ནང་དོན་གནད་བསྡུས། སུམ་པ་དང་མཛོ་ཡི་འབྲེལ་ལམ་དང་སུམ་པ་གླང་གི་གྱིམ་ཤོད་ངོས་འཛིན་བྱ་སྟངས་དང་། ཏུན་ཧོང་ཡིག་རྙིང་མཛོ་མོའྀ་རབས་དང་གཉན་འབུམ་སོགས་སྤྱད་ནས་དེ་དག་སྐོར་ལ་རང་གིས་བསམ་གཞིག་དང་འབྲེལ་ཏེ་ཉུང་བསྡུས་ཤིག་དཔྱད་རྩོམ་གྱི་འགྲོས་དང་མཐུན་པར་བྱས་ནས་བྲིས་ཡོད།
གནད་ཚིག་གཙོ་བོ། ཏུན་ཧོང་ཡིག་རྙིང་། སུམ་པ། མཛོ་མོའི་རབས། སུམ་པ་གླང་གི་གྱིམ་ཤོད། ཁྱུང་པོ་སྟེང་ཆེན།
འདིར་གནའ་བོའི་རྒྱལ་ཕྲན་བཅུ་གཉིས་ནང་ཚན་སུམ་པ་རྒྱལ་ཕྲན་གྱི་མངའ་འབངས་སུ་གཏོགས་ཤིང་རྒྱལ་ཕྲན་ཁག་གི་དབང་བསྒྱུར་སྟོབས་ཤུགས་ཀྱི་འགྲན་རྩོད་ལས་ཕམ་ནས་ཞང་ཞུང་རྒྱལ་ཕྲན་མངའ་འབངས་སུ་གནས་པའི་སྒོ་ཤེལ་ལེ་རྒྱ་གར་སུམ་པ་གླང་གི་གྱིམ་ཤོད་ཅེས་བོན་གྱི་ཡིག་ཚང་དུ་གསལ་བའི་ཞང་ཞུང་སྒོ་ཕུག་བར་གྱི་ཡ་གྱལ་ཞང་ཞུང་སྒོ་བ་སུམ་པ་གླང་གི་གྱིམ་ཤོད་འདི་ཉིད་ངོས་འཛིན་བྱ་སྟངས་དང་སུམ་པ་གླང་གི་གྱིམ་ཤོད་ཅེས་པའི་ཐ་སྙད་ལ་འགྲེལ་བཤད་གནང་སྟངས་དུ་མ་ཞིག་ཡོད་འདུག་མོད། འོན་ཡང་རང་ཉིད་ཀྱིས་མཐོང་བའི་དཔེ་ཆ་ཁག་གི་བསྟན་ཚུལ་དང་འདུག་སའི་ཡུལ་འདི་ཉིད་ཆགས་སྟངས་སོགས་ལ་ལོ་མང་བསམ་གཞིག་བྱས་པས་མྱོང་མཐོང་ཁག་ཅིག་སུམ་པའི་ལོ་རྒྱུས་ཞིབ་འཇུག་གནང་ཁག་ལ་སྡོང་གྲོགས་སུ་བསམ་ནས། ལོ་མང་རིང་དུ་དཔེ་ཀློག་གི་བསྐལ་བ་ཐོབ་པའི་མཐོང་ཐོས་མྱོང་གསུམ་དེ་དག་རིག་གནས་བསྐྱར་དར་གྱི་དུས་རབས་རླབས་པོ་ཆེ་འདིར་མེ་ཏོག་ཆུང་ཡང་ལྷ་རྫས་ཞེས་པའི་དཔེ་ལྟར་ཤེས་ལྡན་པའི་ཚོགས་ལ་བགྲོ་གླེང་ཞིག་འདོད་པས་ཀུན་ནས་སླངས་ཏེ། སུམ་པ་གླང་གི་གྱིམ་ཤོད་ཀྱི་སྐོར་ནས་དཔྱད་ཐུང་ཉུང་ངུ་ཞིག་བྲི་བའི་དབུ་འཁྱུད་ལ་ངལ་བས་བརྩམས་ཡོད།
དང་པོ། སུམ་པ་དང་མཛོ་ཡི་འབྲེལ་ལམ་ལ་བརྟག་པ།
སུམ་པ་ནི་མདོ་དབུས་སྒང་གི་རྒྱལ་ཕྲན་སིལ་མའི་སྐབས་སུ་བྱུང་བའི་རྒྱལ་ཕྲན་ཞིག་ཡིན་པ་འདོད་ཚུལ་ལོ་རྒྱུས་དེབ་ཐེར་ཁག་ཏུ་ཡོད་ཀྱང་དོན་དངོས་སུ་རྒྱལ་ཕྲན་བཅུ་གཉིས་ཀྱི་ནང་ཚན་ཞིག་ཡིན་འདུག་སྟེ། ཏུན་ཧོང་ཡིག་རྙིང་ལས། རྒྱལ་ཕྲན་བཅུ་གཉིས་ཀྱི་གྲས་སུ་བགྲངས་ཡོད་དེ། ཡུལ་སུམ་ཡུལ་གྱི་ཡ་གསུམ་ནའ། རྗེ་འབས་ལྗི་མང་རུ་ཏི། བློན་པོ་རླང་དང་ཀམ་གཉིས་[1]ཞེས་གསལ་ཞིང་སུམ་པའི་རྒྱལ་ཕྲན་ལའང་བསྟི་གནས་མ་ངེས་པའི་རྒྱལ་པོ་དུ་མ་ཞིག་བྱུང་ཡོད་པ་དཔེ་ཆ་ཁག་ལས་ཡོང་གི་འདུག་མོད་འདིར་རྒྱས་པར་འབྲི་བའི་ངལ་བ་མི་བརྩོན་ནོ། སུམ་པ་ཞེས་པ་འདི་ནི་རུས་རིགས་དང་འབྲེལ་ནས་ཐོགས་པའི་རྒྱལ་ཕྲན་ཞིག་གི་མིང་དུ་སྣང་ཞིང་དུས་རབས་ནམ་ཞིག་ལ་ཐོགས་པ་ནི་བསམ་ཚོད་ལས་འདས། སུམ་པའི་རུས་ཀྱི་གྲོལ་ཕུག་ནི། མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་ལས། མི་ལ་མིའུ་རིགས་བཞི་སྲིད། སྨར་དང་ཞང་ཞུང་གཉིས། ལྡོང་དང་མེ་ཉག་གཉིས། སྟོང་དང་སུམ་པ་གཉིས། སེ་དང་འ་ཞ་གཉིས། ཞང་པོ་སྒོ་དང་ལྔ་རུ་བྱུང་།[2] ཞེས་འཁོད་ཅིང་དེ་ཡང་བོད་ཀྱི་རུས་ཆེན་སྡེ་ལྔའི་ཁྱབ་ཁོངས་ལས་བྱུང་བའི་རུས་རིགས་ཡིན་པ་མངོན་གསལ་དོད་དུ་སོང་ཞིང་། དེ་མིན་ལོ་རྒྱུས་ཁག་ཏུ་ལྡོང་། དབྲ། འགྲུ། སྒ་བཞིའམ། ལྡོང་། སྟོང་། སེ། སྨུ་བཅས་བཞི་ལ་རུས་པའི་གྱེས་གཞིར་འཇོག་སྲོལ་ཡང་ཡོད་འདུག སུམ་པའི་རུས་རྒྱུད་ཀྱི་དབང་བསྒྱུར་སྟོབས་ཤུགས་ཇེ་ཆེར་སོང་ནས་སུམ་པ་རྒྱལ་ཕྲན་བཙུགས་པ་ནི་སྨོས་མེད་རེད་ལ། དུས་རབས་ནམ་ཞིག་ལ་སུམ་པ་རྒྱལ་ཕྲན་བྱུང་བ་ནི་ནམ་ཡང་ཐག་ཆོད་ཐུབ་པ་ཞིག་མིན། སུམ་པའི་རུས་རྒྱུད་ཀྱི་དབང་བསྒྱུར་བྱ་སའི་ཡུལ་ཕྱོགས་ནི་ད་ལྟའི་བོད་ལྷོ་རྒྱུད་ཀྱི་གཞིས་རྩེའི་ས་ཆ་ཁ་ཤས་དང་ཆབ་མདོ་དང་ནག་ཆུའི་ས་ཆ་ཁ་ཤས་སོགས་ཡིན་པ་ཡིག་ཚང་ཁག་ལས་མངོན་གྱིན་འདུག
