ཧྭ་ཤང་མ་ཧྭ་ཡ་ནའི་དཀར་འདོན་རང་བློའི་འཁྲུལ་སེལ་སྒྲོན་མེ།

ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་བརྗོད་པ་ནི།  རྒྱའི་བཙུན་པ་ཧྭ་ཤང་མ་ཧྭ་ཡ་ནའི་ལྟ་བ་དེ་ཐལ་འགྱུར་བའི་ལྟ་བ་རྣལ་མ་ཡིན་པར་མ་ཟད། ཀུན་རྫོབ་ཏུ་སྦྱིན་སོགས་ཕར་ཕྱིན་དྲུག་ལ་སྤྱོད་དགོས་པར་ཁས་ལེན་ལ། དབའ་བཞེད་དུ་འཁོད་པ་ལྟར་ན། ཁོང་གིས་རྒྱ་གར་གྱི་པཎྡི་ཏ་ཀ་མ་ལ་ཤཱི་ལར་རྩོད་པའི་ཤགས་འགྱེད་པའི་སྐོར་སྐབས་མང་དུ་བྱུང་མོད། དེ་ནི་རྒྱའི་བཙུན་པ་ཧྭ་ཤང་མ་ཧྭ་ཡ་ན་མ་ཡིན་པ་ལུང་དང་རིགས་པས་གྲུབ་ཅིང་བསམ་ཡས་ཆོས་རྩོད་ཀྱི་སྐབས་སུ་ངེས་པར་གོ་དགོས་པའི་གནད་ཀྱང་ཡིན་པའི་ཕྱིར་དེའི་རྣམ་གཞག་དག་བཤད་ཡོད་ལ།  གཞན་ཡང་དབའ་བཞེད་ནི་དབའ་གསལ་སྣང་གི་མིན་པའི་ཚུལ་དག་ཀྱང་རྒྱས་པར་བཤད་ཡོད་དོ།  །

རྒྱའི་བཙུན་པ་ཧྭ་ཤང་མ་ཧྭ་ཡཱ་ནའི་རྣམ་ཐར་བཀོད་པ།

བསམ་གཏན་གྱི་ཆོས་བརྒྱུད་ནི། རྒྱ་གར་གྱི་སློབ་དཔོན་བྷོ་དྷི་དྷརྨོརྟར་ (达摩祖师 ) ནས་བརྒྱུད་དེ་བྱུང་ལ། བྷོ་དྷི་དྷརྨོརྟར་ནི་བསམ་གཏན་གྱི་ཆོས་ཏེ་ཐལ་འགྱུར་བའི་ལྟ་བ་རྒྱ་ནང་དུ་ཐོག་མར་རྒྱ་ཆེར་སྤེལ་མཁན་ཡིན།  དེ་ཡང་ཁོང་ནི་རྒྱའི་རྒྱལ་རབས་བྱང་མའི་སྐབས་ཏེ་དུས་རབས་དྲུག་པའི་ནང་དུ་རྒྱ་ཡུལ་དུ་བྱོན།  ཁོང་ནས་བརྒྱུད་དེ་མཁན་རབས་ལྔ་པ་དེ་ཧྭ་ཤང་ཧོང་རིན་ཡིན་ལ།   དེའི་སློབ་མ་ཧྲིན་ཞུའུ་( 神秀 606 —706) ཡིས་བྱང་ཕྱོགས་སུ་ཆོས་བརྒྱུད་སྤེལ་བ་དང་།  ཧུའུ་ནིང་( 慧能 638— 713) གིས་ལྷོ་ཕྱོགས་སུ་ཆོས་བརྒྱུད་སྤེལ་བས།  ལྷོ་བྱང་གི་བརྒྱུད་པ་གཉིས་བྱུང་།  ཧྭ་ཤང་མ་ཧྭ་ཡན་ནི། ཧྲིན་ཞུའུ་ཡི་ ( 神秀 ) སློབ་མ་བདུད་འདུལ་སྙིང་པོ་དང་། ( 和上法贬低号降魔 ) ཞོའོ་ཧྥུའུ་ཀྲང་ཧ་ཧྲང་། ( 小福张和上658—736 ཏྭ་ཧྥུའུ་ལེའུ་ཧ་ཧྲང་( 大福六和上 ) སོགས་བསྟེན་ནས་ཐེག་པ་ཆེན་པོ་བསམ་གཏན་གྱི་ཆོས་སྒོར་ཞུགས་པ་ལགས་སོ། ། གཞན་ཡང་ཐང་ཡིག་ལས། བཅོམ་ལྡན་འདས་སྐུ་མྱ་ངན་འདའ་བའི་དུས།  །མྱ་ངན་འདའ་བའི་གཞུང་འདི་བསྟན་པ་ཡིན། །དཔེ་དོན་མང་པོ་འོད་སྲུངས་ཉིད་ལ་གསུངས། །དེ་ནས་དྷ་རྨོ་རྟཱ་ར་ལ་སོགས། །རྒྱ་ནག་སྤྲུལ་བདུན་བརྒྱུད་པ་བརྒྱུད་པའི་མཐའ༑ ༑ཧྭ་ཤང་མ་ཧྭ་ཡཱ་ན་ཉིད་ལ་ཐུག ། ཅེས་དང་།  བོ་དྷི་དྷརྨརྟའི་བརྒྱུད་འཛིན་ནི༑ ༑མཐའ་མ་ཧྭ་ཤང་མ་ཧྭ་ཡཱ་ནའི་གཞུང་། །ཅིག་ཆར་འཇུག་པ་ཡོངས་སུ་རྫོགས་པ་ཡིས། །དཔེ་དོན་མང་པོ་མདོ་སྡེའི་གཞུང་ལ་ཐུག །དེ་དག་འདོད་གཞུངཡི་གེ་མེད་པ་དང་།  དྷརྨོརྟརའི་རྒྱ་ལུང་ཆེན་པོ་རྣམས། །ཅི་ཡང་བྱར་མེད་མན་ངག་སྙན་ཁུང་བརྒྱུད། །ཅེས་མ་ཧྭ་ཡཱ་ན་ཉིད་ཚན་ཙུང་གི་མཁན་པོ་དྷརྨོརྟརའི་ཆོས་ཀྱི་བརྒྱུད་པ་འཛིན་མཁན་ཡིན་པ་སོགས་གསུངས་སོ། །

