དབུ་མ་འཇུག་པའི་མཚན་དོན་ལས་འཕྲོས་པའི་ཟབ་རྒྱས་གཉིས་ཀྱི་ལམ་རིམ་སྐོར་མདོ་ཙམ་བཤད་པ།

0
54

ནང་དོན་གནད་བསྡུས། རྩོམ་འདིའི་ནང་དུ། དབུ་མ་ལ་འཇུག་པའི་མཚན་དོན་ཞིབ་བཤད་དང་འབྲེལ་ནས་ཟབ་རྒྱས་ཀྱི་ལམ་རིམ་སྐོར་བྲིས་ཡོད་ལ། དམིགས་བསལ་ཟབ་པའི་ལམ་རིམ་གཏན་ལ་ཕབ་ཚུལ་དང་ཉམས་སུ་ལེན་ཚུལ་གྱི་རྣམ་གཞག་ཅུང་ཟད་གཞུང་ལུགས་ཀྱིས་མཐའ་བརྒྱན་ཏེ་ཞིབ་བཤད་གང་མཚམས་བྱས་ཡོད།

བརྡ་ཆད་གཙོ་བོ། དབུ་མ་འཇུག་པ། ཟབ་མོའི་ལམ་རིམ། རྒྱ་ཆེ་བའི་ལམ་རིམ། ཟབ་རྒྱས་ཀྱི་འཇུག་ཚུལ།

རང་བྱུང་དག་པ་ངོ་བོ་ཉིད་ཀྱི་སྐུ། །
ཆུ་བུར་མིག་ལ་སྣང་བའི་སྐལ་བྲལ་ཡང་། །
གསང་གསུམ་འཕྲིན་ལས་རྒྱ་མཚོའི་ག་བུར་རྡུལ། །
ཁོ་བོའི་སྙིང་ལ་ལན་གཅིག་སིམ་པར་མཛོད། །

ཟབ་རྒྱས་གདམས་པའི་ལམ་གྱི་སྙིང་བོ་གང་། །
ཡལ་བར་བོར་ཏེ་ཐོས་བསམ་མིང་འཛིན་པ། །
ཕྱོགས་ལྷུང་མུན་པའི་འོབས་སུ་ལྟུང་གྱུར་ཏེ། །
ཚེ་ཡི་སྙིང་བོ་ཆུད་གཟོན་བྱེད་དོགས་ནས། །

འདི་ན་ལྷག་བསམ་དག་པའི་འདུ་བྱེད་ཀྱིས། །
རྒྱ་བོད་མཁས་པའི་གཞུང་ལ་རབ་བརྟགས་ཏེ། །
མུན་སྤྲུལ་བརྡ་རྙིང་ཚིག་གིས་མ་སྤུད་པར། །
གོ་སླའི་ངག་གིས་གཞུང་དོན་མདོ་ཙམ་གླེང་། །

དང་པོ། འཇུག་བྱའི་དབུ་མ་ལ་འཇོག་ཚུལ་མི་མཐུན་པ་གང་ཡོད་ཀྱི་སྐོར།

ཐོག་མར་དབུ་མ་ལ་འཇུག་པའི་མཚན་དོན་གྱི་སྐོར་གླེང་ལ། རྒྱ་གར་འཕགས་པའི་ཡུལ་དུ་བསྟན་བཅོས་འདིའི་མཚན་ལ་མ་མདྷྱ་མ་ཀ་ཞེས་ཞུ་ཞིང་། དེ་ཉིད་བོད་གངས་ཅན་གྱི་སྐད་དུ་བསྒྱུར་ཚེ་དབུ་མ་ལ་འཇུག་པ་ཞེས་གསུངས།  མདྷྱ་མ་ཀ་ཞེས་པ་ནི་མཐའ་གཉིས་སྤངས་པའི་དབུ་མའི་དོན་ཡིན་ཡང་། སྐད་ཀྱི་བྱིངས་ལས་ཉེ་བར་བརྩམས་ཚེ་དབུ་མའི་གྲུབ་མཐའ་དང་དབུ་མའི་བསྟན་བཅོས་ལ་ཡང་འཇུག་སྟེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་«རྟོག་གེ་འབར་བ་»ལས་”དབུ་མ་ཞེས་བྱ་བའི་མིང་གང་ལ་ཡོད་པ་དེ་ནི་དབུ་མའོ། ། ཡང་ན་ཀ་ཞེས་བྱ་བའི་མིང་གི་བརྗོད་པ་ཡིན་པས་དབུ་མ་ཞེས་བྱ་སྟེ། དབུ་མའི་གྲུབ་པའི་མཐའ་འོ། །”ཞེས་གསུངས། [1] འདིར་ཡང་དབུ་མ་ཞེས་པ་ཙམ་ལས་མ་བྱུང་ཡང་དབུ་མའི་བསྟན་བཅོས་ལ་འཇུག་པ་ནི་དཔལ་ལྡན་ཟླ་བ་རང་གི་«དབུ་མ་འཇུག་པ་»ལས་”དེ་ལྟར་འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ལས། ། ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །”ཞེས་དང་། “ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། ། དབུ་མའི་བསྟན་བཅོས་ལས་བཏུས་ནས། ། ལུང་ཇི་བཞིན་དང་མན་ངག་ནི། ། ། ཇི་ལྟ་བུ་བཞིན་བཤད་པར་ཡིན། །”ཞེས་གསུངས་ལ། གཞན་ཡང་«འཇུག་པ་རང་འགྲེལ་»ལས་ཀྱང་། “དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར་”ཞེས་ཤིན་ཏུ་གསལ་བོར་གསུངས་ཤིང་། རྒྱ་གར་གྱི་པཎྚི་ཏ་ཛ་ཡ་ཨ་ནན་ཏ་དང་། བོད་གངས་ཅན་གྱི་མཁས་པའི་དབང་བོ་རྗེ་བཙུན་རེད་མདའ་བ་དང་། འཇམ་མགོན་བླ་མ་སོགས་ཀྱིས་ཀྱང་དེ་བཞིན་དུ་གསུངས་པས་ཕྱོགས་འདི་ལ་རྒྱ་བོད་ཀྱི་མཁས་པ་དག་ཕལ་ཆེར་ཞལ་མཐུན་ནོ། ། འོན་ཀྱང་། འདིའི་དབུ་མ་ཞེས་པ་དེ་དབུ་མའི་བསྟན་བཅོས་ལ་འཇུག་ཀྱང་གང་ལ་འཇུག་པའི་དབུ་མའི་བསྟན་བཅོས་དེ་གང་ཞེ་ན། འདི་ལ་ཁ་ཅིག་རིགས་ཚོགས་དྲུག་འཇོག་པ་དང་། འགའ་ཤས་རྩ་ཤེ་ཁོ་ན་ལ་འཇོག་པ། ལ་ལ་རྒྱས་འབྲིང་བསྡུས་གསུམ་འཇོག་པ་སོགས་བཞེད་ཚུལ་མི་མཐུན་པ་ཁག་ཅིག་འབྱུང་ཞིང་། རེ་རེ་བཞིན་འདོད་པ་རྒྱས་པར་བཀོད་དེ་དགག་སྒྲུབ་ཀྱི་རྩོད་པ་བྱེད་པའི་ལོང་མེད་ལ། གཞུང་གཞན་དུ་ཡང་ཤིན་ཏུ་རྒྱས་པས་ཟློས་པའི་ངལ་བ་ཆེར་མ་བྱས་ཀྱང་འཐུས་པར་སྙམ། གཞན་ཡང་འདིར་དབུ་མ་ལ་འཇུག་པ་ཞེས་པའི་དབུ་མ་ལ་གཞིའི་དབུ་མ་སྟེ་སྟོང་ཉིད་ལ་འཇོག་མཁན་དང་། དེ་བཞིན་དུ་ལམ་དབུ་མ་དང་འབྲས་བུ་དབུ་མ་སོགས་ལ་འཇོག་མཁན་མཐོང་ལ། དེ་དག་གི་དགོངས་པར་ཡང་གཞི་ལམ་འབྲས་གསུམ་གྱི་དབུ་མའི་དོན་བཀྲལ་བས་དེ་དང་དེ་ལ་འཇུག་སྙམ་མོད། སྤྱིར་འདི་དང་འདིའི་རིགས་ནི་རིགས་པས་དེད་ནས་ཨུ་ཚུགས་བྱེད་དགོས་པ་ཞིག་མིན་ལ། རིགས་འདྲ་འཕངས་ནས་ཞིབ་ཆ་འབྱེད་དགོས་པ་ཞིག་ཀྱང་མིན་ཏེ། གཙོ་བོ་མཛད་པ་པོའི་ཚིག་འགྲོས་དང་ཐུགས་བསམ་གང་ལ་བཞེས་པ་སོགས་ཕྱོགས་ཙམ་མཐོང་ན་ཆོག་པར་སྙམ། འདིར་འཇུག་བྱའི་དབུ་མ་ལ་རྩ་བ་ཤེས་རབ་འཇོག་པའི་རྒྱུ་མཚན་ནི་རྗེ་བླ་མས་དཔལ་ལྡན་ཟླ་བའི་རྒྱུན་གྱི་གོམས་གཤིས་སམ། ཡང་ན་འཇུག་པ་རང་འགྲེལ་གྱི་ཚིག་འགྲོས་ལ་དགོངས་ཏེ་ཞིབ་གསལ་གནད་དུ་ཐིངས་པའི་ལན་ཞིག་བསྐྱོན་ཡོད་པ་ནི། དཔལ་ལྡན་ཟླ་བས་རང་འགྲེལ་དུ་རྩ་ཤེ་ལུང་འདྲེན་སྐབས་དབུ་མ་ལས་ཞེས་ལན་མང་དུ་གསུངས་པ་དང་། གཞུང་གཞན་རྣམས་ལ་རང་མིང་གིས་སྨྲོས་པའི་རྐྱེན་གྱིས་”འདིར་དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར་”ཞེས་པ་ཡང་དབུ་མའི་བསྟན་བཅོས་སྤྱི་མ་ཡིན་པར་བྱེ་བྲག་རྩ་བ་ཤེས་རབ་རང་ལ་གོའོ་ཞེས་པ་དེ་རེད། རིགས་འདྲ་སྣ་ཚོགས་ཀྱིས་རྟགས་བསལ་ཇི་ལྟར་གཏོང་ཡང་དོན་གྱི་གནད་ལ་རེག་པའི་རྒྱུ་མཚན་འདི་འདྲ་ཤིན་ཏུ་ལྕིའོ། །

