དུ་སླེབས་ཙམ་ན་ལྷོ་དུག་མཚོའ་(མཚོ)་ཁོལ་མ་བྱ་བ་ཡོད་པ་སྐྱེས་ནས་ཟླ་ཕྱེད་དུ་ཆུ་ལ་དགལ་(བརྒལ)དགོས་པར་བྱུང་བས། དེར་དཔེའ་(དཔེ)་ཆ་ཐམས་ཅད་ཆུས་ཁྱེར་ནས།[129] ཞེས་བྱུང་བ་འདི་ནི། རྗེ་མར་པའི་ཕྱག་དཔེ་གང་དུ་སྟོར་བའི་ཆུ་བོ་ངོས་འཛིན་བྱེད་པའི་དཔྱད་གཞི་གལ་ཆེན་རང་བཞིན་ཅན་གྱི་གསུང་ཞིག་ཡིན། དེ་ཡང་ཚན་པ་གཉིས་ཀྱིས་གྲུབ་སྟེ། གཅིག་ནི་མཚོ་དེ་རྒྱུན་གཏན་རང་བཞིན་ཅན་གྱི་མཚོ་ཞིག་མ་ཡིན་པར། ཆར་ཞོད་སོགས་ཀྱིས་རྐྱེན་པས་བྲུབ་པའམ་སྐྱེས་ནས། རྒྱ་བལ་དུ་འགྲོ་བའི་ལམ་ལ་གནོད་པའི་བྲུབ་མཚོ་ཞིག་ཡིན་པར་བསྟན་ཡོད་ལ། གཉིས་པ་ནི་མཚོ་དེ་མིང་ལ་དུག་མཚོ་ཁོལ་མ་ཟེར་བའི་གསལ་བཤད་བྱས་ཡོད། འདི་ནི་《རྗེ་མར་པའི་རང་རྣམ་མགུར་མ་》དང་མཐུན་པ་སྟེ། 《ལྷོ་ལ་ཡག་ཏུ་བཞེངས་པའི་མགུར་》ལས། ཁོ་བོ་དེས་ཀྱང་འདོད་པ་ཅུང་མ་ཚིམ། །ཡུལ་རྒྱ་གར་དབུས་སུ་ཆོས་ལ་ཕྱིན། །ཆུ་མི་ཟན་དུག་གི་ཆུ་ལ་བརྒལ། །ལུས་དུག་སྦྲུལ་བཞིན་དུ་པགས་པ་བརྗེས། །སྲོག་འདོར་བར་ཕོད་དེ་ཆོས་ལ་བསམ། །[130] ཞེས་བལ་ཡུལ་ལོ་གསུམ་བཞུགས་ནས་རྒྱ་གར་དུ་ཕེབས་པའི་ལམ་མགུར་ནང་དུ་ཆུ་མི་ཟན་དུག་ཆུ་ཞེས་པ་ལ་བརྒལ་སྐབས། སྐུ་ལུས་ཀྱི་ཤུན་པ་བརྗེས་པའི་གཏམ་བྲིས་ཡོད་པ་མ་ཟད། རྗེ་མར་པ་རྒྱ་གར་དུ་ལན་གསུམ་བྱོན་པའི་རྗེས་ཀྱི་《བོད་དུ་འབྱོན་ཁར་བཞེངས་པའི་མགུར་ཆེན་》ལས། དུག་མཚོ་ནག་མོ་མ་གཏོགས་པའི། །མཚོ་ཕྲན་བརྒྱ་དང་བརྒྱད་ཅུ་གཅིག །འདི་དངུལ་ཆུ་བས་ཀྱང་མདུན་ན་འཚེར། །[131] ཞེས་མི་ཟན་དུག་ཆུའི་མིང་དུ་དུག་མཚོ་ནག་མོར་གསུངས་ཤིང་། དེ་ཡང་ལུས་ལ་རེག་ན་སྐྱི་ལྤགས་ལ་གནོད་པའི་དངུལ་ཆུ་དང་འདྲ་བའི་འཇིགས་སྣང་ཅན་ཞིག་ཡིན་པའང་བཤད་ཡོད། མཚོ་དེ་གང་དུ་ཡོད་པའི་སྐོར་ཡང་།《རྒྱ་གར་ཚུར་འབྱོན་མ་ཞེས་པའི་མགུར་ཆེན་》ལས། ཤར་ཆུ་བོ་གངྒཱས་སྣ་དྲངས་ནས། །མཚོ་དུག་མཚོ་ཁོལ་མ་ད་གདོད་རྒལ། །ཞེས་ཆུ་མི་ཟན་དུག་གི་ཆུའམ། དུག་མཚོ་ནག་མོ། དུག་མཚོ་ཁོལ་མ་སྟེ། དོན་གཅིག་མིང་གི་རྣམ་གྲངས་དུ་མ་ཅན་གྱི་མཚོ་དེ་ནི། རྒྱ་གར་གྱི་ཆུ་བོ་གངྒཱའི་ཚུར་འགྲམ། བལ་ཡུལ་གྱི་ཁོངས་སུ་གཏོགས་པའི་རྒྱ་བལ་གྱི་འགྲོ་ལམ་ཞིག་ཏུ་ཡོད་པ་གསལ་པོར་གསུངས་གཤིས།

རྗེ་མར་པའི་ཕྱག་དཔེ་སྟོར་སའི་ཆུ་བོ་མིང་ལ། དུག་མཚོ་ཁོལ་མ་དང་། ས་གནས་བལ་ཡུལ། བྲུབ་པའམ་སྐྱེས་ན་རྒྱ་བལ་གྱི་འགྲོ་ལམ་ལ་འཚེ་བའི་ཆུ་འཇིགས་སུ་རུང་བ་ཞིག་ཡིན་པའི་གསལ་ཁ་བྱུང་སོང་སྙམ།