རྩོད་པ་བྱུང་ཚུལ།

སྤྱིར་ཧྭ་ཤང་གི་རྩོད་པ་བྱུང་ཚུལ་ལ་དབའ་བཞེད་ཀྱི་སྐབས་ནས་བཤད་པའི་རྩོད་པ་དང་། ཏུན་ཧོང་ཡིག་རྙིང་ལས་བཤད་པའི་རྩོད་པ་བྱུང་ཚུལ་གཉིས་ཡོད། གཉིས་པ་ནི་ཅིག་ཅར་གྱི་སྐབས་ནས་བཤད་པ་ལ་ངོས་འཛིན་དགོས། འདིར་ཤེས་དགོས་པ་ཞིག་ལ། དབའ་བཞེད་ཀྱི་སྐབས་སུ་སློབ་དཔོན་ཀ་མ་ལ་ཤི་ལ་དང་བཙུན་པ་ཧྭ་ཤང་གཉིས་ཀྱི་རྩོད་པ་ཡིན་པར་གཞིར་བཞག་གི་སྟེང་ནས་ཧྭ་ཤང་གི་འདོད་པ་དེ་སློབ་དཔོན་ཀ་མ་ལ་ཤི་ལས་ཇི་ལྟར་བཀག་ཚུལ་རྒྱས་པར་བཤད་མོད། དབའ་བཞེད་ཀྱི་སྐབས་སུ་བཤད་པའི་རྩོད་པ་དེ་དོན་གྱིས་ཧ་ཤང་མ་ཧྭ་ཡ་ན་དང་བརྩད་པ་མིན་པ་གསོལ་བོར་ཤེས་དགོས། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཅིག་ཅར་འཇུག་པ་རང་གི་སྐབས་སུ་བྲམ་ཟེ་དགེ་སློང་དག་གིས་ལོ་ཐོག་ཟླ་བརྩེགས་ཀྱིས། མདོ་ཁུངས་བཙལ་ཞིང་། དྲི་བ་བསྒྲིགས་ཏེ་ལྷད་སྐྱོན་བཙལ་བར་བཤད་པ་ལས་སློབ་དཔོན་དང་བརྩད་པའི་ཚིག་ཟུར་ཙམ་ཡང་མི་མངོན་པ་ཡིན།