བློ་གསལ་མགུ་བ་བསྐྱེད་པའི་ཡན་ལག་ཏུ་འཕྲོས་དོན་གཞན་ཞིག་གླེང་ན། གཞི་དབུ་མའི་འགྲེལ་བ་ལ་སོང་བ་ཙམ་གྱིས་དེའི་འགྲེལ་བ་ཡིན་མི་དགོས་ལ། དེ་བཞིན་དུ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་འགྲེལ་དུ་སོང་བ་ཙམ་གྱིས་དེ་དང་དེའི་དགོངས་འགྲེལ་ཡིན་མི་དགོས་ཏེ། གཞན་དུ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་གཏན་ལ་ཕབ་པའི་དབུ་མ་རྩ་བ་ཤེས་རབ་ཀྱང་ཆོས་ཐམས་ཅད་ཀྱི་དགོངས་འགྲེལ་ལྟ་བུར་གྱུར་པས་ཧ་ཅང་ཐལ་བ་མ་ལགས་སམ། དེ་བཞིན་དུ་བསྟན་བཅོས་མངོན་རྟོགས་རྒྱན་ཡང་ཤེར་ཕྱིན་གྱི་མདོ་སྡེ་མཐའ་དག་གི་དགོངས་འགྲེལ་དུ་གྱུར་པ་དང་། མདོ་སྡུད་པ་དང་ཁྲི་བརྒྱད་སྟོང་བ་སོགས་ཀྱང་དེའི་བཤད་བྱ་རྩ་བའི་མདོ་རུ་མི་འདོད་བཞིན་དུ་ཁས་ལེན་དགོས་པ་སོགས་དོན་མེད་པའི་ངལ་བ་མང་དུ་འོང་ངོ་། ། འོ་ན་མདོའམ་བསྟན་བཅོས་དེ་དང་དེའི་དགོངས་འགྲེལ་ཡིན་མིན་ནི། མདོའམ་བསྟན་བཅོས་དེ་ནི་གཞུང་དེའི་བཤད་བྱའི་རྩ་བ་དང་བཤད་བྱ་གཙོ་བོ་གཉིས་ཚོགས་ཤིག་ཡིན་དགོས་པར་སྣང་སྟེ། རྒྱས་འབྲིང་བསྡུས་གསུམ་ཁོ་ན་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ཡིན་པ་དང་། མངོན་རྟོགས་རྒྱན་ཡང་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་འགྲེལ་ཡིན་པའི་གནད་ཀྱང་དེ་རེད་སྙམ། སྤྱིར་ཡིན་མིན་གྱི་ཐག་བཅད་དེ་མཚན་མཚོན་གྱིས་གཏན་ལ་ཕབ་པའི་ལས་འདི་འདྲ་ནི། ཅོལ་ཆུང་བྱིས་པའི་ངང་ཚུལ་ལས་མ་འདས་པའི་ཁོ་བོ་འདྲ་བ་དག་གི་འོས་མིན་ལ། དེར་བརྩོན་པ་དང་མོས་པ་ཡང་མེད་མོད། རྩོམ་ཡིག་འདི་འདྲ་འབྲི་བར་དགོས་དབང་གིས་རེ་ཞིག་ཐལ་བའོ། ། གཞན་ཡང་། ཚད་མ་ཀུན་བཏུས་ཞེས་པའི་ཚད་མ་ལ་བདེན་གཉིས་རྟོགས་པའི་ཚད་མ་རང་ལྡོག་སོགས་འཇོག་ཆོག་ན། འདིར་ཡང་དབུ་མ་ལ་འཇུག་པ་ཞེས་པའི་དབུ་མ་ལ་གཞི་དབུ་མ་འཇོག་རིགས་པ་སོགས་དང་། དེ་བཞིན་དུ་རྩ་ཤེ་ཡི་ཚིག་རེ་གཉིས་མཚན་གཞིར་བཟུང་སྟེ་དེ་དང་དེ་འཇུག་བྱའི་དབུ་མ་ཡིན་མིན་དང་། ཡིན་ན་རྩ་བ་ཤེས་རབ་ཡིན་མིན་སོགས་ཀྱི་རྩོད་པ་རྣམས་ཤིན་ཏུ་ཡོངས་སུ་གྲགས་པ་ཡིན་པས་འདིར་མི་འགོད་དོ། །

སྤྱིར་བསྟན་བཅོས་དབུ་མ་ལ་འཇུག་པ་འདི་ཉིད་རྩ་ཤེ་ཡི་འགྲེལ་བ་ཡིན་པ་ལ་བསྙོན་དུ་མེད་ཀྱང་། རྒྱ་གར་ན་རྩ་ཤེ་ཡི་འགྲེལ་ཆེན་བརྒྱད་ཀྱི་གྲས་སུ་མི་བརྩི་སྟེ། དེ་ནི་བསྟན་བཅོས་འདི་རིན་ཐང་ཆུང་བས་མ་ཡིན་པར་འགྲེལ་ཆེན་བརྒྱད་དེ་རྩ་ཤེ་ཡི་ཚིག་འགྲེལ་ལམ་ཡང་ན་དངོས་སུ་རྩ་ཤེ་དང་རྩ་འགྲེལ་སྦྱར་ཆོག་པའི་འགྲེལ་བ་ཁོ་ན་ཕྱོགས་གཅིག་ཏུ་བགྲང་བ་ཡིན་པས་དེར་མ་བགྲང་བར་མངོན་ལ། ཡང་ན་ནི་ཚིག་གསལ་བགྲང་བས་འཇུག་པ་མ་བགྲང་ཡང་འཐུས་པར་སྙམ་པ་ཡིན་ནོ། ། དཔལ་ལྡན་ཟླ་བས་རྩ་བ་ཤེས་རབ་ལ་ཚིག་གི་འགྲེལ་བ་ཚིག་གསལ་དང་། དོན་གྱི་འགྲེལ་བ་འཇུག་པ་གཉིས་བརྩམས་པ་འདིས་ཀྱང་ཁོང་གི་ཐུགས་ལ་རྩ་བ་ཤེས་རབ་ཀྱི་གོ་གནས་ཅི་ཙམ་ཟིན་ཡོད་པ་རྟོགས་པར་འགྱུར་ཞིང་། རང་ཅག་གིས་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་འཚོལ་བར་འདོད་ཚེ་དཔལ་ལྡན་ཟླ་བའི་གཞུང་རྣམས་ནི་དེ་ལ་ལྟ་བྱེད་ཀྱི་སྒེའུ་ཁུང་དང་། འཇུག་བྱེད་ཀྱི་ལྡེ་མིག་ཡིན་པར་ཤིན་ཏུ་རྟོགས་སླའོ། །

