བོད་དུ་རྒྱུད་བླའི་འཆད་ཉན་གྱི་བྱུང་རབས་དང་དབུ་སེམས་གཉིས་ཀྱི་རིགས་བཞེད་ཚུལ་སྐོར་ལ་རགས་ཙམ་དཔྱད་པ།

0
396

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་དུ་ཐོག་མར་རྒྱུད་བླའི་འཆད་ཉན་དར་སྤེལ་གནང་མཁན་སུ་ཡིན་མིན་དང་།   གཞུང་དེར་གསལ་བའི་བདེ་གཤེགས་སྙིང་པོའི་ལྟ་བ་རྗེས་འབྲང་སློབ་བརྒྱུད་རྣམས་ཀྱིས་ཇི་ལྟར་འགྲེལ་ཚུལ།   དབུ་མ་བ་དང་སེམས་ཙམ་པ་གཉིས་ཀྱིས་རང་བཞིན་གནས་རིགས་འདོད་ཚུལ་གྱི་ཁྱད་པར་དང་།   དྲི་མ་གློ་བུར་བའི་དོན་འཇོག་ལུགས་མཚུངས་མིན།   སེམས་ཀྱི་རང་བཞིན་འོད་གསལ་ཚུལ་སོགས་ཀྱི་སྐོར་ལ་དཔྱད་པ་རགས་ཙམ་བྱས་ཡོད།

བརྡ་ཆད་གཙོ་བོ། བདེ་གཤེགས་སྙིང་པོ།  རྔོག་ལུགས།  བཙན་ལུགས།   སེམས་ཀྱི་རང་བཞིན་འོད་གསལ་བ།    རྒྱུད་བླ་མ།  

གླེང་གཞི།

དེ་ལ་བོད་དུ་བདེ་གཤེགས་སྙིང་པོའི་ལྟ་གྲུབ་དར་རིམ་ནི།་བསྟན་པ་ཕྱི་དར་གྱི་དུས་སམ་དུས་རབས་བཅུ་བ་ནས་བཅུ་གཉིས་བའི་བར་ལ་རྔོག་ཆེན་ལོ་ཙཱ་བ་དང་བཙན་ཁ་བོ་ཆེ་གཉིས་ནས་མགོ་བཙུག་ཏེ་རྗེ་བཙུན་བྱམས་མགོན་གྱི་མཛད་པར་གྲགས་པའི་[1]རྒྱུད་བླ་མ་བོད་བསྒྱུར་ཞུས་པ་དང་། རིམ་བཞིན་འཆད་ཉན་གནང་བ་ལ་བརྟེན་ནས་བདེ་གཤེགས་སྙིང་པོའི་ལྟ་གྲུབ་བོད་དུ་དར་མགོ་ཚུགས་པ་རེད།   དེ་ཙམ་དུ་མ་ཟད་བདེ་གཤེགས་སྙིང་པོར“རང་སྟོང་དང[2]“གཞན་སྟོང་།[3] “མིང་བརྡའི་ཞེན་ཡུལ[4]སོགས་ཀྱི་དོན་དུ་འགྲེལ་བ་དང་། བདེ་གཤེགས་སྙིང་པོ“སེམས་ཙམ་པའི་ལུགས”[5]“དབུ་མ་བའི་ལུགས”[6]སོགས་བདེ་གཤེགས་སྙིང་པོའི་ལྟ་གྲུབ་མི་མཐུན་པ་མང་པོར་གྱེས་དགོས་པ་ཡང་མདོ་ཁུངས་མི་འདྲ་བ་སོགས་ཀྱི་སྟེང་ནས་གྱེས་པ་མ་ཡིན་པར།མཐར་དེད་ན་མདོ་དེ་དག་ལ་དྲང་ངེས་ཀྱི་ཁྱད་པར་འབྱེད་མིན་དང་།  མདོ་དེ་དག་ནས་གསུངས་པའི་བདེ་གཤེགས་སྙིང་པོའི་ལྟ་གྲུབ་ལ་འགྲེལ་རྒྱག་སྟངས་།  འཆད་ཉན་གྱི་བརྒྱུད་པ་དང་བསྒྲུབ་པའི་བརྒྱུད་པ་མི་འདྲ་བའི་དབང་གིས་གྲུབ་མཐའ་མི་འདྲ་བ་མང་དུ་གྱེས་པ་ནི། རྗེ་བདག་ཉིད་ཆེན་པོས“མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱི་འབྱེད་དགོས་པས”[7]ཞེས་ཇི་སྐད་གསུངས་པ་བཞིན་བོད་དུ་ཡང་ས་དགེ་བཀའ་རྙིང་སོགས་ཀྱི་སྐྱེས་ཆེན་དེ་དག་ལ་བདེ་གཤེགས་སྙིང་པོའམ་རང་བཞིན་གནས་རིགས་ཀྱི་གོ་དོན་འགྲེལ་སྟངས་ལ་རང་རང་གི་མཁྱེན་དཔྱོད་ལ་བརྟེན་ནས་ལྟ་བ་མང་དུ་བྱུང་ཡོད།  བོད་དུ་དར་བའི་བདེ་གཤེགས་སྙིང་པོའི་ལྟ་བ་གང་ཡིན་ཀྱང་མཐར་དེད་ན་རྒྱུད་བླའི་འཆད་ཉན་ལ་མ་འབྲེལ་བ་མེད་པས་ན།བོད་དུ་རྒྱུད་བླའི་འཆད་ཉན་ཐོག་མར་ཆེས་ཆེར་གནང་མཁན་སུ་ཡིན་མིན་དང་།    རྒྱུད་བླར་གསུངས་པའི་བདེ་གཤེགས་སྙིང་པོ་དང་།སེམས་ཀྱི་རང་བཞིན་འོད་གསལ་བའི་ཚུལ་ལ་དགོངས་པ་ཇི་ལྟར་བཞེས་སྟངས་སོགས་ནི་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་པ།གཞུང་མང་ལ་གནད་ཆེ་བ་ཞིག་ཏུ་གཞིགས་ནས་འདིར་དེའི་སྐོར་རགས་ཙམ་གླེང་བར་བྱའོ།