གལ་ཏེ་སློབ་དཔོན་ཀ་མ་ལ་ཤི་ལ་དང་བརྩད་པ་ཡིན་ན། ཁོང་ནི་གནམ་གྱིས་ས་བཀབ་པ་ལྟ་བའི་མཁས་པ་ཡིན་པས་ལོ་ཐོག་དང་ཟླ་བརྩེགས་ཀྱིས་དྲི་བ་བཙལ་དགོས་པ་ཞིག་ག་ལ་ཡིན།  ཧྭ་ཤང་དང་སློབ་དཔོན་གཉིས་ཀྱི་དགོངས་པ་ནི་གནད་གཅིག་ཡིན་པའི་ཕྱིར་རྩོད་མི་དགོས་ལ་བརྩད་ཀྱང་མ་མྱོང་བ་འོག་ནས་འཆད་པར་འགྱུར།  དེས་ན་གང་ལ་རྩོད།  ཅིའི་ཕྱིར་བརྩད་པ་ཡིན་ཞེ་ན། ལྷ་བཙན་པོ་ཁྲི་སྲོང་གི་སྐབས་སུ་བོད་ཀྱི་བན་དེ་ཁ་ཅིག་མཁན་ཆེན་ཞི་འཚོའི་ཆོས་ལ་བསླབས། ཡང་གཞན་དག་རྒྱའི་བཙུན་པའི་བསམ་གཏན་ལ་བསླབས་ཤིང་བཙུན་པ་སློབ་དཔོན་དུ་བཀུར། དེའི་ཕྱིར་ཧྭ་ཤང་གིས་བྲམ་ཟེ་དགེ་སློང་དག་ལ་བརྩད་དོ།  །

མཁན་ཆེན་མཆོག་གིས་དབུ་མའི་མཐར་ཐུག་གི་ལྟ་བ་རྟོགས་ཡོད་པ་སྨོས་མ་དགོས། དེའི་ཚུལ་ནི་དབུ་མའི་བསྟན་བཅོས་གཞན་ལས་ཤེས་ནུས་སོ། ། ཡིན་ཡང་ཁོང་ནི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཡིན་ལ་རྣམ་གྲངས་བའི་དོན་ནམ་རྩལ་དུ་བཏོན་ནས་ཀྱང་འཆད་པ་དེའི་ཕྱིར།    ཁོང་གི་སློབ་བུ་དག་གིས་རང་རྒྱུད་པའི་ལྟ་བ་དེ་དབུ་མ་མཐར་ཐུག་གི་ལྟ་བ་ཡིན་པ་ཁ་ཙམ་མིན་པར་གཏིང་ནས་ཁས་ཀྱང་ལེན་ལ། ཧྭ་ཤང་གི་ལྟ་བ་ནི་ཐལ་འགྱུར་བའི་ལྟ་བ་རྣལ་མ་ཡིན་པའི་ཕྱིར་ལྟ་བ་མ་མཐུན་ནས་བརྩད་དོ། ། དེས་ན་རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་པའི་གནས་ལུགས་མཛོད་ལས། སློབ་དཔོན་ཆེན་པོ་ཧྭ་ཤང་གིས་གསུངས་པ་དེ་དུས་བློ་དམན་པའི་བློར་མ་ཤོང་ཡང་དོན་ལ་དེ་བཞིན་དུ་གནས་སོ། ། ཞེས་གསུངས་པ་ནི་དོན་ལ་གནས་པའི་གསུང་ངོ་། །

