
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཧྥ་རན་སིར་འབྱོར་བའི་བོད་མི་སྔ་ཤོས་དེ་སུ་ཡིན་མིན་དང་། ཁོང་ཧྥ་རན་སིར་ཇི་ལྟར་སླེབས་པ། ཡུལ་དེར་བྱ་བ་ཅི་ཞིག་བསྒྲུབས་པ། ཁོང་གིས་བྲིས་པའི་ཟིན་བྲིས་ཀྱི་ནང་དོན། ཟིན་བྲིས་དེ་ཧྥ་ཡིག་ཏུ་བསྒྱུར་པར་མ་ཟད་། ཧྥ་རན་སིའི་དུས་དེབ་ཁག་ཏུ་བཀོད་པའི་གནས་ཚུལ་ཁག་ཞུས་ཏེ། མཐར་ཁོང་བོད་དུ་ཕྱིར་ལོག་ནས་ཡུན་རིང་མ་འགོར་བར་འདས་གྲོངས་སུ་གྱུར་པའི་ལོ་རྒྱུས་སོགས་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་དང་བསྡུར་ནས་གླེང་ཡོད།
གནད་ཚིག །བོད། ཧྥ་རན་སི། ཨ་སྒྲུབས་མགོན་པོ། རྗ་ཁུ་བྷ་ཁོ་ཊི། བླ་མ་ཡོངས་ལྡན། ཐི་ཨོ་ཌོ་རེ་མོན་བྷེལ།
གླེང་གཞི།
ཕྱི་ལོ་ ༡༨༤༥ ལོར། ཧྥ་རན་སིའི་ཡེ་ཤུའི་ཆོས་སྤེལ་མཁན་ཨེ་བ་ཝེ་སི་ཊི་ཝེ་རྗི་སི་ཨོལ་ཁུ་(Évariste Régis Huc 1813-1860)དང་ཁོང་གི་ཆོས་གྲོགས་ཤིག །ད་དུང་སྐད་སྒྱུར་བ་བོད་མི་ཞིག་བཅས་མི་གསུམ་རྒྱ་ནག་དང་ནང་སོག་བརྒྱུད་དེ་མདོ་སྨད་སྐུ་འབུམ་དུ་འབྱོར། དེ་ནས་མི་རིང་བར་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་ཐུབ་པ་བྱུང་སྟེ། བོད་གཞུང་གི་གནད་ཡོད་མི་སྣས་ཁོང་ཚོར་སྣེ་ལེན་གང་ལེགས་གནང་ཡོད། དེ་ལ་བརྟེན་ནས་ཡེ་ཤུའི་ཆོས་སྤེལ་མཁན་གཉིས་ཀྱིས་ལྷ་ས་ནས་ཡུ་རོབ་ཏུ་འབྲེལ་བ་བྱ་སའི་ལས་ཁུངས་ཤིག་འཛུགས་པའི་སྟ་གོན་བྱས་ཀྱང། སྐབས་དེའི་ལྷ་སྡོད་མན་ཇུའི་ཨམ་བན་གྱིས་ཐབས་ཤེས་ཡོད་རྒུ་བཏོན་ནས་ཁོང་གཉིས་ལྷ་ས་དང་ཁ་འབྲལ་དགོས་པ་ཆགས། གལ་ཏེ་མུ་མཐུད་དུ་ལྷ་སར་བསྡད་ཡོད་ཚེ། བོད་གཞུང་དང་ཧྥ་རན་སིའི་གཞུང་བར་འབྲེལ་བ་རིམ་བཞིན་འཕེལ་ཏེ། རྒྱལ་ཁབ་ཕན་ཚུན་དབར་འགྲོ་འོང་གི་