དང་པོ།   རྒྱུད་བླའི་འཆད་ཉན་ཐོག་མར་བོད་དུ་དར་སྤེལ་གནང་མཁན་སུ་ཡིན་མིན།

བོད་དུ་རྒྱུད་བླའི་འཆད་ཉན་དར་སྤེལ་ཐོག་མར་གནང་མཁན་ནི་ཡོངས་གྲགས་སུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེར་རབ་དང་བཙན་ཁ་བོ་ཆེ་གཉིས་ཡིན་པར་མཁས་རྣམས་བཞེད་ལ། བསྟན་པ་སྔ་དར་གྱི་དུས་སུ་བོད་དུ《བདེ་གཤེགས་སྙིང་པོའི་མདོ》དང《 འཕེལ་མེད་འགྲིབ་མེད་ཀྱི་མདོ》《སོར་ཕྲེང་ཅན་གྱི་མདོ》སོགས་འགྱུར་མེད་པ་དང་། ལྷག་དོན་དུ་བདེ་གཤེགས་སྙིང་པོའི་ལྟ་གྲུབ་ཀྱི་སྡོམ་ལྟ་བུའི“རྒྱུད་བླའི་བསྟན་བཅོས་ཡང་དུས་རབས་བཅུ་བ་ཙམ་ནས་མ་གཏོགས་བོད་དུ་འགྱུར་མེད་པས”[8] བདེ་གཤེགས་སྙིང་པོའི་ལྟ་གྲུབ་བསྟན་པ་ཕྱི་དར་གྱི་དུས་སུ་གཞི་ནས་དར་བར་གསལ་མོད།  ཡིན་ནའང་སློབ་དཔོན་དཔལ་དབྱངས་ཀྱིས་མཛད་པའི《ཐབས་ཤེས་སྒྲོན་མ་ལས》“ བདེ་གཤེགས་སྙིང་པོ་སེམས་ཀྱི་རང་བཞིན་ལ།། ཡུན་རིང་དུས་ནས་རྨོངས་པའི་སེམས་ཅན་རྣམས།། བདག་ཏུ་འཛིན་པའི་སེམས་ཅན་སོ་སོར་སྣང་། ” [9]ཞེས་གསུངས་པ་ལ་གཞིགས་ན་བསྟན་པ་སྔ་དར་གྱི་དུས་སུ་ཡང་གཤེགས་སྙིང་གི་ཐ་སྙད་ཡོད་པར་སྣང་ཡང་། བསྟན་པ་སྔ་དར་གྱི་དུས་སུ་གཤེགས་སྙིང་གི་ལྟ་བ་རྒྱ་ཆེར་དར་ཡོད་པར་དཔོག་མི་ནུས་ཏེ།  གལ་སྲིད་སྔ་དར་དུས་སུ་བདེ་གཤེགས་སྙིང་པོའི་ལྟ་བ་དར་ཡོད་ན་ཕྱིས་སུ་རྔོག་ལོ་ཙཱ་བ་སོགས་ཀྱིས་གཞུང་དུ་ལྟ་གྲུབ་དེའི་སྐོར་ཐོན་དགོས་ཀྱང་།ཕྱི་གཞུང་རྣམས་སུ་ཚིག་ཟིན་ཙམ་ཡང་གླེང་མེད་པ་ནི་བོད་དུ་དགག་སྒྲུབ་མཛད་ཡུལ་གྱི་སྔོན་རབས་མཁས་པ་ཞིག་མེད་པའི་གནད་ཀྱིས་ཡིན་པར་སྙམ།

དེ་ཙམ་དུ་མ་ཟད་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་བཙན་ཁ་བོ་ཆེ་གཉིས་ཀྱིས་རྒྱུད་བླའི“བོད་བསྒྱུར་མ་མཛད་གོང་དུ་ཇོ་བོ་རྗེ《982-1052》དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་《1011-1064》གཉིས་ཀྱིས་རྒྱུད་བླ་ཐོག་མར་བསྒྱུར་བར་གསལ་ཡང”[10]རྒྱུད་བླའི་འགྱུར་དེ་ཉིད་ལ་འཆད་ཉན་ཆེར་མ་དར་བར་མངོན།   བོད་དུ་བསྟན་པ་ཕྱི་དར་གྱི་དུས་སུ་བཙན་རྔོག་རྣམ་གཉིས་ཀྱིས་རྒྱུད་བླ་མའི་བསྟན་བཅོས་བོད་བསྒྱུར་བྱས་པ་ལ་བརྟེན་ནས་རྒྱུད་བླའི་འཆད་ཉན་ནར་སོན་པ་དང་། དེ་ལ་བརྟེན་ནས་བདེ་གཤེགས་སྙིང་པོའི་ལྟ་བ་འཕེལ་རྒྱས་སུ་སོང་བ་དང་རིམ་བཞིན་རྔོག་ལུགས་དང་བཙན་ལུགས་གཉིས་སུ་བྱུང་བ་འཐད་ལྡན་དུ་འཛིན་རིགས་སོ།།

གཅིག   རྔོག་ལུགས། 

མཁས་དབང་ཚེ་ཏན་ཞབས་དྲུང་གི《བསྟན་བརྩིས་ཀུན་བཏུས》གཞིར་བཟུང་ནས་བཤད་ན་རྔོག་ལོ་ཙཱ་བ་བློ་ལྡན་ཤེར་རབ་ནི《1059BC-1109BC》དུས་རབས་བཅུ་གཅིག་ནས་བཅུ་གཉིས་པའི་བར་གྱི་མི་ཡིན་ལ།    དུས་རབས་བཅུ་གཅིག་པའི་སྨད《1076BC》དགུང་ལོ་བཅུ་བདུན་ཙམ་ནས་ཁོང་རྒྱ་གར་དུ་སླེབས་པ་དང་དུས་མཉམ་དུ་བཙན་ཁ་བོ་ཆེ་ཡང་སླེབས་ཡོད་པར་གསལ་བས་ལོ་ཙཱ་བ་རྣམ་གཉིས་ཀྱིས་བླ་མ་སཛྫ་ནས་མདུན་དུ་རྒྱུད་བླ་མར་མཉམ་དུ་གསན་ཡོད་པ་དེབ་སྔོན་སོགས་སུ་གསལ། [11]རྣམ་ཐར་ཁག་ཏུ་འཁོད་པ་ལྟར་ན་སྐབས་དེར་བཙན་ཁ་བོ་ཆེ་དགུང་གྲངས་ཅུང་མཐོན་པོར་སླེབས་ཡོད་པས་རྒྱ་གར་གྱི་སྐད་སོགས་ལ་སྦྱང་བ་ཆེར་མ་བྱས་པར་བྱམས་ཆོས་ཀྱི་གདམས་པ་བླངས་ནས་ཕྱིར་བོད་ཡུལ་དུ་ཕེབས་པ་དང[12]  རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི་ལོ་ན་གཞོན་པ་སོགས་རྒྱུ་རྐྱེན་དུ་མས་རྒྱ་གར་གྱི་སྐད་སོགས་ལ་སྦྱང་བ་དཔྱིས་ཕྱིན་པ་གནང་ནས་ཕྱིས་སུ་ལོ་ཙཱ་བ་ཆེན་པོར་ཆགས་ཡོད།

རྔོག་བློ་ལྡན་ཤེས་རབ་ཕྱིར་བོད་དུ་མ་ཕེབས་སྔོན་དུ་རྒྱུད་བླ་དང་དེའི་འགྲེལ་བ་ཐོགས་མེད་ཀྱིས་མཛད་པ་གཉིས་བོད་བསྒྱུར་བྱས་པར་སྣང་སྟེ།  《སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1997ལོ་པར་སྐྲུན་བྱས་པའི་རྒྱུད་བླའི་འགྱུར་གྱི་བསྒྱུར་བྱང་》དུ“དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི་ཏ་མཁས་པ་ཆེན་པོ་སད་ཛྙཱ་ན་དང་།  ལོ་ཙྪ་ཤཱཀྱའི་དགེ་སློང་བློ་ལྡན་ཤེར་རབ་གཉིས་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ”[13]ཞེས་གསལ་བས་ཁོང་གི་བླ་མ་སཛྙཱ་ན་དང་ལྷན་ཏུ“གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བར་བསྒྱུར་བྱང་དུ་གསལ”[14]   རྔོག་ལོ་ཙཱ་བས་ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་བོད་བསྒྱུར་གནང་བ་ནས་བཟུང་བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པར་གཞུང་འདི་ལ་འཆད་ཉན་མཛད་པའི་རྒྱུན་ད་ལྟའི་བར་དུ་ཟམ་མ་ཆད་པར་འོང་ལ།   དེ་ཙམ་དུ་མ་ཟད་རྔོག་ལུགས་ཀྱི་ཆོས་བརྒྱུད་འདི་ཆེས་ཆེར་སྤེལ་མཁན་ནི་གཙོ་བོ་རོང་སྟོན་ཤཱཀྱ་རྒྱལ་མཚན་སོགས་དཔལ་ས་སྐྱའི་མཁས་པ་ཕལ་ཆེ་བ་དང་། རྗེ་ཙོང་ཁ་པ་ཡབ་སྲས་སོགས་དགེ་ལུགས་པའི་མཁས་པ་རྣམས་ཡིན།

