«རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་ལས་འཕྲོས་པའི་དཔྱད་ཞིབ།

གླེང་གཞི།

བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གྲགས་ཅན་མི་སྣ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ(1683-1706/1746)དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ།(1653-1705) འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས།(1648-1721/1722) ལྷ་བཟང་ཧན(?-1717)བཅས་ཀྱི་འགལ་འབྲེལ་གྱི་སྐོར་ལ་བོད་ཀྱི་ཞིབ་འཇུག་པ་ཚོས་རྩོམ་ཡིག་སྣ་ཚོགས་ཤིག་བྲིས་ཡོད་པས། ཁོ་བོས་རྩོམ་ཡིག་འདིའི་ནང་དུ་མི་སྣ་དེ་དག་གི་འགལ་འབྲེལ་གྱི་སྐོར་ཡང་བསྐྱར་གླེང་རྩིས་མེད། ཡིན་ནའང་མི་སྣ་དེ་དག་གི་འགལ་འབྲེལ་གྱི་སྐོར་གླེང་བར«རྣམ་ཐར་བཙན་པོ་མ»ཞེས་དིང་སང་ཡོངས་སུ་གྲགས་པ་དེ་དཔྱད་ཡིག་གལ་ཆེན་ཞིག་ཡིན་པ་སྨོས་མ་དགོས་མོད། རྣམ་ཐར་དེའི་དཔེ་རྒྱུན་ཧ་ཅང་དཀོན་པའི་དབང་གིས་ཕལ་ཆེར་ལོ་ངོ་སུམ་ཅུ་ལྷག་གི་ཡར་སྔོན་ལ་རྣམ་ཐར་དེ་དཔྱད་ཡིག་ཏུ་སྤྱོད་མཁན་བྱུང་མེད་པར་སྙམ། དེར་བརྟེན། ཞིབ་འཇུག་པ་ཕལ་མོ་ཆེས«རབ་གསལ་གསེར་གྱི་སྙེ་མ»དང་། «པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར་འོད་དཀར་ཅན་གྱི་ཕྲེང་བ།» «གཏམ་སྙན་ལྷའི་ཏམྤུ་རའི་རྒྱུད་ཀྱི་སྒྲ་དབྱངས།» «དཔག་བསམ་རིན་པོ་ཆེའི་སྙེ་མ།» «ཆེ་མཆོག་འདུས་པ་རྩལ་གྱི་བྱུང་བ་བརྗོད་པ་གདུང་བའི་ཡིད་ཀྱི་མུན་སེལ།» «ངོ་མཚར་སྐལ་བཟང་འཇུག་ངོགས།» «ཚངས་དབྱངས་རྒྱ་མཚོའི་གསང་རྣམ»སོགས་དཔྱད་ཡིག་ཏུ་སྤྱད་དེ་གོང་གི་མི་སྣ་དེ་དག་གི་སྐོར་གྱི་ལོ་རྒྱུས་གླེང་སློང་བྱས་ཡོད། སྟབས་ལེགས་པ་ཞིག་ལ། ཉེ་ཆར་ཞིབ་འཇུག་པ་རེ་ཟུང་གི་ལག་ཏུ«རྣམ་ཐར་བཙན་པོ་མ»ཡི་ཤིང་སྤར་ཐོབ་པ་དང་། རིམ་གྱིས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་ཚིགས་སུ་ཤིང་སྤར་དེ་མཇལ་རྒྱུ་བྱུང་བར་མ་ཟད། དིང་སང་ལྕགས་པར་དུའང་བཏབ་ཡོད་པས་རྣམ་ཐར་དེ་སུས་ཀྱང་སྤྱོད་ཆོག་པའི་ཡུལ་དུ་གྱུར་ཡོད།

ཁོ་བོས་ཤེས་གསལ་ལྟར་ན། «རྣམ་ཐར་བཙན་པོ་མ»དཔྱད་ཡིག་ཏུ་སྤྱད་ནས་རྩོམ་ཡིག་འབྲི་མཁན་སྔ་ཤོས་ནི་བདེན་འཚོལ་ཡིན་པར་སྙམ་སྟེ། ཁོང་གིས་རྣམ་ཐར་དེ་དཔྱད་ཡིག་གི་རྒྱུན་ཐག་ཏུ་བགྱིས་ཏེ་རྩོམ་ཡིག་ཅིག་བྲིས་ཡོད་[1]པ་དང་། དེའི་ནང་དུ་གཙོ་བོ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་མཛད་སྤྱོད་སྐོར་ཞིག་ཐེར་འདོན་བྱས་འདུག  འོན་ཀྱང་། དིང་སང«རྣམ་ཐར་བཙན་པོ་མ»གྲགས་ཆེ་ནའང«ངོ་མཚར་སྐལ་བཟང་འཇུག་ངོགས»ཀྱི་ནང་དུ་མ་འཁོད་པའི་གནས་ཚུལ་གསར་པ«རྣམ་ཐར་བཙན་པོ་མ»ཡི་ནང་དུ་མེད་པའི་ལྟ་ཚུལ་འདོན་མཁན་[2]ཡང་བྱུང་ཡོད།  བདེན་འཚོལ་གྱི་རྩོམ་ཡིག་དེའི་གླེང་བརྗོད་དུ«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་། སྡེ་སྲིད།  ལྷ་བཟང་ཧན།  རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་བཅས་ཕན་ཚུན་བར་གྱི་འཐབ་རྩོད་རྣོ་ངར་ཅན་གྱི་ཚིག་རྣམས་སྦས་ཏེ་གཞན་ཐུན་མོང་དུ་བསྒྲགས་ཆོག་པ་རྣམས་བཀོད་པ་ཙམ་ལས་འཇམ་བཞད་ཀྱི་ལོ་རྒྱུས་ཆ་ཚང་བ་མ་བཀོད་པས་རྣམ་ཐར་ཕྱོགས་རེ་ཙམ་དུ་སོང་བའི་གླེང་སློང་བྱས་འདུག ཡིན་ནའང་། ད་ཕན་རྣམ་ཐར་དེ་གཉིས་གཤིབ་བསྡུར་བྱས་ཏེ་ཞིབ་འཇུག་གི་རྩོམ་ཡིག་བྲིས་པ་མ་མཐོང་བས། དེ་ལ་འདིར་ཁོ་བོས«རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་ལས་འཕྲོས་ཏེ་མཛད་པ་པོའི་སྐོར་དང་། རྣམ་ཐར་དེ་གཉིས་ཀྱི་ནང་དུ་གོང་གི་མི་སྣ་དེ་དག་གི་འགལ་འབྲེལ་གྱི་སྐོར་གང་འཁོད་པ་རྣམས་གཤིབ་བསྡུར་དང་།  «རྣམ་ཐར་བཙན་པོ་མ»ཐོགས་དོན། དེ་བཀག་རྒྱ་གནང་བའི་རྒྱུ་རྐྱེན། མཐར་རྣམ་ཐར་ཁག་གཉིས་ལས་མངོན་པའི་ལོ་རྒྱུས་དངོས་གང་ཡིན་པ་བཅས་ཞུ་རྒྱུ་ཡིན།

 དང་པོ།  «རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་ཀྱི་མཛད་པ་པོ་གླེང་བ།
གཅིག «རྣམ་ཐར་བཙན་པོ་མ»དང་མཛད་པ་པོའི་སྐོར།

ད་ལྟ་ང་ཚོས་མཐོང་བའི«རྣམ་ཐར་བཙན་པོ་མ»ཞེས་པའི་ཁ་བྱང་དེ་ནི་སྐྱེས་བུ་སུ་ཞིག་གིས་དུས་ནམ་ཞིག་ལ་བཏགས་པ་མི་གསལ། ཁོ་བོས«ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་གཉིས་པ་རྗེ་འཇིགས་མེད་དབང་པོའི་རྣམ་ཐར།»དང་། «ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོའི་རྣམ་ཐར།» «རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོའི་རྣམ་ཐར།» «ཀུན་མཁྱེན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར།»སོགས་སུ་རྣམ་ཐར་དེའི་མིང་འཁོད་ཡོད་མེད་བཙལ་འཚོལ་བགྱིས་མོད་རྣམ་ཐར་དེའི་སྐོར་གྱི་ལོ་རྒྱུས་ཅི་ཡང་མ་མཐོང་། འོན་ཀྱང་། བློ་བཟང་དོན་གྲུབ་ཀྱིས་ས་ཕོ་འབྲུག་ཕྱི་ལོ་1928ལོར་མཛད་པའི« ངག་དབང་བཀྲ་ཤིས་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་སྙེ་མ་ངོ་མཚར་ཕྲེང་མཛེས།»སུ‘‘འཇམ་དབྱངས་བཞད་པའི་རྣམ་ཐར་ཀེ་ཏཀ་ཕྲེང་བ’’[3]ཞེས་པ་ཙམ་ལས་མི་འབྱུང་བར་བརྟགས་ན། «རྣམ་ཐར་བཙན་པོ་མ»ཞེས་པའི་ཁ་བྱང་དེ་ནི་ཕྱིས་སུ་བཏགས་པར་མངོན།

རྗེ་དཔྱི་ས་བློ་གྲོས་རྒྱ་མཚོའི(1890-1959)གསུང་རྩོམ་[4]དང་། རྗེ་དམུ་དགེ་བསམ་གཏན (1914-1993)གྱི་གསུང་རྩོམ་[5]ཁྲོད་དུ་བཙན་པོ་མའི་མིང་འཁོད་འདུག་པར་མ་ཟད། «ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་འབྱུང་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས»སུ་གསལ་བའི་ཐུགས་སྲས་ངག་དབང་བཀྲ་ཤིས་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་དུ‘‘རྣམ་ཐར་ཆེན་མོ་བཙན་པོ་མ’’[6]ཞེས་རྣམ་ཐར་དེའི་མིང་འབྱུང་བར་བསམ་བློ་བཏང་ན། «རྣམ་ཐར་བཙན་པོ་མ»ཞེས་པའི་བསྟན་བཅོས་ཀྱི་མིང་དེ་ནི་དུས་རབས་ཉི་ཤུའི་ནང་གསར་དུ་བཏགས་པ་ཞིག་རེད་སྙམ། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེས(1938-2021)ཀྱང་རྗེ་འདིའི་རྣམ་ཐར་མདོར་བསྡུས་ཤིག་མཛད་འདུག་པ་དེའི་ནང་ཁོང་གི་གསུང་རྩོམ་སྐོར་ཞིག་དྲངས་ཡོད་[7]ནའང་བཙན་པོ་མའི་མཚན་བྱང་མཇལ་རྒྱུ་མི་འདུག

«རྣམ་ཐར་བཙན་པོ་མ»ཞེས་བྱ་བའི་ཕྱག་དཔེ་དེའི་མཚན་ཆ་ཚང་ལ«རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་སྡེའི་རྣམ་པར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ་ཞེས་བྱ་བ»ཞེས་ཞུ་ཞིང་། རྣམ་ཐར་དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཐུགས་སྲས་བསེ་ངག་དབང་བཀྲ་ཤིས(1678-1738)ཀྱིས་མཛད་པ་ཞིག་ཡིན། རྣམ་ཐར་དེ་ལ་ལེའུ་བཅུ་གཅིག་བཞུགས་ཤིང་། དེ་དག་ནི་སྐུ་བལྟམས་པའི་མཛད་པའི་སྐབས་དང་། གཞོན་ནུ་རོལ་རྩེད་ཀྱི་མཛད་པའི་སྐབས། རབ་ཏུ་བྱུང་ཞིང་ཐུགས་གཉེར་ལ་བྱོན་པའི་སྐབས། མཚན་ཉིད་ལ་ཐུགས་སྦྱོངས་མཛད་པའི་སྐབས། གསང་སྔགས་ཀྱི་ཐེག་པ་ལ་གཙོ་བོར་གསན་སྦྱོང་མཛད་པའི་སྐབས། དབེན་པ་བསྟེན་ནས་སྒྲུབ་པ་གཙོ་བོར་མཛད་པའི་སྐབས། དབུས་གཙང་གི་ཕྱོགས་སུ་གཞན་དོན་དང་བསྟན་པ་ལ་བྱ་བ་མཛད་པའི་སྐབས། དགོན་གནས་བཙལ་ནས་ས་འདུལ་མཛད་པའི་སྐབས། མདོ་ཕྱོགས་སུ་གཞན་དོན་དང་བསྟན་པ་ལ་བྱ་བ་མཛད་པའི་སྐབས། ཡོངས་སུ་མྱ་ངན་ལས་འདས་པའི་སྐབས། སྐུ་གདུང་གི་མཆོད་རྟེན་ལ་སོགས་པའི་རྟེན་ཇི་ལྟར་བཞེངས་པའི་སྐབས་བཅས་སོ། ། སྐབས་སམ་ལེའུ་རེ་རེའི་མཇུག་ཏུ་ངལ་གསོའི་ཚུལ་དུ་ཚིགས་བཅད་ཁ་ཤས་མཛད་ཡོད་ཅིང་། ཚིགས་བཅད་སྐོར་ཞིག་མེ་ལོང་མའི་ལེའུ་གསུམ་པའི་སྒྲ་རྒྱན་གྱི་ལམ་ནས་མཛད་ཡོད།

བསེ་ཚང་ངག་དབང་བཀྲ་ཤིས་ཀྱིས་དུས་ནམ་ཞིག་ལ«རྣམ་ཐར་བཙན་པོ་མ»མཛད་མིན་གྱི་གནས་ཚུལ་རྣམ་ཐར་གྱི་སྦྱར་བྱང་དང་། རྣམ་ཐར་དེ་ཉིད་མཛད་པོ་པོའི་རྣམ་པར་ཐར་བ«ངག་དབང་བཀྲ་ཤིས་ཀྱི་རྣམ་ཐར་ཟུང་འཇུག་གྲུབ་པའི་རྔ་ཆེན»ཞེས་པ་དང་། «ངག་དབང་བཀྲ་ཤིས་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་སྙེ་མ་ངོ་མཚར་ཕྲེང་མཛེས»སུ་གསལ་ཁ་བཏོད་མེད། འོན་ཀྱང་། རྣམ་ཐར་གྱི་མཇུག་རྩོམ་ལ་མཇལ་ན་བསེ་ཚང་ངག་དབང་བཀྲ་ཤིས་ཀྱིས་རྣམ་ཐར་དེའི་ལོ་རྒྱུས་ཕལ་མོ་ཆེ་རང་གི་བླ་མ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ལ་བཀའ་འདྲི་ཞུས་ཏེ་ཟིན་བྲིས་སུ་བཏབ་ཅིང་། དེ་མིན་གྱི་ལོ་རྒྱུས་སྐོར་ཞིག་སྐབས་ཐོག་དེའི་བླ་རྒན་སྐོར་ཞིག་ལའང་བཀའ་འདྲི་ཞུས་ཏེ་མཐར་རང་གི་ཐུགས་ངོར་ཡོད་པའི་བྱུང་བ་རྣམས་ཟིན་བྲིས་སུ་བཀོད་དེ་མཛད་པ་ཞིག་རེད་སྙམ།

བསེ་ཚང་སྐུ་ཕྲེང་ལྔ་པ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོས(1889-1936/1937)ཆུ་བྱི་ཕྱི་ལོ་1912ལོར་མགོ་བརྩམས་ཤིང་ཆུ་གླང་ཕྱི་ལོ་1913ལོར་མཇུག་གྲུབ་པར་མཛད་པའི«ངེས་དོན་གྲུབ་པའི་དབང་ཕྱུག་རྗེ་བཙུན་ངག་དབང་འཇམ་དབྱངས་བཀྲ་ཤིས་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་ཟུང་འཇུག་གྲུབ་པའི་རྔ་ཆེན»དུ་ཁོང་དགུང་ལོ་རེ་གཅིག་པར་ཕེབས་དུས། འཁོར་རྣམས་ཀྱིས་རྗེ་འདི་ལ་རྣམ་ཐར་གསུང་དགོས་ཞུས་སྐབས། ཞལ་ནས་དབུས་སུ་སློབ་གཉེར་བྱས་ཚུལ་གྲྭ་རྒན་འགའ་ཞིག་ལ་བཤད་ཡོད་པ་དང་། སྐུ་ཕྱོགས་ཀྱི་ཕྱག་གཡོག་བྱས་ཚུལ་རྣམ་ཐར་ན་ཡོད་སྐོར་གྱི་ལོ་རྒྱུས་ཤིག་དྲངས་འདུག སྐབས་འདིར་འབྱུང་བའི་རྣམ་ཐར་དེ་ནི་བཙན་པོ་མ་ཡིན་ནོ། །