༤ ཡོན་ཏན་གྲགས་དང་འགྲོགས་ནས་བོད་ཀྱི་ཡུལ་དུ་ཕེབས་པ།

《བླ་མ་མར་པ་ལོ་ཙཱའི་རྣམ་པར་ཐར་པ་》ལས། ཚུར་བོད་དུ་འོང་བསམ་པ་མཆིས་ནས། བལ་ཡུལ་དུ་སླེབས་ཙམ་ན་ལྷོ་དུག་མཚོའ་ཁོལ་མ་བྱ་བ་ཡོད་པ་སྐྱེས་ནས་ཟླ་ཕྱེད་དུ་ཆུ་ལ་དགལ་(བརྒལ་)དགོས་པར་བྱུང་བས། དེར་དཔེའ(དཔེ)ཆ་ཐམས་ཅད་ཆུས་ཁྱེར་ནས་ཐུགས་དགོངས་ལ། ངས་དཀའ་བླས(ལས)བྱས་པའི་དཔེའ(དཔེ)མྱེད་པར་ཕྱིན་པས་མི་ཕན་སྙམ་དུ་ཐུགས་ལ་དགོངས་ནས། སློབ་དཔོན་གྱི་མཆེད་གྲོགས་བལ་པོ་ཕམ་ཐིང་བ་ལ་གསེར་ཞོ་བཞིའ་བསྐྱིས་ནས། ཡང་ཚུར་ལོག་པའི་དུས་སུ་བླ་མ་ན་རོ་པའི་ཅན་ཐག་རིང་བས། ཇོ་བོ་མངའ་བདག་མེ་ཏྲི་པ་ལྷོ་དཔལ་གྱི་རི་ལ་ལོག་མ་ཐོག(ཐག)རྡོ་རྗེ་གདན་དུ་བྱོན་པ་ལ། དགྱེས་གདོར(རྡོར)། བདེའ(བདེ)མཆོག །གདན་བཞིའ(བཞི)ལ་སོགས་པ་མང་དུ་ཞུས་ནས་སང་གནངས་སྟོན་ན་བོད་དུ་ཚུར་བྱོན་པ་ལ། ཡུལ་དུ་བསོད་ནམས་ཆེ་བར་བྱུང་།[132] ཞེས་གསུངས་པའི་རྒྱ་ཕེབས་གཉིས་པའི་བཤད་པ་འདི་དག་པར་མངོན་སྟེ།  《རྒྱ་གར་ཚུར་འབྱོན་མ་ཞེས་བྱ་བའི་ལམ་གླུ་རིང་མོ་》ལས། ཁྱེད་རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང་། །ང་བོད་ཡུལ་གྱི་མར་པ་ལོ་ཙཱ་གཉིས། །དང་པོ་ཞལ་མཐོང་མཇལ་ནས་ཀྱང་། །ལོ་དྲུག་དང་ནི་ཟླ་བ་བདུན། །དུས་སྐད་ཅིག་མ་བྲལ་འགྲོགས་པའི་པའི་ཕྱིར། །ཐུགས་ལ་མི་འདོགས་ཀྱི་ས་མ་མཆིས། །[133] ཞེས་དང་། 《ཚལ་པའི་དེབ་དམར་》ལས་ཀྱང་། ཁྱད་པར་དུའང་བླ་མ་ནཱ་རོ་པ་ལོ་དྲུག་ཟླ་བ་བདུན་དུ་བསྟེན་ནས། བོད་དུ་གདུལ་བྱ་སྣོད་ལྡན་ཡོད་པར་ལུང་བསྟན་ཞིང་རྒྱལ་ཚབ་ཏུ་བསྐོས་པ་བཞིན། བོད་དུ་ཕེབས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་ནམ་ལངས་ལ་ཉི་མ་ཤར་བ་ལྟར་མཛད་པ་ཡིན་ཞེས་བྱུང་བ་[134]དག་ལ་གཞིགས་ན་ཡང་། རྔོག་གཞུང་པའི་བཞེད་པ་བཞིན་དུ། རྒྱ་ཕེབས་དང་པོ་ལ་ལོ་དྲུག །རྒྱ་ཕེབས་ཐ་མ་ལ་ཟླ་བ་བདུན་ཏེ་ཁྱོན་བསྡོམས་ལོ་དྲུག་དང་ཟླ་བ་བདུན་དུ་པཎ་ཆེན་ནཱ་རོ་པ་བསྟེན་པའི་ལོ་ཚིགས་དང་ཁྲིགས་སེ་འགྲིག་སྟབས། རྗེ་མར་པ་ལོ་ཙཱ་དགུང་ལོ་ཉེར་ལྔ་བཞེས་པའི་ས་སྟག་(༡༠༣༨)ལོའི་དབྱར་སྨད་ཙམ་དུ། དཔེ་ཆུ་ལ་སྟོར་བའི་རྐྱེན་གྱིས་བལ་ཡུལ་ནས་རྒྱ་གར་དུ་ལྡོག་སྟེ། པཎ་ཆེན་ནཱ་རོ་པ་ལས་གཞན་པའི་བླ་མ་མཻ་ཏྲི་པ་སོགས་ལ་ཆོས་གསན་ཞིང་། རྒྱ་གར་དུ་ལོ་གཅིག་བཞུགས་རྗེས། དགུང་ལོ་སོ་དྲུག་བཞེས་པའི་ས་ཡོས་ལོའི་(༡༠༣༩) སྟོན་ཁར་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་དང་འགྲོགས་ནས་བོད་དུ་ཕེབས།     དེ་ཡང་《ཁ་རག་གཉོས་ཀྱི་གདུང་རབས་》ལས། ལོ་བདུན་ཟླ་བ་བདུན། ཞག་བདུན་དུ་བླ་མ་དེ་བསྟེན་ནས་སྒྲོ་འདོགས་ཆོད་པར་མཛད་དོ། དེ་ནས་མར་པ་དང་གདོངས(བསྡོངས)ནས་བྱོན། སྙན་གྲགས་དང་ཟང་ཟིང་གི་སྐུ་བསོད་ཤིན་ཏུ་ཆེ་བར་བྱུང་ཞིང་། ཁ་རག་པའི་བསུ་བ་རྣམས་ཀྱིས་ཀྱང་། ལ་སྟོད་ཅུང་པ་སར་སླེབས། སྐུ་མཆེད་འཛོམ། སྙན་པས་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཁྱབ། དེ་ནས་དཔོན་སློབ་རྣམས་ཀྱིས་ཁ་རག་ཏུ་ཕེབས།[135] ཞེས་གསུངས་པ་ལྟར། སྔ་ལོར་མར་པ་དང་འབྱུང་པོ་གཉིས་འཚོ་ཆས་སོགས་ཀྱི་ཆེད་དུ་བོད་ཕེབས་དང་མི་འདྲ་བར། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ནི་རྒྱ་ཕེབས་ཀྱི་དགོས་འདུན་ཡོངས་སུ་གྲུབ་ནས་བོད་ཕེབས་ཐ་མ་ཡིན་ཞིང་། རྗེ་མར་པ་དང་ལྷན་དུ་བོད་ལ་མཉམ་དུ་ཕེབས་གྲུབ་པ་དེ་ཡང་། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཁོང་ཉིད་ཡིན། དེ་ལྟར་བོད་ལ་ཕེབས་ཤིང་རྩིས་ལྷ་ཁང་དུ་སླེབ་ཙ་ན། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཀྱིས་རང་གི་ཡིད་ལ་བརྣགས་པའི་འདོད་དོན། གཅུང་འབྱུང་པོ་ལ་ཡང་དང་བསྐྱར་དུ་ཟླ་གྲོགས་སུ་འགུགས་པའི་སྐུལ་མ་གནང་བའི་མཇུག་བསྡོམས། རྗེ་མར་པ་རང་གི་ཆོས་བརྒྱུད་སྤེལ་བའི་ཕྲིན་ལས་ཀྱི་གྲོགས་སུ་འགུགས་པའི་འདོད་འདུན་དམར་རྗེན་དུ་ཕུད་དེ། ང་རང་གི་རྗེས་སུ་འབྲང་ནས་ངའི་གདམས་ངག་གི་བརྒྱུད་པ་སྤེལ་ཞིང་རང་ཉིད་ཀྱི་སྐུ་ཚབ་ལྟ་བུའི་ལམ་ནས། བསྟན་འགྲོའི་དོན་ལྷན་དུ་མཛད་དེ་མཉམ་དུ་བཞུགས་གྲུབ་པའི་དགོངས་འདུན་གནང་ཡང་།[136] རྗེ་མར་པའི་ཕུགས་འདུན་དང་དམ་བཅའི་དགོངས་པ་དང་འགལ་སྟབས། དང་ལེན་གནང་རྒྱུ་མ་བྱུང་ནས་ཀློག་སྐྱ་སྟོན་པ་སར་བྱོན་ཞིང་། ཀློག་སྐྱ་ཇོ་སྲས་དང་མཇལ་འཕྲད་བྱུང་། དེ་ནས་ལོ་གསུམ་ཙམ་བོད་དུ་བཞུགས་ཤིང་། སླར་རྒྱ་གར་དུ་ཕེབས་པའི་ལོ་ཚིགས་སོགས་ནི་གོང་དུ་གསལ་ཞིང་། མདོར་ན་རླབས་ཆེན་གྱི་ཕུགས་འདུན། སྤོབས་པའི་ཆོད་སེམས། དཀའ་སྤྱད་ཀྱི་སྙིང་སྟོབས་སོགས་ཀྱིས་བསྐྲུན་པའི་སྐྱེས་བུ་དམ་པ། གསང་སྔགས་གསར་མའི་བསྟན་པའི་ཆ་ལག་ཡོངས་སུ་རྫོགས་པའི་ཤིང་རྟའི་སྲོལ་འབྱེད་པ། གངས་ཅན་གྱི་ལྗོངས་འདིར་བཤད་སྒྲུབ་གཉིས་ཀའི་སྒོ་ནས་བསྟན་པའི་བདག་པོར་གྱུར་པ་ནི་རྗེ་མར་པ་ལྷོ་བྲག་པ་ཡིན་ཞེས་གྲགས་པའི་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་དང་། དབོན་དང་སྲས་ཀྱི་གདུང་རབས་ནང་དུ་བྱུང་བའི་སྐྱེས་བུ་དུའི་མའི་ཡབ་མེས། འདུས་པ་ཡེ་ཤེས་ཞབས་ལུགས། གཤིན་རྗེའི་གཤེད། ཁྱད་པར་འཇིགས་བྱེད། མཚན་ཡང་དག་པར་བརྗོད་པ་སྟེ། གཉོས་རྒྱུད་བཞི་ཞེས་གྲགས་པའི་བསྟན་པའི་བདག་པོ། གཉོས་ལོ་ཙཱ་བ་གཅེན་ཡོན་ཏན་གྲགས་དང་། གཉོས་ལོ་ཙཱ་བ་གཅུང་འབྱུང་པོ་སྟེ། རྗེ་མར་པ་དང་གཉོས་འབྱུང་པོའི་བར་དུ་བྱུང་བའི་འགལ་འབྲེལ་གྱི་སྐོར་རྣམས་རེ་ཞིག་མཇུག་ལེགས་པར་གྲུབ་པ་ཡིན་ནོ། །

མཇུག་བསྡོམས་དཔྱད་པའི་སྤྱི་དྲིལ་ཕྱོགས་མཚམས་སྟོན་པའི་མེ་ལོང་།

དེ་ཡང་རྗེ་མར་པའི་《རང་རྣམ་མགུར་མ་》དང་། དངོས་སློབ་ཆོས་ཀྱི་རྡོ་རྗེས་མཛད་པའི་《བླ་མ་མར་པའི་རྣམ་ཐར》། ཆོས་རྗེ་སྒམ་པོ་པས་མཛད་པའི་《མར་པའི་རྣམ་ཐར་》སོགས་ནས་རིམ་གྱིས་བརྒྱུད་པའི་བཤད་རྒྱུན། རྗེ་མར་པ་རྒྱ་བོད་འགྲུལ་བཞུད་ཀྱི་ལམ་གྲོགས། གཉོས་ལོ་ཙཱ་བ་ཡིན་པ་དང་། གཉོས་ལོའམ་གཉོས་ཀྱི་གཅུང་པོས་རྗེ་མར་པའི་ཕྱག་དཔེ་ཆུ་ལ་བསྐུར་བའི་ལོ་རྒྱུས་ལ། བདེན་པ་མ་ཡིན་པའི་དོགས་སློང་གི་ཁོག་འབུབས་མཁན་ནི། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ཡིན་ཞིང་། འབེ་ལོ་ཚེ་དབང་ཀུན་ཁྱབ་ལགས་དེ་ཡི་རྗེས་སུ་འབྲངས་ཏེ་གཞུང་བསྲངས། སྐུ་ཞབས་ར་སེ་ལགས་ཀྱིས་ཀྱང་བཤད་རྒྱུན་དེ་ལ་མ་དག་རྒྱུན་འབྱམས་ཀྱི་ཁྲིམས་ཐག་བཅད་ཅིང་། ལོ་རྒྱུས་སུ་བྲིས་པ་གང་དེ་རྫུན་སྒྲུང་ཡིན་པའི་ཆོད་དོན་གྱིས་མཐའ་བརྒྱན།

དེ་ནས་མཐོང་རྒྱ་ཆེ་བའི་ཚེེ་དབང་ནོར་བུ། ཤེས་རབ་རྣོ་བའི་ཚེ་དབང་ཀུན་ཁྱབ། ཐོས་རྒྱ་ཡངས་པའི་ར་སེ་དཀོན་རྒྱམ་གསུམ་ལ་དད་ཅིང་གུས་ལ། ཡིད་ཁྱེད་ཤེས་ཅན་གྱི་གང་ཟག་རྣམས་ཀྱིས་ཅི་གསུང་ཚད་མར་བཟུང་སྟེ། ཡིན་མིན་ཤན་འབྱེད་པའི་གཟུ་དཔང་དུ་བསྐོ་བཞག་མཛད་དེ། དེ་གསུམ་གྱི་བཞེད་པའི་དོན་ལས་འདའ་མི་རུང་བའི་བཀའ་རྟགས་ཀྱི་ཕྱག་རྒྱས་བཏབ་ནས། ཁོང་རྣམ་པའི་བཞེད་པ་དེ་ལ་དོགས་འདྲི་གནང་མཁན་ཡང་མ་བྱུང་བ་ལྟ་བུར་གྱུར། ཡིན་ན་ཡང་ཁོང་རྣམ་པའི་བཞེད་པ་ལ་བརྟགས་ན། ཞེ་འདོད་ཀྱི་བསྒྲུབ་བྱ་ལ་རྒྱབ་རྟེན་ཕེར་བའི་གཏན་ཚིགས་གཅིག་ཀྱང་མེད་སྟབས། དཔྱད་ཞིབ་བྱ་དགོས་པའི་དྲན་སྐུལ་ཙམ་དུ་གྱུར་པ་ཡིན།