སྤྱིར་ལོ་ཙཱའི་བརྒྱུད་པའི་དབང་གིས་རྔོག་ལུགས་བཙན་ལུགས་གཉིས་སུ་གྱེས་པ་ལས་ལྟ་བའི་དབང་གིས་གྱེས་པ་མིན་པར་མངོན་ཏེ།  རྔོག་ལུགས་ནང་གསེས་ལ་བདེ་གཤེགས་སྙིང་པོ་འདོད་ཚུལ་མི་མཐུན་པའི་ལྟ་བ་མང་དུ་བྱུང་ཡོད་དེ།  རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་《རྣམ་བཤད་ཚིག་དོན་རབ་གསལ》དུ“མདོ་ལས།  རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་ཚིག་གི་དོན་ཚིག་གི་དོན་མེད་པ་སྟེ།  དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་དམ་མེད་པ་ཉིད་མ་དམིགས་པ་ཡིན་ནོ།  ཞེས་གསུངས་པ་ལ་བརྟེན་ནས་བྱང་ཆུབ་རྫས་སུ་མེད་པའི་འཐད་པའི་རྟེན་རིགས་བདེན་པར་གྲུབ་པ་མེད་ཀྱང་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་རིགས་ནི་བྱང་ཆུབ་སེམས་དཔའི་སྒྲ་འཇུག་པའི་རྒྱུ་སྒྲུབ་པའི་རྟེན་ཡིན་གྱི་བདེན་པར་གྲུབ་པའི་ཚིག་གི་དོན་ནི་མ་ཡིན་ཏེ།”ཞེས་དང་། ཡང་དེ་ཉིད་ལས། “ཆོས་ཉིད་ཁོ་ན་རིགས་སུ་འདོད་པ་མི་འཐད་དེ། དྲི་བཅས་ཀྱི་སེམས་འོད་གསལ་བའི་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཉེར་ལེན་ཡིན་པས་རིགས་སུ་འདོད་པར་བྱ་བ་ཡིན་པའི་ཕྱིར། གཞན་དུ་ན་ཆོས་དབྱིངས་རིགས་སུ་འདོད་པའི་རྒྱུ་མཚན་ལྷག་པོ་མེད་པས་རིགས་པ་མ་ཡིན་པར་མཚུངས་སོ།”ཞེས་རོང་སྟོན་མཆོག་གིས་བདེ་གཤེགས་སྙིང་པོའམ་རིགས་ལ་འདུས་བྱས་དང་འདུས་མ་བྱས་གཉིས་སུ་འདོད་པ་དང་།   རྔོག་ལུགས་འཛིན་པ་གཞན་སྟེ་རྗེ་ཙོང་ཁ་བ་ཡབ་སྲས་ཀྱིས་རིགས་ལ་འདུས་མ་བྱས་དགོས་པར་འདོད་དེ།  རྗེ་ཙོང་ཁ་པའི་མཛད་པའི་《ལེགས་བཤད་གསེར་ཕྲེང》་ལས།  “སེམས་ཀྱི་རང་བཞིན་གཤིས་ལ་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་དེ་རྟོགས་པ་ན་ཐ་སྙད་དུ་སྒྱུ་མ་ལྟ་བུའི་འཛིན་པ་མཐའ་དག་ཞི་བར་འགྱུར་ཞིང་སྒྱུ་མ་ལྟ་བུའི་གཉེན་པོ་མཐའ་དག་སྐྱེ་བར་འགྱུར་བས། སེམས་ཀྱི་རང་བཞིན་དེ་ཉིད་ལ་ཀུན་རྫོབ་ཀྱི་ངོས་ནས་སྒྲོ་བཏགས་ཏེ་འདི་ནི་རང་བཞིན་དུ་གནས་པའི་རིགས་སོ།”[15]  ཞེས་རིགས་ལ་ཆོས་ཉིད་འདུས་མ་བྱས་སུ་འདོད་པས་རྔོག་ལོ་ནས་བརྒྱུད་པའི་གཤེགས་སྙིང་གི་ལྟ་བ་ནང་ཚན་མི་མཐུན་པ་མང་དུ་བྱུང་ཡོད་པས།རྔོག་ལུགས་ཞེས་མཁས་པ་རྣམས་ལ་གྲགས་ཆེ་བ་འདི་མཐར་དེད་ན་རྔོག་ལོ་ཙྭ་བ་བློ་ལྡན་ཤེར་རབ་ཀྱིས་《དཀོན་མཆོག་གི་རིགས་རྣམ་པར་དབྱེ་བའི་བསྟན་བཅོས》་འདི་བོད་སྐད་དུ་བསྒྱུར་གནང་མཛད་པ་ནས།དེའི་འཆད་ཉན་གྱི་བརྒྱུད་པ་མི་འདྲ་བ་ལས་འོང་པ་ཞིག་ལས་བདེ་གཤེགས་སྙིང་པོའི་ལྟ་བའི་ཆ་ནས་གྱེས་པ་མ་ཡིན་པ་ཤིན་ཏུ་གསལ་བར་མངོན་ནོ། །

བླ་མ་བཀྲ་ཤིས་འོད་ཟེར་གྱིས་བརྩམས་པའི་《ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་བ་གསལ་བ་ཉི་མའི་སྙིང་པོ》་རུ་རྔོག་ལུགས་ཀྱི་རྒྱུད་བླ་མའི་བླ་བརྒྱུད་རེའུ་མིག་སུ་བཀོད་པ།

མཚན། འཚོ་བཞེས་དུས་ཚིགས། ལེགས་སྦྱར་གྱི་མཚན། མཆན།
མཻ་ཊི་པ།། 1007-1085 Maitripada པཎྜིཏ་བྱམས་པའི་མགོན་པོ་ཞེས་པ་དེ་ཡིན།  ན་རོ་བའི་སློབ་མ་དང་མར་པའི་དགེ་རྒན་ཡིན་པར་བཤད།
པཎྜིཏ་དགའ་བའི་གྲགས་པ། དུས་རབས་བཅུ་བ། Anandakirti
སད་ཛཱ་ན། དུས་རབས་བཅུ་གཅིག་པ། ཁ་ཆེའི་པཎྜིཏ་བྱམས་ཆོས་ལ་ལྷག་དུ་མཁས་པ།
རྔོག་བློ་ལྡན་ཤེས་རབ། 1059-1109 རྒྱུད་བླ་བསྒྱུར་མཁན།
བཙན་ཁ་བོ་ཆེ། 1020ལོར་སྐུ་འཁྲུངས། སྐྱོ་སྟོན་གྱིས་“དགེ་ཚུལ་དྲི་མེད་འོད་ཟེར”་ཞེས་སུ་འཁོད
གསང་ཕུ་ཆོས་རྗེ་འཇམ་དབྱངས་ཤཱཀྱ་གཞོན་ནུ། འཁྲུངས་འདས་མི་གསལ།
ཀརྨ་རང་བྱུང་རྡོ་རྗེ། 1284-1339 ཀརྨ་སྐུ་ཕྲེང་ལྔ་བ
ཀརྨ་དཀོན་མཆོག་གཞོན་ནུ། དུས་རབས་བཅུ་བཞི་བ། ཀརྨ་རོལ་བའི་རྡོ་རྗེའི་དངོས་སློབ 1400རྗེ་བཙུན་རེ་མདའ་བ་དང་རྗེ་ཙོང་ཁ་པ་ལ་ཆོས་ཀྱི་གླེང་མོལ་མཛད་།
ཀུན་མཁྱེན་ཇོ་ནང་བ། 1292 -1361 གཞན་སྟོང་སྲོལ་འབྱེད་།
དྲུང་འཛམ་གླིང་བ། དུས་རབས་བཅུ་བཞི་བ། འདིའི་རྣམ་ཐར་མ་རྙེད་།
ཆོས་གྲགས་རྒྱ་མཚོ། 1450-1506 རྗེ་ཙོང་ཁ་བ་དང་མཉམ་དུ་ཚོགས་གླེང་མཛད་པར་གྲགས།
བླ་མ་བཀྲ་ཤིས་འོད་ཟེར། དུས་རབས་བཅོ་ལྔ་བའི་མི། ཀརྨ་ཆོས་གྲགས་རྒྱ་མཚོའི་སློབ་མ་ཡིན་འདུག

