༧སྤྱན་རས་གཟིགས་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་དུ་དར་བའི་སངས་རྒྱས་པའི་ཆོས་ལུགས་དེ་ཉིད་བླ་མའི་ཆོས་ལུགས་མ་ཡིན་ཚུལ་གསུངས་པའི་མཛད་འཕྲིན་བརྗོད་པ། 

0
394

སྔོན་གླེང་།

༄།། ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་མགོན་སྐྱབས། ས་སྟེང་རྒྱལ་བསྟན་ཡོངས་རྗོགས་ཀྱི་མངའ་བདག སྟོན་པ་ཐུབ་པའི་དབང་པོའི་རྒྱལ་ཚབ། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་བདག་ཉིད། ༧སྐྱབས་མགོན་ཡིད་བཞིན་ནོར་བུ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེ་འགྲོ་སྤྱིའི་བདེ་དོན་དང་། སྒོས་ཁ་བ་ཅན་རྣམས་ཕྲལ་ཕུགས་ཀྱི་ཕན་བདེའི་གོ་འཕང་ལ་རེག་ཆེད་སྐུ་ན་ཕྲ་མོའི་དུས་ནས་མཛད་དཀའ་བའི་རྒྱས་སྲས་ཀྱི་སྤྱོད་པ་གྲངས་ལས་འདས་པ་བདག་གིར་བཞེས་ནས་དེང་དགུང་གྲངས་དགུ་བཅུར་བཞེས། རླབས་ཆེ་བའི་མཛད་པ་དག་ལས་བོད་ཀྱི་གནས་སྟངས་ཆེས་ཛ་དྲག་ཏུ་གྱུར་སྐབས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་དང་། བཙན་བྱོལ་དུ་ཕེབས་རྗེས་བོད་དོན་རྒྱལ་སྤྱིའི་ཅན་དུ་གྱུར་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སློབ་གྲྭ་སོགས་གསར་འཛུགས། བོད་རྒྱ་གཉིས་སྨན་དབུ་མའི་ལམ། འགྲོ་བ་མིའི་གཤིས་སྤྱོད་ནི་བྱམས་བརྩེའི་རང་བཞིན་དུ་མཆིས་པས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། རྒྱལ་སྤྱིའི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱིས་མཚོན་མཛད་པ་ཁག་ཅིག་ནི་རང་གཞན་ཕལ་ཆེ་བས་ལམ་ཙམ་དགོངས་ཤིང་། དེའི་སྐོར་ནས་བགྲོ་གླེང་དང་རྩོམ་ཡིག་སོགས་སྣ་མང་སྤེལ་ཡང་། མདོ་སྔགས་ཟུང་དུ་འབྲེལ་བའི་གསེར་སྦྱངས་བཙོ་མའི་བོད་བརྒྱུད་ནང་བསྟན་ལ་གཞན་གྱིས་བླ་མའི་ཆོས་ལུགས་ཞེས་སྒྲོ་བཏགས་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་མིན་གྱི་གླེང་གཞི་བྱུང་སྐབས་༧གོང་ས་མཆོག་སྐུ་ན་ཕྲའང་ཐུགས་བསྐྱེད་ཆེས་ཆེར་བཞེས་ནས་སྒྲོ་འདོགས་དེ་ཉིད་བསྟན་པའི་སྲོག་རྩ་ཐུག་པ་དགོངས་ནས་དགག་སྒྲུབ་ཀྱི་ལེགས་བཤད་དུ་མ་གསར་དུ་ལྗགས་རྩོམ་མཛད་པ་དང་། བཀའ་སློབ་ཀྱང་གྲངས་ལས་འདས་པ་སྩལ་བའི་བཀའ་དྲིན་ཉག་གཅིག་ལས་དེང་བོད་བརྒྱུད་ནང་བསྟན་ལ་དཔལ་ནཱ་ལེནྜའི་ཆོས་བརྒྱུད་ཅེས་འབོད་པ་ལས་བླ་མའི་ཆོས་ལུགས་ཞེས་འབོད་སྲོལ་མེད་པས་འདིར་༧གོང་ས་མཆོག་གིས་རླབས་ཆེན་གྱི་མཛད་པ་དེ་ཇི་ལྟར་བདག་གིར་བཞེས་པའི་རྣམ་པར་ཐར་པ་མདོ་ཙམ་སྤྲོ་བར་བྱ།

བོད་དུ་དར་བའི་སངས་རྒྱས་པའི་ཆོས་ལུགས་ཀྱི་ཁྱད་ཆོས།

དེང་བོད་དུ་དར་བའི་སངས་རྒྱས་པའི་ཆོས་ལུགས་ནི་འཛམ་གླིང་ཀུན་ཏུ་ཉི་ཟླ་ལྟར་གྲགས་བཞིན་ཚན་རིག་དང་མཐུན་པའི་ཆོས་ལུགས་གཅིག་པུར་སྨྲས་ནས་ཀུན་གྱིས་གཙིགས་མཐོང་བྱེད་བཞིན་ཡོད། ཡིན་ནའང་ལྟ་ཚུལ་དེ་ཉིད་སྔ་མོ་ནས་ཡོད་པ་ཞིག་མིན། དེ་ནི་༧གོང་ས་མཆོག་གིས་མཛད་འཕྲིན་འབའ་ཞིག་བྱུང་བ་ཡིན། བོད་དུ་དར་བའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནི་མདོ་སྔགས་ཚད་མ་དང་བཅས་ཚང་ལ་མ་ནོར་བའི་སངས་རྒྱས་པའི་བསྟན་པ་ཞིག་ཡིན་ཞེས་༧སྤྱན་རས་མཆོག་གིས་སྔ་དུས་ནས་གསུངས་པའི་སྡོམ་ཚིག་དེ་ཉིད་དེང་ཚན་རིག་ཡར་རྒྱས་ཆེན་པོ་སོང་བ་ལ་བརྟེན་ནས་རྒྱལ་ཁབ་ནས་རྒྱལ་ཁབ་བར་དུ་འགྲོ་བསྐྱོད་བདེ་བ། ཤེས་བྱ་བལྟ་ཀློག་གི་མཐུན་རྐྱེན་ཇེ་འཛོམས་དང་། ཉམས་ཞིབ་ཀྱང་སྟབས་ཇེ་བདེར་སོང་བས་ཞིབ་འཇུག་ཅུང་ཟད་རེ་བྱས་ཚེ་པཱ་ལིའི་ཆོས་བརྒྱུད་ཀྱི་ནང་བསྟན་དར་བའི་སིངྒལ་དང་། བྷར་མ། ཐཱ་ལཎ། ཁམ་བྷོ་ཌ་སོགས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་མདོའི་བསྟན་པའང་ཆ་ཚང་བ་ཞིག་དར་ཐུབ་མེད་ཅིང་། ཉི་ཧོང་དང་ཀོ་རི་ཡ་ལའང་མདོའི་བསྟན་པ་དང་ཐེག་ཆེན་བསྟན་པ་དར་ཡོད་པར་སྨྲའང་ཟབ་མོ་སྟོང་ཉིད་ཀྱི་སྐོར་མཚོན་ཙམ་ལས་ཆ་ཚང་བ་ཞིག་དར་མེད་ཅིང་། རྒྱ་ནག་ཏུའང་མདོ་སྔགས་གཉིས་ཀའི་བསྟན་པ་དར་བ་སྨྲའང་འཆད་ཉན་ཧ་ཅང་ཞན་པ་དང་། ཚད་མའི་རྣམ་གཞག་ནི་ཟུར་ཙམ་ཡང་དར་མེད་པའི་ལོ་རྒྱུས་སོགས་སུ་མཐོང་ཐུབ་ཅིང་བོད་དུ་དར་བའི་སངས་རྒྱས་པའི་ལུང་རྟོགས་ཀྱི་བསྟན་པ་ནི་དེ་དག་ལས་ལྡོག་ནས། མདོ་ལ་མཚོན་ན་ཟབ་པ་དང་རྒྱ་ཆེ་བའི་རིམ་པ་ཆ་ཚང་བ་དང་། སྔགས་ལ་མཚོན་ནའང་རྒྱུད་སྡེ་བཞི་ཀ །ཚད་མའང་ཕྱོགས་གླང་ཆོས་གྲགས་ལས་བརྒྱུད་པའི་སྡེ་བདུན་མདོ་དང་བཅས་སྔར་རྒྱ་གར་འཕགས་ཡུལ་དུ་འཆད་ཉན་དར་བ་ལས་ལྷག་པ་མེད་ནའང་དེ་དང་མཉམ་པ་ཞིག་བོད་གངས་ཅན་ལྗོངས་སུ་དར་བ་ནི་དཔྱོད་ལྡན་པ་སུས་བརྟག་ཀྱང་མཐོང་ཐུབ་ཅིང་། དེ་ལྟ་བུའི་དངོས་ཡོད་གནས་ཚུལ་འཛམ་གླིང་མི་དམངས་ཀྱི་མདུན་སར་ཉི་མ་བཞིན་གསལ་བར་མཛད་ནས་བོད་བརྒྱུད་ནང་བསྟན་གྱི་མཚན་ལ་དགུང་དུ་བཏེགས་པར་མཛད་མཁན་ནི་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་མཆོག་ཉག་གཅིག་ཡིན[1]

བླ་མའི་ཆོས་ལུགས་ཀྱི་སྒྲོ་འདོགས།

བོད་གངས་ཅན་ལྗོངས་སུ་དར་བའི་མདོ་སྔགས་ཚད་མ་དང་བཅས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་རིན་པོ་ཆེ་ནི་འཕགས་ཡུལ་དུ་དར་བ་དང་གཉིས་སུ་མ་མཆིས་པ་ཞིག་དར་ཡང་། ཡུལ་དུས་གནས་བབ་བསྐལ་བས་བོད་དུ་དར་བའི་ནང་བསྟན་གྱི་བྱུང་བ་དང་། ནང་དོན་ཇི་བཞིན་མ་ཤེས་པའི་རྐྱེན་པས་དུས་རབས་བཅུ་དགུ་པའི་མགོ་སྟོད་ཡས་མས་ནས་ཕྱི་གླིང་བ་སོགས་ཀྱིས་བོད་དུ་དར་བའི་ནང་ཆོས་ནི་བླ་མའི་ཆོས་ལུགས་ལས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དྲི་མ་མེད་པ་མ་རེད་ཅེས་སྐུར་འདེབས་ཀྱིས་བླ་མའི་ཆོས་ལུགས་ཞེས་འབོད་སྲོལ་དར་ཞིང་། བླ་མའི་ཆོས་ལུགས་ཞེས་མིང་བཏགས་པའི་དཔེ་དེབ་ཀྱང་མང་དུ་བརྩམས། ལྷག་ཏུ་དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་དང་བཞི་བཅུའི་ནང་བླ་མའི་ཆོས་ལུགས་ཀྱི་སྒྲོ་འདོགས་ཀྱི་རྦ་རླབས་དྲག་ཏུ་ཕྱུར།[2]

སྤྱིར་བླ་མའི་ཆོས་ལུགས་ཞེས་འབོད་སྲོལ་དེའི་རྒྱབ་ལྗོངས་ཞིབ་པར་ཤེས་པར་ལོ་རྒྱུས་མང་པོ་ཞིག་གུང་བསྒྲིག་དགོས་ཤིང་། ཚིག་གི་ཕྲེང་བའང་རིང་པོ་ཞིག་ཏུ་འགྱུར་བས་འདིར་མདོ་ཙམ་བརྗོད་པར་བྱ།

བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་འབོད་སྲོལ་ལོ་དུས་ནམ་ཞིག་ནས་མགོ་བཙུགས་མིན་གྱི་ལོ་ཚིགས་ཏག་ཏག་ཅིག་མ་རྙེད་ཀྱང་དེའི་འཕྲལ་རྐྱེན་དང་འཁྲུལ་གཞི་ཐད་དཔེ་དེབ་མང་པོ་ཞིག་བཀླགས་རྗེས་ཕྲན་གྱི་བསམ་ཚུལ་ནི། བོད་སིལ་བུར་ཐོར་རྗེས་བོད་དུ་ཆོས་བརྒྱུད་མང་པོ་གསར་དུ་འབྱུང་ཞིང་། རྗེས་འབྲངས་པ་རྣམས་ཀྱིས་ཀྱང་རྒྱས་པར་མཛད་ནས་གདན་ས་མང་པོ་བཞེངས། ལ་ལས་གདན་ས་སོ་སོའི་རྟེན་གཙོར་ཆོས་བརྒྱུད་སོ་སོའི་སྲོལ་གཏོད་པ་པོའི་སྐུ་བཞེངས་པ་ལས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་མེད་ཅིང་། ལ་ལས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བཞེངས་ཀྱང་སོ་སོའི་སྲོལ་གཏོད་ཀྱི་སྐུ་ལས་ཆུང་བ་བཞེངས། མང་ཚོགས་དཀྱུས་མའི་ཁྲོད་དུའང་རྒྱུན་ལྡན་ཁོང་རྣམ་པའི་མཚན་སྨོས་ནས་གསོལ་འདེབས་དང་། གསུང་ཆོས་སོགས་ཀྱི་སྐབས་སུའང་ཆོས་བརྒྱུད་སོ་སོའི་སྲོལ་འབྱེད་ཀྱི་རྣམ་ཐར་རྩལ་འདོན་ལས་སྟོནཔ་ཤཱཀྱ་ཐུབ་པའི་རྣམ་ཐར་བརྗོད་པ་དང་མཚན་སྨོས་ནས་གསོལ་བ་འདེབས་མཁན་ཧ་ཅང་ཉུང་བ་དང་། མདོ་སྔགས་གཉིས་ཀའི་སྐབས་སུ་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་དང་བླ་མ་ཡིན་པའི་གསུང་བཤད་དང་། བླ་མ་སངས་རྒྱས་ལས་ལྷག་པའི་ལྟ་ཚུལ་ཧ་ཅང་དར་ཁྱབ་ཆེ་བ་སོགས་དང་། གཞན་དུང་དཀར་རིན་པོ་ཆེའི་གྲུབ་མཐའ་ལས་འཁྲུལ་རྐྱེན་བཞི་དང་། ཚེ་ཏན་ཞབས་དྲུང་གི་འཁྲུལ་རྐྱེན་ལྔ་སོགས་གསུངས། འཁྲུལ་རྐྱེན་དེ་དག་ལ་བརྟེན་ནས་དུས་རབས་བཅུ་དགུ་དང་ཉི་ཤུའི་མགོ་སྟོད་བོད་དུ་བསླེབས་པའི་ཕྱི་གླིང་བ་དང་བསླེབས་མ་ཐུབ་ཀྱང་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཡོད་པའི་ཕྱི་གླིང་བ་མང་པོ་ཞིག་གིས་བོད་དུ་དར་བའི་ཤཱཀྱ་ཐུབ་པའི་བསྟན་པ་ལ་བླ་མའི་ཆོས་ལུགས་ཞེས་འབོད་པ་དང་།དེ་ལྟར་ཡིག་འཇོག་ཀྱང་བྱས་ཡོད། དཔེར་ན། ཕྱི་ལོ་ ༡༨༥༩ ལོར་འཇར་མན་པ་(Friedrich koppen 18081863 )ཀོ་པཱན་གྱིས་འཇར་མན་གྱི་སྐད་དུ་བླ་མའི་ཆོས་ལུགས་ཀྱི་གོ་གནས་(Die Lamaische Hierarchie Und Kirche)ཞེས་པའི་དཔེ་དེབ་བརྩམས་ནས་ཡོ་རོབ་གླིང་ནས་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཀྱི་འབོད་སྲོལ་གྱི་མེ་སྟག་འཕྲོ་འགོ་ཚུགས།

དེའི་རྗེས་ཕྱི་ལོ་ ༡༨༩༡ ལོར་ཨ་རི་བ་རོཀ་ཧིལ་( W..W.Rockhill )གྱིས་བོད་དང་སོག་ཡུལ་དུ་བསྐྱོད་པའི་ཉིན་ཐོ་( The Land of the Lama: Notes of A Journey Mongolia and Tibet )བརྩམས་ཤིང་ཁོང་ནི་ཨ་རི་བ་བོད་ཡིག་ཆེས་ཐོག་མར་སྦྱོང་མཁན་ཡིན་ཞིང་། བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཀྱི་ཞྭ་མོ་གཡོགས་ནས་ཨ་རིའི་གླིང་དུ་གྲགས་སུ་བཅུག དཔེར་ན། དེའི་ཤུགས་རྐྱེན་ལས་ཕྱི་ལོ་ ༡༩༤༢ ལོར་ཨ་རིའི་སྲིད་འཛིན་རཱོ་སི་ཝཀྲ་ཡིས་(Franklin D. Roosevelt )༧གོང་ས་མཆོག་ལ་འཚམས་འདྲིའི་ཕྱག་ཡིག་འབུལ་སྐབས། དབུ་བརྗོད་ལ་བླ་མའི་ཆོས་བརྒྱུད་ཀྱི་བླ་ཆེན་ཏཱ་ལའི་བླ་མ་( His Holiness The Dalai Lama ,Supreme Pontiff of the Lama Church, lhaas)ཞེས་པ་ཙམ་ལས་བོད་ཀྱི་སངས་རྒྱས་ཤཱཀྱ་ཐུབ་པའི་དབུ་འཛིན་དང་རྗེས་འབྲངས་པ་ཞེས་ཟུར་ཙམ་མ་བྲིས་བས་ཀྱང་བླ་མའི་ཆོས་ལུགས་ཀྱི་སྒྲོ་འདོགས་ཀྱི་ཤུགས་རྐྱེན་ཇི་ཙམ་ཆེ་མིན་ཚོད་དཔག་བྱེད་ཐུབ།

ཕྱི་ལོར་ ༡༨༩༥ ལོར་དབྱིན་ཇི་བ་ཝན་ཌ་ཡིས་( Laurence Waddell )བོད་ཀྱི་ནང་ཆོས་སམ་བླ་མའི་ཆོས་ལུགས་( The Buddhism Of Tibet or Lamaism with its Mystic Symbolism and Mythology)ཞེས་པའི་དཔེ་དེབ་བྲིས་ནས་ཡོ་རོབ་གླིང་ནས་བསྐྱར་དུ་བླ་མའི་ཆོས་ལུགས་ཀྱི་སྤྲིན་ནག་ཐིབ་འགོ་ཚུགས།

ཡང་ཕྱི་ལོ་ ༡༨༧༧ ལོར་བོད་བརྒྱུད་ནང་བསྟན་དར་ཡུལ་ཉི་ཧོང་དུའང་བོད་སོག་ནས་འཁྱེར་ཡོང་བའི་བཀའ་བསྟན་སོགས་ཀྱི་དཀར་ཆག་ཐོག་མར་སྒྲིག་པ་པོ་ཉི་ཧོང་བ་ཨ་ཡ་ཀོ་ (Ayako Sadakane )ཡིས་དཀར་ཆག་དཔེ་དེབ་དེའི་མིང་བླ་མའི་ཆོས་ལུགས་ཀྱི་བྱུང་བ་( The History of Lamaism )ཞེས་བཏགས་ནས་ཨེ་ཤ་ཡའི་ཤར་ཕྱོགས་ནས་ཞྭ་མོ་དེ་ཉིད་གཡོག་འགོ་ཚུགས།

དེའི་རྗེས་དུས་རབས་ཉི་ཤུ་པའི་མགོ་སྟོད་དེ་ ༡༩༢༠ ལོ་ནས་ཨུ་རུ་སུའི་གཞུང་འབྲེལ་གྱིས་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་པའི་ཐ་སྙད་གཏན་འབེབས་དང་། གཞུང་སྒེར་གཉིས་ཀའི་ཡིག་ཆ་དང་རྩོམ་ཡིག་སོགས་སུ་བླ་མའི་ཆོས་ལུགས་ཀྱི་ཐ་སྙད་ཤུགས་ཆེ་སྤེལ། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་ཡས་མས་ནས་རྒྱ་ནག་ཏུ་ཆོས་བྱེད་རང་དབང་ཅུང་ཕྱེ་སྐབས་ནས་རྒྱ་ཡིག་གི་དུས་དེབ་དང་ཚགས་པར་སོགས་སུ་བོད་བརྒྱུང་ནང་བསྟན་ལ་བླ་མའི་ཆོས་ལུགས་འབོད་དགོས་པ་དང་ཐ་སྙད་དེ་ནི་འཐད་ཚུལ་གྱི་སྐོར་ནས་རྩོམ་ཡིག་མང་པོ་སྤེལ་འདུག་ཅིང་[3]དེ་བཞིན་ཐཱེ་ཝན་ཕྱོགས་ནས་ཀྱང་སྒྲོ་སྐུར་ཤུགས་ཆེན་བཏབ་པའི་བྱུང་བ་ཤིན་ཏུ་མང་།

ཡང་བླ་མའི་ཆོས་ལུགས་ཀྱི་འབོད་སྲོལ་དེ་ཐོག་མར་ཕྱི་གླིང་བས་བཏགས་པའི་འདོད་ཚུལ་གཅིག་དང་། ལ་ལས་ཕྱི་གླིང་བའི་ལྟ་ཚུལ་དེའི་འབྱུང་ཁུངས་རྒྱ་ནག་ཡིན་ཟེར་བའི་འདོད་ཚུལ་ཏེ་གཉིས་ཡོད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ལ་བླ་མ་ཀྱོ་ཞེས་འབོད་པ་དང་། དེའི་གོ་དོན་ནི་བླ་མ་ནི་གོ་སླ་ལ། ཀྱོ་ནི་ཆོས་ལུགས་ལ་གོ་བས་བླ་མའི་ཆོས་ལུགས་ཞེས་དང་།[4] སྔ་མོར་ཕྱི་གླིང་བ་རྣམས་བོད་ཀྱི་དབུས་ཕྱོགས་སུ་འགྲོ་བསྐྱོད་བཀག་འགོག་ཆེ་བས་རྒྱ་ནག་བརྒྱུད་ནས་བོད་ཀྱི་ས་མཚམས་ཁག་ཏུ་སོང་ནས་བོད་ཀྱི་ཆོས་ལུགས་སྐོར་དཔེ་དེབ་སོགས་བྲི་སྐབས་རྒྱ་ནག་གིས་བླ་མ་ཀྱོ་ཞེས་འབོད་པས་དེ་ལས་ (Lamaism )ཞེས་པའི་ཚིག་དེ་བྱུང་ཟེར།

དེ་བཞིན་དུ་རྒྱ་ནག་དང་རིག་གཞུང་འབྲེལ་ཟབ་ཡོད་པའི་ཉི་ཧོང་སོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་(Lamaism )ཞེས་བཏགས་པའང་བླ་མ་ཀྱོ་ཞེས་པ་ལས་འབྱུང་ཟེར། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ལ་བླ་མ་ཀྱོ་ཞེས་འབོད་སྲོལ་ཡང་ཡོན་རྒྱལ་རབས་ཀྱིས་རྒྱ་ནག་དབང་བསྒྱུར་བྱེད་སྐབས་བོད་དང་སོག་པོ་དབར་འབྲེལ་བ་བྱུང་རྗེས་སོག་པོས་དེ་ལྟར་བཏགས་པ་ཡང་ཟེར།

དེས་ན་ཤར་ཕྱོགས་རྒྱ་སོག་དང་ནུབ་གླིང་ཡོ་རོབ་པ་སོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་(Lamaism )ཞེས་འབོད་དགོས་པའི་རྒྱབ་ལྗོངས་དང་འབྲེལ་བའི་ལོ་རྒྱུས་དང་། ཐ་སྙད་དེ་གཉིས་ཀྱི་ནང་དོན་དང་ཐ་སྙད་གང་སྔ་བ་འབྱུང་མིན་སོགས་ལ་དཔྱད་རྒྱུ་ཧ་ཅང་མང་ཡང་མངས་བས་མ་སྤྲོས།

བླ་མའི་ཆོས་ལུགས་ཀྱི་གོ་དོན།

ལ་ལས་བླ་མའི་ཆོས་ལུགས་ཞེས་པའི་ཚིག་ཙམ་གྱི་གོ་བ་བླངས་ནས་སྤྱིར་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དང་། སྒོས་བོད་དུ་དར་བའི་སངས་རྒྱས་བསྟན་པའི་གཞི་མ་འདུལ་བ་ཀ་རི་ཀ་ནས་རྒྱུད་རྒྱལ་གསང་འདུས་བར་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་དང་བླ་མ་ཡིན་པ་མདོ་རྒྱུད་ཀུན་ཏུ་གསལ་པས་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་འབོད་པར་སྐྱོན་མེད་པའི་བསམ་ཚུལ་རྗོད་མཁན་འགའ་ཡོད་ཀྱང་དེ་དག་གིས་བླ་མའི་ཆོས་ལུགས་ཀྱི་རྒྱབ་ལྗོངས་དང་གནད་འགག་མ་ཤེས་པས་ལན་པ་ཡིན།