གནས་སྟངས་དེ་འདྲ་ཞིག་གི་འོག་ནས། རྗེ་མར་པའི་རྣམ་ཐར་དང་། འབྲེལ་ཡོད་ཀྱི་ཡིག་ཆ་དག་ལ་གླ་བོ་བགྱིས་ཏེ་རང་གི་བསམ་གཞིག་ལས་བཏོན་པའི་གྲུབ་དོན་ནི།  ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་ཀྱི་བཞེད་པ་ལས་ལྡོག་སྟེ། སྔགས་ལོག་གི་མུན་པ་འཐིབས་པའི་བྷོ་ཊའི་ལྗོངས་སུ། གསང་སྔགས་གསར་མའི་བསྟན་པའི་ཆ་ལག་ཡོངས་སུ་རྫོགས་པའི་ཉི་གཞོན་བསུ་བའི་ཐུགས་བསྐྱེད་དེ། ཆོད་སེམས་ཀྱི་དམ་བཅའི་སྐྱ་རེངས་དཀར་པོ་དེ་དང་འགྲོགས་ནས། རྒྱ་གར་འཕགས་པའི་ཡུལ་དུ་ཞལ་བསྒྱུར་ཏེ་(རབ་བྱུང་དང་པོའི་ལྕགས་རྟ། སྤྱི་ལོ་ ༡༠༣༠ ལོར)ཕྱགས་ཕེབས། མྱང་སྟོད་རྩིས་ཀྱི་ལྷ་ཁང་དུ་ཞག་བཞུགས་མཛད་དུས། གཉོས་ལོ་གཅེན་གཅུང་གཉིས་དང་ལྷན་འཛོམས་བྱུང་། རྗེ་མར་པའི་ཆོད་སེམས་ཀྱི་དམ་བཅའ་དང་ཀུན་སྤྱོད་ཀྱི་མཛེས་པས། གཉོས་ལོ་ཙཱ་བ་གཅེན་ཡོན་ཏན་གྲགས་ཀྱི་ཐུགས་ཡིད་རབ་ཏུ་འཕྲོག་སྟེ། རང་གི་འཕྲིན་ལས་སྤེལ་བའི་སློབ་མར་བསྒྱུར་བའི་དགོངས་འདུན་དང་འབྲེལ་ཏེ་མདུན་གཡོག་གི་ཚུལ་དུ་ཐུགས་ལ་བཏགས། གཅུང་གཉོས་འབྱུང་པོས་ཀྱང་གཅེན་གྱི་དགོོངས་བཞེད་དང་མཐུན་པར། མར་པ་ཆོས་ཀྱི་བློ་གྲོས་དང་ཕར་ཚུར་གྱི་ལམ་གྲོགས་བྱེད་པའི་མནའ་ཡ་ཤག་རོགས་ཀྱི་འབྲེལ་བ་རྩ་བར་བཟུང་སྟེ། ལེགས་པའི་སྒོ་མོ་མཐོང་དུས་གཅིག་གིས་གཅིག་མི་བརྗེད་པའི་རྒྱ་ཡི་ཁ་ཆད། ཉེས་པའི་ན་ཚ་བྱུང་ན་གཅིག་གིས་གཅིག་མི་འདོར་བའི་སྙུང་སྡེབ་བྱས་ཏེ་བལ་ཡུལ་དུ་བྱོན། བལ་ཡུལ་དུ་ཐོན་དུས་སྔར་ཡང་རྒྱ་གར་དུ་ཕེབས་མྱོང་བའི་གཉོས་ལོ་ཙཱ་བ་བན་ཆེན་ཡོན་ཏན་གྲགས་འཕགས་ཡུལ་དུ་ཕེབས། རྗེ་མར་འབྱུང་རྣམ་གཉིས་ཚད་པ་ལ་འདྲིས་པའི་ཆེད་དང་། སློབ་སྦྱོང་གི་དགོས་པ་དང་སྦྲགས་ཏེ་བལ་ཡུལ་དུ་བཞུགས།

དེ་ནས་ཡུན་རིང་ཙམ་འགོར་རྗེས། དང་ཐོག་བལ་པོ་སྤྱི་ཐེར་བའི་མདུན་དུ་ཕེབས་སྐབས། སྐུ་མཆེད་ཀྱིས་ངན་སྨྲས་ལབ་པའི་ཉེར་བསྡོགས་ལ་བརྟེན་ནས། གཉོས་འབྱུང་པོ་བལ་ཡུལ་ལ་ཡུན་དུ་བཞུགས་འདོད་མེད་པའི་བསམ་པ་མངོན་འགྱུར་གྱི་རྐྱེན་དུ་བཤད་ཅིང་། སྦས་འདུན་ནི་མར་པ་དང་མཉམ་དུ་གཅེན་གྱི་དགོངས་བཞེད་ལྟར། གཅེན་དང་གཅེན་པོའི་སློབ་དཔོན་གྱི་དྲུང་དུ་བྱོན་རྒྱུ་དེ་ཉིད་ཡིན། མར་པ་ལ་བལ་པོར་ཡུན་དུ་བཞུགས་འདོད་མེད་པའི་སུན་གཙེར་གྱི་དོན་དེ་དང་། བལ་པོར་ཡུན་རིང་དུ་སྡོད་པ་ལ་སྙིང་པོ་མེད་པའི་སྐོར་དང་འབྲེལ་ནས། མྱུར་དུ་འཕགས་ཡུལ་དུ་ཆས་ཏེ་རྩོད་མེད་ཀྱི་པཎ་གྲུབ་དག་ལ་གུས་པས་བསྙེན་པ་མཆོག་ཅེས་བཤད་རྗེས། མར་པའི་བསམ་པ་དེ་ལས་ལྡོག་སྟེ། བལ་ཡུལ་དུ་ལོ་འགར་བསྡད་དེ། བསྒྱུར་ཞུས་ཡི་གེའི་ལོ་ཙཱ་བའི་ཡོན་ཚད་ལོན་པར་བྱས་ཤིང་། འཕྲལ་དགོས་ཀྱི་ཆོས་དང་། རྒྱུད་སྡེའི་འཆད་ཉན་གྱི་རྨང་ཡང་ཚགས་སུ་ཚུད་པར་བྱས་རྗེས། གཟོད་འཕགས་ཡུལ་དུ་སོང་སྟེ། རྩོད་མེད་པཎ་གྲུབ་རྣམས་ཀྱི་དྲུང་ནས། རྒྱུད་བཤད་མན་ངག་གི་སྙིང་པོ་ལེན་པའི་གོ་རིམ་དང་འབྲེལ་དགོས་པའི་བསམ་ཚུལ་བསྟན་ཡང་། གཉོས་ཀྱི་ཐུགས་ལ་མ་འཕྲོད་དེ། ཕར་ཚུར་ལམ་གྲོགས་ཀྱི་མནའ་འབྲེལ་བྱས་པའི་དོན་ལ་གས་གྲུམ་ཞུགས་ཏེ། བསམ་ཚུལ་མི་གཅིག་པ་འགལ་ཟླ་སློང་བའི་རྐྱེན་དུ་གྱུར་ནས། མར་པ་སྔར་བཞིན་བལ་ཡུལ་དུ་བཞུགས། གཉོས་འབྱུང་པོ་འཕགས་ཡུལ་དུ་ཞལ་བསྒྱུར་ཏེ་གཅེན་གྱི་དྲུང་ལ་ཆས་སོ། །

དེ་ནས་ལོ་འགའི་རྗེས་སུ་རྗེ་མར་པ་བལ་ཡུལ་དུ་བཞུགས་པའི་དགོངས་འདུན་གྲུབ་ནས་འཕགས་ཡུལ་དུ་(རབ་བྱུང་དང་པོའི་ཆུ་སྤྲེལ། སྤྱི་ལོ་ ༡༠༣༢)ཕེབས། རྒྱ་གར་དུ་ཐོན་དུས་གྲོགས་གཉོས་འབྱུང་པོ་དང་འཕྲད། གཉོས་འབྱུང་པོས་གཅེན་པོའི་དགོངས་བཞེད་ལྟར་དུ་མར་པ་ལོ་ཙཱ་ལ། གཅེན་ཡོན་ཏན་གྲགས་ཀྱི་དྲུང་དུ་ཕེབས་ཏེ་རང་གི་སློབ་དཔོན་ནག་པོ་ཞབས་ཆུང་བ་བསྟེན་དགོས་པའི་སྐུལ་མ་དང་། སློབ་དཔོན་གྱི་དྲུང་དུ་བཅར་བ་ཡིན་ན། རོགས་དན་གང་དགོས་དང་གསེར་གྱི་གནང་སྦྱིན་མཛད་པའི་གསུང་བྱུང་ན་ཡང་། རྗེ་མར་པའི་ཕུགས་འདུན་དང་དགོངས་པ་དེ་ལས་ལྡོག་སྟེ། གཉོས་ལོ་ཙཱ་བ་འབྱུང་པོ་ལ་བཤད་རྒྱུར། རྒྱ་བལ་བོད་གསུམ་དུ་མཁས་གྲུབ་གཉིས་ལྡན་གྱི་ཡོན་ཏན་ཕུལ་དུ་བྱུང་བ་ནི། པཎ་ཆེན་ནཱ་རོ་པ་ཡིན་པ་ཡོངས་སུ་གྲགས་ཤིང་གྲུབ་པ་ཡིན་སྟབས། འུ་གཉིས་དེ་ཡི་དྲུང་དུ་འགྲོ་ཞེས་རེ་སྐུལ་ཞུས་ཀྱང་། གཉོས་ལོའི་ཐུགས་དང་འགལ་ཏེ། གཉོས་འབྱུང་པོས་མར་པ་ལོ་ཙཱར་བཤད་རྒྱུར། ནཱ་རོ་པ་སྔར་མཁས་པ་པཎ་ཌི་ཏ་ཡིན་པ་བདེན་ཡང་། ཕྱིས་ཏཻ་ལོ་པ་དང་མཇལ་རྗེས། ཀུ་སུ་ལུ་ཞིག་ཏུ་སོང་བས། ད་ལྟ་ཁོ་ལ་ཆེ་མཐོང་དེ་ཙམ་མེད་ཅེས་དམའ་འབེབས་ཅུང་ཟད་གནང་ཞིང་། མར་པ་ལོ་ཙཱ་ལ་རོགས་དན་ལྟ་ཅི། གསེར་སེ་བ་གཅིག་ཀྱང་མ་གནང་ནས་ལོག །དེ་ལྟར་འབྲེལ་བའི་རྔ་མ་འགལ་བའི་ནག་ཐིག་ཅན་དུ་འགྱུར་བའི་ས་བོན་གྱི་ནུས་པ་ཇེ་ཆེར་གྱུར། རྗེ་མར་པ་པཎ་ཆེན་ནཱ་རོ་པའི་དྲུང་དུ་བྱོན་ནས། གཙོ་བོ་རྒྱུད་སྡེ་རྣམས་ཀྱི་དབང་བཤད་མན་ངག་ལེན་དང་བཅས་པའི་གདམས་པ་ཚུལ་བཞིན་དུ་མནོས་ཤིང་། ཐོས་བསམ་སྒོམ་གསུམ་གཅིག་གོ་གཅིག་གིས་མི་འགག་པར་ཐུགས་ཉམས་སུ་བཞེས། དེ་ཡི་བར་དང་མཚམས་རེ་གཉོས་འབྱུང་པོ་དང་མཇལ་འཛོམས་བྱུང་སྟེ། གང་གསན་པའི་རྒྱུད་སྡེའི་སྐོར་ལ་གོ་སྡུར་རེ་མཛད་སྐབས། སྔར་སོ་སོའི་སློབ་དཔོན་ལ་ལྟ་སྟངས་མི་གཅིག་པའི་དབང་གིས་འགྲོ་ལམ་ཐ་དད་དུ་སོང་བའི་སྟབས་ཀྱིས། གཉོས་ལོ་ཙཱ་བ་འབྱུང་པོས་གསུང་རྒྱུར། རྒྱུད་དེ་ཙམ་ལ་ནང་བྱན་ཆུད་ཀྱང་ཉིད་ཀྱི་ཕུགས་བསམ་ཆེན་པོ་དེ་ཉིད་སྐོང་བའི་ནུས་པ་མེད། དེ་ནི་བོད་ཡུལ་རང་དུའང་དར་བཞིན་ཡོད་པ་དང་། ཟབ་པ་ཡང་དེ་ཙམ་མ་ཡིན་ཏེ། དེ་ལས་ཀྱང་ཟབ་ཅིང་བརླིང་བའི་རྒྱུད་སྡེ་ནི་འདི་ཡིན་ཞེས། ཟབ་པ་ལྐོག་ཆོས་སུ་གྱུར་པའི་རྒྱུད་སྡེ་གང་ཞིག་གི་མཚན་ནས་བཟུང་སྟེ། བརྗོད་བྱའི་སྙིང་དོན་ཡོན་ཏན་གྱི་ཆ་ནས་བརྗོད་དུས། མར་པ་ལ་གཞེན་བསྐུལ་གྱི་རྐྱེན་དུ་གྱུར་ནས། རྒྱུད་སྡེ་གང་དེའི་བཀའ་བབ་ཀྱི་བླ་མ་སུ་ཡིན་རྩར་བཅད་ཅིང་། རང་གི་ཚེ་སྲོག་འབེན་དུ་བཞག་སྟེ། ཉིད་ཀྱི་ཐུགས་དགོངས་ལ། གལ་ཏེ་ཁ་བ་གངས་ཅན་པ་ལ་འགོ་བའི་ལྷ་ཞིག་དང་། ལས་སྐལ་གྱི་བསོད་ནམས་ཟད་མེད་པ་ཡིན་ན། རང་གི་ཚེ་ཡི་བར་ཆད་ཀྱི་རྐྱེན་དུ་མི་འགྱུར་བར་མ་ཟད། ངའི་ཕུགས་འདུན་གྱི་རེ་བ་འགྲུབ་པ་ལ་ཐེ་ཚམ་མེད་དོ་ཞེས། ཆོད་སེམས་ཀྱི་གདོང་འཆོང་མཛད་དེ། གཞན་དག་བགྲོད་མ་ནུས་པའི་གནས་སུ་ཕེབས་ནས། བཀའ་བབ་ཀྱི་བླ་མ་གང་དེའི་དྲུང་ནས་བརྒྱུད་པའི་གདམས་ངག་ཚུལ་བཞིན་མནོས་ཏེ། རྒྱུད་སྡེ་བཞི་ཡི་བཀའ་བབ་ཀྱི་བརྒྱུད་པའི་གདམས་ངག་ཐུགས་ལ་བསྐྱིལ། གངས་ལྗོངས་ཐུབ་བསྟན་གསང་སྔགས་གསར་མའི་བསྟན་པའི་སྲོལ་འབྱེད་ཀྱི་སྐྱེས་བུ་དག་གི་ཁྲོད་ནས། དམིགས་བསལ་གྱི་མི་སྣ་ཞིག་ཏུ་འགྱུར་བའི་རོགས་དན་ཆེན་པོར་སོང་གཤིས། རྗེ་མར་གཉོས་རྣམ་གཉིས་ཀྱི་བགྲོ་གླེང་གི་རྣམ་པ་ཇི་ལྟར་ན་ཡང་། རྗེ་མར་པའི་ཕུགས་འདུན་གྱི་གྲུབ་འབྲས་ངོས་ནས་བཤད་པ་ཡིན་ན། གཉོས་ལོ་ཙཱ་བ་འབྱུང་པོ་ནི་རྗེ་མར་པའི་མཛུབ་སྟོན་གནང་བའི་དགེ་རྒན་ལྟ་བུ་ཞིག་ཏུ་གྱུར་པ་ཡིན།