སུམ་པ་དང་མཛོ་གཉིས་ལ་དམིགས་བསལ་འབྲེལ་ཡོད་པ་ཞིག་ཡིན་འདུག་སྟེ། ཏུན་ཧོང་ཡིག་རྙིང་མཛོ་མོའྀ་རབས་ལས། བྱང་ནས་ཚ་བླངས་མྱི་མཛོ་སྣར་མ་དང་། བྱང་ནས་ཚ་བླངས་སྣ་མ་ནས། ཉ་ཉ་མྱི་མཛོ་སྣར་མ་ནས། ཉ་ཕུ་མོ་སྙིང་ཆེ་དང་། ནབ་<ནུ>མོ་སྙིང་མྱི་ཆེ་བབ་བོ། འདུག་ཀྱང་ནུབ་<ནུ་>མོ་ཀུ་མྱི་དྲག་ཕུ་མོ་སྤུ་སྡུག་ཀྱང་། ནུ་མོ་སྤུ་མྱྀ་སྡུག ཕུ་མོ་ནྀ་ང་ཡ་ནུ། མོ་གན་མྱྀང་ན་ཁེ་མཛོ་དྲུགདུ་སུམ་རྗེ་ཡག་ཕ་འིས་མཛོའྀ་སྣ་ད་ཕུག་མཛོ་མོའྀ་སྣཕུག [3]ཅེས་པའི་སྐབས་སུ་སུམ་རྗེ་ཡག་ཕས་མཛོའི་སྣ་ད་ཕུག་མཛོ་མོའི་སྣ་ཕུག་ཞེས་མིའི་རིགས་ཀྱི་འཚོ་བའི་ནང་དུ་མཛོ་མོ་དང་མཛོ་བཀོལ་སྤྱོད་བྱེད་པའི་དུས་ཚིགས་དང་འབྲེལ་བ་ངེས་ལྡན་ཡོད་པའི་གཏམ་རྒྱུད་རྩལ་ཆེན་ཞིག་ཏུ་མཐོང་བྱུང་། དེ་དང་འབྲེལ་བའི་ངང་ནས་གོང་གི་ལུང་ཚིག་འདིའི་དགོངས་དོན་རོབ་ཙམ་ཞིག་སྤྲོས་ན། དེའི་གཏམ་རྒྱུད་ནང་གི་མི་སྣ་གཙོ་བོ་འམ་གང་ཟག་གཙོ་བོ་ནི། རྒྱལ་པོ་རྗེ་དང་ད་དང་སྐྱེས་དང་བཙུན་མོ་ཚོགས་སྣམ་ཟའི་སྣམ་ཁྲི་མ་གཉིས་བཤོས་པས་བུ་རྒྱུད་ཀྱི་འཕེལ་འགྱུར་དང་འབྲེལ་ནས་བྱུང་བའི་མཛོ་མོའི་ལོ་རྒྱུས་ཤིག་ཡིན་འདུག་ཅིང་། བྱང་ནས་ཚྭ་བླངས་པའི་རྗེས་སུ་ཉ་ཉ་མི་མཛོ་སྣར་མ་ནས་ཉ་ཕུ་མོ་སྙིང་ཆེ་བ་དང་ནུ་མོ་སྙིང་མི་ཆེ་བ་གཉིས་བབ་ཅིང་ནུ་མོ་སྐུ་མཛེས་ལ་སྤུ་མི་སྡུག་ཅིང་ཕུ་མོ་སྤུ་སྡུག་པ། ཕུ་མོ་ང་ཡ་དང་ནུ་མོ་གན་མྱྀང་བཅས་ཁེ་མཛོ་དྲུག་སུམ་པའི་རྗེ་བོ་ཡག་ཕ་ཡིས་མཛོའི་སྣ་ད་ཕུག་མཛོ་མོའི་སྣ་ཕུག་ཅེས་བསྐུལ་ནས་སྣ་སྤུག་ནས་བྱང་ནས་ཚྭ་བླངས་ཞོ་བཞོས་པ་སོགས་ཀྱི་ལོ་རྒྱུས་ཡོད་ཀྱང་ཡིག་རྙིང་དུ་ཆད་སྐྱོན་བྱུང་འདུག་པས་ཞིབ་ཕྲ་ཤེས་ཐབས་བྲལ། དེར་སུམ་རྗེ་ཡག་ཕ་ཞེས་པའི་ཚིག་འདིས་སུམ་པ་དང་མཛོ་མོ། སུམ་པའི་རྗེ་བོ་བཅས་ལ་འབྲེལ་བ་ཡོད་པ་མངོན་གསལ་དོད་པོ་ཡོང་གི་འདུག་ལ། སུམ་རྗེ་ཡག་ཕ་འདི་སྲིད་པ་རྒྱུད་ཀྱི་ཁ་བྱང་ནང་དུ་ཡོད་པའི་སུམ་པ་ལ་བཀའ་དྲིན་ཆེ་བའི་སྲིད་པའི་བོན་པོ་ཐང་ཟུ་ཡགས་པ་ཡིན་མིན་ལའང་བསམ་གཞིག་བྱ་ས་ཡོད་འདུག་མོད་དཔྱད་གཞིའི་ཡིག་ཆ་དམིགས་བསལ་ལག་ཏུ་མ་འབྱོར་བས་དེའི་སྐོར་གླེང་བའི་ཐབས་ཀྱིས་བསླུས་ནས་ཐེངས་འདིར་བཤད་ཐབས་བྲལ།
དེ་བཞིན་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས། ལྷ་རྒྱུད་མང་ལྡོམ་སྟག་བཙན་གྱིས་ཡི་དམ་སྒོམ་ཞིང་གསང་སྔགས་བགྲངས་པའི་ནུས་མཐུ་ཡི་ལྷ་ཡི་སྲས་མོ་ཁབ་ཏུ་བསུས་པའི་གནམ་སྨན་མ་ལ་ལྷ་ཡུལ་ནས་ཡོང་བའི་དུང་གི་མཛོ་མོ་ཞིག་བདོག་པའི་ལོ་རྒྱུས་ཀྱང་ཡོད་ཅིང་རླངས་ཀྱི་མི་རྒྱུད་དང་མཛོ་མོའི་བར་དུ་འབྲེལ་བ་ཡོད་པའི་གཏན་ཚིགས་ཀྱང་དེ་ལས་བྱུང་བར་བཤད་ཆོག་པའི་སྣང་བ་སྟེར། དེ་ལྟར་སུམ་པ་དང་མཛོ་མོའི་བར་གྱི་འབྲེལ་བ་གཉན་འབུམ་ལས། སུལ་<སུམ་>ཡུམ་འབྲམ་ཤོད་དུ་བོར། སུམ་པའི་རྒྱལ་པོ་ཤ་འཛོང་ཆེན་པོའི་སོ་བས་མཐོང་། ཀུས་<ཀི་>བཏབ་གསོ་བ་འདོར་རྗེའི་བསྐོར་ཡུལ་འདབས་སུ། གངས་དཀར་ལྷ་རྫོངས་གཡའ་སྔོན་མཐིང་ལྗོངས་སུ། མཛོ་འབྲི་དཀར་ནག་དང་། གོ་ཁྲབ་ཟབ་དར་མང་པོ་འདྲ<གདའ་>། ཁྲབ་ལ་བུའི་ནོར་བར་གྱིས། ཟབ་དར་ལ་བུ་མོའི་རྫོངས་བྱས། མཛོ་མོ་ལ་བཞུན་བྱས་ཟེར་ནས། མགྱོགས་པ་བུལ་བ་བཏང་པ་ནི། མང་དང་ཉུང་ལ་མ་དུམ་གཅིག་གིས་གཅིག་བསད། ཕུང་ནི་སུམ་པའི་རྒྱལ་ཁམས་ཕུང་། འཚེངས་ནི་ལྷ་གཟུ་མཉེས་ཤིང་འཚེངས།[4] ཞེས་པའི་ནང་དུ་སུམ་པའི་རྒྱལ་ཁམས་སུ་མཛོ་མོ་ལ་བཀོལ་སྤྱོད་སུ་བྱེད་ཅེས་འགྲན་རྩོད་བྱུང་བའི་གནས་ཚུལ་ཞིག་གསལ་བ་དེས་ཀྱང་སུམ་པའི་རྒྱལ་ཁམས་དང་མཛོ་མོའི་བར་དུ་འབྲེལ་བ་ཡོད་པའི་བདེན་དཔང་ཞིག་ཏུ་འགྲོ་ཐུབ་ཅིང་། ཏུན་ཧོང་ཡིག་རྙིང་མཛོ་མོའི་རབས་ལས། ལྷོ་སུད་<སུམ་>