བླ་མའི་ཆོས་ལུགས་ཞེས་པའི་དོན་ང་ོམ་ནི། ༡ བོད་དུ་དར་བའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནི་སངས་རྒྱས་པའི་ཆོས་ལུགས་དང་། བོད་ཀྱི་གདོད་མའི་ཆོས་ལུགས་གཉིས་བསྲེས་པའི་ཆོས་ལུགས། ༢ རྒྱ་གར་ནས་བོད་དུ་དར་བ་མ་ཡིན་པར་བོད་ཀྱིས་བླ་མས་རྟོག་བཟོའི་ཆོས་ལུགས། ༣ བོད་དུ་དར་བའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནི་སངས་རྒྱས་པའི་ཆོས་ལུགས་དང་།ཧིན་རྡྷུའི་ཆོས་ལུགས་གཉིས་བསྲེས་པའི་ཆོས་ལུགས།[5]

༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་དང་ཕྱི་ལོ་༡༩༥༦ ལོར་རྒྱ་གར་དུ་ཕེབས་སྐབས་དང་། ལྷག་ཏུ་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་རྒྱ་གར་དང་ཕྱི་རྒྱལ་སྤྱི་ཚོགས་ཁྲོད་ཀྱི་མཐོ་རིམ་མི་སྣ་དང་།གསར་འགོད་པ་སོགས་ཐུག་འཕྲད་སྐབས་བོད་བརྒྱུད་ནང་བསྟན་ལ་རྒྱུས་མངའ་ཞན་ཅིང་རྟོག་དཔྱོད་ཀྱིས་མིག་ལོང་བ་དང་། ཟེར་སྒྲོས་རྗེས་སུ་རྒྱུག་པ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ནི་བླ་མའི་ཆོས་ལུགས་ཞེས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་མ་ཡིན་པར་བོད་ཀྱི་བླ་ཆེན་རྣམས་ཀྱིས་གསར་དུ་སྲོལ་གཏོད་པ་ཡིན་སྐོར་དང་། ཕྱི་གླིང་བའི་གྲས་ནས་ལྟ་ཅི་སྨོས། ཐ་ན་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འབྲང་གཅིག་པ་དགེ་སློང་སེར་པོ་ཚོས་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་མ་ཡིན་པའི་རྣམ་འགྱུར་སྟོན་མཁན་དང་དངོས་སུ་ཤོད་མཁན་ཡང་བྱུང་ནས་བོད་དེ་ཉིད་རྒྱ་ནག་གིས་བཙན་བཟུང་གིས་རང་དབང་བརླགས་པར་མ་ཟད། དེའི་ཐོག་ཏུ་ལོ་ངོ་སྟོང་ཕྲག་རིང་ང་ཚོས་ལུས་ལོངས་སྤྱོད་འཕངས་མེད་དང་། ཐ་ན་སྲོག་ལ་བསྡོས་ནས་ཀྱང་རྒྱ་གར་འཕགས་ཡུལ་ནས་གདན་དྲངས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ལའང་གཞི་མེད་སྒྲོ་སྐུར་གྱིས་བསྲེས་ལྷད་ཅན་དུ་བཏགས་ནས་བོད་ཀྱི་རྒྱལ་བསྟན་རིན་པོ་ཆེའི་རང་དབང་ཡང་གཞན་ལག་ཏུ་ཤོར་བའི་དུས་ངན་ཞིག་འཆར་གྲབས་བྱས།

ཆོས་སྒྲ་ཆེན་པོ་བསྒྲགས་པའི་མཛད་ཆེན།

ལོ་ངོ་སྟོང་ཕྲག་རིང་བོད་ཀྱི་ཆོས་རྒྱལ་དང་། ལོ་པཎ་བཀའ་དྲིན་ཅན་སོགས་ཀྱིས་ལུས་སྲོག་ལོངས་སྤྱོད་སོགས་བསྡོས་ནས་འཛིན་སྐྱོང་སྤེལ་གསུམ་གནང་བའི་བོད་དུ་དར་བའི་སངས་རྒྱས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེར་ཕྱོགས་བཞི་མཚམས་བརྒྱད་ནས་དགྲ་བྱུང་སྟེ་ཉག་ཕྲ་བའི་གནས་སྟངས་སུ་གྱར་སྐབས་༧སྐྱབས་མགོན་མཆོག་གིས་དགོངས་པ་ཧ་ཅང་ཆེ་བཞེས་ཀྱིས་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཀྱི་འབོད་སྲོལ་གྱི་མེ་སྟག་ཕྲ་མོ་འཕྲོ་སྐབས་ནས་མ་བསད་ན་མ་དག་རྒྱུན་འབྱམས་སུ་གྱུར་ཚེ་བོད་བརྒྱུད་ནང་བསྟན་དེ་ཉིད་ཐ་ན་ནང་པའི་ཆོས་ལུགས་ཀྱི་གྲས་སུའང་མི་ཚུད་པའི་གནས་སྟངས་སུ་གྱར་ན་བཟོད་མི་ཐུབ་པ་དང་བསམ་མི་ཕོད་པ་ཞིག་འབྱུང་སྲིད་པ་དགོངས་ཏེ་བཙན་བྱོལ་དུ་ཕེབས་ནས་རིང་མིན་དེའི་སྐོར་ནས་མཛད་པ་བསྐྱང་གནང་མཛད། ད་ཕན་དཔྱད་གཞི་རྙེད་པ་གཞིར་བཞག་ན་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་གཅིག་མ་ཟིན་ཙམ་སྟེ་ཕྱི་ལོ་ ༡༩༦༠ ལོ་མགོར་བོད་པའི་སྤྱི་ཚོགས་སུ་རང་རེའི་བོད་བརྒྱུད་ནང་བསྟན་ལ་གཞན་གྱིས་མི་ཤེས་པ་དང་ལོག་རྟོག་གིས་བླ་མའི་ཆོས་ལུགས་ཞེས་འབོད་པར་ནོར་འཁྲུལ་ཅན་དང་།དེ་ལྟར་མ་ཡིན་པའི་བཀའ་སློབ་གནང་འགོ་ཚུགས།[6]དེ་ནས་ཕྱི་ལོ་༡༩༦༠ ཟླ་༦ པ་དང་། ཕྱི་ལོ་༡༩༦༣ ལོར་ཡང་བཀའ་སློབ་སྔ་ཕྱི་གང་མང་གནང་འདུག་ཅིང་དེ་གསུམ་ནི་དཔེ་མཚོན་ཙམ་ཡིན།[7] [8]

རང་རེའི་སྤྱི་ཚོགས་སུ་བཀའ་སློབ་ཤུགས་ཆེ་གནང་བར་མ་ཟད། རྒྱ་ཆེ་ས་ནས་བཀའ་སློབ་སོགས་གནང་འགོ་ཚུགས་ཏེ་ཕྱི་ལོ་༡༩༦༢ ལོར་༧སྐྱབས་མགོན་མཆོག་གིས་ཁོང་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་ནས་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ཏེ། ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ཞེས་པ་བོད་ཡིག་ཏུ་ལྗགས་རྩོམ་དང་ལོ་དེར་རང་དུ་དབྱིན་བསྒྱུར་གྱིས་དབྱིན་ཡུལ་ནས་འགོ་ཚུགས་ཀྱིས་རྒྱལ་སྤྱིར་དངོས་སུ་འགྲེམས་སྤེལ་བྱས།[9] ཕྱག་དེབ་འདིར་ལེའུ་བཅུ་གསུམ་དང་། ཁ་སྣོན་གྱི་ས་བཅད་གཉིས་ཡོད་པ་ལས་གཅིག་ནི། ནང་པའི་ཆོས་ཀྱི་གནས་ཚུལ། ཞེས་པ་ཡིན་ཞིང་དེ་ལ་ནང་གསེས་ཀྱི་ས་བཅད་བཅུ་བཞི་ལས་བཞི་པ། བོད་དུ་ནང་ཆོས་དར་ཚུལ། ཞེས་པའི་ཐད་དུ་བོད་དུ་དར་བའི་ནང་བསྟན་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དྲི་མ་མེད་པ་ལས་བོད་ཀྱི་བླ་མས་རྟོག་བཟོ་དང་། ཆོས་ལུགས་གཞན་དང་བསྲེས་ལྷད་བཏང་བའི་ཆོས་ལུགས་མ་ཡིན་པའི་སྒྲུབ་བྱེད་གཙོ་བོ་རྒྱུ་མཚན་གསུམ་དང་དཔེ་གཅིག་བཅས་འགོད་གནང་མཛད་འདུག

རྒྱུ་མཚན་དང་པོ། བོད་ཀྱིས་བརྩམས་པའི་བསྟན་བཅོས་ཀུན་ཏུ་ནང་པའི་གཞི་ལམ་འབྲས་གསུམ་གང་ཞིག་གཏན་ལ་ཕབ་ཀྱང་སྟོན་པ་ཤཱཀྱ་ཐུབ་པའི་བཀའ་མདོ་རྒྱུད་དང་འཕགས་ཡུལ་པཎ་གྲུབ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཀྱི་གསུང་དྲངས་ནས་གཏན་ལ་ཕབ་པ་ཤ་སྟག་ཡིན་པའི་དངོས་ཡོད་ཀྱི་གནས་སྟངས།

གཉིས་པ། དེང་སང་རྒྱ་གར་ལ་སོགས་པའི་ནང་ཆོས་མཁས་པ་རྣམས་དང་ལྷན་དུ་བགྲོ་གླེང་བྱེད་སྐབས་སྃསྐྲི་ཏའི་སྐད་དུ་ཡོད་པའི་སངས་རྒྱས་ཀྱི་ཆོས་ཚིག་གོ་བརྡ་འཕྲོད་དཀའ་བའི་རིགས་རྣམས་ལོ་ངོ་བརྒྱ་ཕྲག་སྔོན་ནས་བསྒྱུར་བའི་བོད་ཡིག་ཏུ་གཏན་ལ་ཕབ་པ་ཇི་བཞིན་དུ་ཁོང་རྣམ་པས་འགྲེལ་བཞིན་པའི་དངོས་ཡོད་ཀྱི་གནས་ཚུལ།

གསུམ་པ། སྃསྐྲི་ཏའི་སྐད་ཐོག་ནས་གོ་དཀའ་བའི་སངས་རྒྱས་པའི་གཞུང་འགའ་ཤས་བོད་ཡིག་གི་འགྱུར་དང་འགྲེལ་བ་ལ་བལྟས་ནས་གུང་བསྒྲིག་སྐབས་གོ་བ་རྙེད་པར་ཕན་ཐོགས་ཆེ་སྐོར་རྒྱ་གར་མཁས་པས་བརྗོད་པའི་རྒྱུ་མཚན་དང་གསུམ་བཀོད་གནང་མཛད།

དཔེ་གཅིག་ནི། སྔར་རྒྱ་གར་དུ་ནཱལེཎྜ་དང་། བྲི་ཀ་མ་ལ་ཤི་ལའི་མཁས་གྲུབ་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འབྲངས་པ་གཅིག་མཚུངས་ཡིན་ཡང་གཞི་ལམ་འབྲས་གསུམ་འཆད་སྐབས་མིང་འདོགས་དང་འཁྲིད་སྟངས་ཕྲན་བུའི་ཁྱད་པར་ཡོད་པ་བཞིན་བོད་དུའང་རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་མིང་འདོགས་དང་འཁྲིད་སྟངས་མི་འདྲ་བ་ཙམ་ལས་ཐམས་ཅད་ཀྱང་མདོ་སྔགས་ཟུང་འབྲེལ་གྱི་རྒྱལ་བསྟན་ཤ་སྟག་ཡིན། ཞེས་གཙོ་བོ་རིགས་པ་གསུམ་དང་དཔེ་གཅིག་གི་སྒོ་ནས་བོད་དུ་དར་བའི་ནང་བསྟན་ནི་བླ་མའི་ཆོས་ལུགས་མ་ཡིན་པ་ཡིག་ཐོག་ནས་དགག་བཞག་གི་རིགས་པའི་སྐྱ་རེངས་ཐོག་མར་ཤར།[10]

ཕྱི་ལོ་༡༩༦༠ ལོ་ཡས་མས་ནས་༧ཡིད་བཞིན་ནོར་བུ་མཆོག་གིས་ཕྱི་གླིང་བ་དང་། གནས་བརྟན་སྡེ་བའི་གྲས་ནས་ཀྱང་བོད་རྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་འབོད་སྲོལ་འབྱུང་བར་ཐུགས་ཁྲལ་ཆེན་པོ་དང་། འབོད་སྲོལ་དེ་ཉིད་ནོར་འཁྲུལ་ཅན་དུ་ཡིན་པའི་བཀའ་སློབ་གཟབ་ནན་ཆེན་པོས་གནང་བའི་ཚུལ་ནི་ཨ་རི་བ་ཐཱོ་མན་( Robert Thurman)གྱིས་ཕྱི་ལོ་༡༩༦༤ ལོར་༧སྐྱབས་མགོན་མཆོག་གི་ཞལ་སྔ་ནས་ཡུན་རིང་གསུང་ཆོས་ཞུས་ནས་རྡ་སར་སྡོད་སྐབས་ཁོང་གིས་དངོས་སུ་མཐོང་ཐོས་འབྱུང་བ་དག་ཕྱི་ལོ་༡༩༩༩ལོར་ཁོང་གིས་བྲིས་པའི་ཏཱ་ལའི་བླ་མ་གལ་གནད་ཆེ་དོན་ཅི་ཡིན་ནམ། (Why Dalai Lama is Matter )ཞེས་པའི་དཔེ་དེབ་ཏུ་གསལ་པོར་བཀོད་པ་ལས་ཤེས་ཐུབ།[11]