གཉིས་པ། ཅིའི་ཕྱིར་དཔལ་ལྡན་ཟླ་བས་རྩ་ཤེ་ལ་འཇུག་པ་དེ་གལ་ཆེ་བར་དགོངས་པ་རེད།

འོ་ན་དཔལ་ལྡན་ཟླ་བ་གྲགས་པ་མཆོག་གིས་ཅིའི་ཕྱིར་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་བཀྲལ་དགོས་པ་རེད་དམ། རྩ་ཤེ་ལ་ཟབ་རྒྱས་གཉིས་ཀྱི་སྒོ་ནས་འཇུག་ཚུལ་ནི་དེ་འདྲའི་གལ་ཆེའམ་ཞེ་ན། དྲི་བ་འདི་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད་ལ། རང་ཅག་ཀུན་གང་ལ་འཇུག་པའི་གསུང་རབ་དེ་ཉིད་ཀྱི་ངོ་བོ་འཚོལ་སྟངས་ཤིག་ཀྱང་རེད། དཔལ་ལྡན་ཟླ་བ་མཆོག་གིས་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་ནི་གནས་དང་གནས་མིན་ལ་དཔྱོད་པའི་ཤེས་རབ་ཀྱི་སྒེའུ་ཁུང་ཞིག་དང་། ཁོང་གི་ལེགས་བཤད་བསྟན་བཅོས་ཁག་ནི་ཤེས་བྱའི་དེ་ཉིད་མཐོང་བའི་མེ་ལོང་ཞིག་ཏུ་ངོས་འཛིན་གནང་འདུག་པ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས་སྟོང་བ་དང་རྟེན་འབྱུང་བཀྲལ་ཚུལ་གྱི་རིམ་པ་འདི་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་འབྲས་བུ་ཟད་མི་ཤེས་པ་ཡོད་ཀྱི་དེ་ལས་གཞན་དུ་གྱུར་བ་ལ་མཆོག་གི་དངོས་གྲུབ་ཀྱི་རེ་བ་མེད་པའི་སྒྲ་དབྱངས་ཀྱང་བསྒྲགས་མྱངས་པ་རེད། ཡང་སྙིང་མགོན་པོ་ཀླུ་སྒྲུབ་ཅེས་པའི་མཁྱེན་དཔྱོད་ཅན་གྱི་སྐྱེས་བུ་གང་དེས་དེ་སྔའི་ཉན་ཐོས་སྡེ་བ་དང་། གནས་བརྟན་པའི་སྡེ་ནས་གྲག་མ་མྱོང་བའི་ཆོས་སྐད་རླབས་པོ་ཆེ་ཅི་ཞིག་གསུངས་པ་རེད་ཅེ་ན། ཚིག་བརྒྱ་མདོར་དྲིལ་ན། ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་བའམ་རང་བཞིན་གྱིས་མ་གྲུབ་པ་རེད་ཅེས་གསུངས་པ་རེད། སྐད་ཆ་འདི་ནི་སྐབས་དེའི་གཙོ་རྒྱུགས་ཀྱི་ལྟ་བ་དང་ཡོངས་སུ་འགལ་བར་མ་ཟད་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁོར་ལོ་དང་པོའི་དགོངས་དོན་དང་མི་མཐུན་པ་ཞིག་ཡིན་པས་དེ་སྐད་སྨྲ་བ་དེ་ནི་ལྟ་བ་ལོག་པའམ་ནང་བ་ལས་གཞན་ཞིག་རེད་ཅེས་ཡོད་ཚད་ཀྱིས་ཁ་རྡུང་དང་སྡང་མིག་གིས་བལྟས་ཤིང་། ཕྱིས་སུ་བྱོན་པའི་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་ཀླུ་སྒྲུབ་ཀྱི་ལྟ་བ་ནི་བདུད་ཀྱི་འཕྲུལ་དུ་སྨྲས་པའི་ལོ་རྒྱུས་ད་དུང་ཡང་ངག་རྒྱུན་ན་ཡོད་པ་ལྟར་རེད། འོན་ཀྱང་། དཔལ་ལྡན་ཟླ་བ་གྲགས་པས་ཕྱི་ནང་གི་གྲུབ་མཐའ་མང་པོར་ཐོས་བསམ་གནང་ཞིང་། ལྷག་ཏུ་འཁོར་ལོ་གསུམ་གྱི་དགོངས་དོན་ལ་ཡང་ཡང་བརྟག་པའི་མཐའ་མར་མགོན་པོ་ཀླུ་སྒྲུབ་ནི་སངས་རྒྱས་གཉིས་པ་ལྟ་བུར་མཐོང་སྟེ། ཁོང་གི་བསྟན་བཅོས་ཁག་ལ་འགྲེལ་བ་མང་དུ་མཛད་ཅིང་། འཆད་ཉན་གྱི་སློབ་གསོ་རབ་དང་རིམ་པ་སྤེལ་བ་རེད། དཔལ་ལྡན་ཟླ་བ་ལ་མཚོན་ན། མགོན་པོ་ཀླུ་སྒྲུབ་དང་ཤིན་ཏུ་ཉེ་བ་ཞིག་ཀྱང་མ་ལགས་ཏེ། ཁོང་གཉིས་ཀྱི་བར་དུ་མི་ལོ་བཞི་བརྒྱ་ལྷག་གིས་ཆོད་པ་རེད། [2]ཡང་ཧ་ཅང་རིང་བ་ཞིག་ཀྱང་མ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱི་ལེགས་བཤད་ཁག་གིས་ཁོང་གི་ཐུགས་ཡིད་ཡོངས་སུ་འཕྲོག་སྟེ། སྐུ་ཚེ་གང་བོར་ཐེག་ཆེན་གྱི་བསྟན་པ་སྤེལ་ཞིང་། ལྷག་ཏུ་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཀྱི་སྟོང་བ་ཉིད་ཀྱི་རྣམ་གཞག་རྩལ་དུ་བཏོན་ནས་དབུ་མ་འཇུག་པ་དང་། དབུ་མ་ཚིག་གསལ། གཞན་ཡང་རིགས་པ་དྲུག་ཅུ་བའི་འགྲེལ་བ་དང་རྩོད་བཟློག་གི་འགྲེལ་བ་སོགས་མཛད་ནས་ལུགས་འདི་ལ་སྐུ་ངལ་རབ་ཏུ་བསྐྱོན་པ་རེད། དེང་གི་སྐད་ཆ་ལྟར་བཤད་ན། དཔལ་ལྡན་ཟླ་བ་ཁོང་ནི་ཀླུ་སྒྲུབ་ཞིབ་འཇུག་མཁན་ཞིག་ཡིན་ལ། ཡང་ན་རིགས་ཚོགས་དྲུག་སོགས་མགོན་པོ་ཀླུའི་ལྟ་གྲུབ་ལ་ཆེད་ལས་རང་བཞིན་གྱི་མཁས་པ་རྩེར་སོན་ཞིག་ཀྱང་རེད། དེའི་ཕྱིར་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོས་ཀྱང་”དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། ། འོད་དཀར་ཕྲེང་བས་གསལ་བྱས་པ། །”ཞེས་ཆེད་བསྟོད་གནང་ཞིང་། འདི་ལ་བརྟེན་ནས་ཁོང་གིས་ལྟ་གྲུབ་ཀྱི་གདེངས་རྙེད་དེ་ཡིད་ཀྱི་ངལ་གསོ་ཐོབ་པའི་ལྟ་མགུར་ཡང་བཞེངས་མྱོང་བ་རེད་ཨང་། ཚལ་བ་ཀུན་དགའ་རྡོ་རྗེའི་«དེབ་ཐེར་དམར་པོ་»ལས་སློབ་དཔོན་འདི་ཉིད་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ནང་གསེས་ཏེ་དབུ་མའི་སློབ་དཔོན་དུ་བགྲང་བ་ཡང་ལྟ་གྲུབ་ཀྱི་རང་རྐང་དང་། བསམ་བློའི་ཤུགས་རྐྱེན་གྱི་ངོས་ནས་ཅིས་ཀྱང་འོས་འཚམས་ལྟ་བུར་སྣང་ལ། ད་རུང་སྐུ་ཚེའི་ལོ་རྒྱུས་ཀྱི་ངོས་ནས་ཀྱང་མགོན་པོ་ཀླུ་སྒྲུབ་དང་ཡབ་སྲས་མ་ཡིན་པའི་སྒྲུབ་བྱེད་འཚོལ་དཀའ་བས་སོ། །

གང་ལྟར། ཐེག་པ་ཆེན་པོའི་ལྟ་གྲུབ་ནི་ཕྱིས་སུ་དར་ཡང་རུང་། གསུང་རབ་ཀྱི་སྒྲས་ཟིན་ཡོད་ཚད་སྲུང་བར་མ་ནུས་ཀྱང་། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་དོན་ནི་མཐའ་གཉིས་དང་བྲལ་བའི་དབུས་ལམ་ཁོ་ནར་གནས་པ་གཟིགས་ཏེ། གཟུ་བོར་གནས་པའི་མཁྱེན་དཔྱོད་ཀྱིས་ཐེག་པ་ཆེན་པོའི་ལྟ་གྲུབ་འཛིན་སྐྱོང་གནང་བའི་ལོ་རྒྱུས་འདི་ནི། དཔལ་ལྡན་ཟླ་བའི་སྐུ་ཚེའི་ལོ་རྒྱུས་ཡིན་ལ། ཁོང་གིས་དབུ་མ་རྩ་ཤེ་ལ་ཕྱི་རབས་རྣམས་འཇུག་དགོས་པའི་སློབ་གསོའི་ལག་ལེན་ཞིག་ཀྱང་ཡིན་སྟེ། འདིའི་ངོས་ནས་བརྟག་ཚེ། བསྟན་པ་སྤེལ་ཟེར་བ་ཡང་ཐོས་བསམ་འཆད་ཉན་ལས་ལོགས་སུ་མེད་ལ། དབུ་མ་ལ་འཇུག་སྟངས་ཀྱང་ཐོས་བསམ་སྙིང་བོ་བྱེད་སྟངས་ལས་གཞན་དུ་མེད།