གཉིས།  བཙན་ལུགས།

དེབ་སྔོན་དུ་གསལ་བ་བཞིན་བཙན་ཁ་བོ་ཆེ་དང་རྔོག་ལོ་གཉིས་ཀྱིས་བླ་མ་སཛྫ་ནས་མདུན་དུ་རྒྱུད་བླ་དུས་གཅིག་ལ་གསན་《1076BC》པ་དང[16]སྐབས་དེར་བཙན་ཁ་བོ་ཆེ་ལོ་དགུང་གྲངས་ལྔ་བཅུ་རྩ་བདུན་ལ་སླེབས་ཡོད་པའི་བཤད་ཚུལ་ལྟར་ན།      བཙན་ཁ་པོ་ཆེའི་འཁྲུངས་ལོ་ནི《1020BC》ཡིན་དགོས་པ་དང་།    དེབ་སྔོན་སོགས་ཡིག་ཚང་དུ་མ་རུ་བཙན་དང་རྔོག་གཉིས་ཀྱི་གདམས་པ་གསན་སའི་བླ་མ་སཛྫ་ན་ཡིན་ཞིང་།   བཙན་ཁ་བོ་ཆེ་ནི་ལོ་ན་བགྲེས་པའི་རྐྱེན་གྱིས་རྒྱ་གར་དུ་ཡུན་རིང་ལ་མ་བསྡད་པར་རྔོག་ལོའི་སྔ་རོལ་ཏུ་ཕྱིར་བོད་དུ་ཡུལ་ཕེབས་ནས་རྒྱུད་བླའི་གདམས་པ་སྤེལ་བར་གསལ་མོད།  ཀརྨ་ཆོས་གྲགས་རྒྱ་མཚོའི་སློབ་མ་བླ་མ་བཀྲ་ཤིས་འོད་ཟེར་གྱིས་བརྩམས་པའི་ཐེག་པ་ཆེན་པོ་《རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་བ་གསལ་བ་ཉི་མའི་སྙིང་པོ》ལས།བཙན་ཁ་བོ་ཆེའི་རྒྱུད་བླ་གསན་པའི་བླ་བརྒྱུད་ནང་རྔོག་ལོ་ཙྭ་བ་བློ་ལྡན་ཤེར་རབ་བཞག་ཡོད་པས [17]བཙན་ཁ་བོ་ཆེའི་བརྒྱུད་པ་ཡང་རྔོག་ལོའི་བརྒྱུད་པ་ལས་བྱུང་བར་བཤད་པ་དང་།  དེབ་སྔོན་དུ་ཡང་“སཛྫ་ན་ལ།  ད་ང་རྒས་པས་ཆོས་མང་པོ་མི་ལོབས།  བཅོན་ལྡན་འདས་བྱམས་པའི་ཆོས་ལ་འཆི་ཆོས་བྱེད་པའི་དེའི་བཤད་པ་ཡང་དག་པ་ཞིག་ཞུ་ཞེས་ཞུས།   སཛྫ་ནས་ལོ་ཙྭ་བ་གཟུ་དགའ་བའི་རྡོ་རྗེ་ལ་བཅོལ་ནས་བཙན་ཁ་བོ་ཆེ་ལ་གདམས་པ་དང་བཅས་པ་གནོང་། ”[18]ཞེས་གསུངས་པ་ལ་བལྟས་ན་བཙན་ཁ་པོ་ཆེའི་རྔོག་ལོ་ཙཱ་བ་བློ་ལྡན་ཤེར་རབ་དང་ལྷན་ཏུ་རྒྱུད་བླ་གསན་པ་མ་ཡིན་པར་བཙན་ཁ་པོ་ཆེའི་རྒྱུད་བླ་གསན་སའི་བླ་མ་གཟུ་དགའ་བའི་རྡོ་རྗེ་ཡིན་པར་བཤད་པ[19]སོགས་སྣང་མོད།   འཐད་པར་མི་སེམས་ཏེ། ཀརྨ་ཆོས་གྲགས་རྒྱ་མཚོའི་སློབ་མ་བླ་མ་བཀྲ་ཤིས་འོད་ཟེར་གྱིས་བརྩམས་པའི《ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་བ་གསལ་བ་ཉི་མའི་སྙིང་པོ》རུ་བཙན་ཁ་བོ་ཆེའི་རྒྱུད་བླ་གསན་པའི་བླ་བརྒྱུད་ནང་རྔོག་ལོ་ཙྭ་བ་བློ་ལྡན་ཤེར་རབ་བཞག་ཡོད་པ་ནི་བླ་མ་སཛྫ་ནའི་སློབ་མ་ཡིན་པ་དང་དུས་ཐོག་གཅིག་ཡིན་པ་སོགས་ཀྱིས་བླ་བརྒྱུད་ཀྱི་གྲས་སུ་བགྲང་བ་ལས་བླ་བརྒྱུད་དངོས་མིན།

རྔོག་ལོ་དགུང་ལོ་བཅུ་བདུན་གྱི་དུས་སུ་བཙན་ཁ་པོ་ཆེ་དགུང་གྲངས་ལྔ་བཅུ་རྩ་བདུན་ལ་སོན་ཡོད་པ་དང་།   རྔོག་ལོ་ཕྱིར་བོད་དུ་འབྱོར་བ་ནི་ཤིན་ཏུ་འཕྱི་བས་བླ་བརྒྱུད་ཀྱི་གྲས་སུ་བཞག་པ་ནི་རྐྱེན་གཞན་གྱིས་དབང་གིས་ཡིན་པ་གསལ་བ་དང་།    བླ་མ་སཛྫ་ན་ཡི་གཟུ་དགའ་བའི་རྡོ་རྗེ་ལ་བཙན་ཁ་པོ་ཆེ་ལ་བྱམས་ཆོས་ཀྱི་གདམས་པ་གནོང་ཞེས་པའི་ཀྱང་དཔོག་མི་ནུས་ཏེ།  བྱམས་ཆོས་ལ་རྒྱུད་བླ་མའི་བསྟན་བཅོས་ལས་གཞན་པའི་བསྟན་བཅོས་མང་དུ་ཡོད་པས། བྱམས་ཆོས་ཀྱི་གདམས་པ་ཞེས་པ་ནི་ངེས་པར་དུ་རྒྱུད་བླའི་གདམས་པ་ཡིན་པའི་ངེས་པ་མེད་པས་སྒྲུབ་བྱེད་དུ་འགྲོ་དཀའ།   བཙན་ཁ་བོ་ཆེ་ལས་བརྒྱུད་པའི་གདམས་རྒྱུད་སྤེལ་མཁན་ནི་གཙོ་བོ་ཇོ་ནང་པའི་མཁས་པ་རྣམས་ཡིན་པར་གསལ་ཏེ།  དེང་དུས་ཀྱི་ཇོ་ནང་པའི་མཁས་པ་རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི“གངས་ལྗོངས་སུ་ཡང་གཟུ་དགའ་བའི་རྡོ་རྗེ། བཙན་རིགས་ཁ་བོ་ཆེ་དྲི་མེད་འོད་ཟེར། ལ་སྟོད་པ་དར་མ་བརྩོན་འགྲུས། དོལ་པོ་བ་གཉན་ཡེ་ཤེས་འབྱུང་གནས།  ཀུན་མཁྱེན་ཇོ་ནང་བའི་བར་བརྒྱུད་པ་བར་མ་ཆད་ཅིང”[20]ཞེས་ཇོ་ནང་པའི་ལུགས་ཀྱི་གདམས་བརྒྱུད་ནི་བཙན་ལུགས་ཀྱི་གདམས་པ་ཡིན་པར་གསུངས་པ་ལྟར་བཙན་ལུགས་ཀྱི་བཤད་པ་ཡང་དུས་ད་ལྟ་བར་དུ་རྒྱུན་མ་ཆད་པར་ཡོད་པ་འདི་འཐད་པར་རིགས་སོ།