དེ་བས་གོང་གི་གསུང་དུམ་དེ་ལ་བརྟགས་ན། བསེ་ཚང་ངག་དབང་བཀྲ་ཤིས་ཀྱིས་ལེའུ་བཅུ་གཅིག་གི་བདག་ཉིད་ཅན་གྱི་རྣམ་ཐར་དེ་ནི་ཕྱི་ལོ་1722ནས་1738ལོའི་བར་གྱི་དུས་ཚོད་ནང་མཛད་ཡོད་པ་དོགས་པ་རྩ་བྲལ་རེད།

 གཉིས། «ངོ་མཚར་སྐལ་བཟང་འཇུག་ངོགས»དང་མཛད་པ་པོའི་སྐོར།

 «ངོ་མཚར་སྐལ་བཟང་འཇུག་ངོགས»ཀྱི་ཕྱག་དཔེ་དེའི་མིང་ཆ་ཚང་ནི«མཁས་ཤིང་གྲུབ་པའི་དབང་ཕྱུག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་བ་ངོ་མཚར་སྐལ་བཟང་འཇུག་རོགས་བྱ་བ»ཞེས་པ་དེ་ཡིན་ཏེ། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོས(1728-1791)མཛད་པ་ཞིག་རེད།  རྣམ་ཐར་དེ་ལ་ལེའུ་དགུ་བཞུགས་ཤིང་། དེ་དག་ནི་སྐུ་བལྟམས་པའི་ཚུལ། གཞོན་ནུའི་རོལ་རྩེད་མཛད་པའི་ཚུལ། རབ་ཏུ་བྱུང་སྟེ་དབུས་གཙང་ཕྱོགས་སུ་ཐུགས་གཉེར་ལ་བྱོན་པའི་ཚུལ། མདོ་ཕྱོགས་ལ་མང་དུ་ཐོས་པ་གཙོ་བོར་མཛད་པའི་ཚུལ། གསང་སྔགས་རྡོ་རྗེ་ཐེག་པ་ལ་གསན་སྦྱོང་གཙོ་བོར་མཛད་པའི་ཚུལ། དབེན་པ་བསྟེན་ཏེ་གཙོ་བོར་སྒྲུབ་པ་མཛད་པའི་ཚུལ། དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་ཁྲིར་བྱོན་ཏེ་བསྟན་འགྲོའི་ཕན་བདེ་ཉིན་མོ་ལྟར་གསལ་བར་མཛད་པའི་ཚུལ། ཤར་མདོ་སྨད་དུ་ཆོས་གྲྭ་ཆེན་པོ་ལེགས་པར་བཙུགས་ནས་སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་ཡོངས་སུ་བསྒྲེངས་པའི་ཚུལ། རྣམ་ཐར་སྤྱིའི་དོན་བསྡུ་བའི་སྐོར་བཅས་ཡིན་ནོ། ། རྣམ་ཐར་དེའི་ཚིག་སྦྱོར་རྨད་དུ་བྱུང་ཞིང་། བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་ཀྱང་དང་བ་འདྲེན་པའི་ཚུལ་དུ་མཆིས། དཀོན་མཆོག་བསྟན་པའི་སྒྲོན་མེས(1762-1823)‘‘བསིལ་ལྗོངས་ཀྱི་སྙན་དངགས་ཕལ་མོ་ཆེའི་བླ་ན་མངོན་པར་མཐོ་བའི་ཉམས་ཀྱིས་མཁས་པ་མཐའ་དག་གི་ཡིད་རང་དབང་མེད་པར་འཕྲོག་ནུས་པའི་ལེགས་བཤད་མཚུངས་ཟླ་མེད་པ་འདི་ཉིད་འཁྲུངས་རབས་རྣམ་ཐར་དང་བཅས་པ་གསར་རྩོམ་མཛད།’’[8]ཅེས་བསྟོད་བསྔགས་མཛད་པའང་དོན་ལ་གནས་པ་ཡིན།

རྣམ་ཐར་དེའི་རྩོམ་པའི་མཇུག་བསྡུ་བའི་སྐབས་སུ། ས་སྟག་ཟླ་བ་བདུན་པའི་ཡར་ཚེས་ཀྱི་ཉིན་མཁས་གྲུབ་བྱེ་བའི་བསྟི་གནས་ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བ་ལས། སླར་ཡང་མདོ་སྨད་དུ་དབྲི་བསྣན་བྱས་ཏེ་གྲུབ་པར་བགྱིས་པའི་ལོ་རྒྱུས་བཀོད་ཡོད་ཅིང་།  ས་སྟག་ནི་ཕྱི་ལོ་1758ལོར་ཁེལ་བ་ཡིན་ནོ། ། «ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་གཉིས་པ་རྗེ་འཇིགས་མེད་དབང་པོའི་རྣམ་ཐར»དུ། མཁས་གྲུབ་བྱེ་བའི་གཙུག་རྒྱན་དཔོན་སློབ་བྱམས་པ་རིན་པོ་ཆེའི་གསུང་གིས་བསྐུལ་ཏེ། ཀུན་མཁྱེན་གོང་མའི་རྣམ་ཐར་མཛད་ཚུལ་འཁོད་ཡོད་ཅིང་། རྣམ་ཐར་དེའི་ཚིག་ཟིན་ལ་བསམ་བློ་བཏང་ན། ཀུན་མཁྱེན་འཇིགས་མེད་དབང་པོས་དགུང་ལོ་སོ་གཅིག་གི་སྟེང་མཛད་པར་སྙམ་སྟེ། དགུང་ལོ་བཞི་བཅུ་པ་མེ་ཕག་ཕྱི་ལོ་1767ལོར་རྣམ་ཐར་དེ་ཤིང་སྤར་དུ་བརྐོ་རྒྱུའི་བཀོད་ཁྱབ་གནང་བ་ཞིག་རེད།

འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་ཁོང་གི་ཐུགས་སྲས་བསེ་ཚང་ངག་དབང་བཀྲ་ཤིས་རྣམ་པ་གཉིས་ཡབ་སྲས་ཀྱི་ཚུལ་དུ་ལོ་ངོ་བཅོ་ལྔ་ལྷག་ལ་ཐུགས་འདྲིས་ཆུ་བོ་གཅིག་ཏུ་འདྲེས་ཏེ་བཞུགས་ནའང་། ཡབ་སྲས་གཉིས་ཀྱི་སྐུ་ཕྲེང་ཕྱི་མ་གཉིས་ཀྱི་རིང་ལ་ནང་འགལ་བྱུང་སྟེ་ཐུགས་འདྲིས་བྱུང་མེད་པའི་གནས་ཚུལ«ངག་དབང་བཀྲ་ཤིས་ཀྱི་རྣམ་ཐར་ཟུང་འཇུག་གྲུབ་པའི་རྔ་ཆེན»དུ་གསལ་ཞིང་། ཀུན་མཁྱེན་འཇིགས་མེད་དབང་པོས་བསེ་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དབྱངས་བཀྲ་ཤིས(1738/1739-1813)ལ་ཉེས་པ་ལྔ་བགྲངས་ནས‘‘ཁྱོད་ཀྱི་སྐུ་གོང་མ་དང་བདག་གི་སྐུ་གོང་མ་གཉིས་ཀྱིས་རྒྱལ་བ་ཚངས་དབྱངས་པ་དང་། བསྐལ་བཟང་རྒྱ་མཚོ་རྒྱལ་བའི་སྐུ་མིན་པར་སྨོས་མོད་ཀྱང་སྡེ་བ་གཞུང་ཁྱོད་ཀྱི་ཡན་ཞིག་མིན་ན་མན་ཞིག་མིན་མོད། དེས་ཁུག་པ་སྐོར་གི་ཨེ་ཡོད་སྨྲས་ཏེ་མ་འཐིག་པར་ཁ་གྱའི་སྐྱ་སེར་མང་པོ་ཡོད་པ་དང་འགྲོགས་ནས་ཕྱིར་ཕེབས།’’[9]ཞེས་གསུངས་འདུག་ཅིང་། འདི་ཡང་སྐབས་དེའི་ལོ་རྒྱུས་ལ་དཔྱོད་པའི་གསུང་དུམ་གལ་ཆེན་ཞིག་ཡིན་མོད་ད་ཕན་སུས་ཀྱང་བརྗོད་གཞི་འདིའི་སྐོར་གླེང་སྐབས་ལུང་འདྲེན་བྱས་མེད་པས་དཔྱོད་ལྡན་དག་ལ་ལེགས་སྐྱེས་སུ་འབུལ།

ཀུན་མཁྱེན་འཇིགས་མེད་དབང་པོ་དང་བསེ་ངག་དབང་འཇམ་དབྱངས་བཀྲ་ཤིས་གཉིས་ཀྱི་བར་ལ་འགལ་བ་བྱུང་བར་བརྟེན་ནས། བསེ་ཚང་སྐུ་ཕྲེང་གཉིས་པ་བླ་བྲང་བཀྲ་ཤིས་འཁྱིལ་དུ་མ་བཞུགས་པར་གཏེར་ལུང་དགོན་དུ་ཕེབས་ཏེ་བླ་བྲང་གསར་བཞེངས་དང་། ཇོ་ཁང་ཐོག་བརྩེགས་ཅན་བཞེངས་ཤིང་། སྐུ་ཚེ་སྨད་དུ་རང་དགོན་གཏེར་ལུང་དུ་བཞུགས་ནའང་། བར་སྐབས་ཤིག་ལ་རོང་པོ་ནང་སོ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་སྟེ་རོང་པོ་དགོན་ཆེན་གྱི་ཁྲི་པར་ཕེབས་ཤིང་། སྐུ་ཕྲེང་ཕྱི་མ་དག་ཀྱང་རོང་པོ་ནང་སོའི་རྒྱུད་དུ་འཁྲུངས་པའི་ལོ་རྒྱུས་ཡོད་པ་རེད།[10]

 གཉིས་པ། «རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་སུ་འཁོད་པའི་རྒྱལ་པོ་ལྷ་བཟང་ཧན།

 «རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་ནི་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་རྣམ་པར་ཐར་བ་ཡིན་ཏེ། གཙོ་བོར་ཆོས་ཕྱོགས་ཀྱི་མཛད་པ་འཕྲིན་ལས་ཁག་སྟར་ཆགས་སུ་མཛད་པ་ཞིག་ཡིན་མོད། རྣམ་ཐར་དེ་གཉིས་ལ་ཞིབ་མཇལ་བྱས་ཚེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དབུས་གཙང་དུ་བྱོན་རྗེས། དུས་སྐབས་དེའི་གལ་ཆེན་མི་སྣ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ལྷ་བཟང་ཧན་བཅས་ཀྱི་འགལ་འབྲེལ་གྱི་བརྒྱུད་རིམ་རྟོགས་ཐུབ་མོད། «རྣམ་ཐར་བཙན་པོ་མ»རུ་མི་སྣ་དེ་དག་གི་སྐོར་གང་འཁོད་པ«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཁོད་མ་འཁོད་ཅི་རིགས་ཡོད་པས། ཁོ་བོས་གཤམ་དུ་རྣམ་ཐར་དེ་གཉིས་སུ་གསལ་བའི་ལོ་རྒྱུས་གལ་ཆེན་སྐོར་ཞིག་ཟུར་དུ་དྲངས་ཏེ་གཤིབ་བསྡུར་བྱེད་རྒྱུ་ཡིན་ལ། དེ་ལྟར་བྱས་ན«རྣམ་ཐར་བཙན་པོ་མ»དེ་བཀའ་རྒྱ་མའི་ཚུལ་དུ་ཉར་དགོས་པ་དང་། བཙན་པོ་མའི་མིང་ཐོགས་དོན། དེ་ནས«ངོ་མཚར་སྐལ་བཟང་འཇུག་ངོགས»མཛད་དགོས་པའི་རྒྱབ་ལྗོངས་ཀྱང་ཞོར་ནས་རྟོགས་ཐུབ་པར་སྙམ།

ད་ནི་རེ་རེ་བཞིན་ཞུ་བར་བྱ་བ་ལ། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་མཆོག་ནི་ས་ཕོ་བྱི་སྟེ་ཕྱི་ལོ་1648ལོར་ད་ལྟའི་ཀན་ལྷོའི་བསང་ཆུ་རྫོང་གི་རྒན་གྱའི་ཡུལ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས། ཁོང་ལྷ་བཟང་ཁན་ལ་མཇལ་བའི་ལོ་དེ་ནི་ཕྱི་ལོ་1698ལོར་ཡིན་པར་ངེས་ནའང་། ཞིབ་ཕྲའི་ལོ་རྒྱུས་གསལ་ཁ་མི་འདུག འོན་ཀྱང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་རྒྱལ་པོ་ལྷ་བཟང་ཧན་གྱི་ཡབ་གཉིས་འབྲེལ་བ་བྱུང་སྟངས་ཀྱི་གནས་ཚུལ་མདོར་བསྡུས་ཤིག«རྣམ་ཐར་བཙན་པོ་མ»རུ་གསལ་བ་འདིར་དྲངས་ན། “ལོ་འདིར་རྒྱལ་པོ་ཏཱ་ལའི་ཧན་དང་། བཀྲ་ཤིས་རྒྱལ་མོ་གཉིས་ཀྱིས་གདན་དྲངས། ཆོས་མང་པོ་ཞུས།  དབང་གནང་།  རྒྱལ་བོ་རྒྱལ་མོ་གཉིས་ཤིན་ཏུ་དད་ནས་ད་ནས་བཟུང་ཁྱེད་བླ་མ་བྱེད།  ཡང་ཡང་འདིར་ཕེབས་དགོས་ཞུས།  འབུལ་བ་དང་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས།  རྗེ་འདིས་ཀྱང་ཆོས་ཀྱི་ཞལ་བཀོད་བཟང་པོ་བྱས།”[11]ཞེས་འབྱུང་མོད། «ངོ་མཚར་སྐལ་བཟང་འཇུག་ངོགས»སུ་ལྷ་བཟང་ཧན་གྱི་ཡབ་ཀྱིས་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་དྲུང་ནས་ཆོས་ཞུས་ཏེ་བླ་སློབ་ཏུ་གྱུར་པའི་ལོ་རྒྱུས་དེ་འཁོད་མི་འདུག

འོན་ཀྱང་། ལྷ་བཟང་ཧན་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱིས་ལོངས་སྐུ་ངེས་པ་ལྔ་ལྡན་ཡིན་མིན་བརྩད་ནས་ལྷ་བཟང་ཁན་གྱིས་རྗེ་རིན་པོ་ཆེས་ལོངས་སྐུ་ངེས་པ་ལྔ་ལྡན་དུ་མི་བཞེད་གསུངས་པ་ན། སྡེ་སྲིད་ཀྱིས་བཞེད་གསུངས་ཏེ་ཁོང་གཉིས་ཀྱིས་འཁྲུན་ཐག་མ་ཆོད་པར་ཀུན་མཁྱེན་ངག་དབང་བརྩོན་འགྲུས་ཚང་ལ་དྲི་བ་མཛད་པའི་ལན་དུ། ལེགས་བཤད་གསེར་ཕྲེང་གི་ཚིག་ཟིན་ལ་མི་གསལ་ཀྱང་དོན་ལ་ངེས་པ་ལྔ་ལྡན་དུ་བཤད་གསུངས་པས། སྡེ་སྲིད་དགྱེས་ཚོར་བྱུང་བའི་ལོ་རྒྱུས་དང་། ཕྱིས་སུ་སྡེ་སྲིད་དང་ལྷ་བཟང་ཧན་གཉིས་མ་འཆམ་པར་ཡོད་སྐབས། སྡེ་སྲིད་ཀྱིས་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་གཙོས་པའི་སེར་འབྲས་ཀྱི་གནད་ཡོད་བླ་མ་སྐོར་ཞིག་ལ། རྒྱལ་པོ་ལྷ་བཟང་ཧན་བཟུང་ན་ཇི་ལྟར་ཡོང་ཞེས་བཀའ་འདྲི་གནང་དུས། བླ་མ་གཞན་རྣམས་ཀྱིས་ཅི་ཡང་མི་གསུངས་ནའང་། ཀུན་མཁྱེན་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་པོ་འཛིན་རྒྱུ་ཡིན་ན་ཁོང་གྲོས་དེའི་ནང་ན་མེད་པ་དང་། མཚོ་ཁ་ན་རྒྱལ་པོའི་ཉེ་རིགས་ཐམས་ཅད་ཡོད་པས་དེ་དག་གིས་ཡག་པོ་བྱས་མི་ཡོང་ཞེས་གསུངས་པའི་གནས་ཚུལ་ཁག་ཅིག་སྟེ། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་རྒྱལ་པོ་ལྷ་བཟང་ཧན་གྱི་ལོ་རྒྱུས་སྐོར་ཞིག«རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་ཀྱི་གསུང་སྟངས་ཆ་ལ་ཆུ་བཞག་ཡིན་ནོ། །