དབའ་བཞེད་དང་ཐེག་པ་ཆེན་པོ་ཅིག་ཅར་གཉིས་བསྡུར་བ།

དབའ་བཞེད་དུ་ལྷ་སྲས་བཙན་པོ་ཁྲི་སྲོང་གི་སྐབས་སུ། ཧྭ་ཤང་མ་ཧྭ་ཡ་ན་བོད་དུ་མཆིས་ནས་ལྟ་བ་མ་མཐུན་པར་འཁྲུགས་པར་བཤད་ལ།  ཧྭ་ཤང་གི་སློབ་མ་མྱང་ཤ་མི་སོགས་ཀྱིས་རང་སྲོག་བཅད་ཚུལ་སོགས་དབའ་བཞེད་དང་ཧུན་ཧོང་ཡིག་རྙིང་ན་འཁོད་པའི་ཅིག་ཅར་འཇུག་པ་གཉིས་ཀ་ལ་མཐུན་ཙམ་ཡོད།  ཡིན་ཡང་ཆེས་མི་མཐུན་པ་ནི་དབའ་བཞེད་དུ། དེ་ནས་བཙན་པོ་སོགས་དཔུང་པོར་བཞུགས་ཏེ་ཧྭ་ཤང་དང།  སློབ་དཔོན་ཀ་མ་ལ་ཤི་ལ་གཉིས་ཀྱིས་རྩོད་པ་མཛད་ཚུལ་སོགས་བཀོད་པ་དེ་ཡིན།   དེ་ལྟར་ཡིན་པ་ནི། དབའ་བཞེད་ལས། ① དེའི་ཚེ་རྒྱ་ཡུལ་ནས་རྒྱའི་ཧྭ་ཤང་མ་ཧྭ་ཡ་ན་བོད་ཡུལ་དུ་མཆིས་པ་ལས་བོད་ཀྱི་བན་དྷེ་ཕལ་གྱིས་ཆོས་བསླབས་ཏེ། ལྟ་བ་མ་མཐུན་ནས་འཁྲུགས་པ་དང་། བཙན་པོས་ཇི་ལྟར་མཛད་ཀྱང་མ་མཁྱེན་ཏེ་མ་ཧྭ་ཡན་གྱི་སློབ་མ་ལས་མྱང་ཤ་མིས་རང་གི་ཤ་གཏུབས། གཉགས་བི་མ་ལ་དང་། གཉགས་རིན་པོ་ཆེས་རང་གི་ཕོ་མཚན་བརྡུངས།  རྒྱས་ནི་རང་གི་མགོ་ལ་མེ་ལ་བཏང་སྟེ།  གཞན་ཡང་ཆུ་གྲི་རེ་རེ་སྲེལ་ཞིང་ཙེན་མེད་པ་རིལ་བསད་ལ། ཞེས་སོགས་སོ། །

ཅིག་ཅར་འཇུག་པའི་སྐབས་སུ་རྩོད་པ་བྱུང་ཚུལ་ནི།  དབའ་བཞེད་དང་གཏན་ནས་མི་འདྲ་སྟེ།   སློབ་དཔོན་ཀ་མ་ལ་ཤི་ལ་དང་བརྩད་པའི་ཚིག་ནི་མེད་ལ་བྲམ་ཟེ་དགེ་སློང་དག་དག་བརྩད་པ་ནི། ཅིག་ཅར་འཇུག་པ་ལས། ② སྤྲེལ་གྱི་ལོ་ནས་བཟུང་། ལྷའི་བཙན་པོས་ངེད་ཀྱི་མཁན་པོ་ལ། བྲམ་ཟེ་དགེ་སློང་དག་གིས། རྒྱའི་དགེ་སློང་གིས་བསླབ་པའི་ཅིག་ཅར་བསམ་གཏན་གྱི་སྒོ་འདི་ནི་གསེར་ཞལ་ནས་གསུངས་པ་མ་ཡིན་པས། མཚམས་འཇོག་པར་འཚལ་ཞེས་ཞུ་བཞིན་འདུག་ཅེས་གསུངས་པ་ལ།  ངེད་ཀྱི་མཁན་པོས་ཅི་མི་སྙམ་ཞིང་ཞལ་འཛུམ་སྟེ། ཡ་མཚར་ཆེ་བ་ལ།  ས་འདིའི་སྐྱེ་འགྲོ་རྣམས་ཐེག་པ་ཆེན་པོའི་རིགས་སུ་མ་གྱུར་པ་ཡིན་ནམ།  ཡང་ན་བདུད་སྡེ་ཞུགས་ཏེ་སེམས་གཡོ་བ་ཡིན།  ངེད་ཀྱིས་བསྟན་པའི་ཆོས་དེ་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པར་སྨྲ་བ་དེ་དག་རང་གིས་རང་མེད་པར་བཟོས་པ་མ་ཡིན་ནམ། ཞེས་གསུངས་ཤིང་། གཞན་ཡང་དེ་ཉིད་ལས། བྲམ་ཟེ་དགེ་སློང་རྣམས་གནས་ལུགས་མ་རྟོགས་ཤིང་། ལན་གྱིས་དབུལ་བར་གྱུར་ཏེ། ཕམ་པར་གྱུར་ཀྱང་། ཁས་མ་བླངས་པར་བློན་ཆེན་དང་གྲོས་བཏབ་ཅིང་ཚོགས་པ་བསྒྲིགས་པ་ལ། བོད་ཀྱི་བཙུན་པ་མྱང་ཤ་མི་དང་། སྙ་བྱེ་མ་ལ་ཞེས་པ་གཉིས་ཀྱིས་རང་ལུས་ཕུང་པོ་འདུས་བྱས་ཡིན་པ་ལེགས་པར་རྟོགས་ཤིང་། བསམ་གཏན་གྱི་ཆོས་སྒོ་ཡང་ལེགས་པར་རྟོགས་པས། ཆོས་ཀྱི་ཆེད་དུ་ལུས་ཕུང་བློས་གཏོང་བ་ལས། རང་ལུས་ལ ལྷག་པར་མ་གཅེས་པར།  མགོ་ལ་མེ་བཏང་བ་དང་། ལུས་ཕུང་གྲིས་གཏུབ་ནས།  ངན་གྲོགས་བསྒྲིགས་ཤིང་བསམ་གཏན་གྱི་ཆོས་ལ་དམའ་ཕབ་པར་མི་བཟོད་དོ། ། ཞེས་བཤད་ནས་ཤིའོ། །