ཕ་ཕ་<ཡ་>བྱྀ་ན་། ཇོབོ་ལྷོ་བུ་ལང་ལྀང་ལ་མྱི་མཐའ་གཉེན་དུ་བགྱི་མྱྀ་མྱིང་སྲྀང་དུ་ནི་སྨོས། འདྲུལ་ནས་ཕྱུགས་དང་ནོར་གྱིས་བསྲུལ། ཟས་དང་སྐོམ་གྀས་སྲུལ། ཕྱུགས་དང་ནོར་གྱིས་འདྲུལ་འདྲུལ་འཆབ་འཆག་ན། མཛོ་ཚོགས་སྣམ་ཟའྀ་སྣམ་ཁྲྀད་མའྀ་གསུང་དང་མཆིད་ན་རེ་། ཁ་ངན་སྨོས་མ་ལགས་དེ་མྱྀང་པོ་ཁྱོད་ནོངས་ཤྀང། ལྷོ་བུ་ལང་ལིང་ཁྱོད་ནོངས་ནའ། མྱྀ་སྟེ་ཁོ་མོ་འིས་སྣམ་གྱྀ་ཁྱི་<ཁྱིམ་>ཚང་དབྱུང། བུ་སྲིང་བཟང་ཅན་གྱྀས་ལྕམ་ཤས་ཀྱང་ཁོ་མོས་དབྱུངོ། མྱི་མ་ཁོལ་མོ་ལ་མཛོ་ཆིག་ཡོད་མྱྀ་མཛོ་སྣར་མ་ཞིག་ཡོད་ཀྱིས། མཛོ་རོགས་མྱེད་ཀྱྀས། མྱྀང་པོ་ལྷོ་བུ་ལང་ལིང་ལ་མྱྀ་མཛོའི་རོགས་ཆྀག་ཚོལ་སྟོད་ཀྱྀ་རོགས་ཆིག་གསོལ། གསོན་གྱྀ་གྲོགས་བགྱྀ་འིས་གྲོངས་ན་སྲིང་དེ་གྲོངས་མཛོ་གྲོངས<གྲོགས་>་ཆིག་སྩལད་དུ་གསོལ།[5] ཞེས་རྗེ་བོ་མིང་པོ་ལྷོ་བུ་ལང་ལིང་ལ་གཅུང་མོ་ཚོགས་སྣམ་ཟ་སྣམ་ཁྲི་མས་ཞུས་ནས་མི་ནི་སྣམ་གྱི་ཁྱིམ་ཚང་ནས་འདོན་བུ་སྲིང་བཟང་ཅན་གྱི་ལྕམ་ཡང་ཁོ་མོས་བྱས་ཆོག་མྱི་མ་ཁོལ་མོ་ལ་མཛོ་འམ་མཛོ་མོ་མི་མཛོ་སྣར་མ་གཅིག་ཡོད་པ་དེར་རོགས་མེད་པས་རོགས་གཅིག་བཙལ་ནས་སྟེར་དགོས་པའི་རེ་བ་ཞུས་པས་གསུང་ཚིག་རེད་འདུག་ལ། སུམ་པའི་རྗེ་བོ་ལྷོ་བུ་ལང་ལིང་གིས་གཅུང་མོའི་འདོད་དོན་སྐོང་བ་ཁ་གསལ་མ་བྱུང་ཡང་མཛོ་མོ་མི་མཛོ་སྣར་མའི་ཡབ་ཡུམ་དང་འབྲེལ་བའི་གཏམ་རྒྱུད་ཅིག་རིམ་བཞིན་དུ་བྱུང་འདུག
ཡང་དེ་ཉིད་ཀྱི་ནང་དུ་མི་མཛོ་སྣར་མའི་ཡབ་ཀྱི་མཚན་ལ་དུང་གླང་དཀར་པོ་ཟེར་ཞིང་ལྷོ་ཡུལ་ཡ་བྱི་ན་ལྷ་ཆབ་འགྱུ་མགོ་ཤེད་ན་བཞུགས་པར་གསལ། གླང་དེས་ཆུ་བོའི་གཡས་གཡོན་འགོ་གསུམ་དང་ལྷོ་ཆབ་གྱ་གྱུའི་ཞབས་ཤེད་སོགས་སུ་སོང་ནས་འདུག་པའི་ཚེ། འབྲི་བདུན་གྱིས་ཆུ་བཏུང་ནས་གླང་གི་དྲི་མ་བསྣོམས་ནས་ཆབ་ཀྱི་ཡ་མགོ་ཡ་བྱི་ན་ཅི་ཡི་ཆོ་འཕྲུལ་བྱུང་བ་ཡིན་སྙམས་ནས། རྒྱུག་ཆུ་ལ་དྲི་མ་སྣོམ་བཞིན་གཤེགས་པས་ནེ་ལྗོང་བྲེ་མོ་ལ་དུང་གླང་དཀར་པོས་སྒལ་འདར་བྱེད་བཞིན་པ་དང་འཕྲད་ནས་འབྲི་མོ་བདུན་ལ་གཅེན་བ་གླང་གིས་བཤོས་ནས་བུ་སྐྱི་ལྡེ་རུ་བྲན་དང་མི་མཛོ་སྣར་མའམ་མ་མཛོ་བྱུང་བ་ཡིག་ཆ་ལས་ཕྱུང་ངོ་། དེ་སྐབས་སུ་རྗེ་བོ་ལྷོ་བུ་ལང་ལིང་གིས་ཆུ་མིག་དང་རྩྭ་བཟང་ས་རུ་གསེར་གྱི་རྙི་དང་དར་གྱི་རྙི་དྲ་བཙུགས། མི་མཛོ་རྙི་ལ་ཚུད་ནས་གསུས་པ་ལ་རྨས་སྐྱོན་ཕོག་ནས་ཁྲག་ཛར་ཛར་ངང་རི་འགོར་བྲོས། སྐྱི་ལྡེ་དེ་རུ་བཟུང་ནས་མཛོ་སྣ་སྤུག་རྒྱབ་ཏུ་སྒ་བསྟད་པར་གསལ་ལོ། སུམ་པ་གླང་ཚས་འྀས་མཛོ་སྤོ་མ་སྣ་མ་དྲག་ཅེས་ཀྱང་གསལ་བས་གནའ་བོའི་ལོ་རྒྱུས་ཀྱི་ནང་དུ་སུམ་པ་གླང་ཚ་ཞེས་པའི་མི་སྣ་ཞིག་ཡོད་པའི་ལོ་རྒྱུས་ཀྱི་ཡིག་ཚང་སྔ་བ་ནི་ཏུན་ཧོང་ཡིག་རྙིང་ཁོ་ནར་ངེས་མི་སྣ་དེ་ནི་བོན་གྱི་སྟོན་པ་གཤེན་རབ་དང་དུས་མཉམ་དུ་ཡོད་པར་སྣང་སྟེ། མཛོ་མོའྀ་རབས་ལས། མྱི་མཛོ་སྣར་མ་སླད་དུ་ལས། མྱྀ་མཛོ་སྣར་མ་ཆབ་གང་རེ་ཆུང། ཡང་བ་རེ་ཐུང། ཕ་ཕ་སེ་གཤེགས་ན་གཤེན་རབ་ཀྱི་མྱྀ་བོ་ཕ་སེ་གཤེགས།[6] ཅེས་པའི་དུས་མཉམ་དུ་ཡིན་པར་ར་སྤྲོད་བྱུང་ངོ་། སུམ་པ་དང་མཛོ་ཡི་བར་ལ་དམིགས་བསལ་གྱི་འབྲེལ་ཡོད་པ་ནི་ཡིག་ཚང་ཁག་ལས་བྱུང་ལ། མཛོ་སུམ་པ་དང་སུམ་པ་གླང་ལྟ་བུའི་ཐ་སྙད་ཀྱི་རྒྱབ་ལྗོངས་ཀྱང་གོང་གི་གཏམ་རྒྱུད་དག་གིས་མི་དམན་པའི་བརྗོད་བྱ་བཟུང་ཡོད་པས། ད་ལྟའི་ཆབ་མདོ་དང་ནག་ཆུའི་ས་མིང་དུ་མཛོ་སྒང་དང་སུམ་པ་གླང་གི་གྱིམ་ཤོད། འབྲི་རུ་སོགས་ཀྱིས་ཀྱང་སུམ་པའི་ལོ་རྒྱུས་དང་འབྲེལ་བའི་མཛོ་དང་གླང་། འབྲི་སོགས་ཀྱི་མིང་མཐས་ཟིན་པའི་སུམ་པའི་རྗེས་ཤུལ་བསྔོག་པ་ཕན་པའི་གནའ་བོའི་ཡུལ་མིང་ཞིག་ཡིན་པ་ལ་བསྙོན་དུ་མེད་མོད་དེ་དག་ལ་ཞིབ་ཕྲའི་དཔྱད་རྩོམ་འབྲི་བ་ལ་ཡུལ་དངོས་ཀྱི་རྟོག་ཞིབ་དང་ཡིག་ཆ་ངག་རྒྱུན་གྱི་ལོ་རྒྱུས་དང་རི་སྒྲུང་སོགས་ལ་འབྲེལ་བ་ཡོད་པས་དཔྱད་གཞིའི་ཡིག་ཆ་དབུལ་པས་ཁོ་བོས་ཐེངས་འདིར་གླེང་ཐབས་དཀའ་འོ། རང་གི་མཐོང་བའི་ཡིག་ཚང་དང་འབྲེལ་བའི་སུམ་པ་དང་མཛོ་ཡི་སྐོར་ལ་དཔྱད་པ་ཐུང་བསྡུས་ཙམ་བྲིས་པ་འདིའོ།།