གཞན་ཡང་། སེར་འབྲས་ཀྱི་བླ་མ་རྣམས་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལྷ་བཟང་ཧན་གཉིས་ཆིངས་བྱས་ནས་དགའ་ལྡན་ཕོ་བྲང་གི་གཞུང་ལྷ་བཟང་ཧན་ལ་སྤྲོད་པ་བྱས་རྗེས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་བཀའ་ལྟར། འབྲས་སྤུངས་ཀྱི་གྲྭ་བཙུན་རྣམས་ཀྱིས་ལྷ་བཟང་ཧན་ལ་ཁ་བཏགས་ཕུལ་བ་དང་། འབྲས་སྤུངས་ཀྱི་བླ་མ་རྣམས་ཀྱིས་ཞུས་ངོར། རྒྱལ་པོས་འབྲས་སྤུངས་སྤྱི་སོ་ལ་མཆོད་གཞི་མཚོ་སྨད་དང་། སྒོ་མང་ལ་སྟོད་ལུང་གེ་བོ་གནང་རྗེས། ལྷ་བཟང་ཧན་གྱིས་སེར་སྨད་པ་འདིས་ཁོང་ལ་ངན་པ་བྱས་པས་གཏོར་རྒྱུ་ཡིན་གསུངས་སྐབས། ཀུན་མཁྱེན་ངག་དབང་བརྩོན་འགྲུས་ཀྱིས་ངོ་ཆེན་ཞུས་པའི་ལོ་རྒྱུས་དང་། ད་དུང་ཀུན་མཁྱེན་ཚང་མདོ་སྨད་དུ་ཕེབས་སྐབས། ལྷ་བཟང་ཧན་བཟའ་ཟླ་གཉིས་དང་མཇལ་འཛོམས་བྱུང་བའི་ལོ་རྒྱུས་དེ་དག་ཀྱང་ཚིག་སྔ་ཕྱིའི་གོ་རིམ་དང་ཚིག་གི་སྦྱོར་བ་ཙམ་ལས«རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་ཀྱི་ནང་དུ་གསལ་ཞིང་ཁ་གཅིག་གྲགས་ལྟ་བུར་སྣང་།

འོན་ཀྱང་། «རྣམ་ཐར་བཙན་པོ་མ»ཡི་ནང་། ཤིང་མོ་བྱ་སྟེ་ཕྱི་ལོ་1705ལོའི་སྨོན་ལམ་གྱི་དུས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལྷ་བཟང་ཧན་གཉིས་མ་འཆམ་པར། ལྷ་བཟང་ཧན་གྱིས་སྡེ་སྲིད་ཀྱིས་ཁོ་ལ་དུག་བླུད་དོན་ཅི་ཡིན་འདྲི་སྐབས། སྡེ་སྲིད་ཀྱིས་རྒྱལ་པོ་ན་བ་དེ་དུག་ཡིན་ཟེར་མཁན་དེ་འགྲིགས་མེད་ཚུལ་གསུངས་ཏེ། ཉིན་གཅིག་པོ་ཏ་ལར་གོ་མཚོན་ཐོགས་པའི་དམག་མང་པོ་བསགས་ཤིང་། སེར་འབྲས་ཀྱི་བླ་མ་ཐམས་ཅད་འཚོགས་པར་མ་ཟད། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཡང་ཕེབས་ཡོད། དེ་ནས་ལ་མོ་སྤྱན་འདྲེན་ཞུས་སྐབས། སྡེ་སྲིད་ཀྱིས་ལ་མོ་ལ་རྒྱལ་པོའི་ནད་དེ་ཁྱེད་ཀྱིས་དུག་ཡིན་གསུངས་པ་དང་། རྒྱལ་པོར་དུག་སྦྱིན་མཁན་སུ་ཡིན་གསུང་དགོས་ཚུལ་ཞུས་པ་ན། ལ་མོས་ངས་དུག་ཡིན་ཞེས་བཤད་མེད་པ་དང་། ལུང་བསྟན་ཡི་གེ་ད་ལྟའང་ཆོས་རྒྱལ་གྱི་ཕྱག་ན་ཡོད་ཚུལ་གསུངས་པའི་ལོ་རྒྱུས་འཁོད་ཡོད་ནའང་། «ངོ་མཚར་སྐལ་བཟང་འཇུག་ངོགས»སུ་རྒྱལ་པོ་ལྷ་བཟང་ཧན་དང་ཇའི་སང་འགའ་ཞིག་དུག་གིས་ན་བས་འཇམ་བཞད་ངག་དབང་བརྩོན་འགྲུས་གདན་འདྲེན་ཞུས་ཏེ་ཚེ་རྟ་ཟུང་འབྲེལ་གྱི་རྗེས་གན་དང་། བུམ་ཆུ་བྱིན་པས་དྲག་སྐྱེད་བྱུང་བ། དེ་ལ་རྐྱེན་བྱས་ཏེ་སྡེ་སྲིད་ཀྱིས་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཚང་ལ་རྗེས་གནང་དང་བུམ་ཆུའི་སྐོར་ལས་འཕྲོས་ཏེ་ཁོང་ལ་དྲི་བ་མཛད་པའི་ལོ་རྒྱུས་ཙམ་ལས་པོ་ཏ་ལ་ནས་ལ་མོ་སྤྱན་འདྲེན་ཞུས་པ་སོགས་མི་གསལ།

ད་དུང་། «རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་ལྷ་བཟང་ཧན་ནི་རྗེ་རིན་པོ་ཆེའི་སྤྲུལ་བ་ཡིན་ཚུལ་གསུངས་པའི་ལོ་རྒྱུས་དང་གནས་ཚུལ་སྐོར་ཞིག་ཡོད་པ་གཤམ་དུ་ཞུ་རྒྱུ་ཡིན།

 གསུམ་པ། «རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཁོད་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོ།

 «རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་སུ་གསལ་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐོར་ཕར་སློག་ཚུར་སློག་བྱེད་སྐབས། «རྣམ་ཐར་བཙན་པོ་མ»རུ་ཉིན་ཞིག་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་སྙུང་བའི་སྐབས་ཤིག་འབྲས་སྤུངས་ལ་ཕེབས་ནས་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཚང་ལ་མཇལ་སྐབས། ཁོང་གིས་སྡེ་སྲིད་ལ་བསྙུང་འདྲི་གནང་བ་དང་། ཞབས་པད་ཡུན་རིང་བརྟན་པར་བཞུགས་དགོས་གསུངས་པ་དང་། «ངོ་མཚར་སྐལ་བཟང་འཇུག་ངོགས»སུ་སྡེ་སྲིད་ཀྱིས་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཤར་རྩེའི་མཁན་པོར་ཕེབས་དགོས། སྤྱིར་བྱང་ཤར་གྱི་ཁྲི་རང་རང་གི་གྲྭ་རྒྱུན་རེས་མོས་བྱེད་པའི་སྲོལ་འདུག་ཀྱང་བསྟན་པའི་བདག་པོ་ཡིན་པས་དམིགས་བསལ་ཡོད་ཚུལ་གསུངས་ཡོད། «རྣམ་ཐར་བཙན་པོ་མ»རུ་སྡེ་སྲིད་འདི་ཁ་རྗེ་དབང་ཐང་ཆེ་ཡང་ཀུན་མཁྱེན་ཚང་ཐུགས་རྒྱལ་བཞེངས་དུས། སྡེ་སྲིད་ཀྱིས་གསུང་ཡང་བྱོན་མ་ཐུབ་པ་བྲིས་ཡོད་པར་མ་ཟད། «ངོ་མཚར་སྐལ་བཟང་འཇུག་ངོགས»སུ་སྡེ་སྲིད་འདི་ནི་ཆོས་སྲིད་ཟུང་ལ་མཁྱེན་པ་མཆོག་ཏུ་ཡངས་སྐོར་སོགས་འཁོད་ཡོད། ལོ་རྒྱུས་འདི་དག་ལ་བསམ་བློ་བཏང་ན། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱི་བར་ན་འགལ་བ་མེད་པའི་རྣམ་པ་ལྟ་བུ་མངོན་ནོ། །

གཞན་ཡང་། རྣམ་ཐར་དེ་གཉིས་ཀྱི་ནང་དུ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་འཇམ་བཞད་ངག་དབང་བརྩོན་འགྲུས་ལ་རྣམ་འགྲེལ་གྱི་ཡིག་ཆ་པཎ་ཆེན་ཆོས་མཆོག་གི་འཐད་ལྡན་དང་མཐུན་པ་ཞིག་རྩོམ་བསྐུལ་ཞུས་པར་བརྟེན་ནས། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་རྣམ་འགྲེལ་གྱི་ལེའུ་དང་པོའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་ཞེས་བྱ་བ་སྔར་མཁས་པ་སུས་ཀྱང་ཐུགས་རྒྱུད་ལས་མ་ཐོན་པའི་ངོ་མཚར་ལེགས་བཤད་ཅིག་མཛད་དེ་ཕུལ་བར། སྡེ་སྲིད་ཀྱིས་མཁས་གྲུབ་རིན་པོ་ཆེའི་གསུང་མང་དུ་དྲངས་པར་ཐུགས་མ་མཉེས་པར་ལེའུ་ཕྱི་མ་ཁག་རྩོམ་པའི་རྟིང་བསྐུལ་མ་མཛད་པ་དང་། ཡང་། སྒྲའི་ཀ་ཙན་དབྱངས་ཅན་སྒྲ་མདོ་རྣམས་ལ་གངས་ཅན་གྱི་ལྗོངས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ལས་མཁས་པ་མེད་པས། སྡེ་སྲིད་ཀྱིས་འཇམ་དབྱངས་བཞད་པ་འདི་བ་ཚང་ལ་བསྔགས་བརྗོད་མཛད་པའི་ལོ་རྒྱུས་ཀྱང་མཇལ་རྒྱུ་ཡོད་པ་རེད།

ཡིན་ནའང་། «ངོ་མཚར་སྐལ་བཟང་འཇུག་ངོགས»དང«རྣམ་ཐར་བཙན་པོ་མ»གཉིས་གཤིབ་བསྡུར་བྱས་ན། རྣམ་ཐར་སྔ་མའི་ནང་སྡེ་སྲིད་ཀྱི་སྐོར་གང་འཁོད་ཡོད་པ་དེ་དག་རྣམ་ཐར་ཕྱི་མའི་ནང་དུ་འཁོད་མ་འཁོད་ཅི་རིགས་འདུག འདིར«ངོ་མཚར་སྐལ་བཟང་འཇུག་ངོགས»ཀྱི་མཛད་པ་པོས«རྣམ་ཐར་བཙན་པོ་མ»ལས་ལོ་རྒྱུས་སྐོར་ཞིག་ཇི་བཞིན་དུ་དྲངས་པའི་དཔེར་མཚོན་འགའ་དྲངས་ན་འདི་ལྟར། སྡེ་སྲིད་དང་ལྷ་བཟང་ཧན་གཉིས་མ་འཆམ་པར་ཡོད་སྐབས། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་སྡེ་སྲིད་ལ་དོན་རྐྱེན་ཅི་ཞིག་འབྱུང་མིན་ལ་མནལ་ལམ་དུ་བརྟག་པ་མཛད་སྐབས། རི་ཞིག་གི་ངོས་ནས་རྡོ་ཆེན་པོ་ཞིག་འགྲིལ་བྱུང་བ་ལ། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་སྐྱོར་ཨེ་ཐུབ་དགོངས་ཀྱང་མ་ཐུབ་པར་རི་རྩར་ལྷུང་ནས་ཆག་སོང་བས། སྡེ་སྲིད་འདི་ཡུན་རིང་མི་བཞུགས་གསུངས་པ་དང་། རྒྱལ་པོ་ལྷ་བཟང་གི་དམག་སྡེ་སྲིད་ཀྱི་སྟེང་དུ་སླེབས་སྐབས། གཞུང་ནས་སེ་འབྲས་དགེ་གསུམ་རྒྱུད་སྟོད་སྨད་བཅས་ཀྱི་བླ་མ་བཅས་དམག་བྱོལ་ལ་འགྲོ་དགོས་གསུངས་པ་ལྟར། ཀུན་མཁྱེན་འདི་བ་ཚང་ཡང་ཕེབས་ནས་བླ་མ་རྣམས་ཀྱིས་དམག་ཕྱིར་འཐེན་པའི་ངོ་ཆེན་མཛད་ཀྱང་། རྒྱལ་པོས་ཁོང་གླང་ཐང་བར་དུ་མི་འོང་ཐབས་མེད་ཟེར་ནས་བྱོལ་མ་ཐུབ་པ་དང་། གཞན་ཡང་། ཀུན་མཁྱེན་ངག་དབང་བརྩོན་འགྲུས་ཀྱིས་སྡེ་སྲིད་སྟོད་ལུང་དུ་ཁྱེར་བ་གསན་རྗེས། ཁོང་སྡེ་སྲིད་ཀྱི་རྗེས་སུ་ཕེབས་ཏེ་ཆུར་བརྒལ་ནས་སྟོད་ལུང་སྣང་རྩེར་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཡོད་པའི་སར་བྱོན་ནས་སྡེ་སྲིད་གང་དུ་ཡོད་མེད་དྲིས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ནས་མེད་ཚུལ་གསན་རྗེས། ཁོང་ཐུགས་མ་དགྱེས་པར་མ་ཟད། ཉིན་དེར་ཞལ་འདོན་མང་པོ་ཆག་སོང་བའི་གནས་ཚུལ་དང་། མདོར་ན་སྡེ་སྲིད་འདི་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་རང་བཞིན་གྱིས་མི་གུས་པའི་གནས་ཚུལ་ལྟ་བུ་མཇལ་རྒྱུ་ཡོད་དོ། །

ཕྱོགས་གཞན་ཞིག་ནས་ཞུས་ན་འདི་ལྟར།  རྒྱལ་པོ་ལྷ་བཟང་ཧན་དང་སྡེ་སྲིད་གཉིས་མ་འཆམ་པར་ཡོད་སྐབས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་སྡེ་སྲིད་ཀྱི་ཁ་གཏད་དུ་བཞེངས་ཏེ་བཙན་རྒོལ་གནང་རྩིས་ཡོད་པའི་ལོ་རྒྱུས་དུམ་བུ་ཞིག«རྣམ་ཐར་བཙན་པོ་མ»ཡི་ནང“རྗེ་འདིའི་ཐུགས་ལ་དེ་རིང་རྒྱལ་པོ་ལ་ཡང་ཆག་ཆེ། ང་རང་ལ་ཡང་སྡེ་བ་འདིས་གནོད་པ་བྱས་ཡོང་ཤས་ཆེ། དེ་རིང་སྡེ་བ་འདིས་ང་འཛིན་ན་ཤོར་ཡོང་དགོས། ཁོས་ཅི་འདྲ་ཡིན་པ་ཧ་མ་གོ་འདུག་ཀྱང་། དེ་རིང་རྟགས་ཅིག་སྟོན་དགོས་དགོངས་ནས། དེ་ཉིན་ཞོག་ཁ་པོ་ཏ་ལར་ཕེབས་དུས་ནས་ཉིན་དུས་དང་མི་འདྲ་བར་གཏུམ་ལ་གྲིམས་པ་མཛད། ངས་ཆོས་གོས་ལུས་ཡོང་གསུངས་ནས་ཕེབས།”[12] ཞེས་གསལ་ནའང་། «ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཁོད་མེད་པ་རེད།