གསུམ་པ།  འཇུག་པ་རྩ་ཤེ་ལ་ཟབ་རྒྱས་གཉིས་ཀྱིས་འཇུག་ཚུལ་བཤད་པ།

དབུ་མ་ལ་འཇུག་པ་ཅེས་པའི་མཚན་དོན་རྫོགས་པར་བཀྲལ་བ་ལ། འཇུག་བྱའི་དབུ་མ་ངོས་བཟུང་བ་ཙམ་གྱིས་མི་ཆོག་པར་ཇི་ལྟར་འཇུག་ཚུལ་གྱི་རྣམ་གཞག་ནི་དེ་ལས་ཀྱང་གལ་ཆེ་སྟེ། བསྟན་བཅོས་འདི་ལ་འཆད་ཉན་བྱེད་པ་དང་ཐོས་བསམ་གྱིས་གཏན་ལ་ཕབ་པར་འདོད་པའི་སྐྱེ་བོ་ཞིག་ཡིན་ཕྱིན་གཞུང་ལུགས་གང་དེར་ཇི་ལྟར་འཇུག་དགོས་པ་དང་། འཇུག་ཚུལ་གྱི་རིམ་པ། ཞུགས་པའི་དོན་སྙིང་སོགས་ངེས་རྒྱུ་ནི་དཔེ་ཀློག་གི་སྙིང་བོ་ཡིན་ལ། བསམ་གཞིག་གི་འབྲས་བུ་ཡང་ཡིན་ནོ། ། སྤྱིར་འཇུག་པ་ཞེས་པའི་ཐ་སྙད་ཀྱི་ངོས་ནས་གླེང་ན། སྐབས་རེར་བྱ་བ་ལ་འཇུག་པ་དང་། ལན་རེར་བྱེད་པ་ལ་འཇུག་པ། ཡང་མཚམས་རེར་མིང་གི་ཆ་ཤས་སུ་འཇུག་པ་སོགས་ཀྱང་ཡོད་མོད། འདིར་དབུ་མ་ལ་འཇུག་པ་ཞེས་པ་ནི་གཙོ་བོ་བྱ་ཚིག་གི་ངོས་ནས་གོ་བ་ལེན་དགོས་པ་སྟེ། དབུ་མའི་བསྟན་བཅོས་ཀྱི་དགོངས་པ་བཀྲལ་བའི་དོན་ནོ། ། དེའི་ཕྱིར། འཇུག་བྱའི་དབུ་མ་ཞེས་པ་བཀྲལ་བྱའི་དབུ་མ་དང་། འཇུག་བྱེད་ཀྱི་དབུ་མ་ཞེས་པ་ཡང་འགྲེལ་བྱེད་ཀྱི་དབུ་མ་ལ་གོ་དགོས་པ་སོགས་འདྲའོ། ། འཇུག་ཚུལ་གྱི་ཆ་ནས་གཞུང་འདི་དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ལ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱི་སྒོ་ནས་འཇུག་ལ། ཀུན་མཁྱེན་གོ་རམས་པའི་«ལྟ་བ་ངན་སེལ་»དུ་ནི་ལུང་དང་མན་ངག་གཉིས་ཀྱིས་འཇུག་ཚུལ་ཞིག་ཀྱང་གསུངས། དེ་ཡང་ཟབ་རྒྱས་གཉིས་ཀྱི་འཇུག་ཚུལ་གོ་སླ་བར་བྱས་ན་ཟབ་རྒྱས་གཉིས་ཀྱི་ལམ་རིམ་ཆ་ཚང་བའི་སྒོ་ནས་རྩ་བ་ཤེས་རབ་ཀྱི་དངོས་ཤུགས་གཉིས་ཀྱི་བསྟན་དོན་རྫོགས་པར་བཀྲལ་བའི་དོན་རེད། འཇུག་མཁན་གྱི་ངོས་ནས་བརྟག་ན། གཞུང་འདི་དབུ་མའི་བསྟན་བཅོས་ལ་འཇུག་ཚུལ་གཅིག་དང་། གཞུང་དེའི་ཆེད་དུ་བྱ་བའི་གདུལ་བྱ་དབུ་མའི་བསྟན་བཅོས་ལ་འཇུག་ཚུལ་གཉིས་ཕྱེ་བར་རིགས་ཏེ། སྔ་མའི་དབང་དུ་བྱས་པའི་འཇུག་ཚུལ་ནི་ཇི་སྐད་བཤད་པའི་རིམ་པ་དེ་ཉིད་ཡིན་ཞིང་། ཕྱི་མའི་དབང་དུ་བྱས་པའི་འཇུག་ཚུལ་ནི་རིམ་པ་དེ་གཉིས་ཐབས་དང་གོ་རིམ་མ་ནོར་བའི་སྒོ་ནས་ཉམས་སུ་ལེན་ཚུལ་ཡིན། དེ་ཡང་མདོར་བསྡུས་ན་སྔ་མ་ནི་གཞུང་ལུགས་ཡིན་ལ། ཕྱི་མ་ནི་ལག་ལེན་སྟེ་དེ་གཉིས་ཇི་ལྟ་བ་བཞིན་དུ་ཉམས་སུ་བསྟར་ནས་ཐོས་བསམ་བྱེད་པ་ནི་གཞུང་དེའི་ཆེད་དུ་བྱ་བའི་གདུལ་བྱའི་མི་ཚེའི་ཉམས་ལེན་ཡིན་ལ། དཔལ་ལྡན་ཟླ་བའི་གཞུང་ལུགས་འདི་ཉིད་མཛད་པའི་དགོས་དོན་ཡང་ཡིན་ནོ། །

དེར་བརྟེན་«འཇུག་ཊཱིཀ་དགོངས་པ་རབ་གསལ་»དུ་”རྩ་ཤེ་དོན་ཡིད་ལ་བྱེད་པའི་ཚེ། འཇུག་པ་ལས་གསུངས་པ་འདི་རྣམས་དྲན་ནས་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་འཚོགས་པའི་ལམ་གྱི་རིམ་པ་ཡིད་ལ་བྱེད་པ་མ་བྱུང་ན་གང་ཟག་དེ་ལ་དབུ་མ་ལ་འཇུག་པའི་བརྩམས་པའི་དགོས་པ་གཉིས་སྟོར་བ་ཡིན་ནོ། །”ཞེས་རྗེ་ཐམས་ཅད་མཁྱེན་པས་ནན་གྱིས་གདམས་དོན་ཡང་། དབུ་མ་འཇུག་པ་རྩ་ཤེ་ལ་འཇུག་ཚུལ་ཙམ་ཤེས་པའི་ཆེད་དུ་མ་ཡིན་པར་དེ་ལ་ཐོས་བསམ་བྱེད་པའི་སྐྱེས་བུ་རྣམས་ཟབ་རྒྱས་གཉིས་ཀྱི་སྒོ་ནས་འཇུག་དགོས་པའི་དོན་ཡིན་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་གཞུང་ལུགས་ཀྱི་གོ་བ་འོལ་སྤྱི་ཙམ་གྱིས་མི་ཚིམ་པར་འདི་ཉིད་མི་ཚེའི་འཇུག་ལྡོག་གི་བསླབ་བྱ་ཟབ་མོ་ཞིག་དང་། འཚོ་བའི་གོ་རིམ་གྱི་མན་ངག་ཆིག་ཐུབ་ཅིག་ཏུ་བསམ་དགོས་པ་ཡང་ཡིན་ནོ། ། མཚམས་འདིར་བགྲོ་གླེང་གི་དགོས་མཁོ་རུ་དམིགས་ནས་ཟབ་རྒྱས་གཉིས་ཀྱི་འཇུག་ཚུལ་དང་དེའི་དགག་སྒྲུབ་ཀྱི་རྣམ་གཞག་མདོ་ཙམ་འགོད་དགོས་ཀྱང་། མཐའ་དཔྱད་ཀྱི་རྣམ་པ་ལྟ་བུའི་ལུང་འདྲེན་དང་རིགས་འཕྲུལ་མང་སོང་ན་ཤིན་ཏུ་ཡང་མི་མཛེས་པའི་ཁར་དགོས་ངེས་ཀྱི་སྐད་ཆ་མང་པོ་ཞིག་ཀྱང་བོར་འགྲོ་བས་་རེ་ཞིག་བཞག་གོ །

སྤྱི་བཤད་ཙམ་ཞིག་སྤྲོས་ན། ཐོག་མར་ཟབ་པའི་སྒོ་ནས་འཇུག་ཚུལ་ལ་གཉིས་ཏེ། ༡༽  སྟོང་བ་ཉིད་རིགས་པ་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྫོགས་པར་བཀྲལ་བ་དང་། ༢༽  ཡང་ན་སྟོང་ཉིད་གཏན་ལ་ཕབ་པ་དེ་སེམས་ཙམ་པ་དང་། དབུ་མ་གཞན་དང་ཐུན་མོང་མ་ཡིན་པ་བསྟན་པའི་སྒོ་ནས་འཇུག་ཚུལ་གཉིས་སོ། །