སྐྱིད་སྟོན་སྨོན་ལམ་ཚུལ་ཁྲིམས་ལྟར་བཙན་ལུགས་ཀྱི་རྒྱུད་བླ་མའི་བླ་བརྒྱུད་རེའུ་མིག་ཏུ་བཀོད་པ།

མཚན། འཚོ་བཞེས་དུས་ཚིགས། གསལབཤད། ལེགས་སྦྱར་མཚན།
ཛི་ནཱནཤྲིམིཏྲ 980-1030 Jñanasrimitra
པཎྡིཏ་ཆེན་པོ་བྱམས་པའི་མགོན་པོ། 1007-1085 Maitripa
པཎྡིཏ་ཨ་ནན་ཏ་གྷིར་ཏི་རཊ དུས་རབས་བཅུ་བ། (Anandakirti)
རཏྣ་ཀྲཤནཱ་ཏི། དུས་རབས་བཅུ་བའི་མཇུག་དང་དུས་རབས་བཅུ་གཅིག་པའི་འགོ། འདི་གཉིས་མཻ་ཊི་བའི་སློབ་མ་ཡིན་དགོས་མོད།  སྐྱིད་སྟོན་གོ་རིམ་ནོར་བ་འདྲ། Ratnakarasanti
ཨ་ཀར་ཤན་ཏི། དུས་རབས་བཅུ་གཅིག དགེ་སློང་ཆོས་ཤེས་ཞེས་པའི་གཞུང་དུ་འདི་ལ་པཎྜིཏ་དགའ་བའི་གྲགས་པ་ཞེས་ཟེར། Akrashanti
བླ་མ་སཛྫ་ན། དུས་རབས་བཅུ་གཅིག Sajjana
གཟུ་དགའ་བའི་རྡོ་རྗེས། དུས་རབས་བཅུ་གཅིག སྐབས་དེར་ཁ་ཆེར་བཞུགས་པའི་བོད་ཀྱི་ལོ་ཙཱ་བ་ཆེན་པོ།
དགེ་ཚུལ་དྲི་མེད་ཤེར་རབ། 1020ལོར་འཁྲུངས།  འདས་ལོ་མི་གསལ། སྤུ་རངས་ཐོ་ལིང་གསེར་ཁང་གི་དགེ་སློང་བཙན་ཁ་བོ་ཆེ།
ལ་སྟོད་ལྷོ་བ། དུས་རབས་བཅུ་གཅིག ཁ་ཆེ་གྲོང་ཆེར་དཔེ་མེད་ཀྱི་ལོ་ཙཱ་བ་ལ་སྟོད་དར་མ་བརྩོན་འགྲུས་ཡིན་ནམ་སྙམ།
ཏོ་པ་སྙན། དུས་རབས་བཅུ་གསུམ་པ། ཏོ་བ་གཉན་ཡེ་ཤེས་འབྱུང་གནས་ཡིན།
བླ་མ་སྣར་པ། དུས་རབས་བཅུ་བཞི་བ། སྣར་ཐང་གི་ཁྲི་ལ་བཞུགས་མྱོང་བ་འདྲ།
བཙུན་པ་ཆོས་ཀྱི་རྒྱལ་མཚན། དུས་རབས་བཅོ་ལྔ་བའི་མི། བླ་མ་སྣར་པའི་སློབ་མ།

གཉིས་པ། དབུ་སེམས་གཉིས་ཀྱི་རང་བཞིན་གནས་རིགས་འདོད་ཚུལ་གྱི་ཁྱད་པར།
གཅིག   སེམས་ཙམ་པའི་ལུགས་ལ་རིགས་ཀྱི་ངོ་བོ་འཇོག་ཚུལ།

དབུ་སེམས་གཉིས་གྱིས་སེམས་ཅན་གྱི་ཤེས་རྒྱུད་ལ་ཡོན་ཏན་སྐྱེ་རུང་ཞིང་སྒྲིབ་པ་སྤང་དུ་རུང་པའི་རྒྱུ་ཙམ་ཞིག་རིགས་སུ་འཇོག་པར་མི་མཐུན་པ་མེད་མོད།   སྒྲིབ་པ་སྤང་དུ་རུང་བ་དྲི་མ་གློ་བུར་བ་ཡིན་པའི་གནད་ཀྱིས་འཇོག་ལ། གློ་བུར་བའི་དོན་ལ་མི་མཐུན་པ་བྱུང་ཡོད་དེ།    སེམས་ཙམ་པ་རྣམས་ཀྱིས་《འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ》དང《མདོ་སྡེ་རྒྱན》སོགས་ཁུངས་སུ་དྲངས་ཏེ་དྲི་མ་གློ་བུར་བའི་དོན་ལ་སེམས་དང་སེམས་ལས་བྱུང་པའི་གཞན་དབང་གི་ངོ་བོ་རྫས་གྲུབ་ཅིག་ཏུ་འདོད་པར་མངོན་ཏེ།   “《འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ》ལས།        ཡོངས་སུ་གྲུབ་པ་ཡང་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པའོ། །རྟག་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ནི་ཆོས་ཅན་གྱི་ཆོས་ཉིད་ཡིན་པའི་ཕྱིར་གནས་ནི་ཆོས་ཅན་ནོ། །ཆོས་ཅན་དུ་འདྲ་ཡང་བརྟན་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཁོ་ནས་གནས་སུ་རྣམ་པར་གཞག་གི །མི་བརྟན་པའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདིས་ནི་དེ་བཞིན་ཉིད་ནི་ཆོས་ཅན་གྱི་ཆོས་ཉིད་ཡིན་པའི་ཕྱིར། ནམ་མཁའི་མེ་ཏོག་ལ་སོགས་པ་བཞིན་དུ་གཏན་མེད་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། ། མི་རྟག་པ་གང་ཡིན་པ་དེ་ཡང་རྣམ་པ་གཉིས་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་དང་ས་བོན་གྱི་བདག་ཉིད་དོ། །ཡང་དག་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་རག་ལས་ཏེ། འབྱུང་བའི་ཕྱིར་གནས་ཁོ་ན་ཡིན་ནོ། །ས་བོན་གྱི་བདག་ཉིད་ཀྱང་རང་བཞིན་དུ་གནས་པ་དང་ཡང་དག་པར་བསྒྲུབས་པ་དང་རྣམ་པ་གཉིས་ཏེ། གཉིས་ཀ་ཡང་ལེན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འཇུག་པའི་ཕྱིར་དེ་དག་གི་གནས་ཡིན་པ་ཉིད་དོ།“[21]ཞེས་ཡོད་པ་ལ་རྟག་མི་རྟག་གཉིས་སུ་བཤད་ནས་ནང་ཚན་མི་རྟག་པ་དེ་ལ་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དང་ས་བོན་གྱི་བདག་ཉིད་ཅན་གཉིས་བཞག་ནས་ཕྱི་མ་ས་བོན་གྱི་བདག་ཉིད་ཅན་དེ་ལ་རང་བཞིན་གནས་རིགས་དང་ཡང་དག་པར་བསྒྲུབས་པའི་རིགས་གཉིས་ཕྱེས་ཡོད་པ་གཞིར་བྱས་ནས་རང་བཞིན་གནས་རིགས་འདུས་བྱས་སུ་འཇོག་པ་དང།  གཞན“《མདོ་སྡེ་རྒྱན》ལས།  ཁམས་རྣམས་དང་ནི་མོས་པ་དང་། །སྒྲུབ་པ་ཐ་དད་དབྱེ་བ་དང་། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་བརྗོད། །”[22]ཅེས་སེམས་ཅན་ཐམས་ཅད་ཁམས་མི་འདྲ་བ།   མོས་པ་མི་འདྲ་བ།   སྒྲུབ་པ་མི་འདྲ་བ།    མཐར་འབྲས་བུ་མི་འདྲ་བ་གསུམ་གྱི་གོ་འཕང་མངོན་དུ་བྱེད་ཚུལ་སོགས་ཀྱི་སྟེང་ནས་རིགས་ཀྱི་ཐ་སྙད་འཇོག་པས་རིགས་ལ་འདུས་བྱས་སུ་འཇོག་པ་ཤིན་ཏུ་གསལ།