༧ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ཞེས་པའི་ཕྱག་དེབ་ལྗགས་རྩོམ་མཛད་ནས་ལོ་ངོ་གསུམ་ཙམ་གྱི་རྗེས་བསྐྱར་དུ་གལ་ཆེ་གཟིགས་ནས་བླ་མའི་ཆོས་ལུགས་ཀྱི་ལོག་རྟོག་དེ་ཉིད་ནོར་འཁྲུལ་ཅན་དང་། རྒྱལ་སྤྱིའི་ཁྲོད་དུ་གོ་རྟོགས་སྤེལ་སླད་དུ་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་ལམ་སྟོན་ལྟར་ཕྱག་དེབ་དེའི་ཁ་སྣོན་ས་བཅད་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ཞེས་པའི་ས་བཅད་དེ་ཉིད་སྐུ་སྒེར་ཡིག་ཚང་ནས་ཆེད་གཉེར་གྱིས་བསྐྱར་དུ་དབྱིན་བསྒྱུར་གྱིས་ཁ་བྱང་ལ་སངས་རྒྱས་ཆོས་ལུགས་ངོ་སྤྲོད་( An Introduction To Buddhism )ཅེས་བཏགས་ནས་ཕྱི་ལོ་ ༡༩༦༥ ལོར་རྒྱལ་ས་ལྡི་ལི་ནས་དེབ་ཆུང་དུ་དཔར་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཤུགས་ཆེ་བཀྲམ། [12]

དེ་བཞིན་དུ་སྔར་འཕགས་ཡུལ་དུ་ཐེག་ཆེན་གྱི་ཆོས་ལ་ལོག་རྟོག་འབྱུང་སྐབས་མགོན་པོ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པ་ལྟར་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་འབོད་སྲོལ་གྱི་ལོག་རྟོག་འབྱུང་སྐབས། ༧ཡིད་བཞིན་ནོར་བུ་མཆོག་གིས་ཆེད་གཉེར་གྱིས་ཕྱི་ལོ་ ༡༩༦༣ ལོར་ ལེགས་བཤད་བློ་གསལ་མིག་འབྱེད་ཅེས་པའི་ཕྱག་དེབ་ལྗགས་རྩོམ་མཛད།

དེ་ཡང་སྔ་སྲོལ་ལྟར་སངས་རྒྱས་པའི་ཆོས་ལུགས་ཀྱི་ཆོས་བཤད་ཀྱི་རྣམ་པ་མ་ཡིིན་པར་སྤྱི་ཚོགས་འགྱུར་གྲོས་དང་མཐུན་པའི་ཡུལ་དུས་གནས་འབབ་དང་འཚམས་པའི་ནང་ཆོས་ངོ་སྤྲོད་ཀྱི་ལམ་བུ་ཆེས་གསར་གཏོད་ཀྱིས་རྒྱ་གར་དང་རྒྱལ་སྤྱིའི་ཁྲོད་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པའི་གཞི་ལམ་འབྲས་གསུམ་ངོ་སྤྲོད་གོ་བདེ་གནང་བ་དང་། བྱེ་བྲག་ཏུ་བོད་དུ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཁག་གི་གནས་ཚུལ་སྐོར་ཞེས་པའི་ས་བཅད་ལོགས་སུ་བཀར་ནས་ཆུ་མགོ་གངས་དང་། ཆོས་མགོ་རྒྱ་གར། ཞེས་པའི་དཔེ་ལྟར་བོད་གངས་ཅན་ལྗོངས་སུ་དར་བའི་ཆོས་བརྒྱུད་རྣམས་ནི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དང་འཕགས་ཡུལ་གྱི་མཁས་གྲུབ་གཉིས་ལྡན་རྣམས་ལས་རྡོ་ལག་བརྒྱུད་ཀྱི་དཔེ་ལྟར་བོད་དུ་དར་ཚུལ་ལོ་རྒྱུས་ཁུངས་བཙན་དང་འབྲེལ་ནས་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱིས་བླ་མས་གསར་དུ་བཟོ་མ་ཡིན་པ་དང་། རིགས་པར་མཚོན་ན་བོད་ཀྱི་ནང་པའི་ཆོས་པ་སུ་འདྲ་ཞིག་ཡིན་རུང་། ཆོས་ཀྱི་གནད་དོན་སྐོར་དོགས་སེལ་དང་། ཁུངས་གཏུགས་དགོས་པ་ཅུང་ཟད་ཅིག་བྱུང་ནའང་སངས་རྒྱས་ཀྱི་གསུང་ངམ། རྒྱ་གར་པཎ་གྲུབ་གང་རུང་ཞིག་གི་གསུང་ལ་ཁུངས་གཏུགས་ཡོད་པ་ལ་སོགས་པའི་རྒྱུ་མཚན་དུ་མས་བླ་མའི་ཆོས་ལུགས་མ་ཡིན་པར་བསྒྲུབས། སྒྲུབ་ཕྱོགས་ནས་ཀྱང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་ཞིང་གོ་བདེ་བ། མང་ཉུང་འཚམས་པའི་ལེགས་བཤད་སྔ་ན་མེད་པ་ཞིག་ཡིན། གསུང་རྩོམ་ལེགས་བཤད་བློ་གསལ་མིག་འབྱེད་ནི་བོད་བརྒྱུད་ནང་བསྟན་དེ་ཉིད་བླ་མའི་ཆོས་ལུགས་མ་ཡིན་ཞིང་དཔལ་ནཱལེཎྜའི་ཆོས་བརྒྱུད་ཡིན་པའི་སྒྲུབ་བྱེད་ཀྱི་བསྟན་བཅོས་ཁེ་གཙང་ཐོག་མ་དེ་ཡིན།

༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་དེ་ཉིད་བླ་མའི་ཆོས་ལུགས་མ་ཡིན་པའི་ཚུལ་བློ་གསལ་མིག་འབྱེད་དུ།
༡ བོད་དུ་སངས་རྒྱས་བསྟན་པ་ཐོག་མར་དར་ཚུལ་དང་། བར་དུ་རྒྱ་གར་གྱི་པཎྜིཏ་སུ་དང་སུ་བོད་དུ་ཕེབས་པའི་སྐོར།
༢ རྒྱ་གར་དང་། བལ་པོའི་སློབ་དཔོན་དང་བོད་ཀྱི་ལོ་ཙཱ་བ་རྣམས་ལྷན་དུ་མདོ་རྒྱུད་བསྟན་བཅོས་བོད་བསྒྱུར་བྱེད་པའི་སྐོར།
༣ བོད་ཀྱི་ཆོས་བརྒྱུད་ཁག་གི་སྲོལ་འབྱེད་རྣམས་ཀྱིས་རྒྱ་གར་པཎྜིཏ་སུ་དང་སུ་ལ་ཁུངས་གཏུགས་ཡོད་མེད་ཀྱི་སྐོར་ཀྱི་དངོས་ཡོད་ཀྱི་ལོ་རྒྱུས་ཀྱི་འབྱུང་བ་སོགས་ཡིན།

དེ་དག་ལ་དེར་བརྟེན་༧ཡིད་བཞིན་ནོར་བུ་ནི་བོད་བརྒྱུད་ནང་བསྟན་ལ་དཔལ་ནཱལེཎྜའི་ཆོས་བརྒྱུད་ཀྱི་མཚན་གསོལ་བའི་ཤིང་རྟའི་སྲོལ་འབྱེད་དང་། གསོལ་བྱེད་ཀྱི་བསྟན་བཅོས་ལ་ལེགས་བཤད་བློ་གསལ་མིག་འབྱེད་འདི་བཞག་ན་ཧ་ཅང་འཐད་སྙམ།[13]ཕྱི་ལོ་༡༩༦༤ ལོར་ལེགས་བཤད་བློ་གསལ་མིག་འབྱེད་དེ་ཉིད་ཧིན་ཡིག་ཏུ་བསྒྱུར་བ་དང་ཕྱག་དེབ་ཀྱི་མཚན་ཅུང་འགྱུར་བ་བཏང་ནས་སངས་རྒྱས་ཀྱི་གྲུབ་མཐའི་སྙིང་པོ་ཞེས་བཏགས།[14]ཕྱི་ལོ་༡༩༦༦ལོར་ལེགས་བཤད་བློ་གསལ་མིག་འབྱེད་དེ་ཉིད་དབྱིན་ཡིག་ཏུ་བསྒྱུར་ནས་མཚན་ལ་(Opening of wisdom Eyes )ཞེས་བཏགས་[15]་ནས་རྒྱལ་སྤྱིའི་ནང་བླ་མའི་ཆོས་ལུགས་ཀྱི་སྒྲོ་སྐུར་གྱི་མུན་སྟུག་སེལ་བའི་ལེགས་བཤད་ཉི་མ་སྔ་ན་མེད་པ་ཞིག་ཤར་བ་མཛད།

ཝ་ཤུལ་མཁན་སྤྲུལ་ཐུབ་བསྟན་སྐལ་བཟང་ཕྱི་ལོ་༡༩༦༤ ལོ་ནས་༡༩༧༠ཇབར་ལོ་བདུན་རིང་ཐའི་ཡུལ་དུ་བཅའ་བཞུགས་སྐབས་སུ་ལེགས་བཤད་བློ་གསར་མིག་འབྱེད་ཐའི་སྐད་བསྒྱུར། དེ་བཞིན་དུ། Spain Germany, japan , Italy,China, France)སོགས་ཀྱི་སྐད་དུ་རིམ་པས་བསྒྱུར་འདུག    དེང་གི་དུས་སུའང་རྒྱལ་ཕྱི་ནང་གི་མཐོ་སློབ་དང་ཆོས་ཚོགས་ཁག་ཏུ་ནང་པ་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་པར་གོ་བདེ་ཞིང་མང་ཉུང་ཧ་ཅང་རན་པའི་བསྟན་བཅོས་སུ་བརྩིས་ནས་འགྲོ་དོན་ཧ་ཅང་རྒྱས་བཞིན་འདུག

