བོད་དུ་འགྲོ་བ་མིའི་བྱུང་དུས་དེ«འཇམ་དཔལ་རྩ་རྒྱུད»ལྟར་ཁས་ལེན་རུང་མིན་སྐོར་ལ་དཔྱད་པ།

0
1081

 བརྗོད་གཞི་གསུམ་ཅན་གྱི་དཔྱད་རྩོམ་ཞིག་གི་ཚན་པ་གཅིག་ཚན་བཤུས། 

ཐོག་མར་ང་ཚོས་ཤེས་དགོས་པའི་གནད་ནི། <<འཇམ་དཔལ་རྩ་རྒྱུད་>> ནང་འཇམ་དཔལ་དབྱངས་ཀྱི་ཡོན་ཏན་གཙོ་བོར་བརྗོད་པའི་ཞར་ལ་རྒྱལ་པོ་མི་ཡི་ལྷ་ནས་འོད་ལྡན་བར་རྒྱལ་པོ་བཅུའི་མཚན་[1]བསྟན་པ་དེ། བོད་ཀྱི་རྒྱལ་པོ་བཅུ་ལུང་དུ་བསྟན་པར་དང༌། བལ་ཡུལ་གྱི་རྒྱལ་པོ་བཅུ་ལུང་དུ་བསྟན་པར་ངོས་འཛིན་བྱེད་ལམ་གཉིས་བྱུང་འདུག་པ་ལས་གང་ཞིག་དོན་ལ་གནས་དང་མི་གནས་ཀྱི་གནད་འགག་འཚོལ་རྒྱུ་དེ་རེད། དོན་འདི་གསལ་པོ་ཆགས་པ་ཡིན་ན། ད་གཟོད་ཁ་བ་ཅན་གྱི་མཚོ་བྲི་ནས་སོགས་ཀྱི་ལུང་ཚིག་དེས་བོད་ཀྱི་སྣོད་བཅུད་སྟོན་གྱི་ཡོད་མེད་ཀྱང་གསལ་པོ་ཆགས་ཐུབ་པ་ཡིན། ཡང་དོན་དག་གཞན་ཞིག་ཡོད་པ་ནི། ང་ཡི་དུས་ནས་ལོ་བརྒྱ་ན་སོགས་ཀྱི་ལུང་ཚིག་འདི་བཞིན་<<འཇམ་དཔལ་རྩ་རྒྱུད་>>ནང་གསལ་གྱི་ཡོད་མེད་དེ་རེད།  

གང་ལྟར། <<འཇམ་དཔལ་རྩ་རྒྱུད་>>ནས་ལུང་དུ་བསྟན་པའི་རྒྱལ་པོ་བཅུ་དེར་གོ་བ་ལེན་སྟངས་རིགས་གཉིས་སུ་གྱེས་པ་དེ། ང་ཡི་དུས་ནས་ལོ་བརྒྱ་ན།། ཁ་བ་ཅན་གྱི་མཚོ་བྲི་ནས།། སཱ་ལའི་ནགས་ནི་འབྱུང་བར་འགྱུར།། ཞེས་པའི་ཚིག་འདི་དག་བོད་ཡུལ་ལུང་བསྟན་དང༌། བལ་ཡུལ་ལུང་བསྟན་དུ་ངོས་འཛིན་བྱེད་ལམ་གཉིས་སུ་བཞེད་པའི་ཡོང་ཁུངས་ཆགས་ཡོད་ཅིང༌། བོད་ཡུལ་ལུང་བསྟན་དུ་ངོས་འཛིན་པ་དག་གི་ནང་དུའང་ལུང་ཚིག་འདི་བོད་དུ་འགྲོ་བ་མིའི་རིགས་ཐོག་མར་བྱུང་བའི་དུས་ཚིགས་སུ་ངོས་འཛིན་པ་དང་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་མགོ་ཚུགས་དུས་ཀྱི་ཁུངས་སུ་བྱེད་པ་གཉིས་ཡོད་ནའང༌། ལུང་ཚིག་གི་ངོས་ན་དེ་འདྲའི་གོ་བ་སྟེར་བའི་བསྟན་དོན་གང་ཡང་མཇལ་དུ་མེད་པ་ལྟ་བུ་ཡིན། ད་ལྟ་མཇལ་དུ་ཡོད་པའི་ངོས་ནས་བཤད་ན།འབྲུག་པ་པད་དཀར་གྱིས་མཛད་པའི་<<ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་>>ནི་ལུང་ཚིག་འདི་འདྲེན་མཁན་ཐོག་མ་ལྟ་བུ་རེད།

ང་ཡི་དུས་ནས་སོགས་ཀྱིས་བོད་ཁམས་ཀྱི་འགྱུར་འགྲོས་ཤིག་དང་བོད་དུ་འགྲོ་བ་མིའི་རིགས་ཐོག་མར་བྱུང་རིམ་ཞིག་སྟོན་གྱི་ཡོད་མེད་ཐད་བཞེད་ཚུལ་ཆེན་པོ་གཉིས་ཡོད་ཅིང༌། གཉིས་ཀས་འཇམ་དཔལ་རྩ་རྒྱུད་ཀྱི་ཚིག་དག་གཞི་ལ་བཞག་ནས་ངོས་འཛིན་བྱེད། མདོ་དོན་ནི།  

འགོས་ལོ་ཙཱ་བ་གཞོན་ནུ་དཔལ་དང་དཔའ་བོ་གཙུག་ལག་ཕྲེང་བ་རྣམ་གཉིས་ཀྱིས་<<འཇམ་དཔལ་རྩ་རྒྱུད་>>ནས་ལུང་དུ་བསྟན་པའི་རྒྱལ་པོ་བཅུ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་མངའ་བདག་འོད་སྲུང་བར་ལུང་དུ་བསྟན་པར་ངོས་འཛིན་གནང་བ་དེས། བོད་ཀྱི་ལོ་རྒྱུས་སྨྲ་བའི་བརྒྱུད་རིམ་ཁྲོད་<<འཇམ་དཔལ་རྩ་རྒྱུད་>>ནང་གསལ་མིན་ལ་མ་ལྟོས་པར། ང་ཡི་དུས་ནས་ལོ་བརྒྱ་ན།། སོགས་ཀྱིས་བོད་དུ་འགྲོ་བ་མིའི་རིགས་བྱུང་དུས་བསྟན་པའི་བཞེད་སྲོལ་དེ་སྔར་བས་དར་སྲོལ་བྱུང་བ་དང༌།

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ནི་<<འཇམ་དཔལ་རྩ་རྒྱུད་>>ནང་གང་ལུང་དུ་བསྟན་པའི་རྒྱལ་པོ་བཅུ་ནི་བལ་བོའི་རྒྱལ་པོ་བཅུ་ཡིན་པ་ལས་བོད་ཀྱི་རྒྱལ་པོ་བཅུ་ལུང་དུ་བསྟན་པ་མ་ཡིན་པར་ངོས་འཛིན་དང་བཅས་ཏེ། འགྱུར་སྐྱོན་ཡོང་གཞི་གསལ་སྟོན་དང༌། དེ་ནི་འགོས་ལོ་དང་དཔའ་བོ་གཙུག་ཕྲེང་སོགས་ཀྱིས་བལ་བོའི་ལོ་རྒྱུས་ལུང་དུ་བསྟན་པའི་གནད་མ་མཁྱེན་པར་བོད་ཀྱི་ལོ་རྒྱུས་ལ་སྦྱར་ནས་དེ་འབྲེལ་གྱི་འགྲེལ་བཤད་གནང་བ་ཞིག་ཡིན་[2]པའི་ལྟ་ཚུལ་བཏོན་ཡོད་ཅིང༌། ལྟ་ཚུལ་འདི་དང་འབྲེལ་ནས་ལུང་ཚིག་འདིར་དོགས་དཔྱོད་གནང་མཁན་ཡང་རིམ་ཅན་དུ་བྱུང་ཡོད། ངས་བསམས་ན། བཞེད་ཚུལ་འདི་གཉིས་ནི་ད་ལྟ་ང་ཚོས་བགྲོ་གླེང་གི་བརྗོད་གཞིར་བཟུང་བའི་ཁ་བ་ཅན་གྱི་མཚོ་བྲི་ནས་སོགས་ཀྱི་ཚིག་གཞིའི་བསྟན་དོན་དེ་བོད་དུ་འགྲོ་བ་མིའི་བྱུང་དུས་སུ་ངོས་འཛིན་རིགས་མིན་གྱི་དོགས་སློང་འདིའི་ཡོང་ཁུངས་རེད་སྙམ།