གཉིས་པ། སུམ་པ་གླང་གི་གྱིམ་ཤོད་ཅེས་པའི་ཐ་སྙད་ཀྱི་འགྲེལ་བཤད།
ས་འདི་ནི་གནའ་བོའི་མདོ་དབུས་མཐོ་སྒང་དུ་བྱུང་བའི་ཤེས་རིག་གི་སྟོབས་འབྱོར་རྩེར་སོན་དུ་སླེབས་མྱོང་བའི་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་ཁོངས་ཏེ། ཞང་ཞུང་སྒོ་བ་སུམ་པ་གླང་གི་གྱིམ་ཤོད་དུ་གྲགས་པའི་ཚོ་བ་དེ་ཡིན་འདུག སུམ་པ་ནི་ཞང་སྐད་དུ་སུམ་པ་དང་བོད་སྐད་དུ་གསུམ་ལ་[7]ཞེས་པར་གོ་བར་གསལ་ཀྱང་རུས་རིགས་ཞིག་ཏུ་སེམས། སུམ་པའི་རུས་རིགས་ཅན་གྱི་གང་ཟག་དབང་བསྒྱུར་གྱི་འགན་འཁྲི་གཙོ་བོ་བཞེས་ནས་སུམ་པའི་ཚོ་བའམ་རྒྱལ་ཕྲན་གྱི་ལྟེ་བའི་དབང་བསྒྱུར་གྱི་གནས་གཞི་ཞིག་སྐྲུནད་པས་དེ་ལྟར་ཟེར་བར་སྣང་། གླང་ནི་སྒོ་ཕྱུགས་བ་གླང་སོགས་འཚོ་སྐྱོང་གཙོ་བོར་བྱེད་པའི་ཆ་ནས་ཐོགས་པ་ཡིན་འདུག་སྙམ་ཏུན་ཧོང་ཡིག་རྙིང་མཛོ་རབས་ཀྱི་སྐབས་སུ་སུམ་པ་གླང་ཚས་ཅེས་པའི་མཚན་འདི་ཡོང་གི་ཡོད།
གྱིམ་ནི་གནའ་བོའི་ཞང་ཞུང་རྒྱལ་རབས་སྐབས་ཀྱི་བརྡ་ཆད་རྙིང་པ་ཞིག་སྟེ། གཡང་གཟར་རམ་བྲག་རི་སོགས་ལ་འཇུག་པ་ཡིན་འདུག་ཅིང་སུམ་པ་གླང་གི་ཡུལ་དུ་བྲག་རི་དང་གཡང་གཟར་ཡོད་པ་ཚོད་བགམ་བྱ་ཐུབ་ལ། གྱིམ་དང་ཆེས་ཉེ་བའི་ཐ་སྙད་ནི་དྭང་ར་ནང་གི་ཡུལ་སྐད་དུ་གྱམ་ཞེས་པའི་ཚིག་གཅིག་བེད་སྤྱོད་བྱ་ཀྱིན་ཡོད་པས་དེ་གཉིས་གོ་དོན་གཅིག་ཏུ་བབ་ཅིང་གྱིམ་དང་གྱམ་ནི་ཟུར་ཆག་གི་སྒྲ་གདངས་ལས་རྣམ་པ་གཉིས་སུ་གྱེས་པ་ཡིན་པས་འཆར་སྣང་རྟག་ཏུ་ཡོང་གི་འདུག དཔེར་ན། གུ་རུབ་དང་གུ་རིབ། གུ་རུབ་དང་ཀུ་རུབ། སྐམ་དང་ཀམ། གཡུང་དྲུང་དང་གཡུང་རུང་ལྟ་བུའི་ཐ་སྙད་ཡིན་འདུག་སྟེ། ཡུལ་སྐད་དུ་ར་བཏགས་ཀྱི་སྒྲ་གདངས་མ་ཐོན་པ་དང་། ཡ་བཏགས་ཀྱི་སྒྲ་གདངས་མ་ཐོན་པ། གསལ་བྱེད་ཀྱི་སྒྲ་གདངས་མ་ཐོན་པ་སོགས་ལས་བྱུང་བའི་འབྲི་སྟངས་སྣ་ཚོགས་ཀྱི་ནང་ནས་དཔེ་མཚོན་ཙམ་དུ་བཀོད་ན་འདི་དག་འདུག་ཅིང་ཁྱུང་པོ་སྟེང་ཆེན་གྱི་ཡུལ་དུ་ར་བཏགས་གྱི་སྒྲ་གདངས་མ་ཐོན་པ་ནི། ནམ་མཁའི་སྤྲིན་ལ་སྤིན་དང་། སྦྲིད་པ་ལ་སྦིད་པ། ཞེས་པ་ལྟ་བུ་མང་པས་གྱིམ་དང་གྱམ་ནི་དབྱངས་ཡིག་གི་སྒྲ་གདངས་ཐོན་མ་ཐོན་གཉིས་ལས་སོ་སོར་གྱེས་པ་ཡིན་ཞིང་ནང་དོན་གྱི་ཆ་ནས་གཡར་གཟར་དང་བྲག་རི་སོགས་ལ་འཇུག་པ་དོན་གཅིག་ཏུ་འདོད་ཐུབ་བོ།།
ཤོད་ནི་ཞང་ཞུང་གི་བརྡ་ཆད་ཅིག་ཡིན་ལ་དྭང་ར་ནང་དུ་མ་ཉམས་པར་གནས་པའི་ཡུལ་སྐད་ཅིག་ཀྱང་ཡིན། དེའི་གོ་དོན་ནི་གཤོང་དང་ཐག་ཉེ་བའི་ཁུག་ལྟ་བུ་ལ་འཇུག དེ་མིན་ཤོད་ཞེས་པ་འདི་བྱ་ཚིག་དེ་སྐད་ཆ་བརྗོད་པའི་མ་འོངས་པ་ལའང་འཇུག་པ་ཡིན། གོང་གི་འགྲེལ་བཤད་དེ་དག་གི་གནད་དོན་ཕྱོགས་གཅིག་ཏུ་བསྡུས་ནས་བརྗོད་ན་འདི་ལྟར་ཡིན་འདུག་སྟེ། སུམ་པ་གླང་གི་གྱིམ་ཤོད་ནི་སུམ་པའི་རུས་རིགས་ཀྱི་རྟེན་གཞི་འཚོ་བའི་རྒྱུན་སྤྱོད་དུ་མཛོ་གླང་བཀོལ་སྤྱོད་ཆེན་པོ་བྱེད་པའི་ཁོད་སྙོམས་ཤིང་གཡས་གཡོན་ཀུན་དུ་ངམ་བྲག་ཡོད་སའི་ཡུལ་ཞིག་ལ་འཇུག་ཡིན་འདུག་སྙམས་ཤིང་། ཏུན་ཧོང་ཡིག་རྙིང་དུ་སུམ་པ་གླང་ཚ་ཞེས་པའི་མི་སྣ་སྟོན་པ་གཤེན་རབ་མི་བོ་དང་དུས་མཉམ་ཞིག་གསལ་ཡང་ཞིབ་ཕྲའི་མཛད་འཕྲིན་མ་གསལ་བས་ཁོ་བོའི་མིང་ཡུལ་ལ་ཐོགས་པའི་འདོད་ཚུལ་འདོན་པར་གཏན་ཚིགས་ཀྱི་དཔང་པོ་དབེན་པས་ལུས་ཀྱང་དེ་ཉིད་ཀྱིས་གྱིམ་ཤོད་ཡུལ་དུ་དབང་བསྒྱུར་བྱས་ནས་སུམ་པ་གླང་གི་གྱིམ་ཤོད་ཅེས་པའི་