དེ་བཞིན་དུ། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྲོག་ཉེན་ལ་ཐུག་སྐབས་གཞོགས་འདེགས་གནང་མེད་པའི་སྐོར«རྣམ་ཐར་བཙན་པོ་མ»ཡི་ནང“དེ་ནས་ཉི་མ་གཅིག་གཉིས་སོང་ནས། སྡེ་བས་རྗེ་འདི་ལ་མི་བཏང་ནས། རྒྱལ་པོ་གླང་ཐང་ལ་སླེབས་འདུག ཁྱེད་བླ་མ་ཚོ་སོང་ལ་ཕྱིར་འགྲོར་ཆུག་ཟེར། རྗེ་འདིས་རྒྱལ་པོས་བླ་མ་ཚོ་མི་བརྩི་བ་འདུག ང་ལ་ཁལ་རྟ་ཡང་མེད་ཞུས་པས། སྡེ་བ་ཁྲོས་ནས་ད་རེས་ཕེབས་དང་རྟ་ངས་བྱིན་ཆོག་ཟེར་བསྡིག་བྱུང་། རྗེ་འདིས་ཐུགས་ལ་ཧ་གོ་བྱུང་། ཆུ་ལ་ང་བྱུག་ཟེར་རྒྱུ་རེད་དེ། ངེད་རང་གཉིས་སུའི་སྐེ་ལ་འབབ་མྱུར་དུ་རིག་ཡོང་དགོངས།”[13]ཞེས་གསལ་བ་ལྟར། སྡེ་སྲིད་ཀྱིས་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་སེར་འབྲས་སོགས་ཀྱི་བླ་མ་སོགས་ལ་གསོལ་བ་ཕུར་ཚུགས་སུ་བཏབ་འདུག་མོད། ཀུན་མཁྱེན་ངག་དབང་བརྩོན་འགྲུས་ཀྱིས་ཁལ་རྟ་མེད་ཚུལ་གསུངས་ཏེ་ཁས་ལེན་མཛད་མེད་པར་མ་ཟད། ཁོང་དང་སྡེ་སྲིད་གཉིས་ཀྱི་གང་རུང་ཞིག་གི་སྐེ་ལ་མཚོན་ཆ་ཅི་ཞིག་འབབ་རྒྱུ་ཡིན་པ་མཁྱེན་པའི་གནས་ཚུལ་དེ་དག«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་བྲིས་མེད་ལ། དེའི་ཚབ་ཏུ“དེ་ནས་ཉིན་མ་གཉིས་ཙམ་སོང་རྟིང་སླར་ཡང་གཞུང་ནས་བླ་མ་ཐམས་ཅད་ཕེབས་དགོས་གསུངས་པ་ལྟར། རྗེ་འདི་དང་བཅས་བྱོན་ཀྱང་སྔོན་གྱི་ལས་འདི་མཐའ་བཙན་པོའི་དབང་གིས་བཟློག་མ་ཐུབ།”[14]ཞེས་པ་ལྟ་བུས་ཆོག་པར་མཛད་འདུག

གཞན་ཡང་། སྐབས་དེར་སྡེ་སྲིད་ཀྱིས་རང་ཉིད་སྲོག་ཉེན་ལ་ཐུག་པའི་གནས་སྟངས་ལ་གཞིགས་ཏེ། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ལ་ཚིག་འཇམ་པོ་དང་བཅས་ཏེ་ཁོང་ལ་ཡིད་ཆེས་དང་བློ་གཏད་ཡོད་པར་མ་ཟད། ཁྱོད་ཀྱིས་དམག་མ་བཟློག་ན་སུས་ཀྱང་མི་ནུས་ཚུལ་གྱི་གནས་ཚུལ«རྣམ་ཐར་བཙན་པོ་མ»ཡི་ནང་གསལ་བ་དྲངས་ན། “དེ་རེབ་སྡེ་བས་ཡང་འཇམ་པོ་ལབ། རྗེ་འདི་ལ་བླ་མ་གཞན་ཚོ་ལ་ཡིད་ཡང་མི་ཆེས། དེ་ཚོས་ཅང་མི་ཡོང་། ངས་ཁྱེད་ལ་བློ་གཏད་ཡོད་པས་ཁྱེད་ཀྱིས་ཟློག་མ་ཐུབ་ན་ད་བྱེད་ཐབས་མེད་ཟེར་བྱུང་། དོན་ལ་ཁྱེད་ལ་ཡང་ཡིད་མི་ཆེས་ཟེར་རྒྱུ་རེད།  རྗེ་རང་ཉིད་ཀྱང་དེ་ཉིན་ཐུགས་སྐྱོ་བྱུང་ཡང་བྱེད་ཐབས་མེད་པའི་དུས་ལ་སླེབས་ཚར་གསུངས།”[15]ཞེས་འབྱུང་ནའང་། «ངོ་མཚར་སྐལ་བཟང་འཇུག་ངོགས»སུ་གནས་ཚུལ་འདི་བསྐྱུངས་ཡོད་པར་མ་ཟད། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་པོ་ལྷ་བཟང་ཧན་བྱང་ལ་ཕེབས་སྐབས་ཆིབས་རྟ་ཁམ་པ་བཟང་པོ་ཞིག་རྫོངས་པ་ཕུལ་ཡོད་ནའང་། སྡེ་སྲིད་ཀྱིས་རྟ་དེའི་རྒྱུད་པ་ཡོད་ན་སྟེར་རོགས་ཞུས་སྐབས། «རྣམ་ཐར་བཙན་པོ་མ»རུ“རྗེ་འདིས་ད་མེད་ཞུས་ནས་ཕེབས་ཡོད། དོན་ལ་མ་འདོད་པ་ཡིན་འདུག”ལྟ་བུའི་གསུང་དུམ་གནད་ཅན་དེ་ལྟ་བུ«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཁོད་མེད་མི་འདུག

ད་དུང་དེ་ཡིས་ག་ལ་ཚད་དེ། «རྣམ་ཐར་བཙན་པོ་མ»ཡི་ནང“རྒྱལ་པོས་སྡེ་བ་འཛིན་གྲབ་བྱེད་གིན་ཡོད་པ་མཁྱེན་ནས། དེ་མི་ཉན་ད་ལྟ་ཁྱེད་གཉིས་མ་འགྲིག་ན་བོད་ཐམས་ཅད་བརླག་ཡོང་། དུས་ལ་མ་བབས་ཞེས་གསུངས་ནས། རྒྱལ་པོས་ཀྱང་བཀའ་བཞིན་བྱེད་ཞེས་ཞུས།”[16] ཞེས་དོན་དངོས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་པོ་ལྷ་བཟང་ཧན་སྟངས་འཛིན་གནང་ཐུབ་པའི་ལོ་རྒྱུས་བྲིས་ཡོད་མོད«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་མི་གསལ།

 ཞི་པ། «རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཁོད་པའི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ།

ད་ནི་རྣམ་ཐར་དེ་གཉིས་ཀྱི་ནང་དུ་འཁོད་པའི་ཚངས་དབྱངས་རྒྱ་མཚོའི་སྐོར་ཞུས་ན་འདི་ལྟར། མེ་གླང་ཕྱི་ལོ་1697ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཙོས་པའི་བོད་སོག་སེར་སྐྱ་ཁྲི་ཕྲག་དུ་མ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མོན་ནས་གདན་འདྲེན་གྱིས་དབུས་སུ་ཕེབས་སྐབས། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱང་ཆིབས་བསུ་ལ་ཕེབས་ཡོད་ཅིང་། སྐབས་དེའི་གནས་ཚུལ་གྱི་ཟུར་ཞིག«རྣམ་ཐར་བཙན་པོ་མ»ཡི་ནང་འདི་ལྟར‘‘སྐབས་འདིར་རྗེ་འདི་ཡང་དགེ་འཕེལ་ན་བཞུགས་ཡོད་པས། ཐུགས་དགོངས་ལ་རི་ཁྲོད་པ་ཆིབས་བསུ་ལ་འགྲོ་དགོས་ཆུང་ཡང་། གཞུང་གི་མཁྱེན་གིན་ཡོད་པས། ཆ་གཅིག་ལ་སྐུ་སྐྱེས་འདི་མ་འདོད་ཟེར་མི་འོང་བའི་དྲིས་པའང་མེད་ལ། ཐམས་ཅད་མཁྱེན་པའི་སྐུ་སྐྱེས་དངོས་གཞི་ཡིན་མིན་བརྟགས་དཔྱད་ཅིག་བྱེད་དགོངས་ནས།’’[17]ཞེས་འཁོད་ཡོད་པ་ལྟར། «ངོ་མཚར་སྐལ་བཟང་འཇུག་ངོགས»སུའང‘‘ལོ་དེའི་སྟོན་ཀ་སྐུ་ཞབས་ཚངས་དབྱངས་རྒྱ་མཚོ་མོན་ནས་གདན་དྲངས་པ་ལ། རྗེ་འདི་རི་ཁྲོད་པ་ཡིན་པས་ཕེབས་དགོས་པའི་བར་སྐབས་མ་མཆིས་ཀྱང་། ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་རྗེ་ཉིད་ཀྱི་རིགས་ཀྱི་ཅོད་པན་ཡིན་པ་དང་། གཞུང་གི་ཡང་མཁྱེན་གིན་ཡོད་པ་བཅས། ཆིབས་བསུར་ཕེབས་ནས་བསམ་གྲུབ་སྒང་དུ་ཞག་བཞུགས་མཛད།’’[18]ཅེས་གསལ་ནའང་། «རྣམ་ཐར་བཙན་པོ་མ»རུ་འཁོད་པ་ལྟར། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་སྡེ་གཞུང་སོགས་ཀྱི་མི་ཁ་འོང་བར་དོགས་པ་དང་།  རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་སྤྲུལ་སྐུ་འདི་ལ་ཉམས་ཚོད་བརྟག་པའི་ཕྱིར་དུ་ཕེབས་པ་ཡིན་སྐོར་གྱི་ལོ་རྒྱུས་དེ«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཁོད་མེད་པ་རེད།

འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་མི་ཆེན་བླ་ཆེན་གཙོས་པའི་ལས་སྣེ་ཁྲི་ཕྲག་དུ་མ་དང་ལྷན་དུ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཆིབས་བསུ་ལ་བྱོན་ཏེ། ཕྱི་ཉིན་འབྲས་སྤུངས་སུ་ཕེབས་སྐབས་གློ་བུར་དུ་ཐུགས་འཚུབ་ནས་ཕྱག་གཡོག་རྣམས་ལ་བཀའ་བཀྱོན་བཏང་།  ཁོང་གི་ཕྱག་གཡོག་པས་སྐབས་དེར་སྐུ་ཆོས་བོར་བས་དགོང་མོ་ཚབ་ཞིག་ཕུལ་བར། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས‘‘རྟེན་འབྲེལ་མ་ལེགས་སྐུ་སྐྱེས་འདིས་བསླབ་པ་མགོ་མི་ཐོན་པའི་ལྟས་ཡིན་འདུག ཆིབས་བསུའི་སྐབས་སུ་གཟིགས་སྣང་མི་ལེགས་པ་གཅིག་བྱུང་གསུངས། དེ་དུས་གཟིགས་སྣང་གང་ལགས་ཞུས་པས། སྐུ་སྐྱེས་དེ་ལ་དབུ་མི་འདུག་སྙམ་པ་ཡུན་རིང་གཟིགས་པས། མ་མཐོང་ཞིབ་ཏུ་ཡང་ཡང་གཟིགས་པས་རེ་ཞིག་ལ་མི་ཤར་གསུངས། དོན་ལ་རྫུན་མ་གཅིག་པའི་བརྡའ་རེད།’’[19]ཅེས་གསུངས་པ«རྣམ་ཐར་བཙན་པོ་མ»རུ་གསལ་བ་དང་། «ངོ་མཚར་སྐལ་བཟང་འཇུག་ངོགས»སུ‘‘རྗེ་ཉིད་ཀྱི་ཞལ་ནས། ཆོས་གོས་བོར་བ་དེ་ང་ལ་སྐྱོན་དུ་མི་འགྱུར། འོན་ཀྱང་རྟེན་འབྲེལ་མ་ལེགས་པ་ཞིག་འདུག་གསུངས་ཤིང་། ཕྱིས་སུ་དེ་ཁོ་ན་ལྟར་བྱུང་བས་ཞབས་ཕྱི་རྣམས་ཡིད་ཆེས་ཀྱི་དད་པ་ཐོབ།’’[20]ལྟ་བུ་གསལ་བ་ལས། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ལ་དབུ་མེད་པ་དང་། བསེ་ཚང་གི་གསུང་དུམ་ཞིག་སྟེ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ‘‘དོན་ལ་རྗུ་མ་ཡིན་པའི་བརྡའ་རེད།’’ཅེས་པའང་མི་གསལ།

«རྣམ་ཐར་བཙན་པོ་མ»རུ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས‘‘སྐབས་ཤིག་རྨི་ལམ་གྱི་ཚུལ་དུ་རྩང་ངོས་ནས་གཡག་ཆེན་པོ་གཅིག་དབུས་ལ་ཡོང་བས་སྐྱི་ཤོད་ལུང་བ་ལ་ཤོང་མི་ཤོང་བའི་ཚོད་འདུག གཡག་དེ་འཁྲབ་འཁྲབ་ནས་རྭའི་རྩེ་ལ་དབུས་ཀྱི་མི་གཉིས་འབྱར་སོང་བས་རྭའི་སྟེང་ན་མར་འགོས་པ་བཞིན་འདུག མནལ་སད་ནས་ཐུགས་ལ། ཚངས་དབྱངས་པ་དང་སྡེ་བ་གཉིས་དགེ་ལུགས་ལ་མི་དགའ་བ་འདུག’’[21]ཅེས་གསུངས་པ་གསལ་མོད། འོན་ཀྱང«ངོ་མཚར་སྐལ་བཟང་འཇུག་ངོགས»སུ‘‘ལན་ཅིག་མནལ་ལམ་དུ། སྐྱི་ཤོད་ཀྱི་ལུང་པ་ལ་མི་ཤོང་ཙམ་བྱེད་པའི་གཡག་ཆེན་པོ་ཞིག་གཙང་ནས་འོངས་ཏེ་དབུས་ཀྱི་མི་གཉིས་རྭ་རྩེ་ལ་ཁུར་ནས་བླངས་སོང་བ་རྨིས་པས་ཐུགས་དམིགས་ཅུང་ཟད་རེ་ཙམ་གྱིས་ཀྱང་འདི་ལྟར་དུ་འོང་གི་འདུག་སྙམ་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་ལ་དད་གུས་ཚད་མེད་པ་འཁྲུངས།’’[22]ཞེས་ལྟ་བུ་འཁོད་ཡོད་པ་ལས། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་དགེ་ལུགས་ལ་མི་དགའ་བའི་གནས་ཚུལ་གསལ་ཁ་མཛད་མི་འདུག