དེ་ནས་རྗེ་མར་པ་རྒྱ་གར་ལ་ལོ་དྲུག་ཙམ་དུ་བཞུགས་ཏེ། བླ་མ་ལ་འབུལ་བ། རྟེན་རྣམས་ལ་མཆོད་པ། རང་གི་རྒྱགས་སོགས་ཀྱི་དགོས་པ་དང་འབྲེལ་ཏེ་བོད་ཡུལ་དུ་འགྲོ་བའི་ཐུགས་ཐག་བཅད། ཕར་ཚུར་ལམ་གྲོགས་ཀྱི་གནའ་འབྲེལ་བྱས་པའི་གཉོས་ལོ་ཙཱ་བ་འབྱུང་པོ་ལ་དོན་དེ་བཤད་རྟིང་། འབྱུང་པོ་ཡང་བོད་ཕེབས་ཀྱི་ཐུགས་འདུན་བྱུང་ནས། མར་པ་དང་ལྷན་དུ་བོད་ཀྱི་ཕྱོགས་སུ་ཞལ་བསྒྱུར་ནས་(རབ་བྱུང་དང་པོའི་ས་སྟག །སྤྱི་ལོ་ ༡༠༣༨)ཕེབས། ཆུ་བོ་གངྒ་བརྒལ་ཏེ་བལ་ཡུལ་གྱི་ས་རུ་ཞབས་ཀྱིས་བཅགས་དུས། དུག་མཚོ་ནག་མོ་བྲུག་ཅིང་སྐྱེས་ཏེ་བརྒལ་དགོས་བྱུང་སྟབས། གློ་བུར་དུ་འཕྲད་པའི་ལམ་དགྲ་དེ་ཉིད་ལས་བསྒྲལ་དུས། གཉོས་ལོ་ཡོན་ཏན་གྲགས་ཀྱི་གཅུང་འབྱུང་པོས། གོ་སྐབས་གང་དེ་དམ་འཛིན་གནང་སྟེ། རྒྱུ་ཐབས་གང་གིས་ཀྱང་རང་ཕྱོགས་ཀྱི་ལག་འོག་ཏུ་མ་ཁུག་ནས། བསམ་པ་མི་གཅིག་ཁ་ཁ། འགྲོ་ལམ་མི་གཅིག་སོ་སོར་སོང་བའི་འགལ་ཟླ་དུ་མ་བྱུང་བའི་འཁོན་བསམ་གྱི་རྒྱུ་ལ། རྐྱེན་ཕྲག་དོག་གི་སེམས་བྱུང་ཅུང་ཟད་བསྡོངས་ཏེ་བཀོད་འདོམས་ཀྱི་ཐབས་ཇུས་གཅིག་གིས། མར་པ་ལོ་ཙཱའི་དཔེ་རྣམས་ཆུ་ལ་བསྐུར། མར་པས་གཉོས་ལ་《ཁྲེལ་འདེབས་ཀྱི་མགུར་》བླངས་ནས། ལམ་གྲོགས་ཀྱི་འབྲེལ་བ་སྐྱོར་གར་ཞིག་གིས་མཇུག་བསྡུས་ཏེ། བལ་ཡུལ་ནས་གྲོགས་པོ་ཕན་ཚུན་གྱེས་བྲལ་གྱི་ལམ་དུ་ཞུགས་དགོས་པ་བྱུང་། གཉོས་ལོ་ཙཱ་བ་འབྱུང་པོ་བོད་དུ་ཕེབས། གྲོགས་ཧ་དུ་དཀར་པོ་ལ་སོགས་པའི་མཆེད་གྲོགས་རྣམས་ཀྱིས། མར་པས་གཉོས་ལ་ཆོས་གཏམ་གྱི་ཁྲེལ་འདེབས་པའི་མགུར་བཞེངས་པ་ཙམ་ལས། གཞན་པའི་འཁོན་ལན་གང་ཡང་མ་ལྡོན་པའི་བཟོད་པའི་དཀྱེལ་ཡངས་ལ་བསྔགས་བརྗོད་གནང་ཞིང་། དེ་ནི་དམ་པའི་ཆོས་ལ་ནང་བྱན་ཆུད་ཅིང་། ལྟ་བ་བཟང་པོ་ཐུགས་ལ་འཁྲུངས་པའི་རྟགས་ཡིན་པས། རྟོགས་ཚད་ལྟ་བའི་མགུར་བཞེངས་དགོས་པའི་སྐུལ་མ་དང་བཞེངས་པ་སོགས་མཛད་དེ། སྣ་ལེན་བཟང་པོའི་དགའ་སྟོན་ལ་རོལ།

དེ་ནས་རྗེ་མར་པ། བསྒྱུར་མཆན་དཔེ་གསུམ་གྱི་ཡི་གེ་རྣམས་བརླག་རྐྱེན། ཕྱག་སྟོང་དུ་བོད་ཡུལ་ལ་ཕེབས་འདོད་ཀྱང་མ་བྱུང་ཞིང་། རྒྱགས་སྐྱེལ་མི་སོགས་ཀྱི་མཐུན་རྐྱེན་ལ་ཡང་འཕྲད་དེ། སླར་ཡང་བལ་པོ་ནས་རྒྱ་ཕེབས་གཉིས་པ་མཛད། ཇོ་བོ་མཻ་ཏྲི་པ་སོགས་དང་མཇལ་ཏེ་ལོ་གཅིག་ཙམ་འགོར་རྗེས། སྟོན་ཁ་ཞིིག་ཏུ་གཉོས་ལོ་ཙཱ་བ་གཅེན་ཡོན་ཏན་གྲགས་དང་འགྲོགས་ནས་བོད་དུ་(རབ་བྱུང་དང་པོའི་ས་ཡོས། སྤྱི་ལོ། ༡༠༣༩)ཆས། གཉོས་ལོའི་བསུ་བ་དང་བཅས་བོད་ལ་ཞབས་སོར་བདེ་བར་འཁོད། རྗེ་མར་པ་ལ་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཀྱིས་ཡུན་རིང་དུ་ཐུགས་ལ་བསྙལ་བའི་རེ་འདུན་ཏེ། རང་གི་ཕྲིན་ལས་སྤེལ་བའི་ཟླ་གྲོགས་སུ་བཞུགས་ནས། བསྟན་འགྲོའི་དོན་མཛད་དགོས་པའི་རེ་སྐུལ་དངོས་སུ་གནང་ཡང་། རྗེ་མར་པ་རང་གི་ཕུགས་འདུན་གྱི་དགོངས་པ་དང་འགལ་སྟབས། དང་ལེན་གནང་རྒྱུ་མ་བྱུང་ནས་གསེར་འཚོལ་བར་ཕེབས། བགྲང་བྱ་གསུམ་ཙམ་བོད་དུ་བཞུགས་ནས་སླར་ཡང་རྒྱ་ཕེབས་གསུམ་པ་(རབ་བྱུང་དང་པོའི་ཆུ་རྟ། སྤྱི་ལོ། ༡༠༤༩)མཛད། དཔལ་ནཱ་རོ་པའི་དྲུང་ནས་སྙན་བརྒྱུད་ཀྱི་གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་མནོས། དེ་ནས་རྗེ་མེ་ཏྲི་པ་སོགས་ལ་བརྟེན་ཏེ། རྒྱུད་ཀྱི་བཤད་པ་སོགས་ཀྱང་དཔྱིས་ཕྱིན་པར་མཛད་དེ། རྒྱ་གར་ནས་(རབ་བྱུང་དང་པོའི་ཆུ་སྦྲུལ། སྤྱི་ལོ། ༡༠༥༣)བལ་ཡུལ་བརྒྱུད་དེ་རིམ་གྱིས་བོད་དུ་ཕེབས་ནས། ལྷོ་བྲོ་བོ་ལུང་དུ་བཞུགས་ཏེ་བཤད་སྒྲུབ་གཉི་གའི་སྒོ་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་ནམ་ལངས་ལ་ཉི་མ་ཤར་བ་ལྟ་བུར་མཛད་དེ། རེ་ཞིག་(རབ་བྱུང་གཉིས་པའི་ཆུ་བྱ། སྤྱི་ལོ། ༡༠༩༣)དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན། དེ་ལྟར་རླབས་ཆེན་གྱི་ཐུགས་བསྐྱེད་དང་། ཆོད་སེམས་ཀྱི་བརྩོན་འགྲུས་ལས་བྱུང་བའི་གངས་ལྗོངས་ཐུབ་བསྟན་གསང་སྔགས་གསར་མའི་བསྟན་པའི་ཆ་ལག་ཡོངས་སུ་རྫོགས་པའི་སྲོལ་འབྱེད་པ་ཞིག་གི །སྐུ་ཚེའི་འགྲུལ་བཞུད་ཀྱི་ཟུར་ངོས་རགས་བསྡུས་ཤིག་གིས་རྩོམ་ཡིག་འདི་ཡི་སྤྱི་ཁོག་གི་སྒྲོམ་གཞི། གོ་རིམ་ལྡན་པའི་ཐོག་ནས་མདོར་དྲིལ་ཏེ་མཇུག་བསྡོམས་ཞུས་པ་ཡིན་ནོ། །