ང་ཚོས་རྒྱལ་པོ་བཅུ་ལུང་བསྟན་གྱི་ཚིག་དོན་འགྲེལ་སྟངས་འདི་གཉིས་ཀྱི་གང་དག་མིན་གྱི་མཐའ་དེ་བཙལ་བ་ཡིན་ན། བོད་སྔ་རབས་པ་དག་གིས་ཁ་བ་ཅན་གྱི་མཚོ་བྲི་ནས་སོགས་<<འཇམ་དཔལ་རྩ་རྒྱུད་>>ནང་གསལ་གྱི་ཡོད་པ་གཞིར་བཞག་གིས་བོད་དུ་འགྲོ་བ་མིའི་བྱུང་དུས་སུ་ཁས་ལེན་གནང་སྲོལ་དང༌། ཡང་<<འཇམ་དཔལ་རྩ་རྒྱུད>>ནང་གསལ་གྱི་མེད་པ་ནས་ཡོད་དུ་ཆུག་ཀྱང་ཚིག་འདིར་དེ་འདྲའི་གོ་དོན་ཞིག་ཡེ་མེད་པའི་ངོས་དེ་གསལ་པོ་ཆགས་ཀྱི་ཡོད་པ་སྟེ། དོན་དག་གི་ལྟེ་བ་ནི། ཁ་བ་ཅན་ཞེས་པའི་ཐ་སྙད་ཀྱྀས་ཡུལ་གང་སྟོན་པ་དེ་རེད། ཡོངས་གྲགས་བོད་ཀྱི་ཡིག་ཐོག་དཔྱད་གཞིའི་ནང་བལྟས་པ་ཡིན་ན། ཐོན་མིའི་ཡིག་ཕུད་དུ་གྲགས་པའི་ནང༌། བོད་ཁ་བ་ཅན་གྱི་མི་རྣམས་ལ།། ང་ཐོན་མི་བཀའ་དྲིན་མི་ཆེ་འམ།། ཞེས་པ་ཞིག་མཇལ་རྒྱུ་ཡོད་པ་འདི་ནི་བོད་ཀྱི་ཡིག་ཐོག་ལོ་རྒྱུས་ནང་ཁ་བ་ཅན་ཞེས་པའི་ཚིག་འདི་ཐོག་མར་བྱུང་བར་ངོས་འཛིན་དགོས་ཤིང༌། དེ་དང་ཆབས་ཅིག་པར་བོད་ཁ་བ་ཅན་ཞེས་པ་འདིའི་ཚིག་ཤུགས་ཀྱིས་ཁ་བ་ཅན་གྱི་ཡུལ་གཞན་ཡང་སྟོན་པ་དང༌། ཡང༌། བཀའ་བསྟན་སོགས་བསྒྱུར་རིམ་ནང་ཁ་བ་ཅན་ཞེས་པའི་ཚིག་འདི་མང་དུ་བྱུང་ཡོད་ནའང༌། གསུང་རབ་བསྒྱུར་རིམ་ནས་སླེབས་པའི་ཁ་བ་ཅན་དང་ནམ་རྒྱུན་ང་ཚོས་བོད་ཁམས་སྟོན་བྱེད་དུ་ཁ་བ་ཅན་ཞེས་འབོད་ལམ་གཉིས་ལ་གོ་དོན་གྱི་ཁྱད་པར་ཆེན་པོ་འདུག་པ་དེ་རེད། ཡིན་ནའང༌། བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེ་བས་ཁ་བ་ཅན་ཞེས་པའི་ཐ་སྙད་འདི་སངས་རྒྱས་ཀྱི་གསུང་རབ་བོད་འགྱུར་དག་གི་ནང་ནས་མཇལ་ཐེངས་རེར། བོད་ཀྱི་ཡུལ་ཁམས་འདི་སངས་རྒྱས་ཀྱི་ལུང་གིས་བསྔགས་པའི་ཡུལ་ཁྱད་པར་བ་ཡིན་པ་ངོམ་སྟོན་གྱི་སྒྲུབ་བྱེད་དུ་སྤྱད་པ་དེས། <<འཇམ་དཔལ་རྩ་རྒྱུད་>>ནང་གང་གསལ་བའི་རྒྱལ་པོ་བཅུ་དེ་བོད་ཀྱི་རྒྱལ་པོ་བཅུར་ངོས་འཛིན་འགྲེལ་བཤད་སླེབས་པ་དང༌། དེ་འབྲེལ་ཁ་བ་ཅན་ཞེས་པའི་ཐ་སྙད་ཚང་མས་བོད་ཀྱི་ཡུལ་ཁམས་སྟོན་པའི་ངོས་འཛིན་དང་ཆབས་ཅིག་པར། ཁ་བ་ཅན་གྱི་མཚོ་བྲི་ནས་སོགས་<<འཇམ་དཔལ་རྩ་རྒྱུད་>>ཀྱི་ཚིག་ཡིན་ཤག་དང༌། དེ་བོད་དུ་འགྲོ་བ་མིའི་རིགས་བྱུང་དུས་ལུང་དུ་བསྟན་པའི་གཞི་འཛིན་དུ་སྤྱོད་ཁྱབ་བྱུང་བ་ནི། བོད་དུ་འགྲོ་བ་མིའི་བྱུང་དུས་དེ་<འཇམ་དཔལ་རྩ་རྒྱུད་>ཀྱི་ལུང་དུ་བསྙད་པའི་ཚིག་དག་གཞི་ལ་བཞག་པའི་གོ་བ་ལེན་སྟངས་དང་བཞེད་ཚུལསླེབས་པའི་རྨང་གཞི་རེད། ཡང༌། <<བདུད་འཇོམས་ཆོས་འབྱུང་>>དུ་ནི་ལུང་ཚིག་འདིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དུས་ནམ་ཞིག་ན་དར་བར་འགྱུར་བ་ལུང་དུ་བསྟན་པར་ངོས་འཛིན་པ་སོགས་ལུང་ཚིག་འདིའི་བསྟན་དོན་ཐད་བཞེད་བབ་གཞན་ཡང་ཡོད།