དབའ་བཞེད་ཀྱི་སྐབས་སུ་ཧྭ་ཤང་དང་ཀ་མ་ལ་ཤི་ལ་གཉིས་ཀྱིས་དངོས་སུ་རྩོད་པ་མཛད་ཚུལ་གསལ་བར་བསྟན་པ་ནི། དབའ་བཞེད་ལས།  ③  དེ་ནས་ཀ་མ་ལ་ཤི་ལ་འོང་ནས། བྱང་ཆུབ་ཀྱི་གླིང་དུ་གུང་ལ་ནི་བཙན་པོ་བཞུགས། ཧྭ་ཤང་དང་ཀ་མ་ལ་ཤི་ལ་གཉིས་གཡས་གཡོན་དུ་སེང་གེའི་ཁྲི་ལ་བཞག །མཇུག་ལ་སློབ་མ་རྣམས་དངར་ཏེ། ཏོན་མུན་པའི་སློབ་མ་ཇོ་མོ་བྱང་ཆུབ།  སྲུ་ཡང་དག  །བན་དེ་ལང་ཀ་ལ་སོགས་པ་ལ་མེ་ཏོག་གི་ཕྲེང་བ་རེ་རེ་ལ་ལག་ཏུ་བསྐུར་ནས་བཀའ་སྩལ་པ།  ངའི་མངའ་རིས་ཀྱི་འབངས་ཀུན་བོད་ནག་པོ་ལ་ཞེན་པའི་དོན་དུ་བལ་ཡུལ་ནས་ཟ་ཧོར་གྱི་རྒྱལ་པོའི་བུ་བོ་དྷི་ས་ཏྭ་སྤྱན་དྲངས་ཏེ་དཀོན་མཆོག  །གསུམ་གྱི་རྟེན་བཙུགས་ནས་འབངས་ཀུན་ལྷ་ཆོས་སློབ་ཏུ་བཅུག་པ་ལ། ཉུང་ཤས་ཤིག་རབ་ཏུ་བྱུང་བའི་འོག་ཏུ་ཧྭ་ཤང་མ་ཧྭ་ཡན་འདིར་ཕྱིན་ཏེ། བོད་ཀྱི་རབ་ཅིག་གིས་ཧྭ་ཤང་ལ་བསླབས། ཁ་ཅིག་ནི་བོ་དྷི་ས་ཏྭའི་སློབ་མ་ཡིན་པས་ཧྭ་ཤང་གི་ལྟར་སློབ་ཏུ་མ་བཏུབ་སྟེ་འཁྲུགས་པ་ལ།  ཞེས་སོགས་སོ། །

ཅིག་ཅར་འཇུག་པ་རང་གི་སྐབས་སུ་རྩོད་པ་བྱུང་ཚུལ་དངོས་སུ་བསྟན་པ་ནི། ཅིག་ཅར་འཇུག་པ་ལས། ④ བྲམ་ཟེ་དགེ་སློང་དག་གིས་ལོ་ཐོག་ཟླ་བརྩེགས་ཀྱིས། མདོ་ཁུངས་བཙལ་ཞིང་། དྲི་བ་བསྒྲིགས་ཏེ་ལྷད་སྐྱོན་བཙལ་བ་ལ། ངེད་མཁན་པོས་ཡང་དག་པའི་དོན་རྟོགས་ཡོད་ཕྱིར།  དྲིས་ལན་བཏབ་པ་ཀུན་རླུང་གིས་སྤྲིན་དེད་དེ་ནམ་མཁའ་དྭངས་པར་བྱས་པ་དང་། རིན་ཆེན་མེ་ལོང་ནང་ཀུན་ཀྱི་གཟུགས་བརྙན་མ་འདྲེས་པར་གསལ་པོར་འཆར་བ་བཞིན(བདེན་རྫུན་གྱི་དབྱེ་བ་ཡང་དག་པར་ཕྱེ་)མཛད་དོ། །