ཞེས་བོད་རབ་གནས་ཤིང་སྦྲུལ་ལོའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་རྫོགས་པ་གཉིས་པའི་དུས་སུ་གནམ་གསས་དར་རྒྱལ་གྱིས་གྲུབ་པར་བགྱིས་པའོ། །སྤྱི་ལོ་ ༢༠༢༥ ལོའི་ཟླ་བ་ ༡༡ པའི་ཚེས་ ༣༠ ཉིན།

དཔྱད་ཡིག་དང་ཞབས་མཆན། 

[1] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༣༥

[2] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༩༩-༢༠༧

[3] ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ། ༼པོད་དང་པོ།༽ཆོས་ཚན། མར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༢༠ ལོར་པར་དུ་བསྐྲུན། ཤོག་ངོས། ༥༡༤

[4] སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ། ཆོས་ཚན། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས། ཤོག་ངོས། ༧༠༤

[5] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ།  ལྡེབ་གྲངས། ༢༥ a གཞུང་འདིའི་ཞལ་བྱང་གཅིག་གི་འོག་དང་སྦྱར་བྱང་གཅིག་གི་སྟེང་དུ། རྣམ་ཐར་གྱི་ཚན་པ་མི་འདྲ་བ་གཉིས་སུ་བྱུང་སྟབས། གཉིས་པོའི་སྤྱི་ཁོག་གི་སྒྲོམ་གཞི་འཇོག་སྟངས་མི་མཚུངས་ཤིང་། གཞུང་སྔ་ཕྱི་འགལ་བ་ཡོད་པ་སོགས་ཀྱིས་རྐྱེན་པས། གཉིས་པོ་གང་ཟག་གཅིག་གིས་མ་མཛད་པའི་སྐོར་ནི། གུས་པས“མར་སྟོན་ཆོས་རྒྱལ”ཞེས་པའི་འཕྲིན་ཚོམས། བཀའ་བརྒྱུད་པའི་མཁན་སྤྲུལ་མང་པོ་དང་། སློབ་གཉེར་བ་སོགས་ཀྱི་འདུས་པ་ལྔ་བརྒྱ་ལྷན་ཚོགས་བྱུང་བའི་ཚོམས་ཆེན་དེ་རུ། ཕྱི་་ལོ་ ༢༠༢༢ ལོའི་ཟླ་བ་ ༡༡ པའི་ཚེས་ ༢༡ ཉིན།  《རྔོག་གཞུང་པའི་སྦྱར་བྱང་ཅན་གྱི་མར་པའི་རྣམ་ཐར་གང་ཟག་གཅིག་གིས་བརྩམས་པ་ཡིན་ནམ།》ཞེས་རྣམ་ཐར་སྟོད་ཆ་རྔོག་གཞུང་པས་མཛད་པ་དང་སྨད་ཆ་རྔོག་པས་མ་ཛད་པ་ལ་སྒྲུབ་བྱེད་ལས་གནོད་བྱེད་མེད་པའི་སྐོར་ནས་གང་འཚམས་ཞིབ་བཤད་བྱས་རྗེས། དེ་ལ་ཡི་མ་རངས་པ་དང་ལྡོག་ཕྱོགས་ཀྱི་དགོངས་ཚུལ་གནང་མཁན་མང་དུ་བྱུང་ཞིང་། དགོངས་ཚུལ་འགའ་རེ་ལ་ལན་བསྟབ་དགོས་པའི་དོན་གནད་བྱུང་ཡང་། འཕྲིན་ཚོམས་དེ་ཉིད་གཏོར་འཛུགས་ཀྱི་འཕོ་འགྱུར་བྱུང་བ་སོགས་ཀྱི་དབང་གིས་དཔྱད་ཞིབ་རང་བཞིན་ཅན་གྱི་ལན་འཐུས་སྒོ་ཚང་བ་ཞིག་འབུལ་རྒྱུ་མ་བྱུང་། ཕྱིས་སུ་སྐུ་ཞབས་སྙན་བཟང་ལགས་ཀྱིས་གཙོ་སྒྲུབ་གནང་བའི“བོད་རིག་པའི་སྐད་ཚོམས”སུ། ཕྱི་ལོ་ ༢༠༢༥ ལོའི་ཟླ་བ་ ༥ པའི་ཚེས་ ༢༥ ཉིན།《རྔོག་གཞུང་པའི་མཛད་བྱང་ཅན་གྱི་རྗེ་མར་པའི་རྣམ་ཐར་བཀླགས་ཚོར》ཞེས་པའི་གཏམ་བཤད་འདི། སྙན་བཟང་ལགས་ཀྱིས་རེ་སྐུལ་གནང་བ་ནང་བཞིན་སྤེལ་ནས། རྣམ་ཐར་གང་དེའི་སྤྱི་ཁོག་གི་སྒྲོམ་གཞིའི་དཔྱད་གླེང་དང་འབྲེལ་ཏེ། སྔར་བཞིན་རྣམ་ཐར་སྟོད་ཆ་རྔོག་གཞུང་པས་མཛད་ཅིང་ཕྱི་མ་གང་ཟག་གཞན་གྱིས་བརྩམས་པའི་ལྟ་ཚུལ་ཅུང་ཟད་བཤད་ཡོད་པས། འདིར་བསྐྱར་གླེང་བྱས་ན་ཡིག་ཚོགས་མང་བར་དོགས་པས་བཞག་ལ། གང་ལྟར་རྣམ་ཐར་སྨད་ཀྱི་རྗེ་མར་པ་འདས་ཚུལ་གྱི་ལོ་རྒྱུས་ཀྱི་ཚན་པ་དེ་དང་སྦྱར་བྱང་གཉིས་ནི་གང་གི་རྣམ་ཐར་གྱི་འཕྲོ་ཡིན་པར་ངེས་སྟབས། དེ་ལྟར་ཐུགས་ལ་བཞག་སྟེ་གཤམ་དུ་རྣམ་ཐར་སྟོད་ཆ་ཞེས་ལུང་འདྲེན་སྐབས། རྩོམ་པ་པོ་རང་གི་ལུགས་ལྟར་རྔོག་ཆོས་ཀྱི་རྡོ་རྗེའི་གསུང་གི་ཚུལ་དུ་རྒྱབ་རྟེན་དུ་དྲངས་པ་ཡིན་ལ། རྣམ་ཐར་སྨད་ཆ་ཞེས་ལུང་འདྲེན་སྐབས། རྣམ་ཐར་སྔ་གྲས་སུ་གཏོགས་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཡིན་པའི་ཚུལ་དུ་དྲངས་པ་ཡིན་པའི་གནས་ལུགས་མཁྱེན་པར་གནང་དགོས།

[6] སྒམ་པོའི་གདན་རབས་རིམ་བྱོན། (༡/༡༩) ཆོས་ཚན། རྗེ་མར་པ་དང་རྗེ་བཙུན་མི་ལའི་རྣམ་ཐར། རྗེ་སྒམ་པོ་པས་མཛད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཤོག་ངོས། ༡༤

[7] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༤༢

[8] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༧ ལོར་པར་དུ་བསྐྲུན། ཤོག་ངོས། ༢༦༣ ནས་ ༢༧༦ བར།

[9] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༢༠༤

[10] ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པར་འཕགས་པ། ཤིང་པར། ལྡེབ་མ་༡༠ སོགས་སུ་གསལ། གཞུང་འདིའི་མཛད་པོ་མི་གསལ་ཞིང་། རྩོམ་དུས་ཀྱང་མཛད་བྱང་ནང་དུ་གྱེ་རེ་དགོན་པ་བཏབ་ནས་ལོ་ཉིས་བརྒྱ་སོང་བའི་ལྕགས་ཕག་ལོར་བསྒྲིགས་པའི་གཏམ་ཙམ་ལས། རབ་བྱུང་གང་གི་ལྕགས་ཕག་ཡིན་པའི་གསལ་ཁ་བྱུང་མེད། གཞུང་འདིའི་ནང་གི་ལོ་ཚིགས་གུང་བསྒྲིགས་ནས་བལྟས་པ་ཡིན་ན། རབ་བྱུང་བདུན་པའི་ལྕགས་ཕག་སྟེ། ཕྱི་ལོ་ ༡༤༣༡ ལོར་རྩོམ་སྒྲིག་གནང་བར་གསལ་ལོ། །

[11] རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོམ་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༥ ལོར་པར་དུ་བསྐྲུན། ཤོག་ངོས། ༥༠༢

[12] རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག །སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨ ལོར་པར་དུ་བསྐྲུན། ཤོག་ངོས། ༤༧༡

[13] བདེ་མཆོག་ཆོས་འབྱུང་བརྒྱུད་པའི་རྣམ་ཐར་དང་བཅས་པ། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་བརྩམས། ཤིང་པར། ལྡེབ་མ། ༧

[14] བོད་ཀྱི་ལོ་རྒྱུས་དང་རིག་གནས་བྱུང་འཕེལ་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས། བོད་རང་སྐྱོང་ལྗོངས་དཔེ་སྐྲུན་དོ་དམ་ཁྲུའུས་ཆོག་མཆན་ཐོབ་ནས་དཔར། ནང་ཚན། རྗེ་མར་པ་ལོ་ཙཱ་བའི་ཕྱག་དཔེ་གཉོས་ལོ་ཙཱ་བས་ཆུར་བསྐྱུར་མིན་བསྐྱད་དུ་དཔྱད་པ། ཤོག་གྲངས། ༤༠༧ནས་༤༡༠བར།

[15] བོད་ཀྱི་ལོ་རྒྱུས་དང་རིག་གནས་བྱུང་འཕེལ་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས། བོད་རང་སྐྱོང་ལྗོངས་དཔེ་སྐྲུན་དོ་དམ་ཁྲུའུས་ཆོག་མཆན་ཐོབ་ནས་དཔར། ནང་ཚན། རྗེ་མར་པ་ལོ་ཙཱ་བ་དང་མི་ལ་རས་པའི་མགུར་གྱི་བྱུང་འཕེལ་ལ་དཔྱད་པ། ཤོག་གྲངས། ༤༧༦ནས་༤༨༨བར།

[16] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྟོད་ཆ།  ལྡེབ་གྲངས། ༢༥ a

[17] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ།  སྟོད་ཆ། ལྡེབ་གྲངས། ༢༦ b

[18] གོང་མཚུངས་ལྡེབ་གྲངས། ༢༤ a

[19] གོང་མཚུངས་ཤོག་ལྡེབ་གྲངས། ༣༨ a

[20] མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས། ནང་ཚན། རྗེ་རིན་པོ་ཆེ་མར་པའི་རྣམ་པར་ཐར་པ། རྒྱལ་ཐང་བ་བདེ་ཆེན་རྡོ་རྗེས་མཛད། བོས་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༢༣