བོད་ཀྱི་མཁས་པའི་ནང་ཁ་བ་ཅན་ཞེས་པའི་ཐ་སྙད་འདིར་གོ་དོན་ཅི་ཡོད་ཐད་དཔྱད་པ་ཞིབ་ཚགས་པོ་གནང་མཁན་མཁས་དབང་དགེ་འདུན་ཆོས་འཕེལ་ལྟར་ན། ཁ་བ་ཅན་དང་གངས་ཅན་སོགས་ནི་ཧི་མ་བནཌ་སོགས་ཀྱི་དོན་བསྒྱུར་བ་ལས་བྱུང་བ་ཡིན་པ་དང༌། རྩ་རྒྱུད་ནས་གསུངས་པའི་ཁ་བ་ཅན་དང་སཱ་ལའི་ནགས་ཞེས་པས་ཀྱང་གངས་རིའི་ལྷོ་རྒྱུད་སྟོན་པར་བཞེད་ཅིང༌།ལེགས་སྦྱར་གྱི་བརྡ་ལ་གྲགས་པ(ཁ་བ་ཅན་ཞེས་པའི་སྒྱུར་གཞི་ལེགས་སྦྱར་གྱི་ཐ་སྙད)འདི་དག་ལ་བོད་ཀྱི་ལྷོ་རྒྱུད་དང་རྒྱ་གར་གྱི་བྱང་རྒྱུད་སྟོན་པ་དང༌། ཁ་བ་ཅན་དང་གངས་ཅན་སོགས་ཀྱི་ཐ་སྙད་དེ་དག་རིམ་གྱིས་བོད་ཡུལ་སྤྱི་མིང་སྟོན་པའི་གོ་དོན་ཅན་(ཁ་བ་ཅན་ཞེས་པའི་བོད་བརྡ་དང་བོད་རང་གི་ངོས་འཛིན་བྱེད་སྟངས།)དུ་འགྱུར་བའི་རིམ་པ་ཞིག་བསྟན་ཡོད།[3] འདི་ནི་ཁ་བ་ཅན་ཞེས་པའི་བོད་ཚིག་དང་སཾ་སྐད་བར་གྱི་འབྲེལ་བའི་འབྱུང་ཁུངས་དང་གོ་དོན་ལ་འགྱུར་བ་ཐེབས་སྟངས་ཀྱི་ངོས་རེད། དེ་བཞིན་ཁ་བ་ཅན་ཞེས་པའི་ཐ་སྙད་འདི་དང་འདིའི་གདགས་གཞི་ངོས་འཛིན་བྱེད་སྟངས་ལའང་བཞེད་པ་སྣ་ཚོགས་ཤིག་ཡོད་པ་ཡིན་སྟབས། ང་ཚོས་བཀའ་བསྟན་ནང་མཇལ་དུ་ཡོད་པའི་ཁ་བ་ཅན་ཞེས་པའི་ཐ་སྙད་ཡོད་དོ་ཅོག་གིས་མཐའ་གཅིག་ཏུ་བོད་ཀྱི་ཡུལ་ཁམས་སྟོན་གྱི་ཡོད་པའི་ངོས་འཛིན་བྱེད་མི་རུང་བར་འདོད། དེ་བས་ན། ཁ་བ་ཅན་ཞེས་པ་དེ་ལེགས་སྦྱར་གྱི་གཞུང་གཞིར་བཞག་གི་གོ་བ་ལེན་ཕྱོགས་དང་བཀའ་བསྟན་བོད་འགྱུར་གྱི་བརྒྱུད་རིམ་ནང་ངོས་འཛིན་བྱེད་སྟངས་གང་འདྲ་ཞིག་གནང་ཡོད་སྐོར་དེ་ང་ཚོས་མ་གླེང་རང་གླེང་རེད། <<འདུལ་བ་>>ཡི་ནང༌།ཚེ་དང་ལྡན་པ་ཀུན་དགའ་པོ་ནི་གཉེན་ལ་གདུང་བ་ཡིན་པས།དེ་གཉེན་དག་ལ་བལྟ་བའི་ཕྱིར། བལ་ཡུལ་དུ་སོང་བ་ལས། དེ་ལྷགས་པས་ལག་པ་དང༌། རྐང་པར་སེར་ག་བྱུང་བ་དང༌། དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་པོ།པདྨའི་འདབ་མ་རལ་བ་བཞིན་དུ་ཁྱོད་ཀྱི་ལག་པ་དང་རྐང་པ་ཅི་ཞིག་གིས་སེར་ག་བྱུང་བར་གྱུར། དེས་སྨྲས་པ། ལྷགས་པས་སོ།། ཁྱོད་ཀྱི་གཉེན་དག་ནི་ལྷམ་སྒྲོ་གུ་ཅན་ཅི་སྟེ་འཆང༌། ཁྱོད་ཅིའི་ཕྱིར་མི་འཆང༌། བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ༌།། ཞེས་པའི་སྐབས་དེར། བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། དེ་ལྟ་བས་ན། རྗེས་སུ་གནང་སྟེ། ཡུལ་ཁ་བ་ཅན་རྣམས་སུ་ལྷམ་སྒྲོ་གུ་ཅན་བཅང་པར་བྱའོ།། སངས་རྒྱས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡུལ་ཁ་བ་ཅན་རྣམས་སུ་ལྷམ་སྒྲོ་གུ་ཅན་བཅང་བར་བྱའོ།། ཞེས་གསུངས་པ་གང་ལགས་པ། བཙུན་པ། ཅི་ཙམ་གྱིས་ཡུལ་ཁ་བ་ཅན་དུ་བརྗོད་པར་བགྱི། ཉེ་བར་འཁོར། གང་ན་སྣོད་ཆུ་འཁྱག་པ་ཡིན་ནོ།།”[4]ཞེས་བཀོད་འདུག འདིས་ཅི་སྟོན་ཅེ་ན། ཁ་བ་ཅན་ཞེས་པ་ནི་ལྷགས་པ་གྲང་མོ་རྒྱག་པའི་ཡུལ་དང༌། དེ་ལས་ཁ་གསལ་དུ་བཏང་ན། གང་དུ་སྣོད་ཀྱི་ཆུ་འཁྱག་པ་ཐེབས་པའི་ཡུལ་དེར་ཁ་བ་ཅན་ཞེས་ངོས་འཛིན་གནང་ཡོད་པ་ཡིན། དོན་འདིའི་ངོས་ནས་བཙལ་ན། ཁ་བ་ཅན་ཞེས་པ་ནི་མཐའ་གཅིག་ཏུ་བོད་ཡུལ་དང་བལ་ཡུལ་ཙམ་དུ་བཟུང་ནའང་ཁུངས་འཁྱོལ་ཐུབ་པ་མིན་པར། འབྱུང་བའི་ནུས་པས་སྣོད་ཀྱི་ཆུ་འཁྱག་པར་འགྱུར་བའི་ཡུལ་བྱིངས་ལ་ཁ་བ་ཅན་ཞེས་ངོས་བཟུང་དགོས་པར་བཤད་ཡོད་ནའང༌། གོང་དུ་དྲངས་པའི་ལུང་ཚིག་འདིའི་དབང་དུ་བྱས་པའི་ཁ་བ་ཅན་ནི་བལ་ཡུལ་རང་དུ་ངོས་བཟུང་གནང་ཡོད་པ་དེ་ཡིན། ཡང༌། དེང་སང་གི་ལོ་རྒྱུས་སྨྲ་བ་ཁག་ཅིག་གིས། <<འཇམ་དཔལ་རྩ་རྒྱུད་>>ནང་ང་ཡི་དུས་ནས་སོགས་གསལ་མི་འདུག་ཅེས་ཀྱང་བརྗོད་ཀྱིན་ཡོད་པ་འདི་དག་གིས་ནི་ང་ཚོས་ལུང་ཚིག་འདིར་ཞིབ་འཇུག་བསྐྱར་ནན་ཞུ་དགོས་པའི་རིམ་པ་ཞིག་སྟོན་གྱིན་ཡོད་པའང་ཡིན།

ད་རེས་ཀྱི་བརྗོད་གཞི་འདིས་དེད་དེ་གུས་ནས་<<འཇམ་དཔལ་རྩ་རྒྱུད་>>ཐེངས་གཅིག་མཇལ་ཀློག་[5]ཞུས་པར། དེའི་ནང་ཁ་བ་ཅན་གྱི་མཚོ་བྲི་ནས་སོགས་ཀྱི་ཚིག་གཞི་འདི་གསལ་གྱི་མེད་པར་ཤོད་མཁན་ཚོར་བདེན་ཁ་དང་དག་པ་སྤྲོད་དགོས་པའི་ངེས་པ་རྙེད་པར་གྱུར། མདོ་དོན། <<འཇམ་དཔལ་རྩ་རྒྱུད་>>ནང༌། ང་ཡི་དུས་ནས་ལོ་བརྒྱ་ན་སོགས་ནི་མཇལ་དུ་མི་འདུག དེའི་ནང་དེ་དང་ཆ་འདྲ་ཞིག་ཡོད་པ་ནི།ང་ནི་ས་སྟེང་མྱ་ངན་འདའ།། ཁ་བ་ཅན་གྱི་ནང་དག་ཏུ།། སཱ་ལའི་ནགས་ནི་ཡང་དག་འབྱུང༌།། གསེར་དང་ལྡན་པའི་ཆུ་བོ་དང༌།། གྱད་རྣམས་ཀྱི་ནི་ཉེན་ཀོར་དུ།།སཱ་ལ་ཟུང་གི་ནགས་ནང་དུ།། ང་ནི་མྱ་ངན་འདའ་བར་འགྱུར།།”[6]ཞེས་པ་འདི་དང༌། ཡང་དེ་ཉིད་དུ།ཁ་བ་ཅན་རིའི་ལྷོ་ཕྱོགས་ཆར།། སཱ་ལའི་ནགས་ཞེས་བྱ་བ་འབྱུང༌།།”[7]ཞེས་འབྱུང་བ་འདི་གཉིས་གཞི་ལ་བཞག་ནས་བལྟས་པས། གོང་ནས་ཞུས་མ་ཐག་པའི་རྒྱལ་པོ་བཅུ་ལུང་བསྟན་གྱི་ཚིག་གཞི་དེ་བོད་ཀྱི་རྒྱལ་པོ་བཅུ་ལུང་བསྟན་གྱི་ཚིག་ཏུ་གོ་བ་ལེན་ཕྱོགས་དེས་ཁ་བ་ཅན་ཞེས་པའི་ཐ་སྙད་དང་སཱ་ལའི་ནགས་ཀྱི་འབྱུང་ཡུལ་གཉིས་ཀ་བོད་ཡུལ་རང་དུ་ངོས་འཛིན་གནང་སྲོལ་བྱུང་འདུག་པར་སྙམ། གང་ལྟར་མདོར་དྲིལ་ནས་བཤད་ན། བསྟན་འགྱུར་འདུལ་བའི་ནང་གསལ་འཁོད་ལྟར་གྱི་ཁ་བ་ཅན་དང་<<འཇམ་དཔལ་རྩ་རྒྱུད་>>ནང་གསལ་བའི་ཁ་བ་ཅན་གཉིས་ཀར་བོད་ཡུལ་སྟོན་པའི་གོ་དོན་ཞིག་རྙེད་དུ་མི་འདུག