ཡུལ་མིང་དེ་གྲུབ་པ་ཡིན་ཡང་སྲིད། ཡང་མཁས་པར་འདོད་པ་ཁག་ཅིག་གིས། སུམ་པ་གླང་གི་གྱིམ་ཤོད་ཅེས་པ་སྟེ། སུམ་པ་ཞེས་པ་རུས་མིང་ཡིན་པ་ནས་མཐར་རྒྱལ་ཕྲན་གྱི་མིང་དུ་གྱུར་པ་ཞིག་ཡིན་ཅིང་། གླང་ནི་སུམ་པའི་རྒྱལ་ཕྲན་གྱི་ཁོངས་དེར་ཡོད་པའི་ཡུལ་བྱེ་བྲག་པ་ཞིག་ལ་གོ་དགོས་པ་དང་། གྱིམ་ཤོད་ཅེས་པ་ནི་བོན་གྱི་ཡིག་རྙིང་ནང་དུ་བྲག་གོང་ཆེན་པོའི་འོག་གམ་དེའི་ཤོད་དུ་ཡུལ་མི་འདུས་སྡོད་བྱེད་ཡུལ་ཞིག་ལ་གོ་དགོས་པར་གསུངས་པས། གསལ་པོར་བཤད་ན་གླང་མིང་ཅན་གྱི་བྲག་རིའམ་རི་བོ་དེའི་ཤོད་དུ་ཡུལ་སྡེ་ཆེན་པོ་ཆགས་ཡོད་པའི་དོན་ལ་གོ་དགོས་པར་སེམས།[8]ཞེས་གསུངས་ཀྱང་རྒྱུ་མཚན་ཆེ་བའི་འདོད་ཕྱོགས་སུ་མ་སྣང་བས། དོན་དུ་སུམ་པ་གླང་གི་གྱིམ་ཤོད་ཅེས་པ་འདིའི་ཚིག་འགྲེལ་ནི་ཁོ་བོས་གོང་དུ་འགྲེལ་བ་ལྟར་བཤད་ན་སྐྱོན་མི་འདུག་བསམ་མོད་མཐའ་གཅིག་ཏུ་ངེས་ཤེས་མི་ཕེར་བས་སྤྱན་ལྡན་གཟུར་གནས་རྣམས་པས་དཔྱད་པར་མཛོད་ཅིག།
གསུམ་པ། སུམ་པ་གླང་གི་གྱིམ་ཤོད་ཅེས་པ་གནས་གང་དུ་ངོས་འཛིན་དགོས་མིན།།
སུམ་པ་གླང་གི་གྱིམ་ཤོད་ངོས་འཛིན་བྱ་སྟངས་ལ་མི་འདྲ་བ་དུ་མ་ཞིག་འདུག་སྟེ། ཚོ་པའི་ལོ་རྒྱུས་གནའ་དེང་མཚོན་པའི་མེ་ལོང་ལས། གཞན་ཡང་སྔོན་ཞང་ཞུང་སྐབས་སུ་སུམ་པ་གླང་གི་གྱིམ་ཤོད་ཅེས་པ་དེ་ད་ལྟ་དེབ་ཐེར་ཁག་གཅིག་གི་ནང་དུ་ཆབ་མདོ་ས་ཁུལ་དུ་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་ལེགས་པར་དཔྱད་ན་སུམ་པ་གླང་གི་གྱིམ་ཤོད་ཅེས་པའི་ས་ཆ་ནི་ད་ལྟ་དཔལ་མགོན་རྫོང་མན་ཐང་ཡུལ་ཤོག་གི་ས་ཁོངས་རི་བོ་གླང་ཆེན་གླང་ཆུང་དེ་ཡིན་པ་དང་། སྐབས་དེར་གྱིམ་ཤོད་ཅེས་པའི་ཐ་སྙད་ནི་ཞང་ཞུང་གི་སྐད་ཡིན་པ་མ་ཟད། བྲག་ཁུང་རི་གཤམ་དུ་གོ་རྒྱུའི་བཤད་སྲོལ་ལྟར་ན་སུམ་པ་གླང་གི་གྱིམ་ཤོད་ནི་རི་བོ་གླང་ཆེན་གྱི་ཉེ་འཁོར་གྱི་ཅོང་ཞི་ཕུག་པ་སོགས་ལ་ངོས་འཛིན་དགོས་པར་སེམས།[9]ཞེས་པའི་འདོད་ཚུལ་བཏོན་ཡོད་ཅིང་དེང་སྐབས་ཀྱི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་སུམ་པ་གླང་གི་གྱིམ་ཤོད་ནི་སུམ་པའི་རྒྱལ་ས་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག་མོད། བོན་པོའི་ཚིག་ཚང་གི་འཆད་སྟངས་ལ་གཞིག་ན་སུམ་པ་གླང་གི་གྱིམ་ཤོད་ནི་བོན་གྱི་ཆོས་ལུགས་དར་སའི་ས་གནས་གལ་ཆེན་ཞིག་ལས་རྒྱལ་ས་ཡིན་པས་རྒྱུ་མཚན་གསལ་པོ་ཞིག་དེ་སྔ་བོན་གྱི་ཡིག་ཚང་ཁག་ལས་མ་རྙེད། ཡིན་ནའང་། མཁས་དབང་རྒྱལ་མོ་འབྲུག་པས་ལྡེའུ་ཆོས་འབྱུང་རྒྱས་པ་ལས། སུམ་པའི་རུ་མཚམས་ནི་། ཤར་གཉེ་ཡུལ་བྲེ་ནག ། ནུབ་སྤེལ་ཞབས་སྡིང་པོ་ཆེ། བྱང་ནགས་པ་ཤོད་གཟི་འཕྲང་། ལྷོ་རྨི་སྟི་ཆུ་ནག། དབུས་ནི་རྒྱ་ཤོད་སྟག་པ་ཚལ་ལོ།[10]ཞེས་པའི་ལུང་ཚིག་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལ་གོ་བསྡུར་བྱས་ནས་མཐའ་བསྡོམས་འདི་ལྟར་གནང་ཡོད་དེ། དེས་ན་རྒྱ་ཤོད་སྟག་པ་ཚལ་ཞེས་པ་ནི་དེང་སང་གི་ནག་ཆུ་ས་ཁུལ་གྱི་འབྲི་རུ་རྫོང་ཁོངས་ཀྱི་གཡང་ཤོད་ཤང་གི་རྒྱལ་ཆུའི་རྒྱུད་ཀྱི་གསའ་མདའ་བོན་དགོན་མི་གཡོ་བསམ་གཏན་གླིང་གི་ཕྱོགས་འདི་ནི་སྐབས་དེའི་སུམ་པ་རུའི་ལྟེ་གནས་ཡིན་ལ། དེ་ལྟར་བོད་རུ་བཞིའི་ལྟེ་གནས་དབུ་རུ་ལྷ་ས་དང་གཡོ་རུ་ལྷོ་ཁ། གཡས་རུ་དང་རུ་ལག་གཙང་ཁུལ་ཡིན་པ་ལྟར་སུམ་པ་རུའི་ལྟེ་གནས་ནི་བར་ཁམས་ནགས་ཤོད་དུ་ཡོད་པ་ལས་བོད་ཡུལ་གྱི་ས་ཆ་གཞན་གང་དུ་མེད་པ་འདི་གསལ་པོར་ཤེས་དགོས་སོ།[11]ཞེས་པའི་ཚིག་ཐོག་ནས་སུམ་པའི་ལྟེ་གནས་འབྲི་རུ་ནགས་ཤོད་ཕྱོགས་སུ་ངོས་འཛིན་བྱས་ཡོད།