[21] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྟོད་ཆ།  ལྡེབ་གྲངས། ༢༤ b

[22] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྟོད་ཆ།  ལྡེབ་གྲངས། ༢༥ a

[23] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༣༠

[24] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྟོད་ཆ།  ལྡེབ་གྲངས། ༢༥ a

[25] མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས། ནང་ཚན། རྗེ་རིན་པོ་ཆེ་མར་པའི་རྣམ་པར་ཐར་པ། རྒྱལ་ཐང་བ་བདེ་ཆེན་རྡོ་རྗེས་མཛད། བོས་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༢

[26] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༢༩

[27] མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས། ནང་ཚན། རྗེ་རིན་པོ་ཆེ་མར་པའི་རྣམ་པར་ཐར་པ། རྒྱལ་ཐང་བ་བདེ་ཆེན་རྡོ་རྗེས་མཛད། བོས་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༠

[28] གོང་མཚུངས་ཤོག་གྲངས། ༡༡

[29] གོང་མཚུངས་ཤོག་གྲངས། ༢༦

[30] གོང་མཚུངས་ཤོག་གྲངས། ༣༡

[31] ལྷོ་རོང་ཆོས་འབྱུང་། རྟ་ཚག་ཚེ་དབང་རྒྱལ་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་  ༡༩༩༤ ལོར་པར་དུ་བསྐྲུན། ཤོང་ངོས། ༤༢༥

[32] ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པ་འཕགས་པ། ཤིང་པར། ལྡེབ་གྲངས། ༣

[33] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། རྗེ་བཙུན་མར་པའི་རྣམ་ཐར་ངོ་མཚར་ས་མ་ཡ། རྔོག་མི་བསྐྱོད་རྡོ་རྗེས་མཛད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༩༨

[34] ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པ་འཕགས་པ། ཤིང་པར། ལྡེབ་གྲངས། ༣-༥-༧

[35] ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠ ལོར་པར་དུ་བསྐྲུན། ཤོག་ངོས། ༤༤༡

[36] ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠ ལོར་པར་དུ་བསྐྲུན། ཤོག་ངོས། ༤༤༠

[37] ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པ་འཕགས་པ། ཤིང་པར། ལྡེབ་གྲངས། ༣

[38] དཔལ་ལྡན་འབའ་རོམ་པའི་བརྒྱུད་པ་གསེར་རིའི་ཕྲེང་བའི་རྣམ་ཐར་ཡོན་ཏན་རྒྱ་མཚོའི་གཏེར་མཛོད། སོ་རག་བྱ་བྲལ་གྱིས་བརྩམས།  ཐེའི་ཝན་ཆོས་ཚོགས་དོན་གྲུབ་གླིང་ནས་པར་དུ་བསྒྲིགས། ཤོག་ངོས། ༡༨༢

[39] བཀའ་བརྒྱུད་གསེར་གྱི་ཕྲེང་བའི་རྣམ་པར་ཐར་པ། ཞྭ་དམར་མཁའ་སྤྱོད་དབང་པོས་བརྩམས། གོ་ཆེ་དྷརྨ་ཀ་རའི་ཆོས་རིག་དཔེ་ཚོགས་རྩོམ་སྒྲིག་ཁང་། ཤོག་ངོས། ༡༧༧

ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༢༩

[40] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། ནང་ཚན། དེབ་ཐེར་དམར་པོ། ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༤ ལོར་པར་དུ་བསྐྲུན། ཤོག་ངོས། ༡༡༩

[41] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༤ ལོར་པར་དུ་བསྐྲུན། ཤོག་ངོས། ༤༢༥

[42] ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པ་འཕགས་པ། ཤིང་པར། ལྡེབ་གྲངས། ༨

[43] ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠ ལོར་པར་དུ་བསྐྲུན། ཤོག་ངོས། ༤༤༠

[44] དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། (སྟོད་ཆ།) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ་ ༡༩༨༢ ལོར་པར་དུ་བསྐྲུན། ཤོག་ངོས། ༤༥༢

[45] ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པ་འཕགས་པ། ཤིང་པར། ལྡེབ་གྲངས། ༨

[46] མཁས་དབང་དགེ་འདུན་ཆོས་ཀྱི་གསུང་འབུམ། སྨད་ཆ། ནང་ཚན། རྒྱལ་རབས་དེབ་ཐེར་དཀར་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣ ལོར་པར་དུ་བསྐྲུན། ཤོག་ངོས། ༣༢༩

[47] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༨༩

[48] ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ། ༼པོད་དང་པོ།༽ཆོས་ཚན། མར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༢༠ ལོར་པར་དུ་བསྐྲུན། ཤོག་ངོས། ༥༠༩ ནས་ ༥༢༤ བར།

[49] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཆོས་ཚན།  རྗེ་མར་པའི་མགུར་ཆེན་ཉེར་ལྔ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༡༦

[50] ལྷོ་རོང་ཆོས་འབྱུང་། རྟ་ཚག་ཚེ་དབང་རྒྱལ་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༤ ལོར་པར་དུ་བསྐྲུན། ཤོང་ངོས། ༣༡ ནས་ ༥༠ བར།

[51] བཀའ་བརྒྱུད་རིན་པོ་ཆེའི་ཆོས་འབྱུང་མིག་འབྱེད་འོད་སྟོང་། ཆོས་ཚན། སྐྱེས་མཆོག་མར་པ་ལོཙྪ་བའི་རྣམ་ཐར། སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། ཤིང་པར། ལྡེབ་གྲངས། ༨ ནས་ ༡༠ བར།

[52] དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། (སྟོད་ཆ།) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ་ ༡༩༨༢ ལོར་པར་དུ་བསྐྲུན། ཤོག་ངོས། ༤༨༣ནས་༤༨༨བར།

[53]

[54] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༢༥༣

[55] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༨༩

[56] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༨༧ནས་༣༡༦བར།

[57]  ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༧ ལོར་པར་དུ་བསྐྲུན། ཤོག་གྲངས། ༣༣༥ ནས་ ༣༥༩ བར།

ཇོ་བོ་རྗེ་བོད་དུ་བྱོན་ནས་ལོ་གསུམ་དུ་བཞུགས་ཤིང་། དེ་ནས་གནས་བརྟན་རཏྣ་ཨ་ཀ་རའི་ཞལ་ཆད་ལྟར་དུ། ནག་ཚོ་ལོ་ཙཱ་བས་ཇོ་བོ་རྗེ་རྒྱ་གར་ལ་གདན་འདྲེན་པའི་སྐབས་སུ་འབྲོམ་གྱིས་བཤོལ་མ་དང་ལམ་དུ་ཅི་འགོར་མཛད་ནས་ཕེབས། དེ་ནས་བལ་ཡུལ་དུ་འཁྲུག་པ་བྱུང་ནས་རྒྱ་གར་ལ་ཕེབས་མ་གྲབས། མང་ཡུལ་དུ་ཕྱགས་ཕེབས་ནས་ལྷ་ཁང་དཀར་པོ་བཞེངས་པ་སོགས་མཛད་ཅིང་། རིམ་གྱིས་སྤྱི་སྒེར་གྱི་བསུ་མ་དང་སྤྱན་འདྲེན་གྱི་རྣམ་པ་མང་པོར་བརྒྱུད་དེ་བསམ་ཡས་སུ་ཕེབས་དུས། དགུང་ལོ་དྲུག་ཅུ་རེ་དྲུག་བཞེས་པའི་མེ་མོ་ཕག་(༡༠༤༧)གི་ལོ་ཡིན་པར་བཤད་ཡོད།

[58] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༢༥༣

[59] གོང་མཚུངས་ཤོག་ངོས། ༢༦༡

[60] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྒྲ་སྒྱུར་མར་པ་ལོ་ཙཱའི་རྣམ་ཐར་མཐོང་བ་དོན་ཡོད། རྣལ་འབྱོར་པ་ཁྲག་འཐུང་རྒྱལ་པོས་བརྩམས། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༢༦༧

[61] ལྷོ་རོང་ཆོས་འབྱུང་། རྟ་ཚག་ཚེ་དབང་རྒྱལ་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༤ ལོར་པར་དུ་བསྐྲུན། ཤོང་ངོས། ༤༠

[62] འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་བརྩམས།

[63] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༢༥༣

[64] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྨད་ཆ།  ལྡེབ་གྲངས། ༣༨ a

[65] མཁས་དབང་དགེ་འདུན་ཆོས་ཀྱི་གསུང་འབུམ། སྨད་ཆ། ནང་ཚན། རྒྱལ་རབས་དེབ་ཐེར་དཀར་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣ ལོར་པར་དུ་བསྐྲུན། ཤོག་ངོས། ༣༦༣

[66] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༩༠

[67] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཆོས་ཚན།  རྗེ་མར་པའི་མགུར་ཆེན་ཉེར་ལྔ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༡༦

[68] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྟོད་ཆ།  ལྡེབ་གྲངས། ༢༤ a

[69] གོང་མཚུངས་ལྡེབ་གྲངས། ༣༠ b རྣམ་ཐར་སྟོད་ཆའི་ནང་དུ་དཔེ་ཆུ་ལ་ཤོར་བའི་གཏེ་བོ་གསལ་ཡང་རྒྱ་ཕེབས་མི་གསལ། སྨད་ཆའི་ནང་དུ་རྒྱ་ཕེབས་གསལ་ཡང་དཔེ་ཆུ་ལ་ཤོར་བའི་རྐྱེན་དངོས་གསལ་མེད། གཉིས་པོ་གུང་བསྒྲིགས་ནས་གྲུབ་དོན་བཞག་པའི་གསལ་བཤད་ཡིན་སྟབས། སྐབས་བབ་ཀྱི་ལུང་ཚན་དུམ་བུ་ཞིག་གི་ངོ་གདོང་རྐྱང་པའི་ཀློང་དུ་རིགས་པ་བསྐྱིལ་མི་རུང་བ་མཁྱེན་དགོས།

[70] གོང་མཚུངས་ལྡེབ་གྲངས། ། ༢༥ a

[71] གོང་མཚུངས་ལྡེབ་གྲངས། ། ༢༨ a

[72] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཆོས་ཚན།  རྗེ་མར་པའི་མགུར་ཆེན་ཉེར་ལྔ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༢༩

[73] གོང་མཚུངས་ཤོག་གྲངས། ༩

[74] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྨད་ཆ།  ལྡེབ་གྲངས། ༢༩ b ནས་ ༣༨ b བར།

[75] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཆོས་ཚན།  རྗེ་མར་པའི་མགུར་ཆེན་ཉེར་ལྔ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༡༣