གནས་ཚུལ་བྱུང་ཡོད་པར་ཚོད་དཔག་བྱེད་ཐུབ་ནའང་། དེ་ལྟ་བུའི་གནས་སྟངས་བྱུང་མེད། འོན་ཀྱང་། སྐབས་དེ་ནས་བཟུང་སྟེ། བོད་དང་ཧྥ་རན་སི་བར་འབྲེལ་བ་བྱུང་མགོ་ཚུགས་ཤིང་། ཡེ་ཤུའི་ཆོས་སྤེལ་མཁན་ཨོལ་ཁུས་བྲིས་པའི་འགྲུལ་བཞུད་ཀྱི་ཟིན་ཐོ་དེ་དག་གིས་ཧྥ་རན་སིའི་མི་མང་ལ་བོད་ཀྱི་སྣང་བརྙན་གསལ་སྟོན་བྱས་ཡོད། དེར་བརྟེན། ཁོ་བོས་བརྗོད་གཞི་འདི་གལ་ཆེན་དུ་བརྩིས་ནས་རྩོམ་ཡིག་ཅིག་བྲིས་ཡོད་[1]ལ། ཐེངས་འདིར་ཧྥ་རན་སིར་འབྱོར་བའི་བོད་མི་སྔ་ཤོས་དེའི་སྐོར་ཡང་གླེང་བར་འདོད། ད་ཕན་བོད་མི་སུས་ཀྱང་བརྗོད་གཞི་འདིའི་སྐོར་གྱི་རྩོམ་ཡིག་གང་ཡང་བྲིས་པ་མ་མཐོང་མོད། རྒྱལ་ཁོངས་སུད་སི་ནས་ཡིན་པའི་བོད་རིག་པ་བ་སྐུ་ཞབས་ས་མུའེ་ཨེལ་ཐེ་ཝོ་སི་(Samuel Thévoz) ཡིས་ཞིབ་འཇུག་གི་རྩོམ་ཡིག་ཅིག་བྲིས་པར་མ་ཟད། གཏམ་བཤད་ཅིག་ཀྱང་གནང་ཡོད་པ་མཐོང་བྱུང་། ཡིན་ནའང། ཁོ་བོས་ཕྱི་སྐད་དུ་ཡོད་པའི་རྩོམ་ཡིག་དང་གཏམ་བཤད་ཁག་གི་དཔྱད་འབྲས་དག་ལ་བསྐྱར་ཞིབ་བགྱིས་ཏེ་སྔར་ལས་ཁ་གསལ་ཞིག་ཞུ་འདོད་བྱུང་།
༡ ཧྥ་རན་སིར་འབྱོར་བའི་བོད་མི་ཐོག་མ་དེ་སུ་ཡིན།
ཐོག་མར། ཧྥ་རན་སིར་འབྱོར་བའི་བོད་མི་སྔ་ཤོས་དེ་སུ་ཡིན་ནམ་ཞེ་ན། ལར་ནས་བླ་མ་ཡོངས་ལྡན་(Aphur Yongden 1899-1955 )ཡིན་པར་འདོད་མཁན་ཡོད་དེ། ‘‘ཧྥ་རན་སིའི་བོད་མིའི་སྤྱི་ཚོགས་’’ (Communauté tibétaine en France) ཞེས་པའི་ངོ་སྤྲོད་རྩོམ་ཡིག་དེ་རུ། ཧྥ་རན་སིར་ལོ་མང་སྡོད་མཁན་གྱི་བོད་མི་སྔ་ཤོས་ནི་བླ་མ་ཡོངས་ལྡན་རེད་[2]ཅེས་བྲིས་འདུག །བླ་མ་ཡོངས་ལྡན་ཞུ་བ་ནི་ཨ་ལེ་ཁུ་སན་སྒྲི་ར སྡེ་བལ་སྡུ ནིལ་( Alexandra David-Néel 1868-1969 ) གྱི་བུ་ཚབ་ཡིན་ཞིང་། འཁྲུངས་ཡུལ་ནི་འབྲས་མོ་ལྗོངས་དང་། རིགས་རྒྱུད་ནི་བོད་རིགས་འཁྲུལ་མེད་ཡིན་པར་བཤད། ཨ་ལེ་ཁུ་སན་སྒྲི་ར་དང་བླ་མ་ཡོངས་ལྡན་གཉིས་ཕྱི་ལོ་ ༡༩༡༤ ལོར་འབྲས་ལྗོངས་ནས་ཐུག་འཕྲད་བྱུང་སྟེ། རིམ་བཞིན་རྒྱ་གར་དང་། ཉི་ཧོང་། ཁོ་རེ་ཡ། རྒྱ་ནག །མདོ་སྨད་སྐུ་འབུམ་སོགས་བརྒྱུད་དེ་ལྷ་སར་འབྱོར། ཕྱི་ལོ་ ༡༩༢༥ ལོར་བླ་མ་ཡོངས་ལྡན་རང་ཉིད་ཀྱི་མ་ཚབ་དང་ལྷན་དུ་ཧྥ་རན་སིར་ཕེབས་པར་མ་ཟད། ཕྱིས་སུ་ཡུལ་དེ་གར་སྐུ་ཡང་གཤེགས། ཁོང་མ་བུ་གཉིས་མཉམ་འབྲེལ་བགྱིས་ཏེ་དེབ་འགའ་བྲིས་ཡོད་པས་ནུབ་ཕྱོགས་སུ་སྐད་གྲགས་ཆེན་པོ་རྒྱས་ཡོད།
བླ་མ་ཡོངས་ལྡན་ནི་ཧྥ་རན་སིར་འབྱོར་བའི་བོད་མི་སྔ་ཤོས་དེ་མིན་ཏེ། ཁོང་ཧྥ་རན་སིར་མ་སླེབས་པའི་མི་ལོ་བཅུ་བདུན་ཙམ་གྱི་སྔོན་ལ། ཨ་སྒྲུབས་མགོན་པོ་ཞུ་བའི་བོད་མི་ཞིག་ཡུལ་དེར་དངོས་སུ་སླེབས་པའི་ལོ་རྒྱུས་ཡོད། ཁོང་ནི་ཧྥ་རན་སིའི་བོད་རིག་པ་བ་རྗ་ཁུ་བྷ་ཁོ་ཊི་ (Jacques Bacot 1877-1965) དང་འགྲོགས་ནས་སླེབས་པ་ཞིག་རེད། རྗ་ཁུ་བྷ་ཁོ་ཊི་ནི་ཡུལ་སྐོར་འགྲུལ་བཞུད་ལ་དགའ་བའི་འབྱོར་ལྡན་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༡༩༠༤ ལོར་རྒྱ་གར་བྱང་ཕྱོགས་སུ་ཡོད་སྐབས། ཕྱི་ལོ་ ༡༩༠༣ ནས་ ༡༩༠༤ བར་ཧྥ་རན་སེ་སུ་ ཡང་ཧ་སེ་པན་ཊིས་ (Francis Younghusband 1863-1942) སྣེ་ཁྲིད་པའི་ཨིན་ཇིའི་དམག་དཔུང་ལྷ་སར་བསྐྱོད་པའི་གནས་ཚུལ་ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན། ཨིན་བོད་དམག་འཁྲུག་གི་གནས་ཚུལ་དེས་བོད་ལ་དོ་སྣང་བྱེད་མཁན་གྱི་ནུབ་ཕྱོགས་པ་མང་དུ་འཕེལ་ཞིང་། རྗ་ཁུ་བྷ་ཁོ་ཊི་ཡིས་ཀྱང་དོ་སྣང་བྱེད་མགོ་བརྩམས་ཡོད། དེར་བརྟེན། ཁོང་ཧྥ་རན་སིར་ལོག་རྗེས། ས་ཁམས་རིག་པའི་ཚོགས་སྡེ་ཞིག་ཏུ་ས་ཁྲ་འབྲི་བའི་གཞི་རྩ་སྦྱངས་པ་དང་། མིའི་རིགས་རིག་པའི་ཚོགས་པ་ཞིག་ཏུའང་ཞུགས་ཏེ་མིའི་རིགས་རིག་པའི་སྐོར་སློབ་གཉེར་གནང་།