ད་ནི་བོད་ཀྱི་རྒྱལ་རབས་སྨྲ་བ་དག་གི་བཞེད་བབ་གཅིག་ཏུ་དྲིལ་ནས་བལྟས་ན། ཕལ་མོ་ཆེ་བས་<<འཇལ་དཔལ་རྩ་རྒྱུད་>>ནས་ལུང་དུ་བསྟན་པའི་ཚིག་གཞི་དེ་སྟོན་པ་ཞལ་བཞུགས་པའི་སྐབས་སུ་བོད་ཁམས་འདིར་འགྲོ་བ་མིའི་རིགས་མེད་པའི་སྒྲུབ་བྱེད་དུ་བེད་སྤྱོད་གནང་འདུག་ནའང༌། <<འཇམ་དཔལ་རྩ་རྒྱུད་>>ནང་ང་ཚོས་འདྲེན་བཞིན་པའི་ལུང་ཚིག་གི་ངོ་རིས་ཇི་བཞིན་པ་ཞིག་མཇལ་དུ་མི་འདུག་པ་ནས། དེ་བཞིན་བཞེད་ལུགས་འདིའི་དབང་དུ་བྱས་པས། བོད་དུ་འགྲོ་བ་མིའི་རིགས་བྱུང་ནས་མི་ལོ་ཉིས་སྟོང་བཞི་བརྒྱ་ལྔ་བཅུའི་[8]ལོ་རྒྱུས་ལས་མེད་པ་དེ་ངེས་པར་ཁས་ལེན་དགོས་པ་སོགས་མང་བ་ནས། འགོས་ལོས་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བཤད་རུང་དུ་འདོད་པ་དང༌། དེང་རབས་ཚན་རིག་གིས་གནའ་རྫས་ལ་བརྟགས་པའི་གྲུབ་དོན་དང་ཡང་རྒྱབ་ཀྱིས་ཕྱོགས་ཐལ་ཆེ་བ་བཅས་མདོར་ན། ཅི་སྟེ་ལུང་ཚིག་དེ་འདྲ་ཞིག་འགྱུར་ཡིག་གཞན་གྱི་ནང་གསལ་གྱི་ཡོད་པའི་དབང་དུ་བཏང་ནའང༌། ལུང་ཚིག་འདིའི་ངོས་ན་བོད་ཀྱི་སྣོད་དང་བཅུད་ཀྱི་རིམ་པ་སྟོན་པའི་གོ་བ་ཅི་ཡང་མེད་པ་ཡིན་སྟབས། བོད་དུ་འགྲོ་བ་མིའི་རིགས་ནམ་བྱུང་གི་ཚད་འདེབས་སྒྲུབ་བྱེད་དུ་འདྲེན་མི་རུང་བར། དེ་ནི་མཁས་དབང་དགེ་ཆོས་ཀྱི་བཞེད་ལུགས་ལྟར་བལ་ཡུལ་ལུང་བསྟན་རང་དུ་ངོས་འཛིན་དགོས་པ་ལས་མི་འབྱོར་བཞིན་དུ་བོད་ཡུལ་ལུང་བསྟན་གྱི་གོ་དོན་ཅན་དུ་ངོས་འཛིན་གནང་མི་རིགས་པར་མཐོང༌།

ཡང༌། དེ་ལྟར་ངོས་བཟུང་བས་དག་པ་སྟེར་དཀའ་བའི་གནད་གཞན་ཞིག་ཡོད་པ་ནི། བོད་ཀྱི་ལོ་རྒྱུས་རྣམས་ཀྱི་ནང༌། སྤྲེའུ་དང་བྲག་སྲིན་འདུས་པ[9]ལས་བོད་ཀྱི་འགྲོ་བ་མིའི་རིགས་བྱུང་བར་བཤད་པ་དང༌། <<དུས་འཁོར་རྩ་རྒྱུད་>>ནང༌། འཕགས་པ་བོད་ལ་སོགས་རྣམས་ལ།། ཞེས་སོགས་གསལ་བ་དང༌། སྟོན་པ་ཤཱཀྱ་ཐུབ་པ་མ་བྱོན་ཡར་སྔོན་གྱི་རྩོད་ལྡན་དུས་སྐབས་སུ་སྐྱ་སེང་བུ་ལྔ་དང་རུ་པ་ཏིའི་དཔུང་ཕན་ཚུན་འཐབ་མཐར་རུ་པ་ཏིའི་དཔུང་ཚོགས་ཕམ་ནས་བུད་མེད་ཀྱི་ཆས་གྱོན་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་པ་ལས་བོད་ཀྱི་འགྲོ་བ་མིའི་རིགས་བྱུང་བར་བཤད་པ་གཉིས་ནི་ཐོག་མའི་འབྱུང་ཁུངས་ཐད་ཀྱི་བཞེད་ཚུལ་ཆེ་ཤོས་གཉིས་རེད། དེ་གཉིས་ལས་ཀྱང་ཕ་སྤྲེའུ་དང་མ་བྲག་སྲིན་ལས་བོད་ཀྱི་འགྲོ་བ་མིའི་རིགས་བྱུང་ཞིང་འཕེལ་རྒྱས་ཕྱིན་པར་བཤད་སྟངས་དེ་ནི་བོད་འདིར་བོན་ཆོས་དང་ནང་ཆོས་གང་ཡང་མ་དར་གོང་ནས་ཡོད་པའི་བཤད་སྟངས་ཤིག་ཡིན་ལ། དེ་ནི་ཚུགས་ཐུབ་ཆེ་ཤོས་ཀྱི་བཤད་སྟངས་ཤིག་ཆགས་ཡོད། བཤད་སྟངས་གཞན་དག་ལ་རང་རང་གི་རྒྱུ་མཚན་དང་ཁུངས་ལུང་བགྲངས་རྒྱུ་ཡོད་པ་དེ་ལྟར་ནའང༌། ཚུགས་ཐུབ་པ་དང་མི་ཐུབ་པ་ཅི་རིགས་ཤིག་ཡོད་པ་སྟེ། དཔེར་ན། རུ་པ་ཏིའི་དཔུང་དམག་གིས་བུད་མེད་ཀྱི་ཆས་གྱོན་ནས་གངས་རིའི་ལྗོངས་སུ་བྲོས་པ་དེ་སྐྱེས་པ་ཚོ་ཁག་ཅིག་རང་དུ་བཤད་ཡོད་པ་ལས། བུད་མེད་ཀྱི་རིགས་དང་བསྡོངས་ནས་ཆས་པ་ཞིག་གང་དུའང་བཤད་མེད་སྟབས། གལ་སྲིད་རུ་པ་ཏིའི་རིགས་རྒྱུད་ཀྱང་བོད་ཁམས་ནས་འཕེལ་བར་བཤད་དགོས་ན། དེ་དག་གི་སྔ་རོལ་དུ་བོད་ཁམས་ན་འགྲོ་བ་མིའི་རིགས་ངེས་པར་ཡོད་པའི་གནས་ལུགས་དེ་ཁས་ལེན་དགོས་པ་ལས།འཇིག་རྟེན་གྱི་ཆོས་ཉིད་དང་མི་མཐུན་པའི་རྒྱུ་མཚན་གཞན་ཞིག་དང་གནས་ལུགས་ཉི་ཚེ་བ་གཞན་ཞིག་ཁས་ལེན་དགོས་པ་ཆགས་ཀྱི་ཡོད། ཡིན་ནའང༌། བཤད་སྟངས་འདི་གཉིས་ཀ་བོད་ཀྱི་མཁས་པའི་བཞེད་སྲོལ་རེད། ཡོངས་གྲགས་ཀྱིས་ཁས་ལེན་པ་དང་དངོས་དཔྱད་རིག་པའི་ངོས་སོགས་ནས་དཔྱད་བཟོད་པ་དང་ཁུངས་འཕེར་ཤོས་ནི་སྤྲེའུ་དང་བྲག་སྲིན་འདུས་པ་ལས་བོད་ཀྱི་མིའི་རིགས་བྱུང་བའི་བཤད་སྟངས་འདི་ཆགས་ཡོད།