དེར་མ་ཟད། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་ཅུང་གུར་ནས་ཡོང་བའི་བང་ཆེན་པར་བརྒྱུད་དེ་ཧུང་ཐེའི་ཇི་ལ་སྐད་བསྐུར་ཚུལ་གྱི་ལོ་རྒྱུས་དུམ་བུ་ཞིག«རྣམ་ཐར་བཙན་པོ་མ»ཡི་ནང་གསལ་བ་འདི་ལྟར། “བང་ཆེན་པ་ཕྱིར་འགྲོ་སྐབས་སྐུ་མདུན་ལ་ཡོངས་པ་ལ། དཔོན་སློབ་བློ་བཟང་ཕུན་ཚོགས་ཀྱིས་ལོ་ཙྪ་བྱས་གཞན་གཅིག་ཀྱང་མ་ཆུད་པར་བསྟན་པའི་ལ་རྒྱའི་གསུངས་མང་པོ་ཧུང་ཐེའི་ཇི་ལ་ཞུ་རྒྱུ་བསྐུར། དེ་ནས་ཧུང་ཐེའི་ཇིས་ཀྱང་རྒྱལ་བ་རིན་པོ་ཆེའི་སྤྲུལ་སྐུ་ཚངས་དབྱངས་པ་མིན་ལུགས་མང་པོ་བཤད་འདུག རྗེ་འདིའི་ཞལ་ནས་རྒྱལ་བའི་སྐུའི་སྐྱེ་བ་འདི་ལུང་བསྟན་མང་པོའི་བབ་ལ་ཁམས་ནས་འཁྲུངས་པ་འདི་ཡིན། ཚངས་དབྱངས་པ་ལ་ལུང་བསྟན་མེད་གསུངས་པས།”[23]ཞེས་རྒྱལ་དབང་ལྔ་པའི་སྐུ་སྐྱེ་ངོ་མ་དེ་ཁམས་ནས་འཁྲུངས་པའི་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཡིན་པ་དང་། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ལ་ལུང་བསྟན་མེད་ཚུལ་གྱི་ལོ་རྒྱུས་འདི«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་བྲིས་པ་མཇལ་མ་སོང་།

གཞན་ཡང་། «རྣམ་ཐར་བཙན་པོ་མ»ཡི་ནང་རྒྱ་ནག་གི་མི་སྣ་བོད་དུ་ཡོང་སྟེ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་གདན་འདྲེན་ཞུ་སྐབས་ཀྱི་གནས་ཚུལ་གསལ་བ་འདི་ལྟར། “དེ་སྐབས་རྒྱལ་པོ་བྱང་ཁ་ནས་ཚུར་དམག་དང་བཅས་ཕེབས་པ་དང་མཉམ་དུ་རྒྱ་ནག་གི་མི་སྣ་ཡོང་བ་དེ་ཡང་ལྷ་སར་ཡོང་།  རྒྱལ་པོས་སེར་འབྲས་དགེ་གསུམ་རྒྱུད་སྟོད་སྨད་སོགས་ཀྱི་བླ་མ་རྣམས་དང་གཞུང་གི་མི་དྲག་ཐམས་ཅད་འདུས་ཞེས་སྐད་བྱས།  འདུས་ཐོག་ནས་གོང་མ་རྒྱལ་པོས་ཚངས་དབྱངས་པ་རྒྱ་ནག་ལ་ཁྱེར་ཡོང་དགོས་ཞེས་གསུངས་པས་ཇི་ལྟར་བྱེད་ཞེས་གྲོས་བྱས།  ཐམས་ཅད་ཀྱིས་དེ་རྒྱ་ནག་ལ་གདན་འདྲེན་བྱེད་ན་བོད་འདི་སུ་ལ་བརྟེན་འདུག ཐམས་ཅད་ཀྱིས་རྟེན་ས་སྐུ་ཕྱོགས་གཅིག་པུ་ཡིན་མོད་ཟེར། རྗེ་འདིས་གོང་མ་རྒྱལ་པོས་གདན་འདྲེན་དགོས་གསུངས་ན་ཕེབས་ན་བཟང་།  གོང་མ་རྒྱལ་པོའི་ངོ་ཡ་བོད་ཀྱིས་མི་ཐུབ།  དེ་ལས་ཁོང་གི་གསུངས་ལྟར་བྱས་ན་ཐམས་ཅད་ལ་དེ་བཟང་།  སྐུ་ཕྱོགས་ལ་ཡང་བཟང་པོ་གནང་ཡོང་ཤེས་ཆེ་གསུངས་པས།  ཐམས་ཅད་ཀྱིས་སྒོ་མང་བླ་མས་མ་བྱུང་སྐུ་ཕྱོགས་རྒྱ་ནག་ལ་བྱིན་ཟེར།  ཁོང་གི་སྐུ་ཕྱོགས་མི་འདོད་པ་འདུག་ཟེར་ཞེས་སྒྲོགས།  གཞན་ཚོས་ཡང་སྒོ་མང་བླ་མས་སྐུ་ཕྱོགས་རྒྱ་ནག་ལ་བྱིན།  ཁྲི་ཁོ་རང་གི་འདོད་ནི་ཡིན་པ་ཟེར་བ།  རྗེ་འདིའི་གསན་པས་ཁྱོད་ཚོས་ཧ་མ་གོ་བ།  ངའི་འདོད་ན་དེའི་ཆེ་ཅིག་ཡོང་།  ཁྱོད་ཆོས་ཁྲི་འདི་ཅི་ཡིན་བྱས་ནས་ངས་འདོད་གསུངས།”[24] ཞེས་གསལ།

«ངོ་མཚར་སྐལ་བཟང་འཇུག་ངོགས»སུ“བར་སྐབས་ཤིག རྒྱ་ནག་ནས་བང་ཆེན་པ་འོངས་ཏེ། སྐུ་ཞབས་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་གདན་དྲངས་པ་ལ། རྒྱལ་པོས་སེ་འབྲས་དགེ་གསུམ་རྒྱུད་སྟོད་སྨད་ཀྱི་བླ་མ་ལས་སྣེ་རྣམས་བསྡུས་ནས་བཀའ་གྲོས་མཛད་པར་གཞན་རྣམས་ཀྱིས་མ་ཕེབས་ན་དགའ་ཞེས་ཞུས་ཤིང་། རྗེ་འདིས། སྐུ་ཞབས་ཕེབས་མ་བཅུག་ན་སྐུ་ཞབས་རང་གི་མཛད་འཕྲིན་དང་བསྟན་དོན་ལ་རྒྱ་གང་ལའང་མི་ཕན་ཞེས་གསུང་བ་ལ། ཕལ་ཆེར་གྱིས་སྒོ་མང་བླ་མས་མ་འདོད་པ་ཡིན་ནོ་ཞེས་སྐྱོན་དུ་རྟོག་པར་བྱེད་དོ།།”[25]ཞེས་གསལ། དེ་ལྟར་ན། ཀུན་མཁྱེན་འཇིགས་མེད་དབང་པོས«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྒྱ་ནག་གོང་མས་གདན་འདྲེན་དགོས་གསུངས་ན་ཕེབས་ན་བཟང་བ་དང་།  གོང་མ་རྒྱལ་པོའི་ངོ་ཡ་བོད་ཀྱིས་མི་ཐུབ་ཚུལ། ད་དུང་། ཀུན་མཁྱེན་ངག་དབང་བརྩོན་འགྲུས་ཀྱིས་བོད་ཀྱི་བླ་སྤྲུལ་ཚོར་ངའི་འདོད་ན་དེའི(ཚངས་དབྱངས་རྒྱ་མཚོའི་ཁྲི)ཆེ་ཞིག་འདོད་པ་དང་།  ཁྱོད་ཚོས་ཁྲི་འདི་ཅི་ཡིན་ནམ་ཞེས་གསུངས་པ་སོགས་ཀྱི་ལོ་རྒྱུས་བྲིས་མི་འདུག

རྒྱ་ནག་གི་བང་ཆེན་པས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་གདན་འདྲེན་ཞུས་རྗེས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་ད་དུང་ཅི་ཞིག་གནང་རྩིས་ཡོད་པ་རྟོགས་མི་ཐུབ་ཅིང་། ཁོང་གི་སྐུ་ཕྲེང་རྗེས་མ་དེ་སྐུ་ཕྲེང་འདི་ལས་ཀྱང་དགེ་ལུགས་ལ་གནོད་པ་བྱེད་མཁན་ཞིག་འོང་བའི་སྐོར«རྣམ་ཐར་བཙན་པོ་མ»རུ་གསལ་བ་དྲངས་ན། “དེ་ནས་ཚངས་དབྱངས་པ་རྒྱལ་པོས་ཕྲོགས་ནས་རྒྱ་ནག་བང་ཆེན་ལ་བྱིན་ནས་ཁྱེར་སོང་། འཁྱེར་ཉིན་ཡང་དཔོན་པོ་བློ་བཟང་ཕུན་ཚོགས་དང་། གཤག་སྐོར་བླ་མ་འཇམ་དབྱངས་གཉིས་སྐུ་མདུན་ལ་སོང་ནས་ཚངས་དབྱངས་པ་ཁྱེར་སོང་ཚར། ད་ཡག་པོ་བྱུང་ཞུས་པས། རྗེ་འདིའི་ཞལ་ནས་ད་རུང་འདིས་ཅི་བྱས་ཧ་མི་གོ་གསུངས། ཁོང་གཉིས་ཀྱིས་དེའི་ཅི་ཡོང་ཞུས་པས། ཐུགས་འཚུབས་ནས་མི་བླུན་པོ་ཁྱེད་ཚོས་ཅི་ཤེས། ད་དུང་གཞན་གྱི་སྐྱེ་བ་རྗེས་མ་འདི་ལས་ཆེ་གཅིག་གིས་དགེ་ལུགས་ལ་གནོད་པ་བྱས་ཡོང་། ཁྱེད་རང་ཚོས་ལྟོས་སྡོད་ཤི་མ་སོང་ན་ཡང་རིག་ཡོང་གསུངས།”[26] པའི་ལོ་རྒྱུས་དུམ་བུ་དེ«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་མི་གསལ།

ད་ནི་ཕྱོགས་ངོས་གཞན་ཞིག་ཞུས་ན། «རྣམ་ཐར་བཙན་པོ་མ»རུ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་སྐོར་གྱི་ལོ་རྒྱུས་གཞན་ཡང་མཆིས་མོད། དེ་དག«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཁོད་མ་འཁོད་ཅི་རིགས་འདུག དཔེར་ན། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་སྡེ་སྲིད་གཉིས་སྐྱོབ་ཐབས་ལ་འབད་ནའང་ཁོང་གཉིས་ཀྱིས་དེའི་ཚབ་ཏུ་ལོག་རྟོག་རང་བྱས་ཚུལ་དང་། རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་མཛད་པ་འདྲ་མིན་བསྟན་ནའང་། འཇམ་དབྱངས་བཞད་པ་འདི་བ་ཚང་གིས་ཕལ་ཆེར་དུས་དང་སེམས་ཅན་གྱི་བསོད་ནམས་ཀྱི་གཤིས་ཡིན་པས་དད་པ་མ་ལྡོག་གསུངས་ནས་བླ་སྤྲུལ་ཁག་ལ་ཞལ་བཀོད་གནང་བ་ལྟ་བུ། ཡང་། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་པོ་ཏ་ལའི་རྩེ་ནས་ཆེར་མི་བཞུགས་པར་རྒྱབ་ངོས་ཀྱི་ལྷ་ཀླུ་དགའ་ཚལ་དུ་རྒྱུན་བཞུགས་གནང་སྐབས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས། རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མཛད་པ་ནོར་ན་གཞུང་དགའ་ལྡན་ཕོ་བྲང་ལ་ཡག་པོ་མེད་པས། ཁོང་དགའ་ལྡན་ཕོ་བྲང་ལ་ཤ་ཚ་ཚུལ་སོགས་ཀྱི་ལོ་རྒྱུས་ཀྱང་ཅི་རིགས་མཆིས་པ་ལགས་སོ། །

ལྔ་པ། «རྣམ་ཐར་བཙན་པོ་མ»ཐོགས་དོན་དང་བཀག་རྒྱ་གནང་བའི་རྒྱུ་རྐྱེན།

ཁོ་བོས«རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་སུ་འཁོད་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། ལྷ་བཟང་ཧན་བཅས་ཀྱི་སྐོར་གང་འཁོད་པ་ཁག་ལས་ལོ་རྒྱུས་གལ་ཆེན་སྐོར་ཞིག་ཕན་ཚུན་གཤིབ་བསྡུར་བྱས་ནས་ཤེས་པ་ལྟར་ན། བསེ་ཚང་ངག་དབང་བཀྲ་ཤིས་དང་ཀུན་མཁྱེན་འཇིགས་མེད་དབང་པོ་གཉིས་ཀྱིས་ཚམ་ཚོམ་མ་གནང་བར་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་པོ་ལྷ་བཟང་ཧན་ནི་རྗེ་རིན་པོ་ཆེའི་སྤྲུལ་བར་ངོས་འཛིན་གནང་བར་མ་ཟད། ཕྱོགས་གང་ཐད་ནས་རྒྱལ་པོར་རྒྱབ་སྐྱོར་གནང་བ་སོགས་སྦས་པའི་ཚུལ་གྱིས་མ་བཞག་པར་ཇི་བཞིན་དུ་མཛད་འདུག་སྙམ།

དེ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཡོད་པར་སྣང་སྟེ། སྐབས་དེའི་དགའ་ལྡན་ཕོ་བྲང་ནི་དགེ་ལུགས་པས་བཟུང་བའི་སྲིད་གཞུང་ཞིག་ཡིན་པ་དང་། སྲིད་གཞུང་དེ་ཡང་སོག་པོ་གུ་ཤྲཱི་ཧན་ལ་བརྟེན་ནས་བཙུགས་ཤིང་། ལྷ་བཟང་ཧན་ཡང་སྟོབས་ཤུགས་ཆེ་བ་དང་། ད་དུང་ཇུན་གུར་བ་མདོ་སྨད་དུ་ཡོད་པ་སོགས་ཀྱི་དབང་གིས་སོག་པོ་ཚོ་ནི་བོད་ཀྱི་གནད་ཡོད་མི་སྣ་ཚོར་མཚོན་ན་ཆབ་སྲིད་ཀྱི་ལག་ཆ་གལ་ཆེན་དུ་གྱུར་ཡོད། དེ་བས་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་ལྷ་བཟང་ཧན་དང་བླ་སློབ་ཀྱི་འབྲེལ་བ་འཛུགས་ཐུབ་ན་ཆོས་སྲིད་གཉིས་ཐད་ནས་ཁེ་ཕན་ཡོད་པ་གཟིགས་ཡོད། ལྷ་བཟང་ཧན་གྱིས་ཀྱང་ཀུན་མཁྱེན་ཚང་ནི་སྐབས་དེར་མདོ་སྔགས་གཉིས་ལ་མངའ་བརྙེས་པའི་མཁས་པ་ཞིག་ཡིན་པ་དང་། འབྲས་སྤུངས་སྒོ་མང་གི་མཁན་པོ་ཡིན་པར་མ་ཟད། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་སྡེ་སྲིད་བཅས་ལ་འབྲེལ་བ་ཡོད་པའི་རྒྱུ་མཚན་བཅས་ལ་བརྟེན་ནས། ཁོང་གི་ཕྱོགས་ནས་ཀྱང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ནི་ཧ་ཅང་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད། འོན་ཀྱང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐོར་གླེང་སྐབས། སྐབས་རེར་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་སྡེ་སྲིད་གཉིས་ཀྱི་འབྲེལ་བ་བཟང་པོ་ཡོད་པའི་རྣམ་པ་སྟོན་ཅི་ཐུབ་གནང་ཡོད་ནའང་། སྡེ་སྲིད་ཕམ་ནས་སྐུ་སྲོག་གི་དོན་རྐྱེན་ལ་ཐུག་སྐབས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་ཁོང་ལ་རྒྱབ་སྐྱོར་གནང་མེད་པའི་སྣང་ཚུལ་མཆིས།