ལྟ་བའི་ཁྱད་པར་བཤད་པ།

ལྟ་བ་མི་མཐུན་པ་ལ་གཉིས་ཕྱེ་དགོས་ཏེ། ཧྭ་ཤང་གི་ལྟ་བ་དེ་དབའ་བཞེད་ནས་བཤད་པའི་ལྟ་བ་དང་མི་མཐུན་ཚུལ་དང་། ཅིག་ཅར་ནས་བཤད་པའི་སྐབས་ཀྱི་ལྟ་བ་དེ་སློབ་དཔོན་ཀ་མ་ལ་ཤི་ལའི་ལྟ་བ་དང་མཐུན་ཚུལ་གཉིས། དབའ་བཞེད་ཀྱི་སྐབས་སུ་ཧྭ་ཤང་གི་ལྟ་བ་ནི་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་དང་། ལུས་ངག་གི་དགེ་བ་ཕར་ཕྱིན་དྲུག་སོགས་ཀྱང་དགག་པས་བསམ་ཡས་གཙིག་ལག་ཁང་གི་མཆོད་པ་ཡང་རྒྱུན་ཆད་པ་སོགས་བཤད་མོད། དེ་དག་ཁས་ལེན་པའི་སྤོབས་པ་ནི་བཙུན་པ་ཧྭ་ཤང་ལ་ཡེ་ནས་མེད་དེ།  ཅིག་ཅར་འཇུག་པ་རང་གི་སྐབས་སུ་བསམ་གཏན་ནི་ཤེར་ཕྱིན་ཟབ་མོའི་ལྟ་བ་ཡིན་ཚུལ་དང་ལུས་ངག་གི་དགེ་བ་ཕར་ཕྱིན་དྲུག་སོགས་ཀྱང་ངེས་པར་དགོས་ཚུལ་གསལ་བོར་འཆད་ཡོད་པས་སོ། །

དབའ་བཞེད་དུ་ཧྭ་ཤང་གི་འདོད་པ་བཀོད་པ་ནི། དབའ་བཞེད་ལས། ❶ ཧྭ་ཤང་གིས་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པ་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་ངན་འགྲོ་དང་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་ཅི་ལ་ཡང་མི་སེམས། ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་བ་ལས་ཐར་བར་འགྱུར་རོ། ། དེ་ལྟ་བས་ན་ཅི་ཡང་མི་བསམ་མོ།  ། སྦྱིན་པ་ལ་སོགས་པའི་ཆོས་སྤྱོད་པ་རྣམ་པ་བཅུ་བཤད་པ་ནི་སྐྱེ་བོ་དགེ་བའི་ལས་འཕྲོ་མེད་པ་མ་རབས་དབང་པོ་རྟུལ་པོ་བློ་ཞན་པ་རྣམས་ཁོ་ན་ལ་བསྟན་པ་ཡིན་ནོ། །

ཅིག་ཅར་འཇུག་པའི་སྐབས་སུ་རང་གི་གྲུབ་མཐའ་ཐུན་མིན་བཤད་པ།

ཅིག་ཅར་འཇུག་པ་ལས། ❷ ཁོ་བོས་བཤད་པའི་བསམ་བྱའི་དོན་གང་ཡང་མེད་ཟེར་བ་ནི། ཤེར་ཕྱིན་གྱི་དགོངས་དོན་ཟབ་མོ་ཡིན། དེ་ལ་ཡིད་ཆེས་ཀྱི་དད་པ་སྐྱེ་དཀའ་ཞིང་འཇུག་དཀའ་བ་ཡིན།  ཁོ་བོས་སྔ་ཕྱིར་བཤད་པ་ཐམས་ཅད་མདོ་སྡེ་ལ་བརྟེན་ནས་བཤད་པ་ལས། ངེད་ཀྱི་གྲུབ་མཐའ་ལྟར་བཤད་པ་མ་ཡིན། ངེད་ཀྱི་གྲུབ་མཐའ་ལྟར་བཤད་ན། སྐད་དང་བརྡ་ལ་མི་རྟེན་ཞིང་། རང་རྒྱུད་འདུ་ཤེས་ཀྱི་མཚན་མ་དང་བྲལ་བ་ཡིན། མཐར་ཐུག་དོན་དམ་པའི་དོན་ཡང་དེ་ལྟར་ཡིན་ནོ། །   ཞེས་སོགས་དང་གཞན། ཅིག་ཅར་འཇུག་པ་ལས། ❸ ཐབས་གང་ཡིན་ཟེར་ན། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡོམ་པ་ལྔ་དང་། དགེ་བ་བཅུ་དང་། སངས་རྒྱས་འོད་དཔག་མེད་ཀྱི་མཚན་འདོན་པ་དང་། ཐལ་མོ་སྦྱོར་བ་དང་། མགོ་བསྒུར་ནས་ཕྱག་འཚལ་བ་སོགས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཐབས་སུ་བཤད་དོ། །