དེ་ལྟར་ནའང༌། ང་ཚོས་བོད་འདིར་རུ་པ་ཏིའི་རྒྱུད་ཀྱིས་མཚོན་པའི་རྒྱུད་གཞན་ཡང་ཡོད་པའི་སྔ་རབས་ཀྱི་འཕེལ་རིམ་དང༌། དེ་ཕྱིས་ཀྱི་འཕེལ་རིམ་གཞན་དག་ཀྱང་ཁས་ལེན་དགོས་པ་སྟེ།གནས་ལུགས་འདི་ནི་མིའི་རིགས་ཀྱི་རྒྱུ་འགྲུལ་དང་འབྲེལ་བའི་འཕེལ་རྒྱས་ཀྱི་ཆ་ཤས་ཤིག་ཡིན་པ་དེས་སོ།། དཔེར་ན། རྒྱལ་མཆོག་ལྔ་པ་ཆེན་པོའི་རིགས་རྒྱུད་དེའི་ཐོག་མའི་མཆེད་ཁུངས་ཟ་ཧོར་ཡིན་པ་རྒྱུ་མཚན་དུ་བྱས་ཏེ། ཁོང་གིས་མཛད་པའི་བསྟན་བཅོས་དང་ཆབ་ཤོག་སོགས་ཀྱི་སྦྱར་བྱང་དུ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་ཞེས་བཀོད་གནང་ཡོད་པ་ལྟ་བུ་རེད། ཡིན་ནའང༌། བོད་ཀྱི་ལོ་རྒྱུས་སྨྲ་བ་མང་ཆེ་བར་ཡག་ཐོག་ལེགས་བརྩེགས་བྱེད་ལམ་ཞིག་ཡོད་པས་ཡིན་མིན་གང་ལྟར། སྤྲེའུ་དེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་དང༌།སྲིན་མོའམ་སྤྲ་མོ་དེ་སྒྲོལ་མ་ཁྲོ་གཉེར་ཅན་མའི་སྤྲུལ་བ་ཡིན་པར་བཤད་སྟངས་ཀྱིས་དོན་དངོས་ཀྱི་ལོ་རྒྱུས་དེ་རྣམ་པ་གཞན་ཞིག་ཏུ་བསྒྱུར་ཡོད། དེ་ནི་བསམ་འདུན་ཙམ་གྱིས་ལོ་རྒྱུས་ཀྱི་དོན་དངོས་དེ་ལྷ་སྒྲུང་དུ་བྱས་པ་ཞིག་རེད། འདིར་ཉེ་བའི་དཔེ་མཚོན་ཅིག་ཡོད་པ་ནི། ལྷ་རྒྱ་རིའི་ཁྲི་ཆེན་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གདུང་རྒྱུད་ཡིན་ཟེར་ནས་དེང་ནའང་གོང་བཀུར་ཞུ་བཞིན་ཡོད་ནའང༌། སྲོང་བཙན་སྒམ་པོ་ནི་བཙན་པོ་ན་རིམ་གྱི་ནང་ནས་ཆོས་སྲིད་མཛད་རྗེས་ཆེ་ཤོས་ཡིན་པའི་ངོས་འཛིན་དང་འདུ་ཤེས་ཙམ་གཞི་ལ་བཞག་ནས་དེ་ལྟར་ངོས་བཟུང་བ་ཙམ་ལས། དོན་དངོས་ཀྱི་ཆ་ནས་བྱས་ན་རྒྱལ་པོ་གླང་དར་མའི་གདུང་རྒྱུད་འཁྲུལ་མེད་ཡིན་པར་བརྗོད་ཅིང་ངོས་བཟུང་བས་ལོ་རྒྱུས་བརྒྱུད་རིམ་ལ་འཇུག་བདེ་བ་ཡོད་བཞིན་དུའང་ལུགས་ཕྱི་མ་བཞིན་གླེང་མཁན་མེད་པའི་བར་ཐག་དེར་ཞིབ་ཀྱིས་དཔྱད་པས་སེམས་ཀྱི་འདུ་ཤེས་ཙམ་ཞིག་ལ་གཞི་བཅོལ་ནས་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་མཚོན་པར་བྱས་དང་བྱེད་བཞིན་པ་སོགས་དགོད་བྲོ་བའི་གནས་སྟངས་མང་པོ་ཞིག་ལོ་རྒྱུས་སུ་གྲུབ་པར་བྱས་དང་བྱེད་བཞིན་པ་སོགས་ལའང་ཞིབ་འཇུག་བྱེད་དགོས་པའི་གནད་ནི་མང་དུ་འདུག

བརྒྱ་བཤད་ཚིག་རྩ་མདོར་བསྡུས་ནས་བཤད་ན།

ཁ་བ་ཅན་ཞེས་པའི་ཐ་སྙད་ཡོད་ཚད་ཀྱི་གོ་དོན་གཅིག་པར་ངོས་བཟུང་མི་རུང་བ།

 <<འཇམ་དཔལ་རྩ་རྒྱུད་>>ནས་བསྟན་པའི་རྒྱལ་པོ་བཅུ་དེ་བོད་ཀྱི་རྒྱལ་པོ་བཅུར་འགྲེལ་མི་རུང་བ།

ཁ་བ་ཅན་གྱི་མཚོ་བྲི་ནས་སོགས་འཇམ་དཔལ་རྩ་རྒྱུད་དུ་གསལ་བར་བསྙད་ནས་བོད་དུ་འགྲོ་བ་མིའི་བྱུང་དུས་སུ་ཁས་ལེན་མི་རུང་བ། བཅས་ནི་སྐབས་འབྲེལ་བརྗོད་གཞིར་དཔྱད་ཞིབ་ཙམ་ཞུས་པའི་མཐའ་དོན་ལགས་ཤིང༌། འདི་ལྟར་དཔྱད་པས་བོད་ཀྱི་འགྲོ་བ་མིའི་རིགས་ནི་འཛམ་གླིང་མི་རིགས་སྤྱི་བྱིངས་ཀྱི་བྱུང་འཕེལ་དང་འདྲ་བར་མི་ལོ་ཁྲི་ཕྲག་མང་པོའི་གོང་ནས་བྱུང་བར་ཁུངས་སྐྱེལ་གཞན་འཚོལ་མི་དགོས་པའི་ངོས་དེ་ངེས་པར་དུའང་གཞི་འཛིན་ས་གཙོ་བོར་འཇོག་དགོས་པ་ལས། མཁས་པས་བཤད་ན་ཅི་ཡང་བདེན་པའི་ཤོད་སྒྲོས་ཙམ་གྱི་རྗེས་སུ་འབྲངས་ནས་བཤད་ཚད་ལ་དག་པ་སྟེར་འོས་པ་མིན་པར་ཡང་མཐོང་ངོ༌།། ཕྱི་ལོ་ ༢༠༠༦ ཟླ་ ༡༢ ཚེས་ ༣༠ ཉིན།

 

ལུང་སྦྱོར་དང་མཆན་གྱི་རིམ་པ།

 

[1] འགོས་ལོས་མཛད་པའི་དེབ་སྔོན་ནང༌། བོད་ཀྱི་རྒྱལ་པོ་རྣམས་རྩ་རྒྱུད་ལས་ལུང་བསྟན་པའི་སྐབས་ཞེས་པའི་ཁ་བྱང་འོག་འཇམ་དཔལ་རྩ་རྒྱུད་ལས་རྒྱལ་པོ་བཅུ་ ལུང་བསྟན་པའི་ཚིག་དང་དེ་དག་བོད་ཀྱི་རྒྱལ་པོ་ཡིན་པའི་གོ་བ་ཇི་ལྟར་བླངས་རིམ་ནི།  སྲོང་བཙན་ནས་འོད་སྲུངས་ཀྱི་བར་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ།། རྣམ་པ་སྣ་ཚོགས་བྱ་བ་བྱེད།། བྱང་གི་ཕྱོགས་ལ་བརྟེན་ནས་ནི།། དེ་ཡི་ཚེ་ན་འབྱུང་བར་འགྱུར།། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི།། གངས་ཅན་རི་ཡི་ནང་གནས་པའི།། རྒྱལ་པོ་མི་ཡི་ལྷ་ཞེས་པ།། ལི་ཙ་བྱི་རྣམས་རིགས་སུ་བྱུང༌།། དེ་ཡང་སྔགས་ཀྱི་དོན་སྒྲུབ་སྟེ།། ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར།། རིག་པ་ལོངས་སྤྱོད་ལྡན་ཞེས་བྱ།། མི་ཡི་བདག་པོ་དེ་ཡང་གྲུབ།། ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས།། དེས་ནི་རྐུན་མ་རྣམ་པར་སྤངས།། རྒྱལ་པོ་དེས་ནི་སྲོག་སྤངས་ནས།། དེར་ཡང་སྔགས་ནི་མྱུར་འགྲུབ་སྟེ།། ཞི་དང་རྒྱས་པ་བསིལ་བྱེད་པའོ།། འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང༌།། ལྷ་མོ་གོས་ དཀར་མོ་དང་ནི།། དཀར་མོ་ཆེན་མོ་གཞན་ཕན་བརྩོན།། རྟག་ཏུ་ཡིད་ནི་མི་སྐྱོ་བའོ།། དེ་ལ་སོགས་པ་གསུངས་པ་ཡི།། དེ་བཞིན་རྒྱལ་པོ་མང་པོ་ནི།། རྣམ་པ་དུ་མ་མང་པོ་དག།  ཁ་དོག་སྣ་ཚོགས་སྣ་ཚོགས་གཟུགས།། ཁ་བ་ཅན་གནས་ཀླ་ཀློའི་རྒྱལ།། དེ་ཡང་སྟོན་པ་མཆོད་བྱེད་པའོ།། ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང༌།། ས་འོད་དེ་བཞིན་ས་འོད་བཟང༌།། དེ་བཞིན་ཕ་རོལ་གནོན་ཉིད་དང༌།། རྐང་པའི་འགྲོས་ཞེས་བསྟན་པ་ཡིན།། ས་སྲུངས་དང་ནི་བེའུ་དང༌།། འོད་ལྡན་ཉིད་ནི་ཕྱི་མ་ཡིན།། ཐ་མར་འཆར་རྒྱལ་ངང་ཚུལ་ཏེ།། ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན།། དེ་འོག་ལུགས་ནི་རྣམ་ཞིག་ཅིང༌།། ཕྱི་རོལ་སྐྱེ་དགུའི་ཉེ་བར་སྤྱོད།། ཅེས་ལུང་བསྟན་པ་ཡིན་ཏེ། བྱང་གི་ཕྱོགས་དང་ཁ་བ་ཅན་ནི་གྲགས་ཆེ་ཞིང༌། ལྷ་ལྡན་ནི་ལྷ་སའོ།། ལོ་བརྒྱད་ཅུར་རྒྱལ་སྲིད་བྱེད་པ་ནི་ལོ་བརྒྱད་ཅུ་རྩ་གཉིས་བཞུགས་ཤིང༌། བར་དུ་གུང་སྲོང་གུང་བཙན་གྱིས་ཀྱང་རྒྱལ་སྲིད་ཅུང་ཟད་མཛད་པའོ།། སྒྲོལ་མ་དང་གོས་དཀར་མོ་དང་དཀར་མོ་ཆེན་མོ་ནི་བཙུན་མོའི་མཆོག་གསུམ་སྟེ།ཀོང་ཇོ་དང༌། བལ་མོ་བཟའ་དང༌། འབྲིང་བཟའ་མ་ཐོད་དཀར་རོ།། ལི་ཙ་བྱིའི་རིགས་སུ་བྱུང་བ་ནི་ཡངས་པ་ཅན་པའི་བརྒྱུད་ཡིན་པའོ།། དེ་བཞིན་དུ་རྒྱལ་པོ་མང་པོ་ནི་འོག་ནས་འབྱུང་བ་རྣམས་ཏེ། ཁྱུ་མཆོག་ནི་མང་སྲོང་ངོ༌།། ཁྱུ་མཆོག་བཟང་ནི་ཀླུང་ནམ་མོ།། ས་འོད་ནི་མེས་ཨག་ཚོམས་སོ།། ས་འོད་བཟང་ནི་ཁྲི་སྲོང་ལྡེ་བཙན་ནོ།། ཕ་རོལ་གནོན་ནི་མུ་ནེ་བཙན་པོའོ།། རྐང་པའི་འགྲོས་ནི་ཁྲི་ལྡེ་སྲོང་བཙན་ནོ།། ས་སྲུངས་ནི་རལ་པ་ཅན་ནོ།། བེའུ་ནི་གླང་དར་མའོ།། འོད་ལྡན་ནི་འོད་སྲུངས་ཏེ། ལྡན་པ་དང་བསྲུང་བ་ལ་ཨ་བ་ཏི་ཟེར་བའི་ཕྱིར་རོ།། ཐ་མར་འཆར་རྒྱལ་ངང་ཚུལ་ནི། ཉི་མ་འཆར་བའི་ཕྱོགས་ནས་བོད་ལ་དབང་བྱེད་པའི་ཧོར་རྒྱལ་པོ་ཡིན་ཞེས་འགའ་ཞིག་འདོད་ལ། ཤར་ཁ་ཞེས་གྲགས་པའི་ལུང་པ་འདིར། སྙགས་ཀྱིས་བཀྲོངས་པའི་དཔལ་འཁོར་བཙན་ཡིན་ཡང་རུང་ངོ༌།། དེ་ནས་བོད་སྤྱི་ལ་དབང་བྱེད་པའི་རྒྱལ་པོ་མེད་པས་ལུགས་རྣམ་པར་ཞིག་གོ། བོད་ཀྱི་རྒྱལ་པོ་རྣམས་རྩ་རྒྱུད་ནས་ལུང་བསྟན་པའི་སྐབས་སོ།། ཞེས་བཀོད་གནང་འདུག <<དེབ་ཐེར་སྔོན་པོ>> ཝ་ན་དཔར་མ། ཤོག་ངོས་ ༧༠ ནས་ ༧༢ པར་གསལ་བ་ནས་འདིར་དྲངས།

[2] དགེ་ཆོས་ཀྱི་གཏམ་རྒྱུད་གསེར་གྱི་ཐང་མའི་ནང་གསལ་<<བྱང་ཕྱོགས་ཀྱི་གངས་རི་དང་དེ་ལས་འཕྲོས་པའི་དོགས་དཔྱོད>>ཅེས་པའི་ལེ་ཚན་ནང༌།  

ད་ནི་བྱང་ཕྱོགས་ཀྱི་གངས་རི་དང་དེ་ལས་འཕྲོས་པའི་དོགས་དཔྱོད། ཧི་མ་ལ་ཡའི་རི་རྒྱུད་སྤྱི་ལ་གངས་ཅན་དུ་བྱས་པས། ནུབ་ཕྱོགས་ཨོ་རྒྱན་ཡུལ་ནས་ཤར་དུ་ཀོང་ཡུལ་དང་དར་རྩེ་མདོ་ལ་ཐུག་པའི་བར་གངས་ཅན་གྱི་རི་རྒྱུད་གཅིག་གི་ཁོངས་ལ་ཡོད་པར་བྱ་དགོས་ཤིང༌། དེ་བཞིན་སྐབས་འགར་ཀ་མ་རུ་པ་སོགས་ཀྱང་གངས་ཅན་དུ་ཡོད་པར་གསུངས་ལ། སྟོན་པ་འདས་ནས་ལོ་བརྒྱ་ན་ཁ་བ་ཅན་དུ་མཚོ་བྲི་བར་བཤད་པ་ཡང༌། སྟོན་པ་འདས་ནས་ལོ་བརྒྱ་ནས་ཉི་མ་གུང་པས་གསེག་ཤིང་གིས་ཁ་ཆེའི་ཡུལ་མཚོས་གང་བ་བརྟོལ་ཅེས་བཤད་པ་དེ་དང་ལྷག་པར་འགྲིག་གོ།དེ་བཞིན་བལ་ཡུལ་ཡང་ཁ་བ་ཅན་དུ་ཡོད་པར་གསུངས་ཏེ། འཇམ་དཔལ་རྩ་རྒྱུད་ལས། གངས་ཅན་རི་ཡི་ནང་གནས་པའི།། ཞེས་པ་ནས་ཀླ་ཀློ་རྣམས་པ་སྣ་ཚོགས་ཡིན་ཅེས་པའི་བར་གྱི་ལུང་བསྟན་འདི་དག་ཀྱང་བལ་ཡུལ་གྱི་སྐོར་ཤ་སྟག་ཡིན་ནོ།། འདིར་ལྷ་ལྡན་ཅེས་པ་མ་དག་སྟེ། རྒྱ་དཔེ་ལས་ནཻཔཱལནནཌལེཁྱཱཏེཧིམཱདྲེཿཀུཀྵིམཤྲིཏེ། ཞེས་བྱུང་བས། བལ་ཡུལ་ཅེས་ནི་བྱ་བ་ཡི།། གངས་ཅན་རི་ཡི་ནང་གནས་པར།། ཅེས་བསྒྱུར་དགོས་པའི་ཕྱིར་ཏེ། ནཻ་པཱལ་བལ་ཡུལ་གྱི་མིང་ཡིན་པས་སོ།།