བསེ་ཚང་ངག་དབང་བཀྲ་ཤིས་ཀྱིས་སྡེ་སྲིད་ཀྱི་སྐུ་སྲོག་ལ་ཉེན་ཁ་བྱུང་སྐབས་ཀྱི་ལོ་རྒྱུས་སྐྱུར་མོ་དེ་དག་བྲིས་པར་བརྟེན་ནས«རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་སྡེའི་རྣམ་པར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ་ཞེས་བྱ་བ»ཞེས་པའི་བསྟན་བཅོས་དེ་ཕྱིས་སུ་བཀའ་རྒྱ་མ་ལྟ་བུར་གྱུར་ཅིང་། «རྣམ་ཐར་བཙན་པོ་མ»ཐོགས་པ་རེད་སྙམ། ཁོ་བོས་བསམ་ཚུལ་ལྟར་ན།  གནད་འགག་གཙོ་བོ་དེ«རྣམ་ཐར་བཙན་པོ་མ»ཡི་ནང་འཁོད་པའི་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐོར་གྱི་ལོ་རྒྱུས་དེ་དག་ལ་ཐུག་འདུག་སྙམ།  ལོ་རྒྱུས་དེ་དག་བསྐྱར་ཟློས་ཞུ་དགོས་པའི་རྒྱུ་མཚན་ཆེར་མ་མཐོང་མོད། «རྣམ་ཐར་བཙན་པོ་མ»རུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་ཁོང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མོན་ནས་དབུས་སུ་ཕེབས་སྐབས་ཀྱི་ཆིབས་བསུ་ལ་ཕེབས་འདོད་མེད་ནའང་། སྡེ་བ་གཞུང་གི་མི་ཁ་འོང་བར་དོགས་ནས་ཕེབས་དགོས་བྱུང་བ་དང་། དེ་དང་ཆབས་ཅིག་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་སྤྲུལ་སྐུ་ལ་ཉམས་ཚོད་བརྟག་ཆེད་ཕེབས་ཏེ། རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་སྐུ་སྐྱེས་ལ་དབུ་མི་འདུག་གསུངས་པ་དང་། ཡང་། ཀུན་མཁྱེན་ངག་དབང་བརྩོན་འགྲུས་ཀྱི་མནལ་ལམ་ནས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་དགེ་ལུགས་ལ་མི་དགའ་བའི་སྐྱེས་བུ་ཡིན་པ་རྨིས་པ་དང་། རྒྱལ་དབང་ལྔ་པའི་སྐུ་སྐྱེ་ངོ་མ་དེ་ཁམས་ནས་འཁྲུངས་པའི་ལྷ་བཟང་ཧན་གྱི་བུ་ཡིན་པ་ལས་མོན་ནས་འཁྲུངས་པའི་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མིན་ཚུལ་གསུངས་པར་མ་ཟད། རྒྱ་ནག་གི་བང་ཆེན་པས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་ཁྲིད་སྐབས། ཁོང་གི་སྐྱེ་བ་རྗེས་མ་སྐྱེ་བ་འདི་ལས་ཀྱང་དགེ་ལུགས་ལ་གནོད་པ་བྱེད་མཁན་ཞིག་ཡོང་གི་རེད་ཅེས་པའི་ལོ་རྒྱུས་དེ་དག«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཁོད་མེད།

གཞན་ཡང་། «རྣམ་ཐར་བཙན་པོ་མ»རུ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོར‘‘ཕྲུག་གུ་ཚངས་དབྱངས’’དང་། ‘‘ཚངས་དབྱངས།’’ ‘‘ཚངས་དབྱངས་པ།’’ཞེས་སྤྱད་ཡོད་པ་ལས་རྒྱལ་དབང་ལྟ་བུ་དང་། ཐམས་ཅད་མཁྱེན་པ་ལྟ་བུའི་ཞེ་ཚིག་སོགས་གང་ཡང་སྤྱད་མེད། «ངོ་མཚར་སྐལ་བཟང་འཇུག་ངོགས»སུ‘‘སྐུ་ཞབས་ཚངས་དབྱངས་རྒྱ་མཚོ’’དང‘‘སྐུ་ཞབས་རིན་པོ་ཆེ’’ཞེས‘‘སྐུ་ཞབས’’ཞེས་པ་སྤྱད་ཡོད་མོད། སྤྱིར་བཏང‘‘སྐུ་ཞབས’’ནི་གུས་ཚིག་ཅིག་ཡིན་ནའང་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ལྟ་བུའི་སྐྱེས་བུ་ཞིག་ལ‘‘སྐུ་ཞབས’’ཞེས་སྤྱད་པ་ནི་མ་གུས་པའི་རྣམ་པ་མཚོན། འོན་ཀྱང་། བར་སྐབས་དེའི་མཁས་པ་སྐོར་ཞིག་གི་གསུང་རྩོམ་ཁག་ཅིག་ཏུ་མཁས་པ་གང་རུང་ལ”སྐུ་ཞབས”སྤྱད་པ་མང་ཞིང་། དེ་ལ་བརྟགས་ན“སྐུ་ཞབས”སྤྱད་པ་ཡོད་ཚད་མ་གུས་པའི་རྣམ་པ་ཞིག་ཏུའང་བསམ་མི་རུང་བའི་སྐབས་ཀྱང་འདོད་པར་འདོད། གང་ལྟར། <<རྣམ་ཐར་བཙན་པོ་མ»རུ་འཇམ་བཞད་ངག་དབང་བརྩོན་འགྲུས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ལྷ་བཟང་ཧན་བཅས་ཀྱི་ཕན་ཚུན་བར་གྱི་འཐབ་རྩོད་རྣོ་ངར་ཅན་གྱི་ཚིག་ཚོགས་སྤྲས་ཡོད་པ་དང་། ལྷག་དོན་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ལ་ཚིག་བཙན་པོ་བེད་སྤྱོད་བཏང་ཡོད་པས«རྣམ་ཐར་བཙན་པོ་མ»ཞེས་གྲགས་[27]པ་རེད་ཅེས་གསུངས་པ་དེ་བདེན་གཏམ་ཡིན་པར་སྙམ།

ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་སྡེ་སྲིད་ལ་འཛིན་པའི་ཐུགས་བཞེད་ཀྱི་ལོ་རྒྱུས་དེ་དག་བསེ་ཚང་ངག་དབང་བཀྲ་ཤིས་ཀྱིས་མ་གསང་མ་སྦས་པར་ཐད་ཀར་ཇི་བཞིན་དུ་མཛད་ཡོད་པར་རྐྱེན་བྱས་ཏེ། ཀུན་མཁྱེན་འཇིགས་མེད་དབང་པོས་རྣོ་ངར་ཅན་གྱི་ལོ་རྒྱུས་དུམ་བུ་རེ་དང་ཚིག་ཚོགས་སྐོར་ཞིག་ཡོད་པ་བསྐྱུངས་ནས«ངོ་མཚར་སྐལ་བཟང་འཇུག་ངོགས»མཛད་པ་ཞིག་རེད་སྙམ། དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་མཚན་དང་སྙན་གྲགས་ལ་ཐུགས་བཞེད་གནང་བ་ཞིག་ཡིན་པ་གོར་མ་ཆག

«ངོ་མཚར་སྐལ་བཟང་འཇུག་ངོགས»ཤིང་སྤར་དུ་བརྐོ་དུས་བསེ་ཚང་ངག་དབང་བཀྲ་ཤིས་སྐུ་གཤེགས་ནས་ལོ་སུམ་ཅུ་ཙམ་འགོར་ཡོད་པ་དང་། ཕལ་ཆེར་སྐབས་དེ་ནས་བཟུང་སྟེ«རྣམ་ཐར་བཙན་པོ་མ»བཀའ་རྒྱ་མའི་ཚུལ་དུ་དམ་དྲག་གནང་བ་མིན་ནམ་དྲན་བྱུང་།

དྲུག་པ།  «རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་ལས་མངོན་པའི་ལོ་རྒྱུས་དངོས།

ཁོ་བོས«རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་འཁོད་པའི་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ལྷ་བཟང་ཧན་བཅས་ཀྱི་འགལ་འབྲེལ་གྱི་ལོ་རྒྱུས་དེ་དག་ཁོལ་ཕྱུང་གིས་དྲངས་ཏེ་གཤིབ་བསྡུར་བྱས་ཟིན་པའི་ཁུལ་ཡིན། ད་ནི་ལོ་རྒྱུས་དེ་དག་གོང་འོག་བསྒྲིགས་ཏེ་སྐབས་དེའི་ལོ་རྒྱུས་དངོས་གང་ཡིན་ཞུ་རྒྱུ་ཡིན།

རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་ནི། ཆུ་ཕག་ཕྱི་ལོ་1683ལོར་མོན་ལ་འོག་ཡུལ་གསུམ་དུ་ཡབ་སྨྱོས་རིགས་གཏེར་སྟོན་པདྨ་གླིང་པའི་དབོན་རྒྱུད་སྔགས་འཆང་རིག་འཛིན་བཀྲ་ཤིས་ཞུ་བ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། ཁོང་དབུས་སུ་གདན་འདྲེན་ཞུ་སྐབས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་ཁོང་ལ་དབུ་མེད་པ་གསུངས་ཏེ་དོན་གྱིས་རྒྱལ་དབང་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་བཞེད་མེད། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་དེ་ལྟར་གནང་དགོས་པའི་གནད་འགག་དང་པོ་དེ་ཁོང་རྙིང་མའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས་པས་རེད་སྙམ། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་མཆོག་ཆོས་བརྒྱུད་རྙིང་མ་ལ་ཐུགས་མོས་མེད་པ«རྣམ་ཐར་བཙན་པོ་མ»རུ‘‘དེ་ལོ་སྒོམ་མེ་གྲགས་པ་རྒྱ་མཚོ་ཡང་དབུས་སུ་ཕེབས། རྗེ་འདི་ལ་ཆོས་མང་པོ་ཞུས། ཁོ་ལ་བྱང་ཆུབ་རླུང་འཁོར་གྱི་ཁྲིད་དགོས་ཞུས་པས། རྗེ་འདིའི་ཞལ་ནས། ཁྱོད་དགེ་བཤེས་ཤིག་གིས་ཆོས་ངོ་མི་ཤེས་པས། དེ་རྙིང་མའི་ཆོས་ཡིན། ང་རང་ཚོ་ལ་དགེ་ལུགས་ཀྱི་ཆོས་ཡོད་པས་དེའི་ཆོག་མོད་གསུངས་ནས། འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཁྲིད་ཉུང་བསྡུས་ཅིག་གནང་།’’[28]ཞེས་གསལ་བའི་ཚིག་དུམ་ལ་གཞིགས་ན་ཤེས་ཐུབ། འོན་ཀྱང་། སྡེ་སྲིད་ཀྱི་ཐུགས་བཀོད་ལ་བརྟེན་ནས་མེ་གླང་ཕྱི་ལོ1697ལོར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་མདུན་ནས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་རབ་བྱུང་གི་སྡོམ་པ་བཞེས་ཐུབ་པ་བྱུང་ཡོད་ལ། ས་སྟག་ཕྱི་ལོ་1698ལོ་ནས་བཟུང་འབྲས་སྤུངས་སོགས་སུ་ཆོས་འབྲེལ་གྱི་ཐོག་མར་ལྗགས་ལུང་དང་། རིགས་ལམ་གསན་བཞེས་ཀྱི་དབུ་ཚུགས་པར་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་དང་སྡེ་སྲིད་རྣམ་གཉིས་ཀྱིས་གཙོས་བླ་སློབ་སྦྲགས་མར་བསྟེན་ནས་བཀའ་ཆོས་གསན་པའི་ཁུར་བཞེས་ཡོད།

ལྕགས་འབྲུག་ཕྱི་ལོ1700ལོར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་བཀའ་བཞིན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་སྒོ་མང་གི་མཁན་པོ་མཛད་འདུག ཡིན་ནའང་། སྐབས་དེར་སྡེ་སྲིད་ནི་དགེ་ལུགས་པ་གཙོ་བོར་འཛིན་པའི་དགའ་ལྡན་ཕོ་བྲང་གི་མི་སྣ་མཐོ་ཤོས་དེ་ཡིན་རུང་། ཁོང་གིས་དགེ་ལུགས་པ་ལས་རྙིང་མར་དད་ཞེན་གནང་ཡོད་པ་འདི་ལྟར། «རྣམ་ཐར་བཙན་པོ་མ»ཡི་ནང་། ‘‘དེ་སྐབས་གཞུང་ནས་དྲག་ཞན་ཀུན་རྙིང་མ་ལ་བསྒྱུར་འདོད་ནས། ཕ་བོང་ཁའི་རི་ཁྲོད་ན་སྡེ་བ་གྲུབ་རྒྱབ་ཟེར་བ་རྙིང་མའི་རྒན་ཞུགས་གཅིག་ཡོད་པ་ཤི་བའི་རྟེན་ཐམས་ཅད་ཕུང་བའི་རྒྱུ་དེ་འདྲ་བྱས་ནས་ད་རུང་ཁོང་ཚོ་དམ་པ་ཡིན་རྒྱུའི་ཁུལ་བྱེད། དེ་ནས་བོད་ཡུལ་ཐམས་ཅད་རྙིང་མའི་རྒན་ཞུགས་དེ་ཡང་འཇའ་ལུས་ལ་སོང་ཞེས་དྲིལ་བསྒྲགས་པས་རྟོག་དཔྱོད་མེད་པ་ཀུན་གྱིས་བདེན་འདོད་ནས། ཆོས་རྙིང་མ་འདི་ཟབ་ཟེར་ནས་བོད་ཕལ་ཆེར་ཟིང་ཟིང་པོ་བྱེད།’’[29]ཅེས་གསལ་བ་དང་། ད་དུང་རྣམ་ཐར་དེའི་ནང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་སྡེ་སྲིད་གཉིས་དགེ་ལུགས་པའི་གྲུབ་མཐའ་ལ་མི་དགྱེས་པའི་ཚུལ་བྲིས་འདུག

སྐབས་དེར། མདུང་རྩེ་ཁ་སྤྲོད་ལྟ་བུའི་སྲིད་དོན་གྱི་ཟློས་གར་སྣ་ཚོགས་ལ་རྐྱེན་བྱས་ཏེ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་རྣམ་གཡེང་བག་མེད་ཀྱི་སྤྱོད་པ་མཛད་འགོ་ཚུགས་ཏེ།  སྡེ་སྲིད་ཀྱི་སྙན་བསྐུལ་ཞུས་ནའང་གསན་དགོངས་གནང་མེད། དེ་བས་སྡེ་སྲིད་ཀྱིས་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ལ་ཕྱག་བྲིས་བསྐུར་ནས་ཞལ་བཀོད་ཅིག་གསུང་དགོས་ཚུལ་ཞུས་པར། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས‘‘བོད་གངས་ཅན་སྤྱན་རས་གཟིགས་ཀྱི་འདུལ་སྐལ་ཡིན་ལུགས། འདིར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རིམ་པས་བྱོན་ནས་བོད་འདི་དྲིན་གྱིས་བསྐྱངས་ཚུལ་གསུངས་ནས། ཚངས་དབྱངས་པ་འདིས་ཀྱང་མཛད་པ་འདི་འདྲ་ཡིན་ཀྱང་། ཕལ་ཆེར་དུས་དང་སེམས་ཅན་གྱི་བསོད་ནམས་ཀྱི་གཤིས་ཡིན་པས་དད་པ་མ་ལྡོག་གསུངས།’’[30]ཞེས་ཡོད་ཅིང་། རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་པཎ་ཆེན་རིན་པོ་ཆེའི་མདུན་ནས་བསླབ་སྡོམ་འབུལ་གྲབས་མཛད་སྐབས་ཀྱང་། འཇམ་དབྱངས་བཞད་པས་ཕྱག་གསུམ་བཙལ་ཏེ་གསོལ་བ་བཏབ་ཚུལ«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་གསལ་བ་དྲངས་ན། ‘‘རྗེ་འདིས་ཕྱག་གསུམ་བཙལ་ཏེ་ཁྱེད་གངས་ཅན་གྱི་སྐྱབས་གནས་གཅིག་པུ་ཡིན་པས་བསྟན་འགྲོ་ཀུན་ལ་བརྩེ་བས་དགོངས་ཏེ་དེ་ལྟར་མི་གནང་བར་ཞུ་ཞེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ཀྱང་གདུལ་བྱ་རྣམས་བསོད་ནམས་དམན་པའི་དབང་གིས་གསན་དགོངས་མ་གནང་བར་བསླབ་པ་ཕུལ་ཏེ་ངུར་སྨྲིག་གི་རྒྱལ་མཚན་བོར་ནས་ཁྱིམ་པའི་བརྟུལ་ཞུགས་འཛིན་པར་མཛད།’’[31]ཅེས་འཁོད་ཡོད་ཅིང་།  སྐབས་འདིར་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་བ་དང་བོད་གངས་ཅན་གྱི་སྐྱབས་གནས་གཅིག་པུར་ངོས་འཛིན་མཛད་ཡོད།