འཕགས་པ་གནས་བརྟན་སྡེ་བའི་ཕྱོགས་ནས་བོད་བརྒྱུད་ནང་བསྟན་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་མ་ཡིན་པའི་རྣམ་འགྱུར་དང་བཤད་ཡམས་ཟློག་ཕྱིར་༧ཡིད་བཞིན་ནོར་བུ་མཆོག་ཡུལ་དངོས་སུ་ཕེབས་ནས་ལོག་རྟོག་སྲུན་འབྱིན་གྱི་མཛད་པ་བསྐྱང་གནང་མཛད་ཡོད། དེ་ཡང་བཙན་བྱོལ་དུ་ཕེབས་ནས་ཐེངས་དང་པོ་ཉི་ཧོང་དང་ཐེངས་གཉིས་པ་ནི་ཐཱ་ལཎ་དུ་ཕེབས། ཕྱི་ལོ་༡༩༦༧ ལོ་དང་། དེ་ནས་༡༩༧༢ ལོར་འཕགས་པ་གནས་བརྟན་སྡེ་བའི་ཆོས་བརྒྱུད་ཆེས་ཆེར་དར་ཡུལ་ཐཱ་ལཎ་དུ་ཕེབས་ནས་བོད་བརྒྱུད་ནང་བསྟན་ནི་རྒྱ་གར་འཕགས་ཡུལ་ནས་བོད་དུ་དར་ཚུལ་སོགས་དང་། བོད་ལ་འདུལ་བའི་ཉམས་བཞེས་ཕྲ་ཞིང་ཕྲ་བ་ཡོད་པའི་རྒྱུ་མཚན་དངོས་སུ་འཛུབ་ཁྲིད་ཀྱིས་ཉིན་མང་རིང་བགྲོ་གླེང་གནང་ནས་སྡེ་བ་གཉིས་ཀ་སྟོན་པ་གཅིག་གི་རྗེས་འཇུག་ཡིན་པའི་འདུ་ཤེས་ཀྱི་རྩ་བ་སྲ་བརྟན་བཙུགས་ཏེ་འབྲེལ་ལམ་ཀྱི་སྒོ་མོ་ཕྱེ་བར་མ་ཟད་། ཕྱི་ལོ་༡༩༦༤ལོར་ཝ་ཤུལ་མཁན་སྤྲུལ་ཐུབ་བསྟན་སྐལ་བཟང་དང་། ཕྱི་ལོ་༡༩༦༧ ལོར་༧ཡིད་བཞིན་ནོར་བུ་མཆོག་སྐུ་དངོས་སུ་ཐའི་རྒྱལ་ཁབ་ཏུ་ཕེབས་ནས་ཆོས་ཀྱི་མཛད་འཕྲིན་བསྐྱངས་རྗེས་ཐའི་ཆོས་དོན་ལས་ཁུངས་ནས་གསོལ་འདེབས་ཞུ་འདུན་ལྟར་ཕྱི་ལོ་༡༩༦༧ ལོ་མཇུག་ཏུ་བོད་ཀྱི་དགེ་སློང་གསུམ་མངགས་གཏོང་གིས་ཕན་ཚུན་སྟོན་པ་གཅིག་གི་རྗེས་འཇུག་ཡིན་པའི་འདུ་ཤེས་ཀྱིས་རྒྱལ་ཁབ་སོ་སོར་དར་བའི་སངས་རྒྱས་པའི་ཆོས་ལུགས་གཏིང་ཟབ་རྒྱུས་ལོན་གྱི་ལེའུ་གསར་པ་ཞིག་འགོ་བཙུགས་ཤིང་། དེའི་མཇུག་འབྲས་ནི་དེང་ཆེས་ཆེར་མངོན་བཞིན་པ་ཀུན་གྱིས་མཐོང་ཆོས་དེ་ལྟར་ལགས།           དེ་བཞིན་ཐའི་རྒྱལ་ཁབ་ཀྱི་རྗེས་སུ་༧སྐྱབས་མཆོན་མཆོག་སིངྒའི་ཡུལ་དུ་ཕེབས་འདུན་མཆིས་ཀྱང་རྒྱའི་གནོན་ཤུགས་ཀྱིས་ཕེབས་མ་ཐུབ། དེ་ནས་བཟུང་གནས་བརྟན་སྡེ་བའི་དགེ་འདུན་པ་དང་ཐུགས་འཕྲད་ཡང་ཡང་གནང་ཞིང་། ཕྱི་ལོ་༢༠༡༤ ལོར ༧ སྐྱབས་མཆོག་མཆོག་གི་ལམ་སྟོན་འོག་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འདུལ་བའི་བགྲོ་གླེང་ཞེས་པ་དབུ་བཙུགས་ཀྱིས་ལོ་གཉིས་རེའི་མཚམས་སུ་ཐེངས་རེ་བཙུགས་ནས་བོད་བརྒྱུད་ནང་བསྟན་དེ་ཉིད་སྤྱིར་སངས་རྒྱས་པའི་ཆོས་ལུགས་མ་རེད་སྙམ་པའི་ལོག་རྟོག་དང་། ཡང་འདུལ་བའི་ཉམས་ལེན་མེད་སྙམ་པའི་ལོག་རྟོག་གི་རྩ་བ་དྲུང་ནས་འབྱིན་ཞིང་། བོད་ཀྱི་དགོན་སྡེ་ཁག་གི་འཆད་ཉན་དང་སློབ་གཉེར་གྱི་གོ་རིམ་སོགས་ཀྱིས་ཁོང་རྣམ་པའི་སེམས་ཁོངས་སུ་བོད་བརྒྱུད་ནང་བསྟན་ལ་སྔ་ན་མེད་པའི་བརྩི་མཐོང་དང་གུས་བཀུར་བསྐྲུན་གནང་མཛད། དེ་བཞིན་དུ་ཕྱི་ལོ་༢༠༢༢ ལོ་ནས་པཱ་ལིའི་ཆོས་བརྒྱུད་འཛིན་པའི་དགེ་སློར་སེར་པོ་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་དགེ་འདུན་དབར་ཤེས་ཡོན་བརྗེ་ལེན་ཞེས་པའི་ལས་གཞི་དངོས་སུ་འགོ་བཙུགས་པ་དང་མཛད་སྒོར་༧སྐྱབས་མགོན་མཆོག་གིས་བཀའ་སློབ་ཞིབ་རྒྱས་གནང་། སྡེ་གཉིས་ཀྱི་དགེ་འདུན་རྣམས་ཕན་ཚུན་གྱི་དགོན་སྡེ་དང་སློབ་གཉེར་ཁང་དུ་དངོས་ཕེབས་ཀྱིས་ཉམས་མྱོང་བརྗེ་རེའི་ཁྲོད་གནས་བརྟན་པའི་དགེ་སློང་ཚོས་བོད་བརྒྱུད་ཀྱི་ནང་བསྟན་གྱི་འདུལ་བས་མཚོན་མདོ་སྔགས་ཀྱི་སློབ་གཉེར་དང་ཆོས་འབྱུང་སོགས་ཤེས་ནས་བླ་མའི་ཆོས་ལུགས་ཀྱི་ལོག་རྟོག་གི་བག་ཆགས་ཀྱང་དྲུང་ནས་ཕྱུང་ཞིང་། བོད་ཀྱི་དགེ་འདུན་རྣམ་པས་ཀྱང་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པར་ནོར་བུའི་ནོར་ཉམས་ཆོད་པ་ཞིག་མྱོང་ཐོག་ནས་སྐྱེས་སུ་བཅུག་ཏེ་རང་གཞན་ཀུན་གྱི་རྒྱུད་ལ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཡིན་པའི་སྤོབས་པ་རི་བོ་ལྟར་བརྟན་དུ་བཅུག

ཕྱི་ལོ་༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་བརྒྱད་ཀྱི་རྗེས། ཕྱི་ལོ་ ༡༩༦༧ ལོར་ཐེངས་དང་པོར་ཕྱིའི་རྒྱལ་ཁབ་ཏུ་ཕེབས་འགོ་བཙུགས་ཅིང་། བླ་མའི་ཆོས་ལུགས་ཀྱི་ལོག་རྟོག་འབྱུང་བའི་གཞི་རྩ་ནི་བོད་བརྒྱུད་ནང་བསྟན་མ་ཤེས་པ་ཁོ་ནས་ལན་པ་དགོངས་ཏེ་ཕྱི་གླིང་བ་ཚོར་མདོ་སྔགས་ཀྱི་ཆོས་འབྲེལ་གནང་སྐབས་སྔོན་འགྲོའི་གསུང་ཆོས་ཞེས་ཆོས་ཐུན་ཞིག་གསར་དུ་སྲོལ་གཏོད་གནང་། ཆོས་ཐུན་དེའི་སྐབས་སྤྱིར་ནང་པའི་གཞི་ལམ་འབྲས་གསུམ་གྱི་སྐོར་དང་། བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་གྱི་ཟབ་ཁྱད། བོད་དུ་དར་བའི་ནང་ཆོས་ལ་བླ་མའི་ཆོས་ལུགས་ཅེས་འབོད་པ་ནི་ནོར་འཁྲུལ་ཡིན་སྐོར་བཀའ་སློབ་ལན་གཅིག་དང་གནས་གཅིག་ཙམ་མ་ཡིན་པར་ཤར་ཉི་ཧོང་ནས་འགོ་བཙུགས་ཀྱིས་ནུབ་ཨ་རིའི་བར་དང་། དེ་ཡང་མི་ཚོགས་འདུ་འཛོམས་ཀྱང་བརྒྱ་ཕྲག་ནས་འབུམ་ཕྲག་བར་དང་། མཐོ་སྲིད་འཛིན་ནས་ཆུང་མི་སེར་དཀྱུས་མ་ཚུན་ཆད་ཀྱི་བར་གནང་ཞིང་། གསུང་ཆོས་དང་བཀའ་སློབ་དེ་རྣམས་དབྱིན་ཡིག་ཏུ་ཕབ་པའི་དཔེ་དེབ་ཀྱང་ཧ་ཅང་མང་། དེ་བཞིན་དུ་༧ཡིད་བཞིན་ནོར་བུ་མཆོག་གི་མཛད་རྣམ་དང་འབྲེལ་བའི་དབྱིན་ཡིག་གི་ཕྱག་དེབ་དང་། ༧གོང་ས་མཆོག་ལ་བཅར་འདྲི་དང་ལྷན་དུ་གླེང་མོལ་གྱི་སྐོར་རྣམས་དཔེ་དེབ་ཏུ་བཀོད་པ་སོགས་བརྒྱ་ཕྲག་བརྒལ་ཞིང་། ཕྱག་དེབ་དེ་དག་ཏུ་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་འབོད་སྲོལ་བྱུང་བར་༧ཡིད་བཞིན་ནོར་བུ་མཆོག་གི་དགོངས་ཚུལ་གང་ཡོད་ཕྲ་ཞིང་ཞིབ་པར་འཁོད་ཡོད་པས་ཕྱི་གླིང་བའི་ཁྲོད་དུ་བླ་མའི་ཆོས་ལུགས་ཀྱི་འབོད་སྲོལ་དང་ལྟ་ཚུལ་ཐལ་བའི་རྡུལ་དུ་བརླགས་པའི་མཛད་ཆེན་བསྐྱངས་ཡོད།[16]

དཔལ་ནཱལེཎྜའི་ཆོས་བརྒྱུད་ཀྱི་མཚན་སྙན་གསོལ་བ།

༧ཡིད་བཞིན་ནོར་བུ་མཆོག་གིས་འདས་པའི་ལོ་ངོ་བཞི་བཅུ་ལྷག་རིང་རྒྱལ་སྤྱིའི་ནང་པའི་མཁས་དབང་། ལོ་རྒྱུས་སྨྲ་བ། ཚན་རིག་པ་སོགས་དང་ལྷན་དུ་བགྲོ་གླེང་དང་ཚོགས་འདུ་གྲངས་ལས་འདས་པ་ཚོགས་པའི་ཐུགས་མྱོང་ལས་བོད་བརྒྱུད་ནང་བསྟན་ནི་བླ་མའི་ཆོས་ལུགས་མ་ཡིན་པའི་སྒྲུབ་བྱེད་དུ་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་སུ་དང་སུ། དེ་དག་གི་ལེགས་བཤད་གང་དང་གང་ལ་གཏུགས་པའི་ཚུལ་གོ་བདེ་ཞིང་སྐྱེ་བོ་ཆེ་ཕྲ་ཀུན་གྱིས་རྟོགས་རྒྱུ་གལ་ཆེར་གཟིགས་ནས་དཔལ་ནཱལེཎྜའི་པཎ་གྲུབ་བཅུ་བདུན་གྱི་ཐ་སྙད་དང་། སྐུ་ཐང་བྲི་སྲོལ་གསར་དུ་སྲོལ་གཏོད་པ་དང་། གསོལ་འདེབས་དད་གསུམ་གསལ་བྱེད། ཅེས་པའི་གསོལ་འདེབས་ཀྱི་གཞུང་ཡང་ཕྱི་ལོ་ ༢༠༠༡ ལོར་གསར་དུ་ལྗགས་རྩོམ་མཛད་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་ལ་དཔལ་ནཱལེཎྜའི་ཆོས་བརྒྱུད་ཀྱི་མཚན་སྙན་དངོས་སུ་གསོལ་ཞིང་།[17]གསོལ་འདེབས་གཞུང་དེའི་ལུང་ཁྲིད་ཀྱང་ལན་མང་གནང་བ་སོགས་ཀྱིས་བོད་བརྒྱུད་ནང་བསྟན་ནི་བླ་མའི་ཆོས་ལུགས་མ་ཡིན་པར་དཔལ་ནཱལེཎྜའི་ཆོས་བརྒྱུད་ཡིན་པའི་ཆོས་སྒྲ་ཆེན་པོ་འཛམ་གླིང་ཤར་ནུབ་ཏུ་བསྒྲགས་པའི་མཛད་པ་ཉག་ཅིག་ལ་བརྟེན་ནས་དེང་བོད་བརྒྱུད་ནང་བསྟན་ལ་མཚན་གསར་པ་དཔལ་ནཱལེཎྜའི་ཆོས་བརྒྱུད་ཅེས་རྒྱལ་སྤྱིའི་ཁྲོད་དུ་འབོད་སྲོལ་བྱུང་ནས་བོད་བརྒྱུད་ནང་བསྟན་གྱི་མཚན་ལ་དགུང་ནས་དགུང་དུ་བཏེགས་པའི་མཛད་པ་ནི་སྔོན་བྱོན་འཕགས་བོད་ཀྱི་སྐྱེས་ཆེན་སུས་ཀྱང་བསྒྲུན་དུ་མེད་པའི་མཛད་ཆེན་ཞིག་ཡིན།