གཞན《ཐེག་བསྡུས》དང《དོན་གསང》སོགས་འདིའི་སྐོར་གྱི་བསྟན་བཅོས་མང་དུ་མཆིས་མོད། ཚིག་ཚོགས་མང་དུ་དོགས་ནས་འདིར་བཀོད་མེད།   སེམས་ཙམ་པའི་རིགས་ལ་གཞིའི་རྩའི་ཆ་ནས་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་སམ་ཡང་དག་པར་བསྒྲུབས་པའི་རིགས་གཉིས་འཇོག་པར《མདོ་ལང་གཤེགས》སོགས་སུ་གསལ།   དེ་གཉིས་ཀྱི་ཁྱད་པར་འཇོག་ལུགས་ནི་སེམས་ཙམ་པའི་བསྟན་བཅོས་ཆེན་པོ《བྱང་ཆུབ་སེམས་དཔའི་ས》“རིགས་གང་ཞེ་ན། མདོར་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པ་དང་། ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། དོན་གྱི་སྐབས་འདིར་ནི་རྣམ་པ་གཉི་ག་ཡང་འདོད་དོ། །རིགས་དེ་ནི་ས་བོན་ཞེས་ཀྱང་བྱ། ཁམས་དེ་ནི་རང་བཞིན་ཞེས་ཀྱང་བྱའོ། །   ”[23]ཞེས་རང་བཞིན་གནས་རིགས་ཁྱད་ཆོས་གསུམ་ལྡན་དུ་བསྟན་ནས་རྒྱས་འགྱུར་གྱི་རིགས་རང་བཞིན་གནས་རིགས་དེ་ཉིད་ལ་ཐོས་སོགས་ཀྱི་གསོས་བཏབ་པའི་བདག་ཉིད་ཅན་དུ་བསྟན་ནོ།

གཉིས།  དབུ་མ་བའི་ལུགས་ལ་རིགས་ཀྱི་ངོ་བོ་འཇོག་ཚུལ།

དབུ་མ་བ་རྣམས་ཀྱིས་དྲི་མ་གློ་བུར་བའི་དོན་ལ་རྫས་སུ་མ་གྲུབ་པའི་རྟོག་བཏགས་ཀྱི་ཆོས་སེམས་ཀྱི་རང་གཤིས་ལ་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་དེ་རྟོགས་པ་ན། ཐ་སྙད་དུ་སྒྱུ་མ་ལྟ་བུའི་འཛིན་པ་མཐའ་དག་ཞི་བར་འགྱུར་ཞིང་སྒྱུ་མ་ལྟ་བུའི་གཉེན་པོ་མཐའ་དག་སྐྱེ་བར་འགྱུར་བས། སེམས་ཀྱི་རང་བཞིན་དེ་ཉིད་ལ་ཀུན་རྫོབ་ཀྱི་ངོས་ནས་སྒྲོ་བཏགས་ཏེ་འདི་ནི་རང་བཞིན་དུ་གནས་པའི་རིགས་སུ་འཇོག་སྟེ《དཔལ་ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཆོག་ཏུ་རྨད་དུ་བྱུང་བའི་མདོ》ལས། “ དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་རྣམས་ལས་ཤེས། །”[24]ཞེས་དང་།  《དབུ་མ་འཇུག་པ》ལས།   “སོ་སོའི་སྐྱེས་བོ་དུས་ནའང་སྟོང་པ་ཉིད་ཐོས།།  ནང་གི་དགའ་བ་ཡང་དང་ཡང་དུ་ལྡང།།   དགའ་བ་ལས་བྱུང་མིག་ནི་མཆི་མས་བརླན།། ལུས་ཀྱི་བ་སྤུ་ལྡང་བ་ཡང་སྐྱེ་བར་འགྱུར།། ”ཞེས་དང་། 《དཀོན་བརྩེགས》ལས། གང་ལ་འདུ་བྱེད་ཅུང་ཟད་ཀྱང་མེད་པ་དེ་འདུས་མ་བྱས་ཡིན་ལ་འདུས་མ་བྱས་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ་རིགས་དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཁྱད་པར་མེད་པའོ། །རིགས་དེ་ནི་ཐམས་ཅད་ཀྱི་ཚེ་ཆོས་ཀྱི་དེ་བཞིན་ཉིད་ཡིན་པས་ཆོས་ཀྱི་རོ་གཅིག་ཏུ་གྱུར་པ་ཉིད་ཀྱིས་རྟག་པའོ། །ཞེས་དང་། 《ཕལ་ཆེན》ལས་ཀྱང་། “ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལྟར་གནས་པའི་བྱང་ཆུབ་སེམས་དཔའ་དེ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན། མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན།”[25]ཞེས་རང་བཞིན་གནས་རིགས་སམ་བདེ་གཤེགས་སྙིང་པོ་འདི་ཉིད་སེམས་ཅན་གྱི་སེམས་བདེན་པའི་སྟོང་པ་དེ་ཉིད་ཡིན་ལ།  མཐར་གཏུགས་ན་དབུ་མ་བའི་ལུགས་ལ་་རིག་པའི་ཅི་ཙམ་དཔྱད་ཀྱང་སེམས་བདེན་པར་མ་གྲུབ་པའི་གནད་གཙོ་བོ་ནི་སེམས་གྱི་རང་བཞིན་འོད་གསལ་བ་ཡིན་པ་དང་།   དྲི་མ་གློ་བུར་བ་ཡིན་པའི་གནད་ཀྱིས་ཡིན་པར་གསལ།

《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ》ལས། “ཚེ་དང་ལྡན་པ་རབ་འབྱོར་སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཡིན་། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སེམས་གང་འདོད་ཆགས་དང་ཡང་མི་ལྡན་མ་བྲལ། གཏི་མུག་དང་ཡང་མི་ལྡན་མ་བྲལ། ཞེ་སྡང་དང་ཡང་མི་ལྡན་མ་བྲལ། ཀུན་ནས་ལྡང་བ་དང་ཡང་མི་ལྡན་མ་བྲལ། སྒྲིབ་པ་དང་ཡང་མི་ལྡན་མ་བྲལ། གཅོད་པ་དང་ཡང་མི་ལྡན་མ་བྲལ། བག་ལ་ཉལ་བ་དང་ཡང་མི་ལྡན་མ་བྲལ། ཀུན་ཏུ་སྦྱོར་བ་དང་ཡང་མི་ལྡན་མ་བྲལ། ལྟ་བའི་རྣམ་པ་དང་ཡང་མི་ལྡན་མ་བྲལ། ཉན་ཐོས་དང་ཡང་མི་ལྡན་མ་བྲལ། རང་སངས་རྒྱས་དང་ཡང་མི་ལྡན་མ་བྲལ་བ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཀྱི་རང་བཞིན་འོད་གསལ་བའོ། །”[26]ཞེས《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ》ལས་གསལ་བར་བསྟན་པར་མ་ཟད་བསྟན་བཅོས་ཀྱི་ཁྱད་པར་དུ་བྱས་ན“རྒྱུད་བླ་མ་ལས།   རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །”[27]ཞེས་དང་།   སེམས་ཀྱི་རང་བཞིན་འོད་གསལ་ཚུལ《དབུས་མཐའ》ལས་དཔེའི་སྒོ་ནས་སྟོན་ཚུལ་ནི།  ཆུའི་རང་བཞིན་ལ་རྙོག་པ་མ་ཞུགས་པ་དང་།    ནམ་མཁའི་རང་བཞིན་ལ་སྤྲིན་མ་ཞུགས་པ།    གསེར་གྱི་རང་བཞིན་ལ་གཡའ་མ་ཞུགས་པ་སོགས་ཀྱི་སྒོ་ནས་བསྟན་ཏེ《དབུས་མཐའ》ལས།  “ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང་། །གང་ཕྱིར་དེ་ཡང་སྟོང་པ་ཉིད། ”[28]ཞེས་དང་།  གཞན《རྒྱུད་བླ་མ》ལས“དཔེ་དགུའི་སྒོ་ནས་རང་བཞིན་གནས་རིགས་སམ་ཁམས་བདེ་བར་གཤེགས་པའི་སྙིང་བོ་འདི་བསྟན་ཡོད་དེ“རྒྱུད་བླ་མ་ལས།   སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་སྨྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །”[29]ཞེས་སོགས་བསྒྲིབ་བྱ་སྒྲིབ་བྱེད་ཀྱི་དཔེ་དོན།   སྒྲིབ་བྱེད་དགུ་བསལ་ནས་བསྒྲིབ་བྱ་དགུ་མངོན་དུ་འགྱུར་ཚུལ།  སྒྲིབ་བྱེད་ཀྱི་དཔེ་དོན།  བསྒྲིབ་བྱའི་དཔེ་དོན་སོགས་མང་དུ་མཆིས་སོ།།