ཅིག་ཅར་འཇུག་པ་ལས། ❹ ཡོད་མེད་སོགས་གང་ཡང་མི་བསམ་ཞིང་མི་རྟོག་ལ། མི་རྟོག་པ་དེ་ཡང་མི་རྟོག་གོ  །བརྒྱ་ལ་འདུ་ཤེས་ཡོད་ཀྱང་རྟོག་པ་མ་སད་ན་སྔར་བཞིན་འཁོར་བར་འཁོར་རོ། །རྟོག་པ་སད་ན་འདུ་ཤེས་ལ་བློ་མི་འཇུག་པར་སྐད་ཅིག་སྐད་ཅིག་གིས་ཐར་པ་ཐོབ་པར་འགྱུར་རོ། །དོན་དམ་པར་སངས་རྒྱས་ཐམས་ཅད་སྒྲུབ་མི་སྒྲུབ་གང་རུང་དང་བྲལ་བའོ། །འཇིག་རྟེན་པའི་ངོར་ཀུན་རྫོབ་ཀྱི་ལས་གསུམ་དག་པར་འགྱུར་བ་དང་། གང་ལ་ཡང་མི་གནས་མི་ཆགས་པར་ཕར་ཕྱིན་དྲུག་སྤྱོད་པའོ། །

ཧྭ་ཤང་མ་ཧྭ་ཡ་ན་དང་སློབ་དཔོན་ཀ་མ་ལ་ཤི་ལ་གཉིས་ཀྱི་དགོངས་པ་མཐུན་ཚུལ།

ཅིག་ཅར་འཇུག་པའི་ལུང་དེ་དག་གིས། ཧྭ་ཤང་གི་ལྟ་བ་དེ་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་དང་ཅི་ཡང་མི་བྱེད་པ་ཙམ་མིན་པར་གསལ་བོར་བསྟན་ཡོད།  དེ་ནི་དབུ་མ་ཐལ་འགྱུར་བའི་ཁས་ལེན་པའི་སྤྲོས་པ་མཐའ་དག་དང་བྲལ་བའི་གནས་ལུགས་དང་གཉིས་སུ་མེད་པ། དོན་དམ་དུ་ཁས་ལེན་སོགས་ཀྱི་རྣམ་བཞག་མེད་པ། ཀུན་རྫོབ་ཏུ་ཆོས་མཐའ་དག་ཁས་ལེན་པ།  དོན་དམ་ནི་སྐད་དང་བརྡས་མཚོན་མི་ནུས་པ་སོགས་ཤེར་ཕྱིན་ཆེན་མོ་དང་། ལང་ཀར་གཤེགས་པའི་མདོ།  འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ། རྒྱན་སྟུག་པོ་བཀོད་པ།  རྡོ་རྗེ་གཅོད་པ་སོགས་ལ་ཁུངས་བཅོལ་ནས་གསུངས་པ་ཤ་སྟག་ཡིན།  དེ་དང་མཐུན་པར་སློབ་དཔོན་ཀ་མ་ལ་ཤི་ལས་ཀྱང་དོན་དམ་གྱི་ངོ་བོ་དེ་ལྟར་བཞེད་དེ།  བསྒོམ་རིམ་བར་པ་ལས། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་། དོན་དམ་པའོ། །དེ་ལ་ཀུན་རྫོབ་པ་ནི་སྙིང་རྗེས་སེམས་ཅན་མཐའ་དག་མངོན་པར་འདོན་པར་དམ་བཅས་ནས་འགྲོ་བ་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་པས་སེམས་དང་པོ་བསྐྱེད་པའོ། ། ཞེས་དང་། ཡང་དེ་ཉིད་ལས།  དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ་སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོ་བའོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པར་བྱས་པ་ལས་འགྱུར་ཏེ། ཞེས་གསུངས། དེའི་ཕྱིར་ཧྭ་ཤང་དང་སློབ་དཔོན་ཀ་མ་ལ་ཤི་ལ་གཉིས་ཀྱི་དགོངས་པ་ནི་དབུ་མ་ཐལ་འགྱུར་བ་ལྟར་གནས་པ་ཁོ་ནའོ། །