དེ་བཞིན་དུ་༧སྐྱབས་མགོན་ཡིད་བཞིན་ནོར་བུས་ཕྱི་ལོ་ ༡༩༨༧ ལོ་ནས་བཟུང་ཕྱི་ལོ་ ༢༠༢༢ ལོའི་བར་སེམས་དང་ཚེ་སྲོག་ཅེས་པའི་ཚོགས་འདུ་ཐེངས་༣༨ ལྷག་གི་དབུ་ཁྲིད་ནས་རྒྱལ་སྤྱིའི་ཚན་རིག་པ། སེམས་ཁམས་རིག་པ། ཤེས་ཡོན་པ་དང་ལྷན་དུ་ཡུན་རིང་བགྲོ་གླེང་གནང་ནས་བོད་བརྒྱུད་ནང་བསྟན་ནི་དད་པའི་ཆོས་ལུགས་ཤིག་མ་ཡིན་པར་རིགས་པའི་ཆོས་ལུགས་དང་། དེ་ཡང་ཚན་རིག་དང་ལྷན་དུ་གོམ་པ་མདུན་སྤོས་ཐུབ་པའི་ཆོས་ལུགས་ཤིག་ཡིན་པའི་གནས་ལུགས་དེ་ཉིད་རྒྱལ་སྤྱིའི་སྟེང་དུ་ངོ་སྤྲོད་གནང་བའི་བཀའ་དྲིན་ནི་བསམ་བརྗོད་ལས་འདས་པ་ཡིན་ཞིང་།[18]དེ་ལ་བརྟེན་ནས་ཀྱང་བླ་མའི་ཆོས་ལུགས་ཀྱི་སྒྲོ་སྐུར་རིང་དུ་བསྐྱུར།

འདས་པའི་ལོ་ངོ་ ༦༠ ལྷག་ཏེ་ཕྱི་ལོ་༡༩༦༠ ལོ་ནས་བཟུང་ཕྱི་ལོ་ ༢༠༢༠ ལོའི་བར་༧ཡིད་བཞིན་ནོར་བུ་མཆོག་གིས་རྒྱ་གར་དང་གནས་བརྟན་སྡེ་བའི་སྤྱི་ཚོགས། ཨ་རི་དང་ཡོ་རོབ། ཐ་ན་བོད་པའི་སྤྱི་ཚོགས་ལའང་ཡིག་ངག་གཉིས་ཐོག་ནས་བོད་བརྒྱུད་ནང་བསྟན་ནི་བླ་མའི་ཆོས་ལུགས་མ་ཡིན་པའི་བཀའ་སློབ་ཟབ་མོ་མཐའ་ཡས་པ་ཕེབས་པར་བརྟེན་ད་ཆ་རྒྱལ་སྤྱིའི་ནང་པའི་སྤྱི་ཚོགས་ཡིན་མིན་སུས་ཀྱང་བོད་བརྒྱུད་ནང་བསྟན་ནི་དཔལ་ནཱལེཎྜའི་ཆོས་བརྒྱུད་དང་། ཚན་རིག་དང་མཐུན་པའི་རིགས་པའི་ཆོས་ལུགས་ཤིག་ཏུ་ངོས་འཛིན་ཆེས་ཆེར་འབྱུང་བ་ནི་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་འདས་པའི་སྐུ་ཚེའི་རིང་མཛད་པ་མཐའ་ཡས་པ་བསྐྱངས་པའི་གྲས་ནས་ཆེས་རླབས་ཆེན་དང་།ཆེས་བླ་ན་མེད་པའི་མཛད་འཕྲིན་ཞིག་ཡིན། དེ་ལྟར་ཡིན་པ་༧ཡིད་བཞིན་ནོར་བུ་མཆོག་གི་ཞལ་སྔ་ནས་བཀའ་སློབ་ཡང་ཡང་ཕེབས་པ་ལས་དཔོག་ནུས། དཔེར་ན། ཕྱི་ལོ་༢༠༢༠ ཟླ་༡༢ ཚེས་༢༧ བཞུགས་སྒར་ནས་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་སྐབས་སུ་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཀྱི་ཞྭ་མོ་གཡོག་པ་དེ་ཉིད་ཕུད་ནས་ཚན་རིག་དང་མཉམ་དུ་དཔུང་པ་མཉམ་གཤིབ་བྱེད་པའི་ཆོས་ལུགས་ཀྱི་གོ་གནས་བསྐྲུན་ཡོད་ཅེས་ཐུགས་སྤོབས་དང་སྤྲོ་སྣང་ཆེན་པོའི་སྒོ་ནས་བཀའ་སྩལ་བ་དང་།[19]དེ་ཡང་ལུང་ཁུག་གཅིག་དང་རྒྱལ་ཁབ་གཅིག་ཙམ་མ་ཡིན་པར་འཛམ་གླིང་སྤྱི་དང་། ལྷག་ཏུ་ཤེས་ཡོན་པའི་ཁྲོད་དུ་བོད་བརྒྱུད་ནང་བསྟན་འདི་རིག་གཞུང་གཏིང་ཟབ་ཡོད་པའི་འདུ་ཤེས་དང་ངོས་འཛིན་བསྐྲུན་སྐོར་བཀའ་སྩལ་བས་ཀྱང་[20]མཛད་པ་དེ་རྣམས་ཇི་ཙམ་གལ་ཆེ་ཡིན་པ་ང་ཚོས་ངེས་པར་དུ་ངོས་འཛིན་དང་ཤེས་པར་བྱེད་དགོས།

༧སྐྱབས་མགོན་མཆོག་ནས་བླ་མའི་ཆོས་ལུགས་ཀྱི་སྒྲོ་སྐུར་ལ་དགག་སྒྲུབ་ཀྱི་རིག་པའི་སྒོ་འཕར་ཡངས་མོ་ཕྱེ་རྗེས་བོད་ནང་ནས་ཕྱི་ལོ་༡༩༨༡ ལོར་ཨ་ལགས་ཚེ་ཏན་ཞབས་དྲུང་དང་།[21]ཕྱི་ལོ་༡༩༨༨ལོར་དམུ་དགེ་བསམ་གཏན་རྒྱ་མཚོ། ཕྱི་ལོ་༡༩༩༠ ལོར་དུང་དཀར་བློ་བཟང་འཕྲིན་ལས།[22] ཨ་ལགས་དོར་ཞི། གཞན་རྩོམ་པ་པོ་འགས་ཀྱང་བླ་མའི་ཆོས་ལུགས་ཀྱི་འབོད་སྲོལ་ལ་དགག་བཞག་གཅིག་རྗེས་གཉིས་མཐུད་བྲིས་འདུག ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་བླ་མའི་ཆོས་ལུགས་ཀྱི་སྐོར་ལ་དཔྱད་རྩོམ་དང་བགྲོ་གླེང་བྱེད་མཁན་ཧ་ཅང་ཉུང་། དེང་ཡོང་གྲགས་སུ་བོད་བརྒྱུད་ནང་བསྟན་ལ་དཔལ་ནཱལེཎྜའི་ཆོས་བརྒྱུད་དུ་ངོས་འཛིན་པ་ལས་བླ་མའི་ཆོས་ལུགས་ཞེས་འབོད་སྲོལ་མེད་ཀྱང་། གཙང་པོ་ལས་ཐར་ཡང་། ཡུལ་ཆུ་ལས་མ་ཐར། ཞེས་པའི་དཔེ་ལྟར། ད་དུང་ཡང་འཛམ་གླིང་ཚིག་མཛོད་གྲགས་ཅན་ Oxford དང་Cambrige dictionary གཉིས་ཀའི་ནང་དུའང་བོད་བརྒྱུད་ནང་བསྟན་གྱི་གོ་དོན་ལ་བླ་མའི་ཆོས་ལུགས་ཞེས་བཀྲལ་འདུག་པས་དེང་རབས་ཀྱི་འགྲོ་ལུགས་ཤེས་མཁན་སྤྱི་སྒེར་གཉིས་ཀྱིས་དོན་ཆུང་དུ་མི་བརྩི་བར་ཚིག་མཛོད་སྒྲིག་པ་པོའི་འབྲེལ་ཡོད་ལས་བྱེད་པར་ངེས་པར་བསམ་ཚུལ་བཏོན་ནས་བཅོས་ཐབས་བྱེད་དགོས་འདུག

མཇུག་བསྡུ་བ། 

ཇི་སྐད་དུ། མདའ་ཚོན་གོ་ཆ་མ་བཟུང་བར།། རང་ཉིད་གཅིག་པུས་བྱེ་བའི་བདུད།། མ་ལུས་ཕམ་མཛད་གཡུལ་གྱི་ལས།། ཁྱོད་ལས་གཞན་པ་སུ་ཡིས་ཤེས།། ཞེས་གསུངས་པ་ལྟར་བོད་བརྒྱུད་ནང་བསྟན་ལ་སྒྲོ་སྐུར་གྱི་དགྲ་ཤུགས་ཆེ་འབྱུང་སྐབས། དམག་དཔུང་དང་རྒྱུ་སྟོབས་སོགས་ཀྱི་གོ་ཆ་གང་ཡང་མ་བརྟེན་པར་༧ཡིད་བཞིན་ནོར་བུ་མཆོག་གིས་གཅིག་པུས་ཐབས་དང་རིགས་པའི་ཆོ་འཕྲུལ་གྱིས་བླ་མའི་ཆོས་ལུགས་ཀྱི་གཡུལ་ས་ཆེན་པོ་དེ་ལས་བརྒྱལ་ནས་དཔལ་ཌལེཎྜའི་ཆོས་བརྒྱུད་ཀྱི་རྒྱལ་མཚན་སྲིད་དུ་བསྒྲེངས་པའི་བཀའ་དྲིན་དང་མཛད་ཆེན་ནི་བསམ་བརྗོད་ལས་འདས་ཤིང་། བོད་བརྒྱུད་ནང་བསྟན་ནི་སངས་རྒྱས་པའི་བསྟན་པ་དར་བའི་རྒྱལ་ཁབ་གཞན་ཀུན་གྱི་རྒྱལ་མཚན་གྱི་ཏོག་ལྟར་ཡིན་པར་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་རྒྱུ་མཚན་ལྡན་པའི་འདུ་ཤེས་བརྟན་པོ་དང་སྤོབས་པ་སྐྱེས་སུ་བཅུག་པ་དང་། སྔར་ཟུར་ཟ་དང་སྒྲོ་སྐུར་འདེབས་མཁན་དགེ་སློང་སེར་པོ་ཚོས་ཀྱང་༧ཡིད་བཞིན་ནོར་བུ་མཆོག་གི་ཞབས་རྡུལ་སྤྱི་བོས་བླངས་ནས་བོད་བརྒྱུད་ནང་བསྟན་གྱི་བརྩི་མཐོང་སྲིད་དུ་འདེགས་པར་མཛད།ད་དུང་མཛད་པ་དེ་ལས་ལྷག་པའི་མཛད་ཆེན་ནི་བོད་བརྒྱུད་ནང་བསྟན་ནི་ཚན་རིག་དང་དཔུང་པ་མཉམ་གཤིབ་ཀྱིས་གཞིའི་གནས་ཚུལ་འཚོལ་བར་བགྲོ་གླེང་བྱེད་ཐུབ་པའི་རིགས་པའི་ཆོས་ལུགས་དང་། ད་དུང་དེར་མ་ཟད་དུས་རབས་དང་མཐུན་པའི་འགྲོ་བ་མིར་ཕན་བདེ་བསྐྲུན་ཐུབ་པའི་ཆོས་ལུགས་སུ་བསྒྲུབས་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་མཚན་ལ་དགུང་ནས་དགུང་དུ་བཏེགས་པ་དང་བླ་ནས་བླར་བཏེགས་པའི་མཛད་བཟང་ལྷ་མི་སུས་ཀྱང་བསྒྲུན་དུ་མེད་པར་བསྐྱངས་ཡོད་པའི་རྣམ་པར་ཐར་པ་མདོ་ཙམ་དང་། གལ་ཏེ་༧ཡིད་བཞིན་ནོར་བུ་མཆོག་གིས་མཛད་པ་དེ་ལྟར་བདག་གིར་བཞེས་མེད་ན། སྔར་ནས་སྒྲོ་སྐུར་ལོག་རྟོག་ཡོད་མུས་དང་། བོད་ཀྱི་བླ་སྤྲུལ་ཁག་ཅིག་གི་ཡ་མ་ཟུང་གིས་འཆལ་སྤྱོད་སོགས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གྱི་མཚན་ལ་གང་དུ་གྱར་ཡོད་མེད་དང་། ང་ཚོས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཡིན་ཞེས་སྤོབས་པ་ཆེན་པོ་དང་མགོ་བོ་བཀྱགས་ནས་འཛམ་གླིང་མི་དམངས་མདུན་སར་འབུད་ཐུབ་ཡོད་མེད་ཀྱི་གནས་སྟངས་ལ་ཀུན་གྱིས་བསམ་ཤེས་བྱེད་དགོས། མཛད་ཆེན་འདི་ཇི་ཙམ་གྱིས་ངེས་ཤེས་དང་ངོས་འཛིན་ཐུབ་ན་དེ་ཚོད་ཀྱིས་ས་སྟེང་རྒྱལ་བསྟན་ཡོངས་རྗོགས་ཀྱི་མངའ་བདག་ཅེས་མཚན་བསྟོད་ཆེན་པོ་ཞུས་པའང་དེ་ཚོད་ཀྱིས་གལ་ཆེ་དང་རབ་བཏགས་མིན་པ་ཤེས་ནུས།