རྒྱ་ཆེ་བའི་སྒོ་ནས་འཇུག་ཚུལ་ལ་ཡང་གཉིས་ཏེ། ༡༽  འགའ་ཤས་ཀྱིས་རིན་ཆེན་ཕྲེང་བ་སོགས་གཞུང་གཞན་ལས་བསྟན་པའི་རྒྱ་ཆེ་བའི་ལམ་རིམ་གྱིས་ཁ་བསྐོངས་ཏེ་རྩ་ཤེས་ཀྱི་དགོངས་པ་བཀྲལ་བ་དང་། ༢༽  ཡང་ཁ་ཅིག་གིས་རྩ་ཤེ་ལས་དངོས་སུ་མ་བསྟན་པའམ་བསྟན་བྱའི་གཙོ་བོར་མ་བྱས་པའི་རྒྱ་ཆེ་བའི་ལམ་དེ་རིན་ཕྲེང་སོགས་ཀྱིས་ཁ་བསྐོངས་ཏེ་གཏན་ལ་ཕབ་ཚུལ་གཉིས་ཡོད། སྔ་མས་ནི་རྩ་ཤེ་ལས་རྒྱ་ཆེ་བའི་ལམ་རིམ་མ་བསྟན་པའི་དབང་དུ་བྱས་ཤིང་། ཕྱི་མས་ནི་རྒྱ་ཆེ་བའི་ལམ་རིམ་བསྟན་ཡང་དངོས་བསྟན་གཙོ་བོ་མ་བྱས་པའི་དབང་དུ་བྱས་པའོ། །

འཇམ་མགོན་བླ་མའི་རྩ་འཇུག་གི་དགོངས་འགྲེལ་གཉིས་ལ་མཇལ་ན། རྩ་ཤེ་ལས་རྒྱ་ཆེ་བའི་ལམ་རིམ་མ་བསྟན་པར་བཞེད་དེ། «དགོངས་པ་རབ་གསལ་»ལས”རྩ་ཤེ་ལས་ཟབ་མོའི་ཕྱོགས་མ་གཏོགས་པ་རྒྱ་ཆེ་བ་ཐེག་ཆེན་གྱི་ཁྱད་ཆོས་མ་བསྟན་ཀྱང་།”ཞེས་དང་། ཡང་”ཀླུའི་ཞབས་ཀྱིས་ལམ་གྱི་ཆ་ཕྱོགས་རེ་བཤད་པ་མང་ཡང་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་ལས་བརྩམས་པའི་ལམ་གྱི་ལུས་སྟོན་པའི་གཞུང་གསུམ་ལས”ཞེས་གསུངས། ད་རུང་«རྩ་ཤེ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་»ལས་”གཞུང་འདིར་ལྟ་བ་ལས་མ་གཏོགས་པའི་ཐེག་ཆེན་གྱི་ཁྱད་ཆོས་མ་བསྟན་ཀྱང་། ཆོས་ཀྱི་བདག་མེད་ཤིན་ཏུ་རྒྱས་པར་བསྟན་པས་ཆེད་དུ་བྱ་བའི་གདུལ་བྱ་ལ་ཁྱད་པར་ཡོད་དོ། །”ཞེས་སྐབས་དུ་མར་གསུངས་བས་སོ། ། རྒྱ་ཆེ་བ་བསྟན་ཡང་རྒྱ་ཆེ་བའི་ལམ་རིམ་[3]མ་བསྟན་པའི་ཞིབ་ཆ་དེ་ནི་གོ་བའི་ཟབ་ཚད་དང་རིགས་པའི་དཔྱད་གཟོད་དུ་གྲུབ་པ་ཞིག་ཏུ་སྣང་ཡང་། འདིར་རེ་ཞིག་གཉིས་ཀ་མ་བསྟན་པའི་ཕྱོགས་འཛིན་པར་འདོད་དེ། བྱ་བྱེད་དང་འགྲོ་འོང་སོགས་ཀུན་རྫོབ་རྒྱ་ཆེ་བའི་རྣམ་གཞག་འོང་ཡང་དེ་དག་ནི་ཆོས་ཉིད་གཏན་ལ་ཕབ་པའི་ཡན་ལག་ཏུ་བསྟན་པ་མ་གཏོགས་རྒྱ་ཆེ་བ་བསྟན་འདོད་ཀྱིས་འོང་བ་མ་ཡིན་པས་མ་བསྟན་ཅེས་བརྗོད་ཀྱང་འགལ་བ་ཆེར་མེད་དོ། ། གཞུང་ལུགས་ཀྱིས་བསྟན་ཚད་དང་རྗོད་བྱེད་ཀྱི་སྒྲ་ཡིས་བསྟན་ཚད་གཉིས་ནི་ཆ་ཐམས་ཅད་ནས་འདྲ་བ་མ་ཡིན་ཡང་། ཕྲ་ཞིང་ཞིབ་པའི་བློ་གྲོས་ཀྱིས་སྤུ་རིས་འབྱེད་པ་ནི་རྣམ་དཔྱོད་ཅན་ཁོ་ནའི་ཡུལ་ཡིན་ནོ། ། དཔལ་ལྡན་ཟླ་བའི་དགོངས་བཞེད་ཀྱི་ངོས་ནས་བརྟགས་ན། ཟབ་པ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཡང་ན་དེའི་ཡུལ་ཟབ་མོ་སྟོང་བ་ཉིད་གཅིག་པུའི་ཆ་ནས་མགོན་པོ་ཀླུའི་ལྟ་གྲུབ་ཀྱི་སྙིང་བོ་ཡོངས་སུ་བཀྲལ་དགོས་ན་ཤིན་ཏུ་ཆ་མི་ཚང་བ་དང་། ཅུང་ཟད་རྩིངས་པའི་རྣམ་པ་ཤུགས་ཆེར་མངོན་པས་ཁོང་གི་གཞུང་ལུགས་གཞན་དང་བསྟན་བཅོས་གཞན་དུ་རྒྱ་ཆེར་གསུངས་པའི་ཀུན་རྫོབ་རྒྱ་ཆེ་བའི་རྣམ་གཞག་གིས་ཁ་བསྐོངས་ནས་ཟབ་རྒྱས་གཉིས་སམ་ཐབས་ཤེས་གཉིས་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་ལྟ་གྲུབ་སྤྱི་དང་། བྱེ་བྲག་ཏུ་ཐེག་པ་ཆེན་པོའི་ལྟ་གྲུབ་ཀྱི་ཤིང་རྟའི་སྲོལ་འབྱེད་ལྟ་བུར་གྱུར་པའི་བསྟན་བཅོས་ཆེན་མོ་རྩ་བ་ཤེས་རབ་ཀྱི་དགོངས་དོན་ཡོངས་སུ་བཀྲལ་བ་རེད།

བཞི་བ། ཟབ་རྒྱས་ཀྱི་ལམ་རིམ་སྐོར་མདོ་ཙམ་བཤད་པ།

དེ་ལས་འཕྲོས་དོན་གྱི་ཚུལ་དུ་ཟབ་རྒྱས་གཉིས་ཀྱི་ལམ་རིམ་སྐོར་མདོ་ཙམ་གླེང་བར་འདོད་དེ། ཡོངས་སུ་གྲགས་པ་ལ་ཐབས་དང་ཤེས་རབ་གཉིས་དང་། ཟབ་པ་དང་རྒྱ་ཆེ་བ་གཉིས། ལྟ་བ་དང་སྤྱོད་པ་གཉིས་ཏེ་གཞི་ལམ་འབྲས་གསུམ་གང་གི་སྐབས་ཀྱང་ཕན་ཚུན་ཟུང་དུ་འབྲེལ་དགོས་པའི་ཟབ་རྒྱས་གཉིས་ཀྱི་རྣམ་གཞག་རགས་པ་ཞིག་གང་དུ་ཡང་ཡོད་མོད། ཟབ་མོའི་ལམ་རིམ་མམ་ཟབ་མོའི་ལམ་གྱི་རིམ་པ་མཐར་ཆགས་སུ་བཀྲལ་བའི་གཞུང་ཤིན་ཏུ་ཉུང་བར་མཐོང་ངོ་། ། ལམ་རིམ་དེ་གཉིས་ཇི་ལྟར་བརྒྱུད་པའི་བླ་བརྒྱུད་ལའང་ཟབ་མོ་ལྟ་བརྒྱུད་དང་རྒྱ་ཆེན་སྤྱོད་བརྒྱུད་ཅེས་ཤིན་ཏུ་འགངས་ཆེ་བར་བརྩིའོ། ། སྤྱིར་ཟབ་རྒྱས་གཉིས་ཀྱི་ལམ་རིམ་ཆ་ཚང་བ་ཞིག་འབྲི་བ་ལ་ཀླུ་ཐོགས་གཉིས་ཀྱི་སྐུ་ཚེའི་རྣམ་ཐར་དང་། སློབ་བརྒྱུད་ཀྱི་བྱུང་རིམ། མན་ངག་གི་ཟབ་ཁྱད་སོགས་ལས་བརྩམས་ཏེ་རྒྱ་ཆེ་ཞིང་རྒྱུད་ཆགས་པ་ཞིག་འབྲི་དགོས་ཀྱང་། འདིར་རང་ཉིད་ཀྱི་ཤེས་བརྩོན་ཞན་པ་དང་། དུས་ཚོད་ཀྱི་བར་སྟོང་ཉུང་བ། དཔྱད་རྩོམ་གྱི་ཡིག་ཚད་ལོངས་པ་སོགས་ཀྱིས་མ་འཁྱོངས་ཏེ། ཤིན་ཏུ་ཉུང་ངུའི་ལམ་ནས་ཆེ་ལོང་ཙམ་སྨྲ་བར་ཞུགས་སོ། །