དབའ་བཞེད་དབའ་གསལ་སྣང་གི་མིན་པའི་ཚུལ་བཤད་པ།

འོ་ན་ཧྭ་ཤང་དང་སློབ་དཔོན་ཀ་མ་ལ་ཤི་ལ་གཉིས་ཀྱིས་རྩོད་པ་བྱས་ཚུལ་འདི་བཙན་པོའི་སྐབས་སུ་དབའ་གསལ་སྣང་གིས་མཛད་པར་གྲགས་པའི་དབའ་བཞེད་དུ་གསལ་ལོ་ཞེ་ན། དེ་ལྟར་གྲགས་མོད་ཀྱང་དབའ་བཞེད་ནི་དབའ་གསལ་སྣང་གིས་མཛད་པ་མིན་པར་གཞུང་རང་ལས་དཔག་ནུས་ཏེ།  དེ་ཉིད་ལས་དབའ་གསལ་སྣང་ཁྲི་སྲོང་གི་སྔོན་ལ་གཤེགས་པ་ཡིན་པར་ཁས་ལེན་བཞིན་དུ་“བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་སྐུ་རིང་ལ་སྐད་གསར་བཅད་ཀྱིས་ཤིན་ཏུ་གཏན་ལ་ཕབ་པ་ལགས”ཞེས་དང་སྦ་གསལ་སྣང་འདས་རྗེས་བཙན་པོའི་ཞལ་ནས“ཨ་ཙརྱ་ཚེ་ལས་འདས་པ་དང་སྦྱར་ན་ཁོ་བོའི་ཚེ་ཡང་རིང་པོ་མི་ཐུབ་”ཅེས་གསུངས་པ་སོགས་དབའ་གསལ་སྣང་འདས་རྗེས་ཀྱི་ལོ་རྒྱུས་དག་དབའ་བཞེད་དུ་བཀོད་ཡོད་ལ།  གཞན་ཡང་དེ་ཉིད་ལས།  དཀོན་མཆོག་གསུམ་གྱི་རྟེན་བརྟན་པ་དང་། ནམ་དུ་ཡང་མི་གཞིག་པའི་སླད་དུ་དཀོན་མཆོག་གསུམ་དང་དགེ་འདུན་གྱི་བཤོས་ཆ་ལས་མི་གསོལ་བར་རྐྱེན་རིས་སུ་བཀུམ་ན་སླད་རྗེས་སུ་ལེགས་པར་ཡེ་ཤེས་དབང་པོས་སྙན་དུ་གསོལ་བས།  ཞེས་སོགས་མང་དུ་འབྱུང་པའི་གཞུང་རང་གི་ཚིག་གི་བབ་ལས་ཀྱང་དབའ་གསལ་སྣང་གི་མིན་པར་རྟོགས་ནུས་སོ།  །

དཔྱད་གཞིའི་ཡིག་ཆ། 

དབའ་བཞེད། ① P36 འཇམ་དབྱངས་ཤེས་རིག་དཔེ་ཚོགས།

ཅིག་ཅར་འཇུག་པ། ② P421 འཇམ་དབྱངས་ཤེས་རིག་དཔེ་ཚོགས།

དབའ་བཞེད། ③ P37 འཇམ་དབྱངས་ཤེས་རིག་དཔེ་ཚོགས།

ཅིག་ཅར་འཇུག་པ། ④ 422 འཇམ་དབྱངས་ཤེས་རིག་དཔེ་ཚོགས།

དབའ་བཞེད། ❶ P38 འཇམ་དབྱངས་ཤེས་རིག་དཔེ་ཚོགས།

ཅིག་ཅར་འཇུག་པ། ❷ P424 འཇམ་དབྱངས་ཤེས་རིག་དཔེ་ཚོགས།

ཅིག་ཅར་འཇུག་པ། ❸ P426 འཇམ་དབྱངས་ཤེས་རིག་དཔེ་ཚོགས།

ཅིག་ཅར་འཇུག་པ། ❹ P430 འཇམ་དབྱངས་ཤེས་རིག་དཔེ་ཚོགས།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།