མཇུག་བསྡུ་བ།

འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བྱུང་འཕེལ་ལ་ཕྱིར་བལྟ་ཞིག་བྱས་ན།      ང་ཚོ་གདོད་མའི་ནགས་ཁྲོད་ཀྱི་འཚོ་བ་ལས་ད་ལྟའི་དཔལ་ཡོན་ཅན་གྱི་སྤྱི་ཚོགས་ལ་ཐོན་ཡོད་པ་ནི་རིག་གནས་ནང་འདྲེན་དང་།   རིག་གནས་གཞན་དང་གཞན་ལ་དགོངས་ཡངས་ཀྱི་སྟེང་ནས་འོང་པས།     དུས་ད་ལྟའི་ཆ་ལ་ཡང་སྤྱི་ཚོགས་དང་ཆོས་ལུགས་གཉིས་ཆར་གྱི་སྒང་ནས་རིག་གནས་གསར་བ་ལ་གདེང་འཇོག་གནང་རྒྱུ་ནི་རང་ཉིད་དང་རང་ཉིད་ཀྱི་འཁོར་ཡུག་ཡར་རྒྱས་སུ་འགྲོ་བའི་ཐབས་ལམ་ཉག་གཅིག་ཏུ་སེམས་པས།   དགོན་སྡེ་ཁག་གིས་ཀྱང་རྩོམ་པའི་རིག་གནས་དང་ཞིབ་འཇུག་བྱེད་སྟངས།     དཔྱད་རྩོམ་འབྲི་སྟངས་སོགས་ལ་་ཤེར་རབ་ཀྱི་སྤྱན་ཡངས་པོར་ཕྱེས་ཏེ་འཛམ་གླིང་སྤྱིའི་ཁ་ཕྱོགས་དང་འགྲོགས་ནས་འགྲོ་དགོས་པ་ནི། མཐར་དེད་ན་རང་ཉིད་ཀྱི་རྣམ་དཔྱོད་ཡར་རྒྱས་སུ་འགྲོ་བའི་སྒོ་མོ་ཅིག་ཡིན་པས་ཁོ་བོས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་དཔྱད་པ་ཕྲན་བུ་ཞིག་བྱས་ཡོད་པས་འདིར་མ་ཤོད་པ་དང་།  ཕྱིན་ཅི་ལོག་ཏུ་བཤད་པ་སོགས་མང་དུ་མཆིས་པས་དཔྱོད་ལྡན་དག་གིས་དགོངས་ཡངས་གནང་པར་ཞུ་ཞུའོ།།།།

དཔྱད་ཡིག་དང་ཞབས་མཆན། 

[1] རྔོག་ལོ་ཕྱིར་བོད་ལ་མ་ཕེབས་གོང་དུ་རྒྱུད་བླ་བོད་དུ་འགྱུར་ཡོད་པ་ཉི་ཧོང་མཁས་པKazuoKanoགསུང་འདུག  Six Tibetan Translation of Ratnagotravibhāgaཞེས་ཀྲུང་ཀོ་བོད་རིག་པ་དབྱིན་ཡིག་མའི་ཤོག་གྲངས81གསལ།

[2] ཇོ་ནང་བའི་ལུགས་ཀྱི་ཀུན་རྫོབ་ཀྱི་ཆ་ནས་ཆོས་ཐམས་ཅད་རང་ངོས་སུ་བདེན་པའི་སྟོང་བའི་ལྟ་བའོ།

[3] ས་སྐྱའི་མཁས་པ་ཤཱཀྱ་མཆོག་ལྡན།   ཀུན་མཁྱེན་དོལ་པོ་བ་སོགས།

[4] འགོས་ལོ་གཞོན་ནུ་དཔལ་གྱི་བརྩམས།    དེབ་ཐེར་སྔོན་པོ། མི་རིགས་དཔེ་སྐྲུན་ཁང་།  སྨད་ཆ།  པོད་གྲངས།424རུ་ལོ་ཙཱ་བ་ཆེན་པོ་དང་སློབ་དཔོན་གཙང་ནག་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་དོན་དམ་བདེན་པ་ལ་ཟེར་མོད་ཀྱི།  དོན་དམ་བདེན་པ་ནི་སྒྲ་དང་རྟོག་པའི་ཡུལ་ཡིན་པ་ལྟ་ཞོག ཞེན་ཡུལ་ཙམ་ཡང་མ་ཡིན་ཞེས་གསུང་།  སློབ་དཔོན་ཕྱྭ་བ་ནི་དངོས་པོ་རྣམས་བདེན་པའི་སྟོང་པའི་མེད་པར་དགག་པ་ནི་དོན་དམ་བདེན་པ་ཡིན་ཞིང་།  སྒྲ་དང་རྟོག་པའི་ཞེན་ཡུལ་དུ་ཡང་བཞེད།

[5] བདེ་གཤེགས་སྙིང་པོའི་རིགས་ཀྱི་ཆོས་སྐོར།   ཐུབ་བསྟན་སྦྱིན་པས་བསྒྲིགས།   བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གིས་དཔར།  2009ལོའི་དཔར།   གཙུག་ལག་གཅེས་བཏུས་པོད་ཕྲེང་བཅུ་གཉིས་པ།   ཤ྄ོག་གྲངས།112a     རྗེ་བཙུན་ཙོང་ཁ་པའི་བླ་མ་རྗེ་བཙུན་རེད་འདའ་བ《1349-1412》སོགས་ཀྱིས་རྒྱུད་བླ་མ་སེམས་ཙམ་པའི་ལུས་སུ་བཀྲལ་འདུག

[6] རྒྱལ་ཚབ་རྗེའི་རྒྱུད་བླ་དར་ཊཱིཀ་དུ་རྒྱུད་བླ་མ་དབུ་མ་བའི་་ལུགས་སུ་བཀྲལ་ཡོད།

[7] རྗེ་ཙོང་ཁ་པ།   དྲང་ངེས་ལེགས་བཤད་སྙིང་པོ།    ཀྲུང་ཀོ་ཤེས་རིག་དཔེ་སྐྲུན་ཁང་།།  པོད་གྲངས།4a   མཐར་གཏུགས་ན་དྲི་མ་མེད་པའི་རིག་པ་ཉིད་ཀྱིས་དབྱེ་དགོས་ཏེ།   རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་པའི་ཕྱིར།

[8]  རྗེ་བཙུན་བྱམས་མགོན་གྱིས་མཛད།    རྒྱུད་བླ་མའི་བསྟན་བཅོས།   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1997.5དཔར།  པོད་གྲངས།48B

[9] སྡེ་དགེ་བསྟན་འགྱུར།  སྣ་ཚོགས། ༼ནོ༽  ཐབས་ཤེས་སྒྲོན་མ།   211-1-384b6-211-1-385a7