དེས་ན་ཨཱ་ལའི་རྐྱེན་མཐའ།  དེ་ཝཱལ་ལྷ་ལྡན་དང༌།  ནཻ་པཱ་ལ་བལ་ཡུལ་གཉིས་རྒྱ་ཡིག་གཟུགས་ཉེ་བས་དཔེ་ནོར་བ་ཞིག་ཡིན་ནོ།། ནོར་སྲིད་མོད། ནཻ་པཱ་ལ་དག་ལ་ལྷ་ལྡན་བྱ་བ་མ་དག་པ་ཅིས་ཤེས་ཞེ་ན། འདིའི་རྒྱལ་པོ་རྣམས་ཀྱི་མིང་རྒྱ་དཔེ་ལ་བྱུང་བ་ཐམས་ཅད་བལ་ཡུལ་གྱི་རྒྱལ་པོ་རྐྱང་གི་མིང་ཡྀན་པ་འདི་ལྟར། གོང་གི་མཇུག་དེ་མ་ཐག་ཏུ། རཱཛཱམཱནཔེནྡ྄རསྟུལིཅ྄ཆབིནཱཾཀུལོངྔྷལྦཿརྒྱལ་པོ་མི་ཡི་ལྷ་ཞེས་པ། ལི་ཙེ་བི་རྣམས་རིགས་སུ་བྱུང༌། བབིཥཿསུབྲྀཥཤ྄ཻཅབབྷཱལྦསུཤུབྷསུཤུབྷསུསྟཐཱ། ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང༌།། དེ་བཞིན་ས་འོད་ས་འོད་བཟང༌།། བྷཱཀྲ་མཿཔདཀྲམཤ྄ཻཅབཀམལཤ྄ཻཅབཀཱིརྟཡཏེ། དེ་བཞིན་ཕ་རོལ་གནོན་ཉིད་དང༌།། རྐང་པའི་འགྲོས་ཤེས་བསྟན་པ་ཡིན།། བྷཱགུསྟཿབཏ྄སཀཤ྄ཻཅབཔཤ྄ཅནཿ ས་སྲུང་དང་ནི་བེའུ་དང༌། འོད་ལྡན་ཉིད་ནི་ཕྱི་མ་ཡིན།། ཨུད་ཡཿཛིཥ྄ཎུནོཧྱནྟེནཾམླེ་བིཅ྄ཆསྟཐཱ། མཐའ་མ་འཆར་རྒྱལ་ངང་ཚུལ་དེ།། ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན།། ཅེས་པའི་བར་བྱུང་ཞིང༌། མཇུག་སྡུད་དུ་ཡང༌། དེ་ཚེ་བལ་ཡུལ་བདག་པོ་ནི།།མཚོན་གྱིས་འཐབ་པས་རྣམ་པར་འཇིགས།། ཞེས་དང༌། དེའི་རྒྱ་སྐད་དུ་ཡང༌། ཤྲསྟྲསཏབིངྷ྄རསྟཱནེབཱའུལཱངྷིངཏིསྟདཱཿ ཞེས་བལ་ཡུལ་གྱི་མིང་གསལ་བར་བསྟན་ཏོ།། དེ་ལ་བལ་ཡུལ་དུ་སྔོན་གྱི་ཆོས་རྒྱལ་བྱུང་བ་ལ། ལི་ཙ་བིའི་རིགས་དང༌། ཋཀུ་རའི་རིགས་གཉིས་ཡོད་པས། སྔ་མས་ཤར་ངོས་དང་ཕྱི་མས་ཤས་ཆེར་བལ་ཡུལ་ནུབ་ཏུ་རྒྱལ་སྲིད་བསྐྱངས་ཤིང༌། ཅི་རིགས་པར་བལ་ཡུལ་རང་གི་རྒྱལ་རབས་སུ་ཡང་གསལ་ལ་ཁོ་ཁོམ་རྒྱལ་སའི་བྱང་དུ་རྒྱང་གྲགས་བཞི་ཙམ་སོང་ན་ཅང་གུ་བྱ་བའི་རི་ཟུར་དུ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་ཡོད་པའི་མདུན་ཐད་ན་གནའ་དུས་ཀྱི་རྡོ་རིང་གླིང་བཞི་མ་ཁྲུ་བཅུ་ལྷག་མཆིས་པ་ཞིག་ལ་སྔོན་གྱི་རྒྱལ་པོ་དག་གི་ཁྲི་རབས་གུབྟའི་ཡི་གེར་བྲིས་པར་ཡང་རྒྱལ་པོ་འདི་རྣམས་ཀྱི་མིང་ཡོད་ཅིང༌། ཁྱུ་མཆོག་ལ་བྲྀའཥ་བྱུང་པ་དེ་ཡན་ཆད་ཡི་གེ་ཆུད་ཟོས་པས་མི་གསལ་ལ། མིའི་ལྷ་ཞེས་པའི་ཐད་དུ། མཱནབེནྡ྄ར་བྱུང་བ་ཡང༌། མཱནདེཝ། བྱ་བའི་རྒྱལ་པོ་སངས་རྒྱས་འདས་རྗེས་ཀྱི་ལོ་ཆིག་སྟོང་ཉིས་བརྒྱ་ཞེ་དགུ་ལ་ཁྲི་བཟུང་བ་ཞིག་ཡོད་པ་དེ་ཡིན་པར་སྣང༌། དེ་ལ་བྲྀའཥནི་བྲྀའཁདེཝབྱ་བའི་རྒྱལ་པོ་འདས་རྗེས་ཀྱི་ལོ་ཆིག་སྟོང་ཆིག་བརྒྱ་དོན་བཞི་པ་ལ་བལ་ཡུལ་དུ་ཁྲི་བཟུང་ཞིང་ལི་ཙ་བིའི་རིགས་ཀྱང་ཡིན། ས་འོད་བཟང་བྱ་བར་སུབྷཥུ་བྱུང་བ་ནི་བྲྀའཥདེཝབུཤུབྷཥུ་སྟེ་མིང་གཞན་ཤངྐརདེཝར་ཡང་གྲགས་ཤིང༌། འདས་རྗེས་ཀྱི་ལོ་ཆིག་སྟོང་ཆིག་བརྒྱ་གོ་དགུ་པ་ལ་སྲིད་བཟུང༌། རྐང་པའི་འགྲོས་བྱ་བར། པདཀྲམ་བྱུང་བ་ནི་བལ་ཡུལ་གྱི་རྒྱལ་རབས་སུ། ངྷརྨདེབིབུཔདཀྲམ་ཞེས་བཤད། ས་སྲུང་བྱ་བ་ལ་བྷཱགུབྟ་བྱུང་བ་ནི་ཋཀུརའི་རྒྱལབྷགུཔ྄ཏརིགས་ཏེ་མིང་གཞན་ཨཾཤུཝརྨར་གྲགས་པས་ཇོ་མོ་ཁྲི་བཙུན་གྱི་ཡབ་དེ་ཡིན་པར་སེམས། དེས་ན་ཋཀུར་རྣམས་ནུབ་ཏུ་བྱུང་བ་ཡིན་པས། འདིའི་འོད་ལྡན་ཉིད་ནི་ཕྱི་མ་ཡིན། བྱ་བ་ཡང་པཤ྄ཙམ་སྟེ་ནུབ་ཕྱོགས་པ་ཡིན་བྱ་བའི་དོན་དུ་སྣང༌། ངང་ཚུལ་བྱ་བའི་ཐད་དུ་ཇིཥ྄ཎུ་བྱུང་བ་ཡང་རྒྱལ་རབས་དེར་ཇིཥ྄ཎུགུངྟ་ཞེས་བྱུང་བ་དེར་ཐེ་ཚོམ་མེད་ལ། འཆར་རྒྱལ་ལ་ཨུ་ད་ཡ་བྱུང་བ་ཡང༌། བལ་ཡུལ་གྱི་ཡི་གེ་དེར་ཨུདཡགུཔ྄ཏ་ཞེས་བྱུང་བ་དེ་ཡིན་ནོ།། འདི་ལ་ལྷོ་བྲག་ཆོས་འབྱུང་དུ་མཐའ་མར་སངས་རྒྱས་ངང་ཚུལ་ཅེས་བཅོས་ནས་བོད་རྒྱལ་རྣམས་ཐེག་ཆེན་རིགས་ངེས་སུ་བསྟན་གསུངས་ཀྱང་རྒྱ་དཔེར་ཡང་ཨུ་ད་ཡ་བྱུང་ངོ༌།། དེའི་འོག་ཏུ་ལུགས་འཇིག་ཅིང༌། བལ་ཡུལ་གྱི་བདག་པོ་མཚོན་གྱིས་གསོད་ཅེས་མཇུག་བསྡུས་པ་ཡང༌། རྒྱ་བོད་གཉིས་ཀའི་དཔེ་ལ་བྱུང་བ་དེ་ཡིན་པས། འདི་ཐམས་ཅད་བལ་ཡུལ་གྱི་སྐོར་ལུང་བསྟན་པ་ཡིན་ཞིང༌།བཏ྄ས་ ལྟ་བུ་ལ་དོན་འགའ་ཞིག་ཡོད་པའི་ནང་ནས་བེའུ་ལ་བསྒྱུར་ཚེ་གླང་དར་ཡིན་འདྲ་བ་སོགས་འབྱུང་སྲིད་ཀྱང༌། བལ་རྒྱལ་རྣམས་ཀྱི་མིང་རྒྱ་སྐད་དུ་ཡོད་པ་དང་རྒྱ་དཔེ་གཉིས་བསྡུར་ན་མིང་ཐམས་ཅད་རང་སོར་ཡོད་པས། དེ་བལ་ཡུལ་གྱི་སྐོར་ཡིན་མིན་ལ་གཟུར་གནས་ཀྱི་དྲི་ཙམ་ཚོར་བ་སུས་ཀྱང་བསྙོན་མི་ནུས། ཡིད་མི་ཆེས་ན་རྒྱ་དཔེ་ལ་བལྟ་འཚོལ་ལ། དེ་ཙམ་དུ་རྙེད་དཀའ་བ་ཡང་མ་ཡིན་ནོ།། འོན་ཀྱང་ཁྱོད་ཅག་གི་བཞེད་པས་རྡོ་རྗེའི་ཚིག་གཅིག་ལ་མ་མཐའ་ཡང་དོན་ཐ་དད་པ་གཉིས་གསུམ་རེ་ཡོད་འདུག་ཅིང༌། ལུང་བསྟན་འདི་རིགས་ལ་དེ་ལས་ཀྱང་གོ་གང་ཡངས་ཡངས་སུ་འགྲེལ་ལུགས་དུ་མ་བྱས་ཆོག་འདུག་པས། རང་གིས་བཟོས་པའི་ཤིང་རྟའི་ལམ་སྲོལ་དེ་ལ། ད་དུང་ཡང་རང་ཉིད་ཅི་དགར་ཕེབས་ཆོག་བཞིན་དུ་ངེད་ལ་ཁྲོ་དགོས་པའི་དོན་མེད་དོ།། ཞེས་ <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>>དེབ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ངོས་ ༨༣ ནས་ ༨༦ བར་གསལ།