རྒྱ་ཆེ་བའི་ལམ་རིམ་གྱི་སྐོར་ཤིན་ཏུ་མང་ལ། གསུང་སྟངས་ཀྱང་སྣ་ཚོགས་སྣང་སྟེ། དཔེར་ན་རྗེ་བཙུན་བྱམས་པས་བསྟན་བཅོས་མངོན་རྟོགས་རྒྱན་དུ། ཤེར་ཕྱིན་གྱི་མདོའི་སྦས་དོན་རྣམས་མཚོན་བྱེད་དོན་བདུན་ཅུའི་ལམ་ནས་མཚོན་བྱ་མངོན་པར་རྟོགས་པ་བརྒྱད་ཀྱི་ལམ་རིམ་དུ་བསྒྲིགས་ནས་གསུངས་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་ཕྲེང་བར་བསྒྲུབ་བྱ་མངོན་མཐོ་དང་ངེས་ལེགས་གཉིས་ལ་སྒྲུབ་བྱེད་དད་པ་དང་ཤེས་རབ་གཉིས་ཀྱི་ལམ་གྱི་རིམ་པར་བསྒྲིགས་ནས་གསུངས་པ། དེ་བཞིན་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ཏུ། དལ་འབྱོར་གྱི་རྟེན་བཟང་པོ་ཐོབ་པའི་གཞིར་བྱས། དེའི་སྟེང་ནས་རྒྱལ་སྲས་ཀྱི་སྤྱོད་པ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་། ཕར་ཕྱིན་དྲུག་ཉམས་སུ་བླངས་ནས་སྨོན་ལམ་རྣམ་པ་དག་པས་མཚམས་སྦྱར་ཏེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཚུལ་གྱི་ལམ་གྱི་རིམ་པ་གསུངས་པ་སོགས་མང་ངོ་། ། གཞན་ཡང་། མཉམ་མེད་ཇོ་བོ་རྗེ་དང་དཔལ་ལྡན་ཟླ་བའི་ལམ་རིམ་གྱི་རྣམ་གཞག་རྒྱ་ཆེར་གསུངས་པ་ཀུན་ཀྱང་རྗེའི་ལམ་རིམ་ཆེན་མོ་དང་། དགོངས་པ་རབ་གསལ་སོགས་མཇལ་ན་ཤིན་ཏུ་གསལ་བ་ཡིན་པས་ཟློས་པའི་ངལ་བ་མ་བྱས་སོ། །

ཟབ་མོའི་ལམ་རིམ་[4]ཟེར་བ་ནི་གཙོ་བོ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་འཕེལ་རིམ་དང་། ཡང་ན་མཉམ་རྗེས་ཀྱི་སྐབས་སུ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་དམིགས་རྣམ་སྐྱོང་ཚུལ་གྱི་རིམ་པ་དེ་ཉིད་ཡིན་ཞིང་། གཞུང་གིས་བསྟན་ཚོད་ཀྱི་དབང་དུ་བྱས་ན། སྟོང་བ་ཉིད་ཀྱི་རྣམ་གཞག་དེ་རིགས་པའི་རྣམ་གྲངས་མཐའ་ཡས་པ་སྟེ། འགྲོ་བ་དང་འོང་བ། བྱ་བ་དང་བྱེད་པ། རྒྱུ་དང་འབྲས་བུ་སོགས་ཀྱི་སྒོ་ནས་རང་བཞིན་མེད་པའི་ཚུལ་གཏན་ལ་ཕབ་པ་དེ་ནི་ཟབ་པའི་ལམ་རིམ་གཏན་ལ་ཕབ་ཚུལ་ཡིན་ཞིང་། དེ་བཞིན་དུ་མཉམ་གཞག་དང་རྗེས་ཐོབ་ཀྱི་སྐབས་སུ་ཡང་སྟོང་ཉིད་ཇི་ལྟར་འཛིན་མིན་དང་། སྟོང་ཉིད་རྟོགས་པའི་བློ་ཡོད་མེད་སོགས་གཏན་ལ་ཕབ་པ་དེ་ཡང་ཟབ་པའི་ལམ་རིམ་གཏན་ལ་ཕབ་ཚུལ་གཞན་ཞིག་ཡིན་ནོ། ། ཟབ་མོའི་ལམ་རིམ་[5] ཞེས་པའི་ཐ་སྙད་ནི་རྗེའི་ལམ་རིམ་ཆེན་མོ་ལས་གཞུང་གཞན་གང་དུ་ཡང་མ་མཐོང་མོད། མཐའ་གཅིག་ཏུ་རྗེ་བླ་མས་གསར་གཏོད་གནང་བའི་ཐ་སྙད་ཅིག་རེད་ཅེས་ཞུ་མི་སྤོབས་ཏེ། ཁོ་བོའི་མཐོང་ཐོས་ཀྱི་ཁབ་མིག་རབ་ཏུ་དོག་ལ། ཞིབ་འཇུག་གི་ཆུ་ཚད་ཤིན་ཏུ་ཞན་པས་སོ། །