པ་ཚབ་པ་སངས་དབང་འདུས་ཀྱིས་རྒྱ་ཤོད་སྟག་པ་ཚལ་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་རྒྱ་ཤོད་མདའ་ཡི་ཡུལ་དེ་ཡིན་འདུག[12]ཞེས་པའི་སྤྱི་བསྡོམ་བྱས་ཡོད་འདུག་མོད་སྟེང་ཆེན་དུ་རྒྱ་ཉི་མ་འབྲུག་གི་རྫོང་ཤུལ་རྒྱ་རེ་མདའ་ལ་ཡོད་པར་བཤད་པ་ལས་སུམ་པའི་ལྟེ་གནས་ཡིན་པས་ཐ་སྙད་དེ་སྔ་མ་ཐོས། དོན་དུ་སུམ་པའི་ལྟེ་གནས་ནི་ནགས་ཤོད་དང་སྟེང་ཆེན་སོགས་སུ་ཡོད་ཆོག་པ་ཞིག་ཡིན་འདུག་སྙམ་ཏེ། བོན་གྱི་རྒྱལ་བ་གཉིས་པའི་ཞལ་ནས། མཁས་རྣམས་མི་མཐུན་བདེན་དོན་ཡོད། ཅེས་པ་ལྟར་སུམ་པའི་དབུས་ཕྱོགས་ངོས་འཛིན་བྱ་མཁན་ཐ་དག་ལ་རྒྱུ་མཚན་ཡོད་མོད། ཞང་ཞུང་རྒྱལ་པོའི་ལྟེ་གནས་རྫོང་བཞི་མཁར་དྲུག་ཡུལ་ཁ་ཁག་ཏུ་གནས་པ་ལྟར་ཡིན་ངེས་རེད་འདུག སུམ་པ་གླང་གི་གྱིམ་ཤོད་ནི་བོན་གྱི་ཆོས་ལུགས་དར་སའི་ལྟེ་གནས་ཤིག་ཡིན་པ་ནི། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། དེ་ལྟར་འཕྲུལ་ངག་བདེན་པའི་བོན་དར་ཏེ། … མཐོའ་ཁྱུང་ལུང་དངུལ་མཁར་ཞང་ཞུང་ཁ་ཡུག་མན་ཆད། དམའ་སུམ་པ་གླིང<གླང>་གི་གྱིམ་ཤོད་དང་ཤེལ་ལེ་རྒྱ་གར་ཚུད་ཆད་ལ་འཕྲུལ་ངག་བདེན་པའི་བོན་རྣམས་དར།[13]ཞེས་གསལ་ཞིང་བོན་གྱི་རིག་གནས་དར་ས་ཞིག་ཡིན་པ་ལས་སུམ་པའི་ལྟེ་གནས་ཡིན་པའི་ཐ་སྙད་མ་བྱུང་། དེ་བཞིན་བོན་གྱི་ཡིག་ཆ་མན་ངག་གནད་ཀྱི་རྫོང་འཕྲང་ལས། སྒྲུབ་གནས་སུམ་ཅུ་རྩ་བདུན་ནི། མཐོ་བ་ཁྱུང་ལུང་<དངུལ་>མཁར་ཕྱིན། དམའ་ཤེལ་ལེ་རྒྱ་ཀར་སུམ་པ་གླང་གི་གྱིམ་ཤོད་ཡན་ལ་གནས་ཏེ།[14]ཞེས་ཀྱང་གསལ་ལོ། །
དེས་ན་ཁོ་བོའི་བསམ་པར་གནའ་བོའི་དུས་སུ་བོན་གྱི་རིག་གནས་གཙོ་ཆེར་དར་སའི་ས་མིག་རྣམས་ལ་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་ས་གནས་གལ་ཆེན་དུ་བཟུང་ཡོད་པས། རིག་གནས་འཕེལ་སའི་ལྟེ་གནས་ཞིག་ལས་རྒྱལ་པོའི་མཁར་གྱི་ལྟེ་གནས་ཡིན་པས་ཁྱབ་མེད་དེ། དཔེར་ན། དེང་སྐབས་ཀྱི་བོད་ཀྱི་དགོན་སྡེ་དག་བོད་གྱི་རིག་གནས་དར་སའི་ལྟེ་གནས་ཡིན་པ་ལས་རྒྱལ་པོའི་རྒྱལ་ས་མ་ཡིན་པ་ལྟར་རོ། སུམ་པ་གླང་ཚ་ཞེས་པའི་མི་སྣ་ཞིག་སྟོན་པ་གཤེན་རབ་ལ་འབྲེལ་ཡོད་པའི་གཏམ་རྒྱུད་ཅིག་བོན་གྱི་བཀའ་དང་བཀའ་བརྟེན་ལས་མི་དམིགས་མ་ཐོས་ཀྱང་ཏུན་ཧོང་ཡིག་རྙིང་མཛོ་མོའི་རབས་ཞེས་པར་དུས་མཉམ་དུ་ཡོད་ཚུལ་གསལ་བས་སུམ་པ་གླང་གི་གྱིམ་ཤོད་དེ་ཉིད་མི་སྣ་དེ་དང་འབྲེལ་ནས་ཐོགས་པའི་མིང་ཞིག་ཡིན་པས་དྭོགས་པ་ཡང་ཡོང་གི་འདུག་མོད། ཏུང་ཧོང་ཡིག་རྙིང་ཆད་སྐྱོན་ཆེ་བས་ཞིབ་ཕྲའི་གནས་ཚུལ་ཤེས་ཐབས་དཀའ་འོ། དེང་གི་ཁྱུང་པོ་སྟེང་ཆེན་དགོན་གྱི་རྒྱབ་རི་བྲག་དམར་རི་མདུན་གྱི་དབུ་རྩེར་གནའ་བོའི་སུམ་པ་རྒྱལ་པོའི་མཁར་ཤུལ་ཡོད་པ་རྒན་རམས་ཀྱི་ངག་ལས་ཕྱུང་མྱོང་ལ། ད་ལྟ་ལའང་མཁར་ཤུལ་ཡོད་པ་འབུམ་རབས་པ་དགེ་ལེགས་ཡུལ་དངོས་རྟོག་ཞིབ་ཏུ་བསྐྱོད་ནས་དེ་ཡི་སྐོར་ཡི་གེར་བྲིས་པ་དེང་གི་འཕྲུལ་ཆ་བརྒྱ་འདུ་འམ་百度ཞེས་པའི་དྲྭ་བའི་ནང་དུ་འཚོལ་རྒྱུ་ཡོད་འདུག
སུམ་པ་གླང་གི་གྱིམ་ཤོད་ནི་རི་བོ་རྩེ་དྲུག་ཁོ་ནར་གོ་བ་ཞིག་མ་ཡིན་ལ། ད་ལྟའི་སྟེང་ཆེན་སྡེ་ཁོངས་གནའ་དུས་དཀར་སྟོད་ལྡིང་དཔོན་ཕྱེད་བཅུ་དང་དཀར་སྨད་སྨད་ཤོག་ཕྱེད་ལྔའི་ཡུལ་སྡེ་གོ་བ་ཞིག་ཡིན་འདུག་སྙམ་སྟེ། ལུང་བསྟན་གསལ་བའི་མེ་ལོང་། ཁྱད་པར་སྟེང་ཆེན་གྱིམ་ཤོད་ཡུལ་རྣམས་ལ། རིག་འཛིན་སྤྲུལ་པའི་བྱིན་རླབས་གྲངས་མང་འབྱུང་།[15]ཞེས་པས་སྟེང་ཆེན་གྱི་ཡུལ་མང་ཆེར་གྱིམ་ཤོད་ཀྱི་ཁྱབ་ཁོངས་ཡིན་པ་བསྟན་ཡོད་ལ། གྱིམ་ཤོད་གཞི་གནས་མཆོད་པའི་ཐབས་ལས། ཁྱད་པར་གྱིམ་ཤོད་ཡུལ་སའི་རྗེ། རྟ་སྒོ་བཙན་ལས་གྲོལ་བའི་རིགས། འབྱག་རྒྱལ་རིན་ཆེན་འབར་བ་ཞེས།[16]ཤེས་པས་གྱིམ་ཤོད་ནི་ཁྱུང་དཀར་རྒྱལ་པོའི་མངའ་འབངས་དཀར་སྟོད་ལྡིང་དཔོན་ཕྱེད་བཅུ་དང་དཀར་སྨད་སྨད་ཤོག་ཕྱེད་ལྔ་བཅས་ལ་གོ་ཐུབ་པའི་ལུང་ཚིག་ཞིག་ཏུ་སྣང་བ་སྟེར། ཇི་ལྟར་ཞེ་ན་འབྱག་རྒྱལ་རིན་ཆེན་འབར་བ་ནི་དཀར་སྟོད་ལྡིང་དཔོན་ཕྱེད་བཅུའི་ནང་དུ་ཡོད་པའི་ཡོངས་གྲགས་སུ་བྲག་དམར་རི་འདུས་འབོད་པས་རི་འདིའི་གཞི་བདག་གི་མཚན་ཡིན་ལ། དེ་ཡང་སྲིད་པའི་བརྔན་བཏང་ཆེན་མོ་ལས། གཡུ་ལུང་ཤེལ་བྲག་མན་ཆད་ནས། བྲག་དམར་རི་འདུས་ཡན་ཆད་དུ། དབེན་རི་རྒྱུད་ཀྱི་སྲུང་མ་དང་།[17] ཞེས་གསུངས་ཡོད་པས་རི་འདི་ནི་ལུང་གི་ཟིན་པའི་གནས་རྩལ་ཆེན་ཞིག་ཏུ་བཟུང་ཡོད་ཅིང་རི་འདིའི་གཞི་བདག་ནི་གྱིམ་ཤོད་ཡུལ་གྱི་གཞི་བདག་ཡོངས་ཀྱི་རྗེ་བོ་ཡིན་པ་མེ་སྟོན་ཉི་མ་རྒྱལ་མཚན་གྱིས་དཔེ་ཆར་བཀོད་ཡོད་པ་བཅས་ཀྱིས་གྱིམ་ཤོད་ཀྱི་ཡུལ་ཡིན་པ་སོམ་ཉིའི་དྲྭ་བ་ལས་འབུད་དོ། ཤེལ་ལེ་རྒྱ་ཀར་ནི་རི་བོ་རྩེ་དྲུག་གི་མཚན་ཡིན་ལ་སུམ་པ་གླང་གི་གྱིམ་ཤོད་ནི་ཁྱུང་དབུས་བླ་མ་ཤེས་རབ་རྒྱལ་མཚན་མ་བྱོན་པའི་གོང་གི་ད་ལྟའི་སྟེང་ཆེན་གྱི་ཡུལ་་མིང་རྙིང་པ་ཞིག་ཡིན་འདུག་སྙམ། སུམ་པ་ནི་རུས་རིགས་དང་རྒྱལ་ཕྲན་གྱི་མིང་ཡིན་ལ། གླང་ནི་ནོར་ནག་དང་མཛོ་གླང་སོགས་འཚོ་སྐྱོང་བྱས་པའི་ཆ་ནས་ཐོགས་པའམ་སུམ་པ་གླང་ཚས་དབང་བསྒྱུར་བྱས་ནས་ཐོགས་པ་གང་རུང་ཞིག་ལས་བརྗོད་ས་མེད་པར་སེམས། གྱིམ་ཤོད་ནི་ངམ་དང་བྲག་རི་སོགས་ཡོད་ཅིང་ཞིང་ལས་འདེབས་བཙུགས་ཐུབ་པའི་ས་ཆ་སྙོམས་པོ་ཞིག་ཡིན་པས་ཆ་ཐོགས་པར་བསྙོན་དུ་མི་འདུག་སྙམས།།
བཞི་པ། མཇུག་བསྡུའི་བསམ་གཞིག
གོང་དུ་སུམ་དང་མཛོ་ཡི་འབྲེལ་བ་དང་སུམ་པ་གླང་གི་གྱིམ་ཤོད་ཅེས་པའི་ཚིག་འགྲེལ་རང་ཉིད་ཀྱིས་མཐོང་ཐོས་མྱོང་གསུམ་ཟུང་དུ་འབྲེལ་ནས་དཔྱད་ཐུང་ཞིག་བྲིས་ཡོད་མོད། ད་དུང་འདིར་མཐོང་རྒྱ་ཡི་མ་འདང་ནས་ཆད་ལུས་ཤོར་བ་སོགས་ཀྱི་སྐྱོན་ཡང་དུ་མ་ཞིག་ཡོད་པ་ནི་སྨྲས་སུ་མེད། འདིར་སུམ་པ་སྟོང་བུ་ཆུང་གི་སྐོར་ལ་བསམ་ཚུལ་གང་ཡང་བཏོན་མེད་པས་ཁག་ཅིག་ལ་དེའི་སྐོར་ལ་དྭོགས་འཆར་ཡང་ཡོད་སྲིད་མོད། ཞིབ་ཏུ་བསམ་གཞིག་བྱས་དུས་སུམ་པ་སྟོང་བུ་དང་སུམ་པ་གླང་གི་གྱིམ་ཤོད་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པར་མཐོང་བས་ཁོ་བོས་སུམ་པ་གླང་གི་གྱིམ་ཤོད་ཁ་བྱང་འདམས་ནས་རོབ་ཙམ་གླེང་བ་ལས་སུམ་པ་སྟོང་བུའི་སྐོར་ལ་གང་ཡང་གླེང་མེད། སུམ་པའི་སྟོང་བུ་ནི། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། གོར་མོ་ལ་རྒྱུད་མན་ཆད་དང་། དྲུག་གུ་ལ་རྒྱུད་ཡན་ཆད་དུ། མདོ་ཁམས་སྒང་གི་མངའ་རིས་སོ། ༼༡༨༽ཞེས་པས་མདོ་ཁམས་སྒང་གི་མངའ་རིས་ཡོངས་ལ་སུམ་པའི་སྟོང་བུ་ཞེས་པའི་སྟོང་སུམ་པའི་རྒྱལ་ཁམས་ཡིན་པའི་སྣང་ཚུལ་འདི་ཡོང་གི་འདུག་པས། དེས་ན་སུམ་པའི་སྟོང་བུ་མ་གླེང་བར་རྔུལ་རྫ་ཟབ་མོ་སྒང་གི་ནང་ཚན་དུ་གཏོགས་པའི་སུམ་པ་གླང་གི་གྱིམ་ཤོད་འདི་ཉིད་རྩོམ་གྱི་ཁ་བྱང་དུ་གཏན་ལ་ཕབ་ནས་བསམ་ཚུལ་ཁག་ཅིག་ཡིག་ཚང་དང་འབྲེལ་ནས་གླེང་ཁུལ་བྱས་ཡོད། རྩོམ་འདིར་ཡིག་ཚང་གཙོ་བོ་ནི་ཏུན་ཧོང་ཡིག་རྙིང་མཛོ་མོའི་རབས་བཀོལ་སྤྱོད་བྱས་ནས་སུམ་པ་གླང་ཚ་ཞེས་པའི་མི་སྣ་ཞིག་སྟོན་པ་གཤེན་རབ་མི་བོ་དུས་མཉམ་དུ་ཡོད་ཚུལ་བཤད་ཡོད་ལ་དེ་ནི་ལྷོ་སུམ་པ་ཕ་བྱི་ན་བཞུགས་པའི་རྗེ་ལྷོ་བུ་ལང་ལིང་གི་འཁོར་དུ་ཡོད་པ་མཛོ་མོའི་རབས་འདིས་བདེན་དཔང་ཐུབ་ཀྱི་འདུག དེ་སྔ་ཁོ་བོས་དཔེ་ཀློག་ངལ་བ་ལ་གདོང་གཏད་ནས་དཔྱད་རྩོམ་དང་ལོ་རྒྱུས་དཔེ་ཆ་བརྒྱ་ཕྲག་ཁ་ཤས་བལྟས་པ་ཡིན་མོད། དེ་དག་གི་ནང་དུ་ཏུན་ཧོང་ཡིག་རྙིང་མཛོ་མོའི་རབས་བེད་སྤྱོད་བྱས་པ་མ་མཐོང་བས་འདིར་ཁོ་བོས་ཡིག་ཆ་དེ་བཞུན་ནས་དཔྱད་རྩོམ་འདི་བྲིས་པ་ཡིན་པས། ནོར་སྐྱོན་གྱི་འགལ་ཟླ་ཅི་རིགས་ཡོད་པར་ངེས། དེས་ན་སྤྱན་ལྡན་མཁས་པའི་ཚོགས་ཀྱིས་དགོངས་འཆར་མཁྱེན་པའི་ཞུ་ཚིག་དང་ལྷན་དུ་ཕན་པའི་དོན་རེ་མཆིས་ཚེ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་རྒྱུ་ཆར་འགྲོ་བར་ཤོག་ཅེས་པའི་སྨོན་ཚིག་དང་བསྡེབས་ནས་མཇུག་བསྡུས་པའོ།།