[3]བྱང་གི་གངས་རི་ནས་བཟུང་སྟེ་རི་ནགས་ཚལ་ཅན་གྱི་རྒྱུད་ནས་ལྷོ་ཕྱོགས་ཀྱི་ཐང་ལ་ཐུག་གི་བར་དུ་རི་ཀླུང་ཚོགས་པའི་སྤྱི༌། ཧི་མ་བན་སྟེ་གངས་ཅན་ཞེས་གྲགས་པ་ཡིན་ཅིང༌། འདི་ལ་སྐབས་འགར་རི་ཁ་བ་ཅན་དང༌། སྐབས་འགར་གངས་ཅན་དང་གངས་རི་སོགས་སུ་བསྒྱུར།ཞེས་བཀོད་ནས་གངས་ཅན་སཱ་ལའི་ལྗོངས་ཞེས་པ་བལ་ཡུལ་དུ་གོ་དགོས་སྐོར་མང་དུ་འབྱུང་ཞིང༌།དེ་བཞིན།སཱ་ལའི་ནགས་གངས་རིའི་བྱང་ངོས་སུ་མ་ཡིན་གྱི་ལྷོ་ངོས་སུ་ཡོད་པ། <<འཇམ་དཔལ་རྩ་རྒྱུད་>>ལས་ཀྱང༌། ཁ་བ་ཅན་རིའི་ལྷོ་ཕྱོགས་ཆར།། སཱ་ལའི་ནགས་ཞེས་བྱ་བ་འབྱུང༌། ཞེས་བལ་ཡུལ་རང་དུ་བསྟན་པའི་ཚུལ་བཀྲལ་འདུག <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> གངས་ཅན་རིག་མཛོད་དེབ་ཕྲེང་བཅུ་པ། ཤོག་ངོས་ ༤༥ དང་ ༤༧ གསལ།  

[4] <<འདུལ་བ།>> སྡེ་དགེ་བསྟན་འགྱུར། བམ་པོ། ཁ། ཤོག་ངོས་ ༡༤ ན་གསལ་བ་ནས་འདིར་ལུང་སྦྱོར་ཞུས།  

[5] <<འཇམ་དཔལ་རྩ་རྒྱུད>> བཀའ་འགྱུར། ཞོལ་དཔར་མ། ཤེས་རིག་དཔར་ཁང་གི་བསྐྱར་དཔར་པར་གཞི།

[6] རྒྱུད། ཐ། ཞོལ་དཔར། ཤོག་གྲངས་ ༣༨༠ ཤོག་ངོས་ ༧༦༠ ན་གསལ། སྣར་ཐང་དཔར་མའི་པོད་་{}བར་བཞུགས།  

[7] རྒྱུད། ཐ། ཞོལ་དཔར། ཤོག་གྲངས་ ༣༨༣ ཤོག་ངོས་ ༧༦༡ ན་གསལ། <<འདུལ་བ་ལུང་ཕྲན་ཚེགས>>སུ།  སངས་རྒྱས་བཅོམ་ལྡན་འདས་གྱད་ཀྱི་ཉེ་འཁོར་ ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་སོ།།དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། ཞེས་གསལ།)

[8] ཡོངས་གྲགས་གནས་བརྟན་སྡེ་བའི་ལུགས་ལྟར་ན། ད་ལྟའི་ཕྱི་ལོ་ ༢༠༠༦ ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་དང་ལྔ་བཅུ་འཁོར་ལོ་དང༌། དེ་ནས་བརྒྱ་འཕྲི་བས་མི་ལོ་ཉིས་སྟོང་བཞི་བརྒྱ་ལྔ་བཅུ་ནི་<<འཇམ་དཔལ་རྩ་རྒྱུད་>>ཀྱི་ལུང་བསྟན་ཚིག་གཞིར་ང་ཡི་དུས་ནས་ལོ་བརྒྱ་ན་ཞེས་པའི་རྩིས་མགོ་ཡིན།

[9] ཨུ་རུ་སུའི་བུད་མེད་མཁས་པ་ Kuznetzov  ཞུ་བ་ཁོང་གིས་བརྩམས་པའི་དེབ་<<Gender, Identity and Tibetan Buddhism>>ཞེས་པའི་ནང་བོད་ཀྱི་ལོ་རྒྱུས་གླེང་སྟངས་ཐད་ཀྱི་ཚིག་དུམ་འགའ་སྤེལ་ཡོད་པ་སྟེ། དེ་ནི།བོད་ཀྱི་ཆོས་ལུགས་དེ་ཡེ་ཤུ་མ་འཁྲུངས་གོང་གི་ལོ་ལྔ་བརྒྱ་ཡས་མས་སུ་ཨི་རན་ IRAN ནས་ཨི་རན་པ་མང་པོ་དང་ལྷན་དུ་བོད་ཀྱི་བྱད་རྒྱུད་དར་བ།” “བོད་ཀྱིས་ཁོང་ཚོའི་མི་རིགས་དེ་བྲག་ནས་བྱུང་བའི་སྲིན་མོ་དང་སྤྲེའུ་འདྲེས་པ་ལས་བྱུང་བར་འདོདཔ།  ཨི་རན་པས་ཁོང་ཚོའི་ལྷ་ Mithra དེ་བྲག་ལས་འཁྲུངས་པར་འདོད་པ།” “བོད་ཀྱི་ཆོས་བདག་ཁག་ཅིག་གི་མཚན་ལ་གཙུག་ཕུད་དུ་འབོད་ཅིང༌། དེ་ནི་Mithra ཞེས་པའི་དོན་དང་མཚུངས་སྐོར་བཤད་པ།་སོགས་རེད། ཁོང་གི་ལྟ་བ་འདིས་ནི།བོད་ཀྱིས་བོད་རྣམས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། མ་བྲག་སྲིན་མོ་ལས་བྱུང་བར་བཤད་སྟངས་དེ་ཨི་རན་གྱི་རིག་གཞུང་གིས་ཤན་ཞུགས་པ་ཞིག་ཡིན་པའི་ལྟ་ཚུལ་བསྟན་ཡོད་པ་དེ་རེད།འདི་སྐོར་<<Gender, Identity and Tibetan Buddhism>> ཞེས་པའི་དེབ་དེའི་ཤོག་ངོས་ ༣༧ དང་ ༣༨ པར་གསལ།

——-

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།