[76] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྨད་ཆ།  ལྡེབ་གྲངས། ༣༨ a མ་ཕྱི་འདི་ལ་ཡིག་སྐྱོན་ཆེན་པོ་ཞིག་བྱུང་བ་ནི། རྒྱ་གར་ཡུལ་དུ་ལན་ ༣ བལ་པོར་ལན་ལྔ་གཉིས་ཏེ་ལྔ་ཞེས་པ་ལྟ་བུ་ཞིག་བྱུང་བ་འདི་ལ་བལ་པོར་ལན་ལྔར་ཕེབས་པར་བཤད་པའི་འཁྲུལ་གཞིའི་མགོ་ཁུངས་དང་འབྲེལ་བ་ཆེན་པོ་ཡོད་འདུག་སྙམ། དོན་དངོས་ནི་ཡིག་ནོར་ཡིན་པ་གོར་མ་ཆག་སྟེ། ཡིག་གཟུགས་རང་སྟེང་དུ་ག་དང་ལྔ་གཉིས་འདྲེས་མའི་ཚུལ་དུ་བྲིས་ནས་ལྔ་ཡིག་རྐྱང་པར་བྱས་ན་གཉིས་ཀྱི་གས་འཕུལ་མེད་པ་དང་། གས་འཕུལ་རྐྱང་པར་བྱས་ན་ལ་འོག་གི་ང་འཁྱོག་གསེག་འཐེན་ཡོད་སྟབས། ཡིག་གཟུགས་རང་སྟེང་ལ་འབྲི་ནོར་ཡོད་པ་མངོན་སུམ་དབང་པོའི་ཡུལ་དུ་གྲུབ། དེ་བཞིན་ཚིག་གྲོགས་ཀྱི་དབང་དུ་བྱས་ནའང་ལྔ་གོང་མ་དེ་འབྱུང་མི་སྲིད་པ་ཡིན་ཏེ། རྒྱ་གར་ཡུལ་དུ་ལན་གསུམ་བལ་པོར་ལན་གཉིས་ཏེ་ལྔ་ཞེས་གསུམ་གྱི་ཐོག་ཏུ་གཉིས་བསྣན་་ན་ལྔ་ཡིན་པ་ནི་བྱིས་པ་ཡན་ཆད་ཀུན་པོའི་ཤེས་བྱ་ཡིན་གཤིས། རྒྱ་གར་ཡུལ་དུ་ལན་གསུམ་བལ་པོར་ལན་ལྔ་གཉིས་ཏེ་ལྔ་ཞེས་སྦྱར་ན་གོ་རྒྱུ་ཅི་ཡང་མེད་པའི་སྦྱོར་ལུགས་སྐྱོན་ཅན་དུ་འགྱུར་བ་ཡིན་པས། སྒྲུབ་བྱེད་ཀྱི་རིགས་པ་མང་པོས་ཅི་ཞིག་བྱ།

[77] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཆོས་ཚན།  རྗེ་མར་པའི་མགུར་ཆེན་ཉེར་ལྔ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༢༧ནས་༣༤བར།

[78] སྒམ་པོའི་གདན་རབས་རིམ་བྱོན། (༡/༡༩)ཆོས་ཚན། རྗེ་མར་པ་དང་རྗེ་བཙུན་མི་ལའི་རྣམ་ཐར། རྗེ་སྒམ་པོ་པས་མཛད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཤོག་ངོས། ༡༤

[79] དཔལ་ལྡན་ཚལ་པ་བཀའ་བརྒྱུད་ཀྱི་བསྟན་པའི་མངའ་བདག་ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་གསུང་འབུམ་རིན་པོ་ཆེ་གླེགས་བམ་དང་པོ་བཞུགས་སོ། ། ཆོས་ཚན། མཛད་པ་རྣམ་ཐར་གྱི་སྐོར་ལས་རྗེ་བཙུན་མར་པའི་རྣམ་ཐར།  ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པས་མཛད། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་དགོན་སྡེ་ཤྲཱི་གཽ་ཏམ་བུདྡྷ་ཝི་ཧཱ་རའི་གསུང་རབ་རྒྱུན་སྤེལ་ཁང་། ཕྱི་ལོ་ ༢༠༠༧ ལོར་པར་དུ་བསྐྲུན། ལྡེབ་མ་༡༤ནས་༡༧བར།

[80] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༢༨ནས་༩༣བར།

[81] གོང་མཚུངས་ཤོག་ངོས། ༩༤ནས་༡༦༣བར།

[82] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། རྗེ་བཙུན་མར་པའི་རྣམ་ཐར་ངོ་མཚར་ས་མ་ཡ། རྔོག་མི་བསྐྱོད་རྡོ་རྗེས་མཛད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༩༨

[83] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྟོད་ཆ།  ལྡེབ་གྲངས། ༢༥ a

[84] ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པ་འཕགས་པ། ཤིང་པར། ལྡེབ་གྲངས། ༣

[85] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༩༡

[86]དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། (སྟོད་ཆ།) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ་ ༡༩༨༢ ལོར་པར་དུ་བསྐྲུན། ཤོག་ངོས། ༤༨༤

[87] འབྲུག་པའི་ཆོས་འབྱུང་། འབྲུག་པ་པདྨ་དཀར་པོས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༢ ལོར་པར་དུ་བསྐྲུན། ཤོག་ངོས། ༣༢༤

[88] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༢༩

[89] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྒྲ་སྒྱུར་མར་པ་ལོ་ཙཱའི་རྣམ་ཐར་མཐོང་བ་དོན་ཡོད། རྣལ་འབྱོར་པ་ཁྲག་འཐུང་རྒྱལ་པོས་བརྩམས། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༡༧༥

[90] མྱང་ཆོས་འབྱུང་། ཇོ་ནང་ཏཱ་ར་ན་ཐས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༡༠༠

[91] གོང་མཚུངས་ཤོག་ངོས། ༩༨

[92] མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༠༡༠ ལོར་པར་དུ་བསྐྲུན། ཤོག་ངོས། ༣༤༣

[93] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ནང་ཚན། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། ནེའུ་པཎ་ཌི་ཏ་གྲགས་པ་སྨོན་ལམ་གྱིས་བརྩམས། ཤོག་ངོས། ༢༤

[94] བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༩༡

[95] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། ནང་ཚན། དེབ་ཐེར་དམར་པོ། ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༤ ལོར་པར་དུ་བསྐྲུན། ཤོག་ངོས། ༣༧

[96] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༧ ལོར་པར་དུ་བསྐྲུན། ཤོག་ངོས། ༢༡༩

[97] བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༩༡

[97] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། ནང་ཚན། དེབ་ཐེར་དམར་པོ། ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༤ ལོར་པར་དུ་བསྐྲུན། ཤོག་ངོས། ༣༧

[98] མྱང་ཆོས་འབྱུང་། ཇོ་ནང་ཏཱ་ར་ན་ཐས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༩༨

[99] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ནང་ཚན། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། ནེའུ་པཎ་ཌི་ཏ་གྲགས་པ་སྨོན་ལམ་གྱིས་བརྩམས། ཤོག་ངོས། ༢༤

[100] རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༥ ལོར་པར་དུ་བསྐྲུན། ཤོག་ངོས། ༢༠༢

[101] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༢༩

[102] བཀའ་བརྒྱུད་གསེར་གྱི་ཕྲེང་བའི་རྣམ་པར་ཐར་པ། ནང་ཚན། ཆོས་རྗེ་མངའ་བདག་མར་པ་ལོ་ཙཱའི་རྣམ་པར་ཐར་པ་གསང་བ་མཛོད་ཀྱི་ལྡེ་མིག ། ཞྭ་དམར་མཁའ་སྤྱོད་དབང་པོས་མཛད། ཤོག་ངོས། ༡༧༧

[103] བརྒྱུད་པ་ཡིད་བཞིན་ནོར་བུའི་རྟོགས་བརྗོད་ངོ་མཚར་རྒྱ་མཚོ། སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་བརྩམས། རི་ཆེ་ནོར་བཞི་ཤེས་རིག་དར་སྤེལ་ཁང་ནས་བསྒྲིགས། སྨད་ཆ། ཤོག་ངོས། ༩༣

[104] ཐུའུ་བཀྭན་གྲུབ་མཐའ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠ ལོར་པར་དུ་བསྐྲུན། ཤོག་ངོས། ༦༣

[105] དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། (སྟོད་ཆ།) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ་ ༡༩༨༢ ལོར་པར་དུ་བསྐྲུན། ཤོག་ངོས། ༤༨༣

[106] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། རྗེ་བཙུན་མར་པའི་རྣམ་ཐར་ངོ་མཚར་ས་མ་ཡ། རྔོག་མི་བསྐྱོད་རྡོ་རྗེས་མཛད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༩༨

[107] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༢༩

[108] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་རིན་པོ་ཆེ་མར་པའི་རྣམ་པར་ཐར་པ། རྒྱལ་ཐང་པ་བདེ་ཆེན་རྡོ་རྗེས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༡༠

[109] ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པར་འཕགས་པ། ཤིང་པར། ལྡེབ་གྲངས། ༣

[110] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཆོས་ཚན།  རྗེ་མར་པའི་མགུར་ཆེན་ཉེར་ལྔ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༣༦

[111] མཁས་དབང་དགེ་འདུན་ཆོས་ཀྱི་གསུང་འབུམ། སྟོད་ཆ།  རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣ ལོར་པར་དུ་བསྐྲུན། ཤོག་ངོས། ༤༧༣

[112] དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། (སྟོད་ཆ།) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ་ ༡༩༨༢ ལོར་པར་དུ་བསྐྲུན། ཤོག་ངོས། ༤༨༤

[113] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཆོས་ཚན།  རྗེ་མར་པའི་མགུར་ཆེན་ཉེར་ལྔ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༣༧

[114] ལོ་པཎ་རྣམ་ཐར་ཕྱོགས་བསྒྲིགས། དེབ་བཞི་པ། ནང་ཚན། བླ་མ་མཉམ་མེད་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོའི་རྣམ་པར་ཐར་པ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་མཛད། ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༤༤

[115] ལོ་པཎ་རྣམ་ཐར་ཕྱོགས་བསྒྲིགས། དེབ་བཞི་པ། ནང་ཚན། བླ་མ་མཉམ་མེད་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོའི་རྣམ་པར་ཐར་པ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་མཛད། ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༦༥

[116] མངའ་བདག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་པར་ཐར་པ་དཔལ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་སྤྱོད་ཡུལ་རྒྱ་མཚོའི་ཚུལ་ལ་འཇུག་པ་ལེགས་པར་བཤད་པ་རིན་པོ་ཆེའི་གྲུ་གཟིངས། གོ་ཤྲི་གྲགས་པ་དོན་གྲུབ་ཀྱིས་བརྩམས། འཕྲུལ་དེབ། ཤོག་ངོས། ༡༧༧

[117] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་རིན་པོ་ཆེ་མར་པའི་རྣམ་པར་ཐར་པ། རྒྱལ་ཐང་པ་བདེ་ཆེན་རྡོ་རྗེས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༢༧

[118] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༢༥༢

 

[119] ཐུའུ་བཀྭན་གྲུབ་མཐའ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠ ལོར་པར་དུ་བསྐྲུན། ཤོག་ངོས། ༦༣

[120] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༢༠༤

[121]  དཔལ་མངའ་བདག་སྒྲ་སྒྱུར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། སྟོད་ཆ། ཕྱི་ལོ་ ༢༠༠༩ ལོར་པར་དུ་བསྐྲུན། ནང་ཚན། མར་པ་ལོ་ཙཱའི་རྣམ་མགུར། ཤོག་ངོས། ༢༡༠

[122] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་རིན་པོ་ཆེ་མར་པའི་རྣམ་པར་ཐར་པ། རྒྱལ་ཐང་པ་བདེ་ཆེན་རྡོ་རྗེས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༢༦

[123] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྟོད་ཆ།  ལྡེབ་གྲངས། ༢༥ a

[124] སྒམ་པོའི་གདན་རབས་རིམ་བྱོན། (༡/༡༩)ཆོས་ཚན། རྗེ་མར་པ་དང་རྗེ་བཙུན་མི་ལའི་རྣམ་ཐར། རྗེ་སྒམ་པོ་པས་མཛད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཤོག་ངོས། ༡༤