སྐབས་དེ་ནས་བཟུང་། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་པོ་ཏ་ལའི་ཕོ་བྲང་དང་རྫོང་རྒྱབ་སོགས་སུ་བཞུགས་ཀྱང་བརྟུལ་བཞུགས་ཀྱི་མཛད་པ་བསྐྱངས་པས་སྡེ་སྲིད་དང་ཁོང་གཉིས་ཀྱི་བར་ལ་འགལ་བའི་སེར་ག་ཤོར། དུས་དེར། ལྷ་བཟང་ཧན་ཡང་ལྷ་སར་ཕེབས་ཡོད་པར་མ་ཟད། སྡེ་སྲིད་དང་མཉམ་དུ་ཆབ་སྲིད་ཀྱི་དབང་ཆ་རྩོད་བཞིན་ཡོད། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་ཆོས་སྲིད་ཀྱི་འགལ་བ་དེ་དག་གི་གོ་སྐབས་སྤྱད་དེ་ཁོང་རང་ཉིད་ཀྱི་ཡོན་བདག་ལྷ་བཟང་ཧན་གྱི་ཕྱོགས་སུ་བཞེངས་ཏེ།  རྒྱལ་པོ་ལྷ་བཟང་ཧན་ནི་རྗེ་རིན་པོ་ཆེའི་སྤྲུལ་པ་ཡིན་ཚུལ་བསྒྲགས་པའི་སྐོར«རྣམ་ཐར་བཙན་པོ་མ»ཡི་ནང་གསལ་བ་དྲངས་ན་འདི་ལྟར། “ལོ་འདིར་རྒྱལ་པོ་ལྷ་བཟང་ལ་ཇིང་གི་སི་ཥན་ཞེས་མཚན་གསོལ།  སྡེ་བ་སངས་རྒྱས་རྒྱ་མཚོ་ཟུར་བཞུགས་བྱས།  སྲས་ཨ་བཱ་ལ་ཁྲིར་བཏོན།  དེ་སྐབས་ལོ་སྔ་ཕྱི་འདིར་དགའ་ལྡན་གསེར་ཏོག་ལ་ཡང་ཡང་མེ་འབར་བས།  གཞུང་ནས་ལྟས་ངན་ཡིན་ཞེས་ཚོགས་ཆེན་ལ་བསྒྲགས། རྗེ་འདིའི་ཞལ་ནས།  དེ་ལྟས་ངན་མིན་འགྲོ།  སྔོན་རྒྱ་པོ་ཀཽའུ་ཤི་ཧན་སོག་ཡུལ་ནས་ཡོངས་དུས་ཡང་དགེ་ལྡན་གསེར་ཏོག་ལ་མེ་འབར་བ་ཡིན།  རྗེ་རིན་པོ་ཆེ་རང་གི་སྤྲུལ་བ་རེ་དངོས་སུ་བྱོན་དུས་དེ་ལྟར་ཡོངས་པས།  འདི་ཡང་རྗེ་རིན་པོ་ཆེ་རང་གི་སྤྲུལ་པ་གཅིག་འབྱོན་ལྟས་ཡིན་པས།  དགེ་ལུགས་ལ་འཕེལ་རྒྱས་ཡོངས་པའི་ལྟས་ཡིན།  དོན་ལ་རྒྱལ་བོ་འདི་ཀཽའུ་ཤི་ཧན་གྱི་སྐྱེ་བ་ཡིན་པས།  ཀཽའུ་ཤི་ཧན་རྗེ་རང་གི་སྤྲུལ་པ་ཡིན་ཞེས་ལྐོག་ནས་འཁོར་འགའ་ཞིག་ལ་གསུངས།”[32]ཞེས་འཁོད་ཡོད་ཅིང་། སྐབས་གཞན་ཞིག་ཏུའང་རྒྱལ་པོ་ལྷ་བཟང་ཧན་ནི་རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་མནལ་ལམ་དུ་རྨིས་པའི་སྐོར«ངོ་མཚར་སྐལ་བཟང་འཇུག་ངོགས»སུ“དེ་དུས་རྗེ་འདིའི་མནལ་ལམ་དུ། དམིགས་བརྩེ་མའི་དབྱངས་རིང་པོ་འཐེན་པ་བྱུང་བས། ཞལ་ནས། རྒྱལ་པོ་འདི་རྗེ་རིན་པོ་ཆེའི་བྱིན་གྱིས་བརླབས་པའི་སྤྲུལ་པ་ཞིག་ཡིན། བྱང་ལ་སོང་བ་དེ་ལེགས་འདུག སླར་འདིས་རྗེའི་བསྟན་པ་ལ་ཕན་ཐོགས་བཟང་པོ་ཡོང་ཞེས་སྐུ་འཁོར་འགའ་ཞིག་ལ་སྦས་པའི་ཚུལ་གྱིས་གསུངས།”[33]ཞེས་ཀྱང་གསལ་བ་ལྟར་རོ།།

ལྷ་བཟང་ཧན་དང་སྡེ་སྲིད་གཉིས་ཀྱིས་དབང་ཆ་རྩོད་རེས་བྱས་མཐར། ཤིང་བྱ་ཕྱི་ལོ་1705ལོར་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཀྱི་རལ་གྲིས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མགུལ་བཅད་དེ་བཀྲོངས་སོ།  ། ལར་ནས་སྐབས་དེར་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་འབྲས་སྤུངས་ཀྱི་བླ་མ་ཐམས་ཅད་སྡེ་སྲིད་ཀྱི་རྗེས་སུ་ཕེབས་སྐབས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་ཟམ་པ་བསྐོར་ན་འགོར་འགྲོ་གསུངས་ནས་ཆུ་ལ་ཞུགས་རྩིས་མཛད་པ་དེ། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་ཐུགས་བསམ་གཞན་ཞིག་བཞེས་ཏེ་འགོར་འགྱངས་གནང་བའི་ཆ་འཇོག་བྱེད་མོད། ཁོ་བོས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་རྣམ་ཐར་གཉིས་གཤིབ་བསྡུར་བྱས་ཏེ་ལོ་རྒྱུས་ཀྱི་ཤུགས་བསྟན་ལ་བསམ་བློ་བཏང་ན། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་སྡེ་སྲིད་དང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་གཉིས་ཀྱི་གོ་གནས་མེད་པ་གནང་རྒྱུ་ལས་མཐའ་གཅིག་ཏུ་བཀྲོང་རྒྱུའི་ཐུགས་དགོངས་བཞེས་མི་འདུག་སྙམ།

ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་སྡེ་སྲིད་གཤེགས་རྗེས། “ཉིན་གཅིག་ཚོགས་གཏམ་ལ་རྗེ་རིན་པོ་ཆེའི་བསྟན་པ་འདི་ལ་སུས་ཀྱང་ལོག་པ་དྲན་མི་ཉན་རང་ཕུང་ཡོང་། འདི་ལ་མཐོ་དམན་སུས་ཀྱང་ཕར་འགྱུར་ཚུར་འགྱུར་དང་། ཡང་བསྲེ་མར་བསྲེ་བྱེད་མི་ཉན། ངའི་ཚིག་འདི་བདེན་མ་བདེན་སྔ་སོར་ཡང་ངེད་ཚོས་རིག་པ་དེ་ཡིན། མི་བདེན་སྙམ་ན་ཁྱེད་རང་ཚོས་རྩད་ཆོད་རེ་ལྟོས།”[34] ཞེས་གསུངས་ཡོད། གསུང་དུམ་འདིའི་རྒྱབ་ལྗོངས་ནི་སྡེ་སྲིད་ཀྱི་གཤེགས་དོན་ནི་དོན་དངོས་སུ་སྡེ་སྲིད་ཀྱིས་རྙིང་མའི་ཆོས་ཕར་འགྱུར་ཚུར་འགྱུར་དང་། ཡར་བསྲེ་མར་བསྲེ་གནང་བ་ལ་འབྲེལ་བ་ཡོད་ཚུལ་བསྟན་ཡོད།

དེ་ནས་ལྷ་བཟང་ཧན་གྱིས་སྡེ་སྲིད་མེད་པའི་གོ་སྐབས་དང་བསྟུན་ནས་པེ་ཅིན་དུ་མི་སྣ་བཏང་ནས་གོང་མ་ཁང་ཞིར་སྡེ་སྲིད་ཀྱི་ངན་གཡོ་དང་ལྐོག་ཇུས་ཞུས་པར་མ་ཟད། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ནི་ཏཱ་ལའི་བླ་མ་ལྔ་བའི་ཡང་སྲིད་ངོ་མ་མིན་པ་དང་། སྡོམ་ཁྲིམས་མི་སྲུང་བས་ཁྲི་ལས་འབེབས་དགོས་ལུགས་སྙན་དུ་སྒྲོན་སྟབས། རྒྱ་ནག་ནས་བང་ཆེན་པ་ལྷ་སར་འོངས་ཏེ། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་གདན་འདྲེན་ཞུ་སྐབས། བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་གྲོས་བྱས་པར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་རྒྱ་ནང་དུ་གཏོང་རྒྱུ་ཡིད་འཐད་བྱུང་མེད་མོད། འོན་ཀྱང་རྒྱ་ནག་གོང་མ་དང་། རྒྱལ་པོ་ལྷ་བཟང་ཧན། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་བཅས་ཀྱི་ཐུགས་དགོངས་ལྟར། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར་ཡོད།

«རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»སུ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཨ་མདོ་མཚོ་སྔོན་ཕྱོགས་ཀྱི་ཀུན་དགའ་ནོར་དུ་ཕེབས་སྐབས་མགྲིན་ཆམ་ལྟ་བུ་བཞེས་ནས་སྐུ་འདས་པའི་སྐོར་འཁོད་ཡོད་མོད། ཚངས་དབྱངས་རྒྱ་མཚོའི་གསང་རྣམ་ལ་རྐྱེན་བྱས་ཏེ་ཁོང་གི་འདས་རྐྱེན་ལ་བཞེད་པ་མི་མཐུན་པ་ཡོད། ཁོ་བོར་ཡང་འདས་རྐྱེན་དེ་ལས་འཕྲོས་པའི་དཔྱད་ཡིག་གསར་པ་ཞིག་ཐོབ་ཡོད་པས་དེའི་སྐོར་སྐབས་གཞན་ཞིག་ཏུ་གླེང་འདོད་ཡོད།

རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་གདན་དྲངས་པའི་ལོ་དེར། ངག་དབང་ཡེ་ཤེས་རྒྱ་མཚོ་རྒྱལ་བའི་ཡང་སྲིད་དུ་ངོས་བཟུང་ཚུལ་འདི་ལྟར། “དེ་ནས་རྒྱལ་པོས་པཎ་ཆེན་རིན་པོ་ཆེ་དང་ཆོས་སྐྱོང་ཁགས་སོ་སོ་ལ་བརྟག་པ་བྱས་ནས་ཁམས་ནས་འཁྲུངས་པའི་པད་དཀར་འཛིན་པ་འདི་རྒྱལ་བའི་སྤྲུལ་སྐུ་ཡིན་པའི་ལུང་བསྟན་བབས། རྒྱ་ནག་གོང་མ་ཆེན་པོ་ལ་ཞུས་པས་ཀྱང་ཁྲི་ལ་བཞུགས་ཆུག་དང་བདག་རྐྱེན་བྱེད་ཅེས་བཀའ་ཕེབས་པས་རྒྱལ་པོས་རྗེ་འདི་ལ་ཞུས་པས། རྗེ་འདིའི་ཞལ་ནས་རེ་ཞིག་པཎ་ཆེན་རིན་པོ་ཆེ་གདན་དྲངས་ནས་དབུས་ནས་བཞུགས། སྤྲུལ་སྐུ་ཐུགས་གཉེར་བྱེད་བཅུག་ནས་མི་མངོན་པར་བྱས་ན་བཟང་གསུངས་ཀྱང་། རྒྱལ་པོས་དེ་བྱས་ན་གཞུང་དགའ་ལྡན་ཕོ་བྲང་ལ་གནོད་ཅིང་ཐམས་ཅད་ཀྱིས་རྒྱལ་པོ་དགའ་ལྡན་ཕོ་བྲང་མེད་པར་བྱས་ཟེར་འོང་། རྒྱལ་བ་རིན་པོ་ཆེའི་སྤྲུལ་སྐུ་ཞིག་ཡོད་ཕྱིན་ཁྲི་ལ་མྱུར་དུ་འདོན་དགོས་ཟེར་ཐབས་མ་བྱུང་བར་རྒྱལ་པོ་ཕེབས་ནས། པཎ་ཆེན་རིན་པོ་ཆེ་དབུས་ལ་གདན་དྲངས། པད་དཀར་འཛིན་པ་དགུང་ལོ་ཉི་ཤུ་རྩ་གཉིས་ཀྱི་སྟེང་ནས་ཧོར་ཟླ་གཉིས་པའི་ཉི་ཤུ་ལྔའི་ཉིན་ཁྲི་ལ་བཏོན། ཁྲི་སྟོན་བྱས། ཁྲི་སྟོན་ལ་ཕྱོགས་ཐམས་ཅད་ལས་འབུལ་བ་རྒྱ་ཆེར་ཕུལ། ཟླ་བ་ཕྱི་མ་ལ་ཇོ་བོ་རིན་པོ་ཆེའི་མདུན་ནས་པཎ་ཆེན་རིན་པོ་ཆེས་མཁན་པོ་མཛད། རྗེ་འདི་ལ་སོགས་པའི་ཁ་སྐོང་བྱས་ནས་དགེ་འདུན་གྲངས་ཚམས་པའི་དབུས་སུ་བསྙེན་རྫོགས་བྱས།”[35]ཞེས་གསལ་བ་ལྟར་རོ། །

འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དགུང་ལོ་རེ་གཉིས་པར་དཔོན་ཇུ་ནང་གིས་དགོན་པ་གསར་འདེབས་ཀྱི་ཆེད་དུ་གདན་དྲངས་པ་ལྟར་མདོ་སྨད་དུ་ཕེབས་རྗེས་། ཁོང་དང་རྒྱལ་པོ་ལྷ་བཟང་ཧན། ངག་དབང་ཡེ་ཤེས་རྒྱ་མཚོ་བཅས་ཀྱི་འབྲེལ་ཐག་སྔར་བཞིན་མ་ཆད་པར་ཕན་ཚུན་ལ་བང་ཆེན་བཏང་བའི་གནས་ཚུལ་ཁག་འཇམ་དབྱངས་བཞད་ངག་དབང་བརྩོན་འགྲུས་ཀྱི་རྣམ་ཐར་ཁག་གཉིས་སུ་གསལ་བ་དང་། མེ་བྱ་ཕྱི་ལོ་1717ལོའི་ཟླ་11པའི་ཚེས་1ཉིན་ཇུན་གར་བའི་དམག་གིས་རྒྱལ་པོ་ལྷ་བཟང་ཧན་འཁོར་དང་བཅས་པ་བསད་པ་དང་། དེ་རྗེས་པད་དཀར་འཛིན་པ་ཁྲི་ལས་ཕབ་ཡོད། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་པོ་ལྷ་བཟང་ཧན་ལ་ཇི་ཞིག་འབྱུང་རྒྱུ་ཡིན་པའི་སྐོར«ངོ་མཚར་སྐལ་བཟང་འཇུག་ངོགས»སུ“ལོ་དེའི་སྟོན་མཇུག་ཅུང་གར་གྱི་དམག་དབུས་སུ་སླེབས་འདུག་ཟེར་བ་གསན་ནས་བརྟག་པ་མཛད་པའི་རྨི་ལྟས་ཤིན་ཏུ་ངན། རྒྱལ་པོ་ཚང་ཅུང་གར་གྱིས་ལེན་པ་འདྲ་གསུངས། ཨེར་ཏི་ནི་ཐའི་ཇིས་ངས་དམག་ཁྲིད་ནས་རྒྱལ་པོའི་དམག་རོགས་ལ་སོང་ན་ཞུས་པས་ཁྱོད་མ་སླེངས་གོང་དུ་ཐག་ཆོད་པ་འདྲ་གསུངས་ནས་དེར་འགྲོ་བ་བཤོལ།”[36] ཞེས་འཁོད་འདུག