ཞེས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས། ༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་བསམ་བཞིན་དུ་མིའི་སྲིད་པ་ཉེ་བར་བཟུང་ནས་དགུང་གྲངས་དགུ་བཅུ་བཞེས་པའི་༧སྐུའི་གོ་སྟོན་བསུ་ཆེད་དང་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བའི་གསོལ་འདེབས་ཞུ་རྟེན་ལྷ་རྫས་དཀར་པོའི་དོད་དུ། ཕྱི་ལོ་ ༢༠༢༥ ཟླ་༩ ཚེས་༣༠ ཉིན། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས།

 དཔྱད་ཡིག་དང་ཞབས་མཆན། 

[1] སྔར་རྒྱ་གར་ལ་སངས་རྒྱས་ཀྱི་ཆོས་དར་འཕེལ་ཆེན་པོ་བྱུང་ནས་རིམ་གྱིས་ཤྲི་ལངྒ་དང་། འབར་མ། ཐའེ་ལན་སོགས་ཤར་ཕྱོགས་ཀྱི་ས་ཁུལ་མང་པོ་ཞིག་ལ་དར་ཁྱབ་བྱུང་ཡོད་ཀྱང་། དུས་ད་ལྟའི་ཆར་ལམ་གྱི་རིམ་པ་ཆ་ཚང་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་དེ་བོད་ལ་ཡོད་པ་རེད། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་རྡོར་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་གི་མཁན་བླ་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཡོན་ཏན་གཞི་གྱུར་མའི་བཤད་ཁྲིད་སྨིན་རྒྱས་གྲུབ་རྗེས་སྩལ་བའི་བཀའ་སློབ།

[2] During the thirties, forties, and fifties, some western schoolars described Tibetan Buddhism as lamaism, implying that Tibetan Buddhism is not pure Buddhism -that it is somehow polluted. Pages 134 Live In A Better Way , Reflection on Truth, Love and Happiness, His Holinese the Dalai Lama, Complied and Edited by Renuka Singh,Published by Viking Penguin 2001

[3] During the thirties, forties, and fifties, some western schoolars described Tibetan Buddhism as lamaism, implying that Tibetan Buddhism is not pure Buddhism -that it is somehow polluted. Pages 134 Live In A Better Way , Reflection on Truth, Love and Happiness, His Holinese the Dalai Lama, Complied and Edited by Renuka Singh,Published by Viking Penguin 2001

[4] Soviet Russia and Tibet the Debacle of Secret Diplomacy, 1918-1930 by Andreyev Alexandr E.2003

[5]དེ་ལྟ་ནའང་ཕྱིའི་རྒྱལ་ཁབ་ཁག་ནས་བོད་ཀྱི་གནས་ཚུལ་ཇི་བཞིན་ཤེས་དཀའ་ཞིང་། འགའ་ཞིག་ནས་གནས་ཚུལ་ཇི་བཞིན་མ་ཤེས་པར་དཔེ་དེབ་ཀྱང་བྲིས་ཡོད། དཔེར་ན། འགའ་ཞིག་ནས་བོད་ཀྱི་ཆོས་ལ་བླ་མའི་ཆོས་དང་། རྒྱ་གར་གྱི་ཆོས་ལ་སངས་རྒྱས་ཀྱི་ཆོས་ཟེར་བ་སོགས་དང་། འགའ་ཞིག་ནས་བོན་གྱི་ཆོས་མ་རྩར་བཞག་སྟེ་དེ་ལས་བྱུང་བའི་ཆོས་ཤིག་ཡིན་པར་བསམ་པ་སོགས་བསམ་ཚུལ་མང་ཡང་། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་རྡོར་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་གི་མཁན་བླ་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཡོན་ཏན་གཞི་གྱུར་མའི་བཤད་ཁྲིད་སྨིན་རྒྱས་གྲུབ་རྗེས་སྩལ་བའི་བཀའ་སློབ།

[6]དུས་ད་ལྟའི་ཆར་ལམ་གྱི་རིམ་པ་ཆ་ཚང་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་དེ་བོད་ལ་ཡོད་པ་རེད། དེ་ལྟ་ནའང་ཕྱིའི་རྒྱལ་ཁབ་ཁག་ནས་བོད་ཀྱི་གནས་ཚུལ་ཇི་བཞིན་ཤེས་དཀའ་ཞིང་། འགའ་ཞིག་ནས་གནས་ཚུལ་ཇི་བཞིན་མ་ཤེས་པར་དཔེ་དེབ་ཀྱང་བྲིས་ཡོད། དཔེར་ན། འགའ་ཞིག་ནས་བོད་ཀྱི་ཆོས་ལ་བླ་མའི་ཆོས་དང་། རྒྱ་གར་གྱི་ཆོས་ལ་སངས་རྒྱས་ཀྱི་ཆོས་ཟེར་བ་སོགས་དང་། འགའ་ཞིག་ནས་བོན་གྱི་ཆོས་མ་རྩར་བཞག་སྟེ་དེ་ལས་བྱུང་བའི་ཆོས་ཤིག་ཡིན་པར་བསམ་པ་སོགས་བསམ་ཚུལ་མང་ཡང་། རང་རེའི་ཆོས་ཚིག་བཅད་གཅིག་ཡན་ཆད་རྒྱ་གཞུང་ལ་མ་བརྟེན་པ་མེད་ཅིང་། རྗེའི་གསུང་ལ་སོགས་པ་རྣམས་ཀྱང་རྒྱ་གཞུང་ལ་བརྟེན་པ་ཤ་སྟག་ཡིན་སྟབས་སྔགས་ཀྱི་གསང་བ་རྣམས་མ་གཏོགས་ཚང་མས་གསལ་པོར་ཤོད་ཐུབ་ན་ལེགས། གྱོན་པའི་ཚོས་གཞི་རང་རེས་དམར་པོ་གྱོན་སྲོལ་སྐོར་ཡང་ངས་འདི་འདྲ་ཞིག་བརྗོད་པ་ཡིན།བོད་ནང་རྣམ་ཀུན་གྲྭ་ཆས་ཀྱི་ཚོས་གཞི་དམར་པོ་དང་། ཚོགས་ཆོས་གལ་ཆེའི་སྐབས་སེར་པོ་གྱོན་སྲོལ་ཡོད་ཅིང་། དེ་ཡང་འཛམ་གླིང་ནང་གྱོན་ཆས་ཀྱི་ཚོས་གཞི་དཀར་ཤས་ཆེ་བས་ཉི་མའི་ཚ་ཤུགས་འགོག་ནུས་ཆེ་བས་བསིལ་བ་དང་། ནག་ཤས་ཆེ་བས་ཉི་མའི་ཚ་ཤུགས་འཐེན་ནུས་ཆེ་བས་དྲོ་བ་ཡོད་པ་ལྟར་དཀར་ནག་གཉིས་གྲྭ་པས་གྱོན་མི་ཆོག་སྟབས་སེར་པོ་ལ་ལྟོས་ཏེ་དམར་པོ་ནག་ཤས་ཆེ་བས་བོད་ས་མཐོ་གྲང་ཟུག་ཆེ་བའི་ཡུལ་དུས་དང་བསྟུན་ཏེ་གྱོན་པ་ཞིག་ཡིན་ཚོད་བརྗོད་པ་ཡིན། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་རྡོར་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་གི་མཁན་བླ་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཡོན་ཏན་གཞི་གྱུར་མའི་བཤད་ཁྲིད་སྨིན་རྒྱས་གྲུབ་རྗེས་སྩལ་བའི་བཀའ་སློབ་ལས།

[7] ཕྱི་ལོ་ ༡༩༦༠ ཟླ་ ༦ ཚེས་ ༢༩ ཉིན། ཌ་ལ་ཧའོ་སེར་བཙན་བྱོལ་བོད་མི་སེར་སྐྱ་ཡོངས་ལ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་དང༌།ཡོན་ཏན་གཞིར་གྱུར་མའི་བཀའ་ཁྲིད་སྩལ་སྐབས་སྔོན་འགྲོ་ཆོས་བཤད།

[8] བོད་གངས་ཅན་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་རིས་སུ་མ་ཆད་པ་ཚང་མ་བཅོམ་ལྡན་འདས་ནས་བཟུང་བརྒྱུད་པ་ཆུ་འགོ་གངས་ཐུག་ཟམ་མི་ཆད་པས་བཟུང་བ་ཤ་སྟག་ཡིན།མི་འགའ་ཤས་ནས་རང་གིས་མ་ཤེས་པར་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཟེར་བ་དེ་རྒྱ་གར་ཧིན་དཱུའི་སྔགས་ཀྱི་ཆོས་དང་། བོད་སྔ་རབས་པའི་ཆོས་གཉིས་པོ་དེ་འདྲེས་པ་ཡིན་ཚུལ་དང་། དེ་ལ་བླ་མའི་ཆོས་ཞེས་མིང་བཏགས་ཏེ་དེ་འདྲའི་མཐོང་ཚུལ་ཡོད་པ་དེ་དག་ནོར་འཁྲུལ་རེད། ང་ཚོས་བརྒྱུད་པ་བར་མ་ཆད་དུ་ཡོད་པའི་ཁུངས་སྐྱེལ་ཐུབ་པ་ཡིན།      ཕྱི་ལོ་ ༡༩༦༤ ཟླ་ ༣ ཚེས་ ༡༦ ཉིན། བཞུགས་སྒར་དྷ་རམ་ས་ལར་བུད་མེད་ལྷན་ཚོགས་ནས་ཆོས་འབྲེལ་ཞུས་སྐབས་སྩལ་བའི་བཀའ་སློབ།

[9] Weidenfeld & Nicolson, 20 New Bond Street London WI , edited by David Howarth 1962