བྱང་སེམས་ཀྱི་ས་བཅུ་དང་ལམ་ལྔའི་བགྲོད་ཚུལ་གྱི་རིམ་པ་ནི་གོ་རིམ་ངེས་པ་ཞིག་མ་ཡིན་ཏེ། ས་བཅུ་མཐར་ཕྱིན་པ་དང་མཆོག་གི་གོ་འཕང་བརྙེས་པ་རེད་ལ། བྱང་སེམས་ཀྱི་ལམ་ལྔ་རྫོགས་པ་དང་ཡང་འབྲས་བུ་སངས་རྒྱས་ཀྱི་ས་ཐོབ་པ་རེད། འོན་ཀྱང་། ལྡོག་ཆས་ཕྱེ་བའི་ས་དང་ལམ་གྱི་རྣམ་གཞག་གཉིས་ཀྱང་མཐར་གཏུགས་ན་ཟབ་པ་དང་རྒྱ་ཆེ་བའི་ལམ་གཉིས་ཉམས་སུ་ལེན་ཚུལ་གྱིས་འཇོག་སྟེ། ཆོས་རྗེ་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གི་«ཐུབ་དགོངས་རབ་གསལ་»ལས”དོན་དམ་སེམས་བསྐྱེད་ལ་བརྟེན་ནས་ཤེས་རབ་སྟོང་བ་ཉིད་བསྒོམས་པས་ཉེར་ལེན་གྱི་རྒྱུ་དང་། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ལམ་ལྔ་འགྲུབ། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས་ཐབས་སྙིང་རྗེས་ཉེར་ལེན་དང་། ཤེས་རབ་སྟོང་བ་ཉིད་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ས་བཅུ་ཐོབ། སངས་རྒྱས་པ་ན་ཡང་ལམ་མཐར་ཐུག་པ་ཆོས་སྐུ་དང་། ས་མཐར་ཐུག་པ་གཟུགས་སྐུ་ཡིན་ནོ། །”ཞེས་གསུངས་པའི་ཕྱིར། དེར་བརྟེན། ལམ་ལྔའི་བགྲོད་རིམ་ནི་གཙོ་ཆེར་སྟོང་ཉིད་རྟོགས་པའི་བློ་ཡི་འཕེལ་རིམ་གྱི་ཆ་ནས་བཞག་པས་ཟབ་པའི་ལམ་རིམ་དང་། ས་བཅུའི་བགྲོད་རིམ་ནི་གཙོ་ཆེར་རྒྱ་ཆེ་བ་ཐབས་ཀྱི་ཡོན་ཏན་གྱི་ཆ་ནས་བཞག་པས་རྒྱ་ཆེ་བའི་ལམ་རིམ་དུ་གསུངས་ཤིང་། དེ་ཡང་ཞིབ་མོའི་བློ་ཡིས་བརྟགས་ཤིང་དཔྱད་ན། སྔ་ན་མེད་པའི་མཁས་པའི་ལེགས་བཤད་དུ་མཐོང་བས་འདིར་ཆེད་དུ་སྨྲས་པའོ། ། ཡང་རྒྱ་ཆེ་བའི་ལམ་རིམ་དང་རྒྱ་ཆེ་བ་གཏན་མི་འདྲ་སྟེ། ཤེས་བྱ་ཇི་སྙེད་པའི་རྣམ་པ་དང་། ངོ་བོ། བྱ་བྱེད་སོགས་རྒྱ་ཆེ་བ་ཡིན་ཡང་། དེ་དག་ཡོད་ཚད་རྒྱ་ཆེ་བའི་ལམ་རིམ་མ་ཡིན་ནོ། ། རྒྱ་ཆེ་བའི་ལམ་རིམ་ཞེས་པ་ནི་གཙོ་བོ་ཐབས་ཀྱི་ཕྱོགས་སུ་གཏོགས་པའི་ཉམས་ལེན་གྱི་རིམ་པ་སྟེ། དཔེར་ན་བྱང་སེམས་ལ་མཚོན་ན། སྦྱིན་སོགས་ཕར་ཕྱིན་དྲུག་གི་ཉམས་ལེན་དང་། བསྡུ་བའི་དངོས་པོ་བཞིའི་ཉམས་ལེན། དེ་བཞིན་དུ་བསོད་ནམས་ཀྱི་ཚོགས་སུ་གྱུར་པའི་ལམ་ཉམས་ལེན་གྱི་རིམ་པ་མཐའ་དག་ལ་ཟེར་ཞིང་། ཉན་རང་གཉིས་ལྟ་བུ་ལ་མཚོན་ན། ལམ་སྐྱེ་ཚུལ་གྱི་རིམ་པ་སྟེ་འཁོར་བའི་ཉེས་དམིགས་བསམ་པ། ཐར་བའི་ཕན་ཡོན་དྲན་པ། གཞན་ཡང་སྟོང་བ་དང་བདག་མེད་པ། འགོག་པ་སོགས་མ་གཏོགས་པའི་རྣམ་པ་གཞན་རྣམས་ཀྱི་ཉམས་ལེན་གྱི་རིམ་པ་མཐའ་དག་ལ་རྒྱ་ཆེ་བའི་ལམ་རིམ་ཞེས་བྱའོ། ། ལན་རེར་ཐེག་པ་ཆེན་པོ་བའམ་ཡང་དེའི་རིགས་སུ་གྱུར་པ་མ་གཏོགས་པའི་ཉན་རང་སོགས་ལ་རྒྱ་ཆེ་བའི་ལམ་གྱི་རིམ་པའི་ཉམས་ལེན་ཨེ་ཡོད་དམ་སྙམ་ཡང་། ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་མེད་ན་འབྲས་བུ་སྡུག་བསྔལ་གཏན་ཟད་ཀྱི་འགོག་པ་ཐོབ་པ་ཡོང་དཀའ་བར་སྙམ་སྟེ། འདིར་ཉན་རང་ལ་རྒྱ་ཆེ་བའི་ལམ་གྱི་ཉམས་ལེན་གྱི་རིམ་པ་ཡོད་པའི་ཕྱོགས་རང་ལུགས་སུ་བཟུང་བ་ཡིན་ནོ། ། འདིར་ཞར་བྱུང་འཕྲོས་དོན་གྱི་ཚུལ་དུ་འདི་འདྲ་ཞིག་ཞུ་བར་འདོད་དེ། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་«ཐར་ལམ་གསལ་བྱེད་»ལས་”རྒྱ་ཆེ་བ་དང་པོ་གསུམ་ག་ནས་བསྟན་ཏོ”ཞེས་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོ་གསུམ་གྱིས་རྒྱ་ཆེ་བ་བསྟན་པ་དང་། ལེའུ་བཞི་བས་མ་བསྟན་པ་ལྟ་བུར་གསུངས་བས་བརྟག་དགོས་ཤིང་། ཚིག་འདི་ཡི་གེ་ཆད་ལྷག་ཤོར་བ་མ་ཡིན་པ་གཞིར་བྱས་ན། གོ་བ་མི་འདྲ་བ་གཉིས་འོང་སྟེ། གཅིག་ནས་རྒྱ་ཆེ་བ་དང་རྒྱ་ཆེ་བའི་ལམ་རིམ་གཉིས་མི་འདྲ་བར་གོ་འོང་ཞིང་། ལེའུ་དང་པོས་རྒྱ་ཆེ་བའི་ལམ་རིམ་བསྟན་ཚུལ་ཞིབ་ཏུ་བལྟས་ཀྱང་གཏན་མི་རྙེད། གཉིས་ནས་ལེའུ་བཞི་བས་རྒྱ་ཆེ་བ་མ་བསྟན་པ་གོ་འོང་བས་ཤིན་ཏུ་དཀའ་འོ། །  གཞན་ཡང་། གཟུངས་རྒྱལ་ལས་གསུངས་པའི་གདུལ་བྱ་དཀྲི་བའི་རིམ་པ་གསུམ་པོ་དེས་ཀྱང་ཟབ་རྒྱས་གཉིས་ཀྱི་ལམ་རིམ་བསྟན་པར་གསུངས་ཤིང་། བསྟན་ཚུལ་གྱི་ཆ་ལ་བརྟགས་པས་ཀྱང་གོང་དུ་ཇི་སྐད་ཞུས་པ་ལྟར་སྟོང་བ་ཉིད་ཀྱི་རྣམ་གཞག་བསྟན་པ་ལ་ཟབ་པའི་ལམ་རིམ་དང་། ཐབས་ཀྱི་རྣམ་གཞག་བསྟན་པ་ལ་རྒྱ་ཆེ་བའི་ལམ་རིམ་ཞེས་ཐ་སྙད་སྦྱར་བ་ཡིན་པ་སོགས་ཤིན་ཏུ་གསལ་ཞིང་། དེ་ལས་ཀྱང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོའི་«བྱང་ཆུབ་ལམ་རིམ་ཆེན་མོ་»ལས་”གཞན་ཡང་ཞི་གནས་མན་ཆད་ཐབས་དང་། བསོད་ནམས་ཀྱི་ཚོགས་དང་། ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་དང་། རྒྱ་ཆེ་བའི་ལམ་རིམ་ཡིན་ལ། ཤེས་རབ་ཁྱད་པར་ཅན་གསུམ་སྐྱེད་པ་ནི་ཤེས་རབ་དང་། ཡེ་ཤེས་ཀྱི་ཚོགས་དང་། དོན་དམ་བདེན་པ་ལ་བརྟེན་པ་དང་། ཟབ་མོའི་ལམ་རིམ་ཡིན་པས། དེ་དག་གི་གོ་རིམ་དང་གྲངས་ངེས་པ་དང་ཐབས་ཤེས་ཡ་བྲལ་གྱིས་བྱང་ཆུབ་མི་འགྲུབ་པ་ལ་ངེས་པ་ཆེན་པོ་བསྐྱེད་པར་བྱའོ། །”ཞེས་གསུངས་པ་ནི་མི་བསླུ་བའི་བཀའ་དང་། ཚད་ཐུབ་ཀྱི་ཁུངས་ཡིན་པས་རང་བཟོའི་འཁྲུལ་བར་གཏན་མི་བསམ་མོ། །

མདོར་ན་མདོ་དང་བསྟན་བཅོས་ཀྱི་དགོངས་པ་ཡོད་ཚད་ཧྲིལ་གྱིས་དྲིལ་ཚེ། ཟབ་པའི་ལམ་རིམ་གཏན་ལ་ཕབ་ཚུལ་ནི་སྟོང་བ་ཉིད་ཀྱི་རྣམ་གཞག་གང་དེ་རིགས་པའི་རྣམ་གྲངས་མང་པོའི་སྒོ་ནས་བསྟན་པ་དང་། ཡང་ན་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་དམིགས་རྣམ་སྐྱོང་བ་དང་མཉམ་རྗེས་ཀྱི་སྒོམ་ཚུལ་སོགས་བསྟན་ཚུལ་ལས་ལོགས་སུ་ཅི་ཡང་མེད་དོ། ། དོན་འདི་ནི་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལ་ཁུངས་གཏུགས་ཤིང་། རྗེས་འཇུག་ཚད་ཐུབ་ཀྱི་མཁས་པ་རྣམས་ལ་གཞི་བཅོལ་སྟེ་བྲིས་པ་ཡིན་པས་བློ་ལྡན་རྣམས་ཅུང་ཟད་ཡིད་རྟོན་རུང་བར་སྙམ་མོ། །