རྒྱལ་བོ་ལྷ་བཟང་ཧན་གཤེགས་རྗེས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་ཐུགས་འགྱོད་མཛད་པ་དང་དགོངས་རྫོགས་བསྒྲུབས་པའི་སྐོར་ཡང་གསལ་བ་འདི་ལྟར། “ཅུང་གར་གྱི་དམག་གིས་ལྷ་བཟང་བགྲོངས་པ་གསན་ནས་ཐུགས་འགྱོད་ཆེར་མཛད་ཅིང་ཚོགས་སུ་མང་ཇ་བཏང་ནས་འཇིགས་བྱེད་ཚར་རེ་རེ་ཞིག་བར་གསུང་བཅུག་ནས་དགོངས་རྫོགས་བསྒྲུབས།”[37]ཞེས་འབྱུང་བ་དང་།  དེ་ནས་ལོ་བཞི་འགོར་རྗེས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་མཆོག་ནི་ལྕགས་མོ་གླང་ཕྱི་ལོ་1721ལོའི་ཧོར་ཟླ་གཉིས་པའི་ཚེས་པ་ལྔའི་ཉི་དྲོས་ཀྱི་དུས་སུ་སྐུ་གཤེགས་འདུག

གང་ལྟར། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་པོ་ལྷ་བཟང་ཧན་རྣམས་འཕྲོ་རིམ་འཕྲོར་སྐུ་གཤེགས་རྗེས། གུ་ཤྲཱི་ཧན་དང་ཁོའི་བུ་རབས་ཚ་རྒྱུད་ཀྱིས་བོད་ལ་ལོ་ངོ་བདུན་ཅུ་དོན་ལྔའི་རིང་དབང་བསྒྱུར་པའི་ལོ་རྒྱུས་ཀྱི་མཇུག་ཡོངས་སུ་རྫོགས་ཡོད།

 མཐའ་སྡོམ།

«རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་གཤིབ་བསྡུར་བྱས་ཏེ་བཀླགས་ན། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ནི་རྙིང་མའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས་པས་རྒྱལ་དབང་ལྔ་པའི་ཡང་སྲིད་དུ་ངོས་ལེན་གནང་མེད་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་རྙིང་མའི་ཆོས་ཉམས་ལེན་གནང་བར་བརྟེན་ནས། ཁོང་དང་སྡེ་སྲིད་གཉིས་ཀྱི་འབྲེལ་ཐག་ཇེ་རིང་དུ་སོང་བ་ཤེས་ཐུབ།

དེ་ནས་རྒྱལ་པོ་ལྷ་བཟང་ཧན་ལྷ་སར་འབྱོར་ཏེ་བོད་ཀྱི་སྲིད་དབང་སྡེ་སྲིད་ཀྱི་ཕྱག་ནས་འཕྲོག་འདོད་ཀྱིས་ཁོང་གཉིས་མ་འཆམ་པར་ཡོད་སྐབས། ཀུན་མཁྱེན་ངག་དབང་བརྩོན་འགྲུས་ཚང་དང་ལྷ་བཟང་ཧན་གཉིས་ཀྱི་བར་ལ་བླ་སློབ་ཀྱི་འབྲེལ་བ་བྱུང་ཞིང་། ལྷ་བཟང་ཧན་གྱི་ཆུང་མ་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཀྱིས་སྡེ་སྲིད་ཀྱི་མགུལ་བཅད་པ་དང་། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཡང་ལྷ་ས་ནས་བཞུགས་མ་ཐུབ་པར་རྒྱ་ནག་ཏུ་ཕེབས་དགོས་ཚུལ་སོགས་རྟོགས་ནུས།

བསེ་ཚང་ངག་དབང་བཀྲ་ཤིས་མཆོག་ཀྱང་སྐབས་ཐོག་དེའི་མི་ཞིག་ཡིན་པས། ཁོང་གིས་དངོས་སུ་མཐོང་བ་དང་ཐོས་པའི་ལོ་རྒྱུས་དེ་དག«རྣམ་ཐར་བཙན་པོ་མ»རུ་བྲིས་པར་བརྟེན་ནས། ཀུན་མཁྱེན་འཇིགས་མེད་དབང་པོས་རྣམ་ཐར་དེའི་ནང་གསལ་བའི་ལོ་རྒྱུས་སྐོར་ཞིག་སྦས་པའི་ཚུལ་གྱིས«ངོ་མཚར་སྐལ་བཟང་འཇུག་ངོགས»མཛད་དེ། «རྣམ་ཐར་བཙན་པོ་མ»བཀའ་རྒྱ་མའི་ཚུལ་དུ་བསྒྲགས་པ་ཞིག་རེད་སྙམ། བླ་བྲང་བཀྲ་ཤིས་འཁྱིལ་དུ་དབུ་མ་མ་བརྒལ་བར་དུ་རྣམ་ཐར་དེའི་ཞལ་འབྱེད་མི་ཆོག་པ་གནང་བ་དེ་ཡང་མཐར་གཏུགས་ན་གྲྭ་པ་ལོ་ཆུང་ཚོས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ལ་ལོག་ལྟ་མི་བྱེད་པའི་ཆེད་དུ་ཡིན་པར་འདོད་དོ། །

དཔྱད་ཡིག་དང་ཞབས་མཆན། 

[1] སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་འཇམ་བཞད་ངག་དབང་བརྩོན་འགྲུས་གཉིས་བར་གྱི་འགལ་བའི་འབྱུང་རྐྱེན་སྐོར་གླེང་བ། རྩོམ་པ་པོ། བདེན་འཚོལ། འབྲེལ་ཐག་འདི་ན་ https://www.khabdha.org/? གསལ། 2014ལོའི་ཟླ་4པའི་ཚེས་༢༩ཉིན་སྤེལ་འདུག

[2] ༢༠༢༡ལོའི་ཟླ་༩པའི་ཚེས་༧ཉིན་ཧོར་གཙང་འཇིགས་མེད་ཀྱིས‘‘གསེར་ཟམ་ཚོམས་’’ཞེས་པའི་སྐད་ཚོམས་ཤིག་ཏུ‘‘མཁས་དབང་བློ་བཟང་དཔལ་ལྡན་མཆོག་གི་སྐུ་ཚེའི་ལོ་རྒྱུས’’ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཅིག་གནང་བའི་སྐབས་སུ། ཁོང་གིས«ངོ་མཚར་སྐལ་བཟང་འཇུག་ངོགས»ཀྱི་ནང་དུ་མ་འཁོད་པའི་གནས་ཚུལ་གསར་པ«རྣམ་ཐར་བཙན་པོ་མ»ཡི་ནང་མི་འདུག་གསུངས་འདུག 2021ལོའི་9པའི་ཚེས་8ཉིན་ཁ་གྱའི་ཁྱུང་སྔོན་འཕྲིན་སྟེགས་ཀྱིས་གསུང་བཤད་དེ་སྤེལ་འདུག གཞན་ཡང་། ‘‘མདོ་སྨད་གླེང་བ’’ཞེས་པའི་སྐད་ཚོམས་ཤིག་ཏུ་ཤེས་ཡོན་པ་སྐོར་ཞིག་གིས ‘‘རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཞིབ་འཇུག’’ཅེས་པའི་བརྗོད་གཞིའི་སྟེང་གཏམ་བཤད་གནང་སྐབས། བཙན་རྒྱལ་ཞུ་བ་ཞིག་གིས་«ངོ་མཚར་སྐལ་བཟང་འཇུག་ངོགས»ཀྱི་ནང་དུ་མ་འཁོད་པའི་གནས་ཚུལ་གསར་པ«རྣམ་ཐར་བཙན་པོ་མ»ཡི་ནང་མི་འདུག་གསུངས། བགྲོ་གླེང་འདིའི་ཟླ་ཚེས་མི་གསལ་མོད། 20121ལོའི་ཟླ་༡༠པའི་ཚེས་༣༡ཉིན་བགྲོ་གླེང་དེའི་སྟོད་ཆ་彭措书香 ཞེས་པའི་འཕྲིན་སྟེགས་སུ་སྤེལ་འདུག

[3] འཇམ་དབྱངས་བླ་མ་ངག་དབང་བཀྲ་ཤིས་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་སྙེ་མ་ངོ་མཚར་ཕྲེང་མཛེས། བློ་བཟང་དོན་གྲུབ་ཀྱིས་མཛད། ཤིང་སྤར་མའི་ལྡེབ་གྲངས་53པར་གསལ།

[4] རྗེ་དཔྱི་ས་བློ་གྲོས་རྒྱ་མཚོའི་གསུང་རྩོམ་བཞུགས་སོ། ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997ལོར་པར་དུ་བསྐྲུན། ཤོག་གྲངས་44ནས་གསལ།

[5] རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997ལོར་སྤར་དུ་བསྐྲུན། གསུང་འབུམ་པོད་དང་པོའི‘‘དམུ་དགེ་བསམ་གཏན་གྱི་རང་རྣམ་རང་གསལ་ཨཱ་དར་ཤ’’ཞེས་པའི་ཤོག་གྲངས་697ནས་གསལ།

[6] ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་འབྱུང་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས། དགེ་བཤེས་བསྟན་པ་བསྟན་འཛིན།དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད། 2003ལོར་སྤར་དུ་བསྐྲུན། པོད་ཁ་པ། ཤོག་གྲངས་30ནས་གསལ།

[7] བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ། པོད་གསུམ་པ། མི་རིགས་དཔེ་སྐྲུན་ཁང་། 2001ལོར་པར་དུ་བསྐྲུན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཐུགས་སྲས་དམ་པ་སྨྲ་བའི་དབང་ཕྱུག་ཆེན་པོ་ཁྲི་ངག་དབང་བཀྲ་ཤིས་དཔལ་བཟང་བོའི་རྣམ་ཐར་བསྡུས་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད། ཤོག་གྲངས་459-460བར་གསུང་རྩོམ་གྱི་དཀར་ཆག་ཅིག་བཞུགས།

[8] ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་གཉིས་པ་རྗེ་འཇིགས་མེད་དབང་པོའི་རྣམ་ཐར། དཀོན་མཆོག་བསྟན་པའི་སྒྲོན་མེ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ཤོག་གྲངས་༡༠༧ ནས་གསལ།

[9] ངག་དབང་བཀྲ་ཤིས་ཀྱི་རྣམ་ཐར་ཟུང་འཇུག་གྲུབ་པའི་རྔ་ཆེན། བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོས་མཛད། ཤིང་སྤར་མའི་ཤོག་གྲངས་15ནས་གསལ།

[10] ཨ་ལགས་བསེ་ཚང་གི་གསུང་རྩོམ་པོད་གསུམ་པའི་ཤོག་ངོས་ 423 ན་གཏེར་ལུང་དགོན་པའི་ལོ་རྒྱུས་དང་གདན་རབས་ཡོད་པ་དེར་བསེ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་རེ་ཡོད། ཡང་དེའི་ཤོག་ངོས་ 438 ན་བསེ་དང་པོའི་རྣམ་ཐར་དེ་ལས་རྒྱས་ཙམ་ཡོད། མཆན་7པར་གཟིགས།

[11] «རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་སྡེའི་རྣམ་པར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ་ཞེས་བྱ་བ།» གཤམ་དུ«རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།»ཞེས་ཞུ་རྒྱུ་ཡིན། བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་91ནས་གསལ།

[12] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་91ནས་གསལ།

[13] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་117ནས་གསལ།

[14] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་117ནས་གསལ།

[15] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་201ནས་གསལ།

[16] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་185ནས་གསལ།

[17] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་74ནས་གསལ།

[18] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་117ནས་གསལ།

[19] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་139ནས་གསལ།

[20] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་74ནས་གསལ།

[21] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་181ནས་གསལ།

[22] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་107-108བར་གསལ།

[23] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་206ནས་གསལ།

[24] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་211-212བར་གསལ།

[25] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་121ནས་གསལ།

[26] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་217ནས་གསལ།

[27] རེབ་གོང་པ་འཇིགས་མེད་བསམ་གྲུབ་ཀྱིས་ཁོ་བོར་བཙན་པོ་མ་ཞེས་ཐོགས་དོན་གྱི་ངག་རྒྱུན་དེ་གསུངས་མྱོང་། ཁོང་གིས་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་ཞལ་ལས་ཐོས་ཚུལ་ཞིག་ཀྱང་གསུངས་སོང་།

[28] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་139ནས་གསལ།

[29] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་149ནས་གསལ།

[30] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་175ནས་གསལ།

[31] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་101ནས་གསལ།

[32] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་91-92བར་གསལ།

[33] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་115-116ནས་གསལ།

[34] རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ།  བསེ་ངག་དབང་བཀྲ་ཤིས། ཤིང་སྤར་མའི་ཤོག་གྲངས་207ནས་གསལ།

[35] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་227-228བར་གསལ།

[36] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་202ནས་གསལ།

[37] འཇམ་དབྱངས་བཞད་པའི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོར་སྤར་དུ་བསྐྲུན། ཤོག་གྲངས་204ནས་གསལ།

– – – – –

Loading

9 མཆན།

  1. ཆ་ཚང་བཀླགས་ཟིན། ཧ་ཅང་ཞིབ་ཚགས་ཀྱིས་བྲིས་འདུག བཀའ་དྲིན་ཆེ། ཡི་གེ་རེ་ཟུང་ཆད་པ་དང་ནོར་བ་འདུག་སྙམ་པ་བྱུང་།

    • ལུང་འདྲེན་ཡིག་ཆ་ཁག་སོར་བཞག་བྱས་ཡོད། གཞན་ཆད་ནོར་ཡོད་ན་གསུང་རོགས་ཞུ།

  2. ཉམས་ཞིབ་ལེགས་པོ་གནང་འདུག བཀའ་དྲིན་ཆེ། བོད་པ་ཚང་གི་བླ་མ་སྤྲུལ་པ་མང་པོས་ངོ་མ་ཆོས་མི བྱེད་ཆོས་ལུགས་བྱེད་ཟེར་བ་འདི་ཅིས་མི་བདེན། བར་ན་བོད་འདི་མི་ལོ་ ༧༥ ཙམ་རིང་སོག་པོའི་མི་རབས་དཔོན་བརྒྱུད་ཀྱིས་བཟུང་། ད་དུང་དྲུག་པའི་གསང་རྣམ་ལས་གནད་དོན་མང་པོ་ཕྱི་རུ་གསལ་འདོན་ཡོང་རྒྱུ་ཡིན་པར་ཚོད་དཔག་བྱེད་རན་འདུག

  3. ཧ་ཅང་ཡག་པོ་བྲིས་འདུག དགའ་བསུ་ཡོད། རྗེས་སུ་ཡི་རང་ཡོད།

  4. ༧རྣམ་དཔྱོད་ལྡན་པ་གྲོགས་སྙན་བཟང་ལགས།

    གཤིབ་སྡུར་ཡག་པོ་གནང་འདུག ཆ་ཚང་བཀླགས་ཟིན། བློ་བསྐྱེད་མི་དམན་པ་བྱུང་།
    ད་རུང་དྲུག་པའི་གཤེགས་རྐྱེན་གྱི་དཔྱད་རྩོམ་ལ་རེ་ཞིང་སྒུག ཁྱེད་ཀྱི་རྣམ་དཔྱོད་དང་བརྩོན་པར་ཡི་རངས་ཞུ། ཐུགས་རྗེ་ཆེ།

  5. བཀླགས་ཚར། ཕྱིར་རྟོག་བྱས་ན། ངས་སྔོན་ཆད་གོ་ཐོས་བྱུང་བ་ལས་མང་ཙམ་ཞིག་གི་ཕྱེད་ཀ་ཙམ་ལས་བདེན་པ་རེད་མི་འདུག ལོ་རྒྱུས་ཟེར་བ་འདི་ཕྱོགས་ཞེན་གྱིས་ཐག་རིང་ལ་མ་དྲུད་པར། ཐག་ཉེར་སོང་ནས་བལྟས་ན། སྐབས་རེར་ཅུང་འཇིགས་སུ་རུང་བ་ཞིག་ཡིན་པ་འདྲ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།