[10] བདེ་གཤེགས་སྙིང་པོའི་རིགས་ཀྱི་ཆོས་སྐོར།   ཐུབ་བསྟན་སྦྱིན་པས་བསྒྲིགས།   བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གིས་དཔར།  2009ལོའི་དཔར།   གཙུག་ལག་གཅེས་བཏུས་པོད་ཕྲེང་བཅུ་གཉིས་པ།   ཤ྄ོག་གྲངས།3B    རྒྱུད་བླ་ཐོག་མར་ཇོ་བོ་རྗེ་དང་། ནག་ཚོ་ལོ་ཙྭ་བའི་བསྒྱུར་ལ།  དེ་ནས་རྔོག་བློ་པ་ཚབ་ཉི་མ་གྲགས།  ཡར་ལུང་ལོ་ཙྭ་བ་རྣམས་ཀྱིས་བསྒྱུར་བར་གསུང་།

[11] འགོས་ལོ་གཞོན་ནུ་དཔལ།    དེབ་ཐེར་སྔོན་པོ། མི་རིགས་དཔེ་སྐྲུན་ཁང་།  སྨད་ཆ།  པོད་གྲངས།422-425བར་གསལ།

[12] བཙན་ཁ་བོ་ཆེ་རྒྱ་གར་ནས་ཕྱིར་སླེབས་སྐབས་ལོ་ཙཱ་བ་གཟུ་དགའ་བའི་རྡོ་རྗེ་དང་ལྷན་ཏུ་བྱོན་པར་གྲགས།

[13] རྗེ་བཙུན་བྱམས་མགོན།    རྒྱུད་བླ་མའི་བསྟན་བཅོས།   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1997.5དཔར།  པོད་གྲངས།48B

[14] གྲོང་ཁྱེར་དཔེ་མེད་ཞེས་པ་ནི་ཁ་ཆེར་ཡོད་པའི་གྲོང་ཁྱེར་ཞིག་གི་མིང་ཡིན།

[15]  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་བྱང་རྩེ་མཁན་ཟུར་བསོད་ནམས་ཀུན་དགའི་མཛད་པའི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་རྒྱ་བོད་མཁས་པའི་བཞེད་སྲོལ་མ་འདྲེས་པ་གསལ་བར་བྱེད་པའི་ཟླ་གཞོན།    ལེའུ་དྲུག་པ།  156a-158a

[16] འགོས་ལོ་གཞོན་ནུ་དཔལ་གྱི་བརྩམས།    དེབ་ཐེར་སྔོན་པོ། མི་རིགས་དཔེ་སྐྲུན་ཁང་། 1984ལོའི་དཔར།   སྨད་ཆ།  པོད་གྲངས།423

[17] ཨ་རྡོར་གྱིས་བརྩམས།   སྟོང་རྟེན་འབྱུང་དང་གཤེགས་སྙིང་གི་དཔྱད་པ་ངེས་དོན་གཟུར་བུ།     ཀྲུང་ཀོ་བོད་རིག་པ་དཔེ་སྐྲུན་ཁང་།   2021.12དཔར།  པོད་གྲངས།   349b

[18] འགོས་ལོ་གཞོན་ནུ་དཔལ་གྱི་བརྩམས།    དེབ་ཐེར་སྔོན་པོ། མི་རིགས་དཔེ་སྐྲུན་ཁང་། 1984ལོའི་དཔར།   སྨད་ཆ།  པོད་གྲངས།423

[19] གཟུ་དགའ་བའི་རྡོ་རྗེ་ནི་དུས་རབ་བཅུ་པ་ནས་བཅུ་གཅིག་པར་ཁ་ཆེར་བཞུགས་པའི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པ་གསལ་བར་མ་ཟད། བོད་ཀྱི་ཆོས་བརྒྱུད་གཞན་སྟོང་སྨྲ་བ་དག་གིས་གཞན་སྟོང་གི་འགོ་ཁུངས་ལོ་ཙཱ་བ་དེར་ཐུག་ཡོད་པར་ཚུལ་གཉིས་ལེགས་པར་གསལ་བའི་ལེགས་བཤད་ཕྱོགས་བསྡུས། ངག་དབང་རྟོགས་ལྡན་གྱིས་ཕྱོགས་བསྡུས་བྱས་པ་དེར། དཔལ་འཁོར་ལོ་སྡོམ་པའི་ཞལ་གཟིགས་ཤིང་མཁས་དབང་དུ་མའི་གཙུག་ལག་གི་ནོར་གངས་ལྗོངས་གཞན་སྟོང་དབུ་མའི་སྒྲ་ཆེན་བསྒྲགས་ཤིང་དཔེ་མེད་གྲོང་ཁྱེར་དུ་རྡོ་རྗེ་སྐུ་བརྙེས་བའི་གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ་ནས་རིམ་པར། མི་ཕམ་གཞུང་ལ་མཁས་ཤིང་ངེས་དོན་དབུ་མའི་ལམ་བཟང་ཐུགས་སུ་ཆུད་པའི་སྡོམ་བརྩོན་དམ་པ་བཙན་རིགས་ཁའོ་ཆེ་དྲི་མེད་ཤེས་རབ།  ཟམ་མོའི་གནས་དང་རྒྱུད་སྡེ་དུ་མ་མཁྱེན་པ་བྱམས་པས་རྗེས་སུ་བཟུང་བ་ལ་སྟོད་དར་མ་བརྩོན་འགྲུས་ཞེས་གསལ་བ་བཞིན་ནོ།  ཤོག་གྲངས་86ན་གསལ།   འདི་ནི་ཨ་རྡོར་གྱི་གཤེགས་སྙིང་གི་དཔྱད་པ་ངེས་དོན་གཟེར་བུ་ལས་ལུང་འདྲེན་བྱས་ཡོད་པ་ལུང་འདྲེན་བྱས་པ་ལས་མ་དཔེ་མ་རྙེད།

[20] རྗེ་བཙུན་ཡོན་ཏན་ངག་དབང་བཟང་པོའི་གསུང་འབུམ།   པོད་དང་པོ།   མི་རིགས་དཔེ་སྐྲུན་ཁང་།   2011.9དཔར།  ཤོག་གྲངས།  137a-138b

[21]སྡེ་དགེ་བཀའ་འགྱུར།   པོད་རྟགས། མདོ་སྡེ། ༼ཅ༽ 49-1-56a1~49-1-191b7

[22] སྡེ་དགེ་བསྟན་འགྱུར།   པོད་རྟགས།  སེམས་ཙམ།  ༼ཕི༽ 123-1-1a1~123-1-39a4

[23] སྡེ་དགེ་བསྟན་འགྱུར།   སེམས་ཙམ།   ༼ཝི༽  པོད་གྲངས།  129-1-1a1~129-1-213b

[24] སྡེ་དགེ་བཀའ་འགྱུར།    རྒྱུད་འབུམ།    ༼ང༽ 80-1-96b6~80-1-136b4

[25]ཀུན་གསལ་མེ་ལོང་།     ཤེར་ཕྱིན།    ༼ཙ༽ 17-2-1a1~17-2-405a4

[26] སྡེ་དགེ་བཀའ་འགྱུར།    མངོན་པའི་སྡེ་སྣོད།   ༼ཁ༽    14-326a  རྒྱ་ནག་བསྟན་བཅོས་ཀྱི་མཚན།《大般若波羅蜜多經》

[27] སྡེ་དགེ་བསྟན་འགྱུར།     སེམས་ཙམ།     ༼ཕི༽ 123-1-54a1~123-1-73a7

[28] སྡེ་དགེ་བསྟན་འགྱུར།     སེམས་ཙམ།     ༼ཕི༽ 123-1-40a1~123-1-45a6

[29] སྡེ་དགེ་བསྟན་འགྱུར།     སེམས་ཙམ།     ༼ཕི༽ 123-1-54a1~123-1-73a7

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།