ལྔ་བ། གྲུབ་དོན་བསྡུས་ཏེ་མཇུག་བསྡུ་བ།

 གོང་གསལ་ས་བཅད་བཞིའི་སྒོ་ནས་«དབུ་མ་ལ་འཇུག་པའི་མཚན་དོན་ལས་འཕྲོས་ཏེ་ཟབ་རྒྱས་གཉིས་ཀྱི་ལམ་རིམ་སྐོར་མདོ་ཙམ་བཤད་»ཟིན་པ་ཡིན་ཞིང་། འདིར་སྙིང་བོ་ཡོད་ཚད་གཅིག་ཏུ་བསྡོམས་ཏེ་ཞུས་ན། ད་རེས་ཀྱི་ཁོ་བོའི་དཔྱད་རྩོམ་དུ་བཏགས་པའི་ཡི་གེའི་ཕྲེང་བ་བསྡུས་ཙམ་བཀོད་པ་འདིའི་ནང་དུ་གཙོ་ཆེར་འཇུག་བྱའི་དབུ་མ་ལ་རྩ་བ་ཤེས་རབ་ཁོ་ན་འཇོག་རིགས་པ་དང་། དབུ་མ་རྩ་བ་ཤེས་རབ་ཀྱིས་རྒྱ་ཆེ་བའི་ལམ་གྱི་རིམ་པ་བསྟན་མེད་ལ། ཕྱོགས་རེ་བ་ཙམ་དང་གཞི་ལྡོག་ཙམ་རེ་བསྟན་ཡང་དེ་དག་ཀྱང་ཟབ་མོ་སྟོང་བ་ཉིད་སྟོན་པའི་ཡན་ལག་ཏུ་བསྟན་པ་མ་གཏོགས་རང་རྐྱ་ཐུབ་པའི་སྒོ་ནས་བསྟན་མེད་པའི་དམ་བཅའ་བཞག་ཡོད་ལ། དེར་མ་ཟད་གང་བསྟན་པའི་བདེན་བཞིའི་ཐ་སྙད་རེ་ཙམ་འབྱུང་བ་ཡང་སྟོང་གཞིའི་ངོས་ནས་བསྟན་པ་མ་གཏོགས་འཇུག་ལྡོག་གི་སྒོ་ནས་བསྟན་པ་མ་ཡིན་པས་དེས་ཀྱང་བདེན་བཞི་བསྟན་པའི་ཕྱོགས་སུ་འགྲོ་མི་ཐུབ་པའི་སྐོར་ཡང་བྲིས་ཡོད། གཞན་ཡང་ཟབ་པ་དང་རྒྱ་ཆེ་བའི་ལམ་རིམ་གཉིས་ཀྱི་སྐོར་ལ་དེ་སྔའི་བར་དུ་དེ་ཙམ་གསལ་ཁ་མི་འབྱུང་བའི་དགོས་པ་ལ་དམིགས་ནས་འདིར་ཆེད་དུ་ས་བཅད་དགར་སྟེ། རང་བློས་དཔོག་ཚོད་ཟེར་ན་འདྲ། གཞུང་ལས་ཐོས་ཚོད་ཀྱིས་རབ་རིབ་ཙམ་ཞིག་བྲིས་ཡོད་དེ། འདི་ཡང་ཆ་ལག་རྫོགས་པའི་རིག་གཞུང་དཔྱད་རྩོམ་དང་། གོ་བ་བདེ་བླག་ཏུ་སྟེར་ནུས་པའི་མན་ངག་གི་སྙིང་བོ་ཅི་ཡང་མིན་པས་ཆད་ལྷག་རྨོངས་གསུམ་གྱི་ནོར་འཁྲུལ་ཡོད་པ་བཤད་ཅི་དགོས། འོན་ཏེ། དཔྱད་གཞིའི་འགོ་ཙམ་བསྟན་པ་འདིས་ཀྱང་མ་འོངས་པ་ན་ཕྱོགས་འདི་ལ་དགའ་མོས་དང་དད་འདུན་ཟབ་པའི་གཞོན་ནུ་མང་པོ་ཞིག་གིས་འཐུས་སྒོ་ཇེ་ཚང་དང་། དཔྱད་འབྲས་ཇེ་ལེགས་སུ་གཏོང་བའི་རེ་བ་དང་ཡིད་ཆེས་སེམས་ཀྱི་གཏིང་ནས་ཡོད། མཐར་དོན། གང་ཞིག་བྲིས་པ་འདི་ཀོ་དཔྱད་རྩོམ་གྱི་གདགས་གཞིར་མི་འོས་ཀྱང་། གཞུང་ལུགས་ཀྱི་མཐའ་དཔྱད་མི་ཚང་ཡང་། མི་ལོ་བཅུ་ཕྲག་ཙམ་ལ་བོད་ཀྱི་རིག་གཞུང་སྤྱི་དང་། ཁྱད་པར་དུ་བོད་བརྒྱུད་ནང་བའི་ཆོས་ལ་དགའ་མོས་ཀྱི་འདུན་པ་མ་སྟོང་བའི་ཕྱིར་དྲན་ནམ་མཉེལ་བྱང་ཙམ་གྱི་དོད་དུ་བྲིས་པ་ཡིན། ཇི་སྐད་གླེང་བའི་སྐད་ཆ་མཐའ་དག་སྒེར་གྱི་བསམ་ཚུལ་ཙམ་དང་དམ་པ་སྔ་མའི་གསུང་གི་གཟུགས་བརྙན་ཙམ་ཡིན་པས་ལོག་རྟོག་འཁྲུལ་བའི་ཆ་ལ་བཟོད་གསོལ་དང་། མ་རྟོགས་རྨོངས་པའི་ཆ་ལ་དགོངས་འཆར་ལྷུག་པོར་འོང་བའི་རེ་སྨོན་ཞུ་བ་དང་བཅས་རེ་ཞིག་རྩོམ་ཡིག་འདིས་མཇུག་བསྡུས་པ་ཡིན།

སླར་སྨྲས་པ།

ཆོས་ཀྱི་བྱུང་རབས་རྒྱས་པར་བཀོད་དེ་དད་པའི་སྤུ་ལོང་གཡོ་བར་མི་ནུས་ཤིང་། །
སྲིད་ཀྱི་ཆགས་སྡང་འཁོར་ལོ་བསྐོར་ཏེ་ཞེན་ཁོག་རླབས་ཕྲེང་འཕྱུར་བར་ནུས་མ་ཡིན། །
དཔྱད་གསུམ་གཟེར་གྱིས་དམ་དུ་བརྡབས་པའི་འོལ་སྤྱི་ཚིག་གི་གོ་བ་རབ་རིབ་འདི། །
སྐལ་ལྡན་གཞོན་ནུའི་སྙིང་གི་ཁོང་དུ་རྣམ་དཔྱོད་གེ་སར་རྒྱས་སླད་རེ་བས་བྲིས། །

ཉི་ཤུའི་ན་ཚོད་མ་ཡལ་བའི། །
རྣམ་རྟོག་བྱིས་པའི་རྩེད་འཇོ་འདི། །
གཟུར་གནས་མཁས་རྒན་སྤྱན་ལམ་དུ། །
ཕུལ་བའི་སྙིང་ཁམས་ཆེ་གྱུར་ཀྱང་། །

གཤོག་རྩལ་མ་རྫོགས་འདབ་ཆགས་འཕུར་བའི་རྩོམ་པ་དང་། །
བློ་སྟོབས་མ་སྨིན་མཁས་པའི་མདུན་ས་འགོག་པ་དེ། །
རིགས་མཐུན་ཧབ་ཆ་ལྷུག་ལྷུག་དགོད་པའི་རྒྱུ་ཡིན་ཡང་། །
བདག་ཅག་”ཁ་མིག་ཡར་ལྟ་”བགྱིས་པའི་རྣམ་འགྱུར་ཡིན། །

དེའི་ཕྱིར་འདི་ན་ཚིག་དང་དོན་གྱི་ཆར། །
མ་རྟོགས་འཁྲུལ་བའི་ནོངས་པ་ཅི་མཆིས་པ། །
སྙིང་ནས་འཆགས་ཤིང་ཀླུ་སྒྲུབ་ཡབ་སྲས་ཀྱི། །
ཟབ་མོ་ལྟ་བས་བདག་རྒྱུད་སྨིན་པར་ཤོག །

འཕོ་བྲལ་ཏིང་འཛིན་སྒྱུ་མའི་གཟུགས་ཀྱི་ཁམས། །
ཡེ་བྲལ་གདོད་མའི་ཀུན་ཏུ་བཟང་པོའི་སྐུ། །
མཐའ་བྲལ་རང་སེམས་ཆོས་སྐུར་མངོན་ཕྱོགས་ཏེ། །
བརྗོད་བྲལ་གཏན་བདེའི་ས་ལ་རེག་གྱུར་ཅིག །

དཔྱད་ཡིག་དང་ཞབས་མཆན། 

[1] རྗེའི་དགོངས་པ་རབ་གསལ་དུ་”དབུ་མའི་བསྟན་བཅོས་སམ་དབུ་མའི་གྲུབ་མཐའ་ལ་དབུ་མར་བྱས་པ་ཤེས་རབ་སྒྲོན་མར་ཡང་བཤད་”ཅེས་གསུངས་པ་ནི་ཕལ་ཆེར་ལེགས་ལྡན་འབྱེད་ཀྱི་གཞུང་གཞན་རྟོག་གེ་འབར་བ་དང་ནོར་བ་མིན་ནམ་སྙམ་སྟེ། ཤེས་རབ་སྒྲོན་མར་ཚིག་དེ་འདྲ་གཏན་མི་སྣང་ངོ་། །

[2] ལོ་ཚིགས་འདི་ནི་གནས་སྐབས་ཙམ་ལ་སློབ་དཔོན་མཆོག་དུས་རབས་བདུན་པར་འཁྲུངས་པའི་དབང་དུ་བྱས་པ་ཡིན་མོད། ཁོང་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་དང་དུས་རབས་གཉིས་པར་འཁྲུངས་པར་འདོད་མཁན་ཡང་མང་བས་མཐའ་གཅིག་ཏུ་འཁྲུངས་འདས་ཀྱི་ལོ་ཚིགས་གཏན་འབེབས་བྱེད་རྒྱུ་ཤིན་ཏུ་དཀའ་བའི་གནས་སོ། །

[3] འདིའི་སྐོར་མདོ་ཙམ་འོག་ཏུ་ཡོད།

[4] འགའ་ཤས་ཀྱིས་ཟབ་པའི་ལམ་རིམ་ཞེས་འབྲི་བ་ནི་བཀའ་བསྟན་གྱི་ཁུངས་གང་ཡང་མེད་པའི་ཐ་སྙད་གསར་བ་སྟེ། རང་བཟོ་ཁོ་ནའོ་བསམ་མོད་བརྟག་པར་ཞུ།

[5] འདིར་ཞིབ་ཆ་དགོས་པ་ཞིག་ལ། ཁོ་བོས་ཟབ་མོའི་ལམ་རིམ་ཞེས་པའི་ཐ་སྙད་ཀྱི་ཁུངས་ལ་བརྟག་པ་ཡིན་གྱི། ཟབ་མོའི་ལམ་ཞེས་པ་ནི་བཀའ་བསྟན་སོགས་སུ་ཤིན་ཏུ་མང་བས་འདི་གཉིས་འཁྲུལ་བར་མི་བྱའོ། །

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།