[125] དཔལ་ལྡན་ཚལ་པ་བཀའ་བརྒྱུད་ཀྱི་བསྟན་པའི་མངའ་བདག་ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་གསུང་འབུམ་རིན་པོ་ཆེ་གླེགས་བམ་དང་པོ་བཞུགས་སོ། ། ཆོས་ཚན། མཛད་པ་རྣམ་ཐར་གྱི་སྐོར་ལས་རྗེ་བཙུན་མར་པའི་རྣམ་ཐར།  ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པས་མཛད། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་དགོན་སྡེ་ཤྲཱི་གཽ་ཏམ་བུདྡྷ་ཝི་ཧཱ་རའི་གསུང་རབ་རྒྱུན་སྤེལ་ཁང་། ཕྱི་ལོ་ ༢༠༠༧ ལོར་པར་དུ་བསྐྲུན། ལྡེབ་མ་༡༤

[126] རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན། ཤོག་ངོས། ༢༠༧

[127] མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༩ ལོར་པར་དུ་བསྐྲུན། ཤོག་ངོས། ༡༢༦༤

[128] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ མངའ་བདག་མར་པ་ལོ་ཙཱའི་རྣམ་ཐར་བླ་མ་དགྱེས་པའི་བསྟོད་དབྱངས། རྩོམ་པ་པོ་མི་གསལ་ཡང་། རྣམ་ཐར་རང་ངོས་ནས་གཞིག་པ་ཡིན་ན། ཞང་གཡུ་བྲག་པའི་རྗེ་མར་པའི་རྣམ་ཐར་གྱི་དཔེ་མི་འདྲ་བ་ཞིག་ཨི་ན་སྙམ་པ་ཞིག་རེད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༡༦༤

 

[129] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ། སྨད་ཆ།  ལྡེབ་གྲངས། ༣༠ b

[130] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཆོས་ཚན།  རྗེ་མར་པའི་མགུར་ཆེན་ཉེར་ལྔ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༣༤

[131] གོང་མཚུངས་ཤོག་གྲངས། ༤

[132] ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ།  ལྡེབ་མ། ༣༠ b

[133] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཆོས་ཚན།  རྗེ་མར་པའི་མགུར་ཆེན་ཉེར་ལྔ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༡

[134] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། ནང་ཚན། དེབ་ཐེར་དམར་པོ། ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༤ ལོར་པར་དུ་བསྐྲུན། ཤོག་ངོས། ༧༠

[135] ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པར་འཕགས་པ། བོད་དཔེ་པར་མ། ལྡེབ་གྲངས། ༥ b

[136] ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ཤོག་ངོས། ༤༣

དཔྱད་གཞིའི་ཡིག་ཆ།

ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༥༽ ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན།

རྗེ་མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས །ནང་ཚན། རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན།

ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ། ༼པོད་དང་པོ།༽ཆོས་ཚན། མར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༢༠ ལོར་པར་དུ་བསྐྲུན།

སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ།

ཡོང་ཁུངས་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་། འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་གི་འཕྲུལ་པར། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་གི་དཀར་ཆག་ལྟར་ན། ཚན་གྲངས། ༠༡༧༦༩༥ ལེ་ཚན་སོ་སོའི་མཚན། བླ་མ་མར་པ་ལོ་ཙཱ་བའི་རྣམ་པར་ཐར་པ་ལགས་པ་གདའོ། །རྩོམ་པ་པོ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། དཔེ་ཚུགས། འབྲུ་ཚ།

སྒམ་པོའི་གདན་རབས་རིམ་བྱོན། (༡/༡༩) ཆོས་ཚན། རྗེ་མར་པ་དང་རྗེ་བཙུན་མི་ལའི་རྣམ་ཐར། རྗེ་སྒམ་པོ་པས་མཛད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་།

ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན།

ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༧ ལོར་པར་དུ་བསྐྲུན།

ཁ་རག་གཉོས་ཀྱི་གདུང་རབས་ཁྱད་པར་འཕགས་པ། ཤིང་པར།

རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོམ་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༥ ལོར་པར་དུ་བསྐྲུན།

རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག །སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

བདེ་མཆོག་ཆོས་འབྱུང་བརྒྱུད་པའི་རྣམ་ཐར་དང་བཅས་པ། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་བརྩམས། ཤིང་པར།

བོད་ཀྱི་ལོ་རྒྱུས་དང་རིག་གནས་བྱུང་འཕེལ་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས། བོད་རང་སྐྱོང་ལྗོངས་དཔེ་སྐྲུན་དོ་དམ་ཁྲུའུས་ཆོག་མཆན་ཐོབ་ནས་དཔར།

མར་པ་ལོ་ཙཱའི་རྣམ་ཐར་ཕྱོགས་བསྒྲིགས། ནང་ཚན། རྗེ་རིན་པོ་ཆེ་མར་པའི་རྣམ་པར་ཐར་པ། རྒྱལ་ཐང་བ་བདེ་ཆེན་རྡོ་རྗེས་མཛད། བོས་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན།

ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྦྱངས་པ་ཅན་བླ་མ་མར་པ་བློ་གྲོས་ཀྱི་རྣམ་ཐར། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན།

ལྷོ་རོང་ཆོས་འབྱུང་། རྟ་ཚག་ཚེ་དབང་རྒྱལ་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་  ༡༩༩༤ ལོར་པར་དུ་བསྐྲུན།

ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། རྗེ་བཙུན་མར་པའི་རྣམ་ཐར་ངོ་མཚར་ས་མ་ཡ། རྔོག་མི་བསྐྱོད་རྡོ་རྗེས་མཛད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན།

ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠ ལོར་པར་དུ་བསྐྲུན།

དཔལ་ལྡན་འབའ་རོམ་པའི་བརྒྱུད་པ་གསེར་རིའི་ཕྲེང་བའི་རྣམ་ཐར་ཡོན་ཏན་རྒྱ་མཚོའི་གཏེར་མཛོད། སོ་རག་བྱ་བྲལ་གྱིས་བརྩམས།  ཐེའི་ཝན་ཆོས་ཚོགས་དོན་གྲུབ་གླིང་ནས་པར་དུ་བསྒྲིགས།

བཀའ་བརྒྱུད་གསེར་གྱི་ཕྲེང་བའི་རྣམ་པར་ཐར་པ། ཞྭ་དམར་མཁའ་སྤྱོད་དབང་པོས་བརྩམས། གོ་ཆེ་དྷརྨ་ཀ་རའི་ཆོས་རིག་དཔེ་ཚོགས་རྩོམ་སྒྲིག་ཁང་།

དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། ནང་ཚན། དེབ་ཐེར་དམར་པོ། ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༤ ལོར་པར་དུ་བསྐྲུན།

དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༤ ལོར་པར་དུ་བསྐྲུན།

དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། (སྟོད་ཆ།) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ་ ༡༩༨༢ ལོར་པར་དུ་བསྐྲུན།

ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༧ ལོར་པར་དུ་བསྐྲུན།

མཁས་དབང་དགེ་འདུན་ཆོས་ཀྱི་གསུང་འབུམ། སྨད་ཆ། ནང་ཚན། རྒྱལ་རབས་དེབ་ཐེར་དཀར་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣ ལོར་པར་དུ་བསྐྲུན།

བཀའ་བརྒྱུད་རིན་པོ་ཆེའི་ཆོས་འབྱུང་མིག་འབྱེད་འོད་སྟོང་། ཆོས་ཚན། སྐྱེས་མཆོག་མར་པ་ལོཙྪ་བའི་རྣམ་ཐར། སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། ཤིང་པར།

ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ ཆོས་ཚན། སྒྲ་སྒྱུར་མར་པ་ལོ་ཙཱའི་རྣམ་ཐར་མཐོང་བ་དོན་ཡོད། རྣལ་འབྱོར་པ་ཁྲག་འཐུང་རྒྱལ་པོས་བརྩམས། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་།

འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་བརྩམས།

དཔལ་ལྡན་ཚལ་པ་བཀའ་བརྒྱུད་ཀྱི་བསྟན་པའི་མངའ་བདག་ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་གསུང་འབུམ་རིན་པོ་ཆེ་གླེགས་བམ་དང་པོ། ཆོས་ཚན། མཛད་པ་རྣམ་ཐར་གྱི་སྐོར་ལས་རྗེ་བཙུན་མར་པའི་རྣམ་ཐར།  ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པས་མཛད། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་དགོན་སྡེ་ཤྲཱི་གཽ་ཏམ་བུདྡྷ་ཝི་ཧཱ་རའི་གསུང་རབ་རྒྱུན་སྤེལ་ཁང་།

འབྲུག་པའི་ཆོས་འབྱུང་། འབྲུག་པ་པདྨ་དཀར་པོས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

མྱང་ཆོས་འབྱུང་། ཇོ་ནང་ཏཱ་ར་ན་ཐས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན།

མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༠༡༠ ལོར་པར་དུ་བསྐྲུན།

བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན། ནང་ཚན། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། ནེའུ་པཎ་ཌི་ཏ་གྲགས་པ་སྨོན་ལམ་གྱིས་བརྩམས།

བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨ ལོར་པར་དུ་བསྐྲུན།

བརྒྱུད་པ་ཡིད་བཞིན་ནོར་བུའི་རྟོགས་བརྗོད་ངོ་མཚར་རྒྱ་མཚོ། སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་བརྩམས། རི་ཆེ་ནོར་བཞི་ཤེས་རིག་དར་སྤེལ་ཁང་ནས་བསྒྲིགས།

ཐུའུ་བཀྭན་གྲུབ་མཐའ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠ ལོར་པར་དུ་བསྐྲུན།

ལོ་པཎ་རྣམ་ཐར་ཕྱོགས་བསྒྲིགས། དེབ་བཞི་པ། ནང་ཚན། བླ་མ་མཉམ་མེད་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོའི་རྣམ་པར་ཐར་པ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་མཛད། ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༨ ལོར་པར་དུ་བསྐྲུན།

མངའ་བདག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་པར་ཐར་པ་དཔལ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་སྤྱོད་ཡུལ་རྒྱ་མཚོའི་ཚུལ་ལ་འཇུག་པ་ལེགས་པར་བཤད་པ་རིན་པོ་ཆེའི་གྲུ་གཟིངས། གོ་ཤྲི་གྲགས་པ་དོན་གྲུབ་ཀྱིས་བརྩམས། འཕྲུལ་དེབ།

དཔལ་མངའ་བདག་སྒྲ་སྒྱུར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། སྟོད་ཆ། ཕྱི་ལོ་ ༢༠༠༩ ལོར་པར་དུ་བསྐྲུན། ནང་ཚན། མར་པ་ལོ་ཙཱའི་རྣམ་མགུར།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༩ ལོར་པར་དུ་བསྐྲུན།

ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། ༼༡༽ མངའ་བདག་མར་པ་ལོ་ཙཱའི་རྣམ་ཐར་བླ་མ་དགྱེས་པའི་བསྟོད་དབྱངས། རྩོམ་པ་པོ་མི་གསལ་ཡང་། རྣམ་ཐར་རང་ངོས་ནས་གཞིག་པ་ཡིན་ན། ཞང་གཡུ་བྲག་པའི་རྗེ་མར་པའི་རྣམ་ཐར་གྱི་དཔེ་མི་འདྲ་བ་ཞིག་ཨི་ན་སྙམ་པ་ཞིག་རེད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡ ལོར་པར་དུ་བསྐྲུན།

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།