[10]  དེ་ལྟར་བོད་དུ་དར་ཁྱབ་ཀྱི་ནང་བསྟན་འདི་རྒྱ་གར་གྱི་ནང་བསྟན་དྲི་མ་མེད་པ་འདི་རང་ལས། བོད་ཀྱི་བླ་མས་རྟོག་བཟོ་དང་། ཆོས་གཞན་དང་བསྲེས་ལྷད་བཏང་བ་མེད་ཅིང་། དཔེར་ན། བོད་འགྲེལ་དེ་ཚོའི་ནང་ཆོས་ཀྱི་འགྲེལ་བཤད་ཆུང་ཆུང་ཞིག་ལའང་མཇུག་ཏུ་སངས་རྒྱས་རང་ཉིད་ཀྱི་གསུང་ངམ། དེ་མིན་རྒྱ་གར་མཁས་པའི་གསུང་དྲངས་ཏེ་གཏན་ལ་ཕབ་པ་ཤ་སྟག་ཡིན། ཆེས་ཤིན་ཏུ་ར་འཕྲོད་པ་གཅིག་ལ། དེང་སང་གི་རྒྱ་གར་པ་ཕྱི་ནང་གཉིས་ཀའི་ཁོངས་ཀྱི་མཁས་པ་རེ་ཟུང་དང་ཞིབ་གླེང་སྐབས་ཆོས་ཚིག་སྐད་བརྡ་འཕྲོད་དཀའ་བའི་གནས་ཚུལ་འདི་གའི་འོག་ལའང་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་བསྒྱུར་བའི་བོད་ཡིག་ནང་གི་ཆོས་ཀྱི་བཤད་པ་འཁོད་ཡོད་པ་དེ་ག་རང་ཁོང་ཚོས་བརྗོད་ཀྱི་འདུག དེར་མ་ཟད། རྒྱ་གར་བ་མཁས་པ་འགས་བརྗོད་རིགས་སུ། དེང་སང་སཾསྐྲི་ཏའི་སྐད་ཐོག་ནས་གོ་དཀའ་བའི་གཞུང་འགའ་ཤས་བོད་སྐད་ཐོག་ནས་བལྟས་ཏེ་གུང་བསྒྲིགས་སྐབས་གོ་བ་ཆེས་ཕུལ་དུ་བྱུང་བ་ཡོང་གི་འདུག་ཟེར། གནས་ཚུལ་འདིའི་ཐོག་ནས་ངོས་ཀྱི་བསམ་པར་བོད་ཀྱི་ཆོས་ལ་ཡུལ་དུས་གནས་ཚུལ་དབང་གིས་རྒྱ་གར་བ་དང་ཕྲན་བུ་ཁྱད་པར་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་བླ་མའི་ཆོས་ལུགས་ཞེས་ནང་པའི་བསྒྱུར་བཅོས་ཕྱིན་པ་ཞིག་ཏུ་ངོས་འཛིན་བྱེད་པ་དེ་རྩ་བ་ནས་ནོར་བ་བྱུང་བ་རེད། ཡང་བརྗོད་རྒྱུར། ཞེས་དང་། རྒྱ་གར་དུ་སྔར་ནཱལེཎྜའི་མཁས་པའི་འཆད་སྲོལ་དང་། བྲི་ཀ་མ་ལ་ཤི་ལའི་མཁས་པའི་འཆད་སྲོལ་ཞེས་རྩ་བའི་དོན་གཅིག་ཀྱང་། མིང་འདོགས་དང་། འཁྲིད་སྟངས་ཕྲན་བུའི་ཁྱད་པར་ཡོང་གི་ཡོད་པ་བཞིན་དུ་བོད་དུའང་རྒྱ་གར་གྱི་པཎྜི་ཏ་དང་། དེའི་བོད་ཀྱི་སློབ་རྒྱུད་ཀྱི་མཚན་དང་། ས་གནས། དུས་ཚོད་སོགས་ཀྱིས་མིང་འདྲ་མིན་བྱུང་སྟེ། དེ་ཡང་གྲགས་ཆེ་བར་རྙིང་མ། བཀའ་རྒྱུད། ས་སྐྱ། དགེ་ལུགས་ཞེས་མིང་འདོགས་སོ་སོ་དང་། རྩ་བ་གཅིག་ཀྱང་འཁྲིད་སྟངས་མི་འདྲ་བ་ཐན་ཐུན་ཡོད་པ་རེད། ཐམས་ཅད་ཀྱང་མདོ་སྔགས་ཟུང་འབྲེལ་གྱི་རྒྱལ་བའི་བསྟན་པ་ཤ་སྟག་ཡིན་ནོ།། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས། ཤོག་གྲངས་༣༢༠ བོད་གཞུང་ཤེས་རིག་པར་ཁང་། པར་ཐེངས་གསུམ་པ།

[11] སྒེར་གྱི་མཇལ་ཕྲད། ཕྱི་ལོ་༡༩༦༤ ལོར་ངས་༧ཏཱ་ལའི་བླ་མ་ཐོག་མར་མཇལ་དུས། ཁོང་དགུང་ལོ་ཉེར་དགུར་སོན་པའི་ན་གཞོན་ཞིག་རེད།ངེད་གཉིས་རྒྱ་གར་ཝཱ་ར་ཎ་སཱིའི་ཁོང་བཞུགས་སའི་མགྲོན་ཁང་གི་མཇལ་ཞུ་ཁང་དུ་མཇལ་འཕྲད་བྱུང་ལ།ཁོང་དེར་འཛམ་གླིང་ནང་པའི་མཛའ་འབྲེལ་ཚོགས་ཆེན་ཁོང་དེར་འཛམ་གླིང་ནང་པའི་མཛའ་འབྲེལ་ཚོགས་ཆེན་(The World Fellowship of Buddist Meeting)གྱི་གདན་ཞུས་སྐུ་མགྲོན་དུ་ཕེབས་འདུག ངས་ཁོང་གི་གསུང་བཤད་ཐོག་མ་དེ་གསལ་པོ་ཞིག་དྲན་གྱི་མི་འདུག རྒྱུ་མཚན་ནི་ཁོང་གིས་གསུང་སྒྱུར་བ་ཞིག་བརྒྱུད་དེ་གསུང་བཤད་དེ་གནང་བ་དང་།གསུང་བཤད་དེ་ཅུང་ལུགས་སྲོལ་ལ་བསྟུན་ཆེ་བ་དང་དོགས་མི་བདེ་བ་ཞིག་རེད།ཁོང་གི་ཕྲག་ཏུ་འགན་འཁྲི་ལྕི་མོ་ཞིག་ཡོད་དེ། སྐབས་དེ་དུས་བོད་བརྒྱུད་ནང་བསྟན་ནི་ལྷད་འདྲེས་པའི་ས་གནས་ཆོས་ལུགས་ཤིག་ཡིན་པར་ངོས་འཛིན་བྱེད་མཁན་གྱི་རྒྱལ་སྤྱིའི་ནང་པ་ཚོ་ལ་ཁོང་གིས་བོད་བརྒྱུད་ངོ་སྤྲོད་བྱེད་པའི་དབུ་འཛུགས་བཞིན་ཡོད། ༧ཏཱ་ལའི་བླ་མ་གལ་གནད་ཆེ་དོན་ཅི་ཡིན། Robert Thurman ཤོག་གྲངས་ ༤༦ བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་བསྒྱུར། བོད་བསྒྱུར་མ། ཕྱི་ལོ་ ༢༠༢༤

[12] An Introduction to Buddhism , The Fourteenth Dalai lama,September ,1965 Produced by the secretariat of H.H.The Dalai Lama,Upper Dharamsala, Himachal Pradesh, Printed at the stateman Press, Connaught Circus, New Delhi

[13] ལེགས་བཤད་བློ་གསར་མིག་འབྱེད། ཤོག་གྲངས་ ༩༧ ནས་༡༠༨ བོད་གཞུང་ཤེས་རིག་དཔར་ཁང་། དཔར་ཐེངས་༦ ཕྱི་ལོ་༡༩༩༨

[14] ཨཙྱ་ར་ཐུབ་བསྟན་མཆོག་གྲུབ་དང་།  Prof.Ram Shankar Tripathi རྣམ་གཉིས་ཀྱིས་བསྒྱུར།

[15] Thubten Kalzang Rinpocheནི་བོད་ཀྱི་བླ་སྤྲུལ་ཞིག་དང་། Bhikkhu Nagasenaནི་རྒྱ་གར་མི་རིགས་གནས་བརྟན་སྡེ་བའི་དགེ་སློང་དང་།Bhikkhu Khantipaloནི་དབྱིན་ཇི་མི་རིགས་གནས་བརྟན་སྡེ་བའི་དགེ་སློང་དང་།ཁོང་རྣམ་པ་གསུམ་གྱིས་ཐཱ་ལཎ་( Thailand )རྒྱལ་ཁབ་ཏུ་བསྒྱུར།ཕྱིས་སུ་དབྱིན་བསྒྱུར་མི་འདྲ་བ་ཁ་ཤས་བྱུང་ཡོད།

[16] Live In A Better Way , Reflection on Truth, Love and Happiness, His Holinese the Dalai Lama, Complied and Edited by Renuka Singh,Published by Viking Penguin 2001

[17] སྐྱབས་མགོན་ཡིད་བཞིན་ནོར་བུ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོ། ཕྱི་ལོ་༢༠༠༡ ཟླ་༡༢ ཚེས་༢༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ།

[18] དཔེར་ན། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་སུམ་ཅུ། བཞི་བཅུའི་ཡས་མས་ལ་བོད་ཀྱི་ཆོས་ལ་བླ་མའི་ཆོས་ལུགས་ཞེས་མིང་བཏགས། དེ་ལ་རྩེད་མོ་རྩེད་ས་དང༌། ལྟད་མོ་ལྟ་ས་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ལོ་ཆིག་སྟོང་བདུན་ཅུ་དང༌།བརྒྱད་ཅུའི་ནང་ལ་བོད་ཀྱི་ཆོས་ལ་རྒྱུ་མཚན་གང་འདྲ་ཡོད་མེད་དང༌། བསམ་བློ་གཏོང་ས་གང་འདྲ་ཡོད་པ་རྣམས་རིམ་པས་ཤེས་མཁན་མང་དུ་ཕྱིན་པའི་སྐབས་ལ་གཞི་ནས་བོད་ཀྱི་ཆོས་འདི་ལྟད་མོ་ལྟ་ཡུལ་དང༌། ལག་རྩེད་བྱེད་ཡུལ་མིན་པར་འདི་ལ་རྒྱུ་མཚན་ཡོད་པ་དང༌། འདིས་ཕན་ཐོགས་ཡོད་པའི་ངོས་འཛིན་གསར་པ་ཞིག་འཛམ་གླིང་ས་ཁུལ་མང་པོ་ནས་བྱེད་ཀྱི་ཡོད། ལྷག་པར་ཚན་རིག་པའི་ནང་ནས་སྤྱིར་ནང་པའི་ཆོས། དེའི་ནང་ནས་བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་རྨོངས་དད་ཀྱི་སྐད་ཆ་མིན་པར་དེར་བསམ་བློ་གཏོང་ས་ཡོད་པ་དང༌། རྒྱུ་མཚན་ཡོད་པ་ཞིག་ཏུ་གཞི་ནས་མཐོང་བ་དང༌།དོ་སྣང་གསར་དུ་བྱེད་ཀྱི་འདུག ཕྱི་ལོ་ ༡༩༩༧ ཟླ་ ༡༡ ཚེས་ ༢༡ ཉིན་དོན་གྲུབ་གླིང་གཞིས་ཆགས་ཀྱི་སེར་སྐྱ་མི་མང་དང༌། སློབ་ཕྲུག་བཅས་ལ་སྩལ་བའི་བཀའ་སློབ།

[19] ངས་འདིར་ཀྲོག་ཀྲོག་བྱས་ནས་བཤད་ན། དེ་སྔ་ང་ཚོས་བླ་མའི་ཆོས་ལུགས་ཀྱི་ཞྭ་མོ་གོན་བསྡད་ཡོད་རེད། ང་ཚོ་རྒྱ་གར་ལ་བསླེབས་ནས་ཚན་རིག་པ་མཉམ་དུ་གོ་བསྡུར་བྱས། མཁས་པ་མང་པོ་མཉམ་དུ་གོ་བསྡུར་བྱས་ནས་ཡོང་དུས་བླ་མའི་ཆོས་ལུགས་ཀྱི་ཞྭ་མོ་དེ་ཕུད་ནས་ཚན་རིག་པའི་ཞྭ་མོ་གོན་བསྡད་ཡོད་རེད། བྱང་ཨ་མི་རི་ཀར་ཡོད་པའི་བོད་རིགས་ཚོར་དྲ་རྒྱའི་ལམ་ནས་བཞུགས་སྒར་ཕོ་བྲང་ནས་སྔོན་འགྲོའི་གསུང་ཆོས་སྐབས། སྤྱི་ལོ་༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན།

[20] ང་ཨ་མདོའི་ས་ཁུགས་ཀྱོག་ཅིག་ལ་སྐྱེས་པའི་བུ་གུ་དེས། བོད་གངས་ཅན་གྱི་སངས་རྒྱས་ཀྱི་བསྟན་པ། རིག་གཞུང་གཏིང་ཟབ་ཡོད་པ་དེ་འཛམ་གླིང་ལ་འཕྱར་ཐུབ་པ་དང་ཚང་མས་ཆ་འཇོག་ཡོད་པའི་ཞབས་འདེགས་ཕྲན་བུ་བསྒྲུབས་ཡོད་རེད། བྱང་ཨ་མི་རི་ཀར་ཡོད་པའི་བོད་རིགས་ཚོར་དྲ་རྒྱའི་ལམ་ནས་བཞུགས་སྒར་ཕོ་བྲང་ནས་སྔོན་འགྲོའི་གསུང་ཆོས་སྐབས། སྤྱི་ལོ་༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན།

[21] བོད་དུ་དར་བའི་ནང་བ་སངས་རྒྱས་པའི་ཆོས་ཀྱི་གྲུབ་མཐའ་སོ་སོའི་མིང་འདོགས་ཀྱི་དཔྱད་པ་འཁྲུལ་སེལ་ངག་གི་ཕྱགས་མ། ཤོག་གྲངས་༡༡༡ གླེགས་བམ་དྲུག་པ། མི་རིགས་དཔེ་སྐྲུན་ཁང་།

[22]  བོད་ཀྱི་བླ་མའི་ཆོས་ལུགས་ཞེས་པ་ཡང་དག་མིན་སྐོར། ཤོག་གྲངས་ ༧༡ གྲུབ་མཐའི་སྐོར་གྱི་རྣམ་བཤད། མི་རིགས་དཔེ་སྐྲུན་ཁང་།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།