དཔྱད་གཞིའི་ཡིག་ཆ།
[1] ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། པོད་༡༡ གཙོ་སྒྲིག་པ། སྟོབས་ལྡན། ཁ་སྒང་བཀྲ་ཤིས་ཚེ་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་གྲངས། ༣༧༦
[2] བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་བཞི་པ། གཙོ་སྒྲིག་པ། ཁྲི་བསོད་བསྟན། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད། ཤོག་གྲངས། ༡༧༢
[3] ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། པོད།༡༢ གཙོ་སྒྲིག་པ། སྟོབས་ལྡན། ཁ་སྒང་བཀྲ་ཤིས་ཚེ་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། pel.tib.1289 གཤིན་འདེབས་ཀྱི་ཆོ་ག། ཤོག་གྲངས།༣༩
[4] གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད།༡༠༧ གཉན་འབུམ། གཏོད་འབུམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༨༥
[5] ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། གཙོ་སྒྲིག་པ། སྟོབས་ལྡན། ཁ་སྒང་བཀྲ་ཤིས་ཚེ་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། pel.tib.1289 གཤིན་འདེབས་ཀྱི་ཆོ་ག། ཤོག་གྲངས།༤༠
[6] ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། གཙོ་སྒྲིག་པ། སྟོབས་ལྡན། ཁ་སྒང་བཀྲ་ཤིས་ཚེ་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། pel.tib.1289 གཤིན་འདེབས་ཀྱི་ཆོ་ག། ཤོག་གྲངས།༤༣
[7] ཞང་བོད་ཀྱི་སྒྲ་བསྡེབས་སོ། མཛད་པ་པོ། ཞུ་གཡས་ཉི་མ་གྲགས་པ། ཞུ་ཡི་རིག་གཞུང་དར་སྤེལ་རྐང་འཛིན་ལྷན་ཚོགས་ནས་འགྲེམ་སྤེལ་བྱས། ཤོག་གྲངས། ༣༦
[8] སུམ་པ་གླང་གི་གྱིམ་ཤོད་གང་དུ་ཡོད་དམ། དཔྱད་བརྗོད། རྩོམ་པ་པོ། ངོར་རྗེ་སྐལ་བཟང་དགྲ་འདུལ།
[9] ཚོ་པའི་ལོ་རྒྱུས་གནའ་དེང་མཚོན་པའི་མེ་ལོང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་གྲངས། ༣༢
[10] ལྡེའུ་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་གྲངས། ༢༥༨
[11] བོད་ཀྱི་ལོ་རྒྱུས་སྟེང་གི་སུམ་པ་དང་སུམ་པའི་རྒྱལ་ཁམས་སྐོར་ལ་དཔྱད་པ། ཀྲུང་གོའི་བོད་ལྗོངས་དྲ་བ། རྒྱལ་མོ་འབྲུག་པ།
[12] བོད་ཀྱི་གནའ་བོའི་རྒྱལ་ཕྲན་དང་། རྒྱལ་ཕྲན་སིལ་མ། སྟོང་སྡེ། ཡུལ་དཔོན་ཚན་བཅས་ཀྱི་ཞིབ་འཇུག། རྩོམ་པ་པོ། པ་ཚབ་པ་སངས་དབང་འདུས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༢༣
[13] སྲིད་པ་རྒྱུད་ཀྱི་ཁ་བྱང་། གཏེར་བཏོན་པ། ཁོད་པོ་བློ་གྲོས་ཐོགས་མེད། ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། ཤོག་གྲངས། ༢༥
[14] མན་ངག་གནད་ཀྱི་རྫོང་འཕྲང་དང་གསང་སྔགས་རྫོང་འཕྲང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། ༢༠༡༥ལོར། ཤོག་གྲངས། ༢༩
[15] ལུང་བསྟན་གསལ་བའི་མེ་ལོང་། བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས། པོད། ༦༥ ཤོག་གྲངས་༣༧༣
[16] མེ་སྟོན་ཉི་མ་རྒྱལ་མཚན་གྱི་གསུང་འབུམ། སི་ཁྲོན་ཏང་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས།༣༡༡
[17] སྲིད་པའི་བརྔན་བཏང་ཆེན་མོ་དགོས་འདོད་ཀུན་ཚང་ཞེས་བྱ་བ་བཞུགས།
[18] སྲིད་པ་རྒྱུད་ཀྱི་ཁ་བྱང་། གཏེར་བཏོན་པ། ཁོད་པོ་བློ་གྲོས་ཐོགས་མེད། ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། ཤོག་གྲངས། ༣༣
– – – – –