ཕྱི་ལོ་ ༡༩༠༦ ལོར་བོད་ཀྱི་ལྷོ་ཤར་ཁག་ཏུ་བསྐྱོད་པ་དང་། སྐབས་དེར་ཨ་སྒྲུབས་མགོན་པོ་ལ་ཐུག་འཕྲད་བྱུང་སྟེ། བོད་ཀྱི་ཕོ་གསར་འདིས་རྗ་ཁུ་བྷ་ཁོ་ཊིའི་འགྲུལ་བཞུད་ཐད་ལ་རོགས་རམ་གནང་ཡོད་པར་མ་ཟད། ཕྱི་ལོ་ ༡༩༠༨ ལོར་ཧྥ་རན་སིར་སླེབས་ཐུབ་ཡོད། དེར་བརྟེན། ཁོང་ནི་ཧྥ་རན་སི་ཙམ་མིན་པར་ནུབ་ཕྱོགས་སུ་འབྱོར་མཁན་གྱི་བོད་མི་སྔ་ཤོས་དེ་ཆགས།
༢ ཨ་སྒྲུབས་མགོན་པོ་ཞེས་པ་སུ་ཡིན།
རྗ་ཁུ་བྷ་ཁོ་ཊིས་བྲིས་པའི་<<ཁ་བ་དཀར་པོའི་ཉེ་འཁོར་གྱི་བོད་མིའི་རྗེས་སུ་འབྲངས་པ་>>[3]( Dans les marches Tibétaines autour du Dokerla)ཞེས་པའི་དེབ་དེ་ནི་ཕྱི་ལོ་ ༡༩༠༧ ཟླ་ ༣ ནས་ ༡༢ བར་གྱི་འགྲུལ་བཞུད་ཀྱི་སྐོར་བྲིས་པ་ཞིག་ཡིན་ལ། དེབ་དེའི་ནང་ཁོང་ཕྱི་ལོ་ ༡༩༠༦ ཟླ་ ༡༡ པར་ཧྥ་རན་སི་ནས་ཐོན་ཏེ། ཕྱི་ལོ་ ༡༩༠༧ ཟླ་ ༣ པར་ཡུན་ནན་ཁུན་མི་ (Kunming )ནས་ཡུན་ནན་ཏཱ་ལི་(Dali )ལ་འབྱོར་བ་དང་། དེ་རུ་ཡོད་པའི་ཡུ་རོབ་པ་ཁག་ཅིག་དང་ཡེ་ཤུའི་ཆོས་སྤེལ་མཁན། ས་གནས་ཀྱི་དཔོན་རིགས་ཚོས་སྣེ་ལེན་བྱས་པར་མ་ཟད། མི་སྣ་དེ་དག་གི་རོགས་རམ་འོག་མེ་ཀོང་གཙང་འགྲམ་བརྒྱུད་དེ་བྱང་ཕྱོགས་སུ་བསྐྱོད་འདུག །ཕྱི་ཟླ་ ༥ པར་ཡུན་ནན་བདེ་ཆེན་ས་ཁུལ་གྱི་ཚི་གུ་[4](Tsekou)གྲོང་ཚོར་འབྱོར་ཏེ་ཨ་སྒྲུབས་མགོན་པོར་ཐུག་འཕྲད་བྱུང་ཡོད། ཁོང་གིས་གསུང་དོན། ‘‘སྤ་གཏང་ནས་ཡིན་པའི་བོད་མི་ཞིག་འདུག །ཁོ་ནི་མི་གཞན་དང་མི་འདྲ་བ་ཞིག་རེད། ཁོས་ང་ལ་ཞབས་ཞུ་བྱེད་རྒྱུ་དང་ང་དང་མཉམ་དུ་ཧྥ་རན་སིའི་བར་འགྲོ་རྒྱུ་ཡིན་ཟེར་’’[5]ཞེས་ཟེར། དེ་ལྟར་ན། ཨ་སྒྲུབས་མགོན་པོའི་སྐྱེས་ཡུལ་ནི་སྤ་གཏང་[6](Patong) ཡིན་པ་དང་། ཁོང་གཉིས་ཐུག་འཕྲད་འབྱུང་ས་ནི་ཚི་གུ་ཡིན་པ་ཤེས་ཐུབ། སྤ་གཏང་ནི་བདེ་ཆེན་ཁུལ་གྱི་རྗོང་གསུམ་སྟེ་འབའ་ལུང་རྫོང་དང་། འཇོལ་རྫོང་ངམ་བདེ་ཆེན་རྫོང་། རྒྱལ་ཐང་རྗོང་གསུམ་ལས་འབའ་ལུང་རྫོང་གི་ཁོངས་སུ་གཏོགས། ཚི་གུ་ཡང་རྫོང་དེར་གཏོགས་ཤིང་། མིང་གཞན་བྱི་སྒོ་(燕门乡)གྲོང་ཚོའམ་ཅོག་རིང་(角仁)གྲོང་ཚོ་ཡིན་འདུག །སྤ་གཏང་དང་ཚི་གུ་གཉིས་ཀྱི་བར་ན་སྤྱི་ལེ་བདུན་ལྷག་ཡོད་པར་བཤད་ཅིང་།[7] རྗ་ཁུ་བྷ་ཁོ་ཊིས་འགྲུལ་བཞུད་དང་པོའི་སྐབས་ཀྱི་ས་ཁྲ་ཞིག་བྲིས་ཡོད་པའི་ནང་། ཚི་གུ་དང་སྤ་གཏང་གཉིས་ཀྱི་བར་ཐག་ཤིན་ཏུ་ཉེ་ཚུལ་བསྟན་འདུག་ལ། ཡུལ་དེ་ནི་རོང་བཙན་ཁ་བ་དཀར་པོའི་རི་རྒྱུད་ཀྱི་འདབས་འབྲེལ་དུ་གཏོགས།
རྗ་ཁུ་བྷ་ཁོ་ཊིའི་འགྲུལ་བཞུད་ཐེངས་གཉིས་པའི་ཟིན་བྲིས་ཏེ་<<བོད་ཀྱི་གྱེན་ལངས་>>(Le Tibet révolté)སུ། སྤ་གཏང་གི་མཐའ་འཁོར་མོ་སྲོལ་[8]( Mosos)དང་ལེས་ཟོ་[9](Lissous) མི་རིགས་ཁག་གིས་བསྐོར་ཅིང་། གྲོང་ཚོ་དེར་ས་བདག་ཆེན་པོ་ལྔ་ཡོད་པ་ལས་མི་མང་བྱིངས་ནི་བྲན་གཡོག་ཡིན་ལ། ཨ་སྒྲུབས་མགོན་པོ་ལའང་ཞིང་ས་བདུན་དང་བྲན་གཡོག་ལྔ་བཅུ་ཙམ་ཡོད་ཚུལ་བྲིས་འདུག །ད་དུང་། ཡུལ་མི་རྣམས་ཀྱིས་བོན་པོ་དང་ཡེ་ཤུའི་ཆོས་ལ་དད་པར་མ་ཟད། ཁྱོ་མང་ཤུག་གཅིག་གི་ལམ་སྲོལ་ཡོད་སྐོར་སོགས་ཀྱང་གསལ།[10] ཨ་སྒྲུབས་མགོན་པོའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཞིབ་ཕྲ་ཤེས་དཀའ་ཡང་། ཁོང་གིས་བྲིས་པའི་‘‘བོད་མི་ཞིག་གི་ཧྥ་རན་སིའི་མྱོང་ཚོར་’’དུ། ཁོང་ལ་གཅེན་པོ་ཞིག་ཡོད་པ་དེ་སྔ་ས་ནས་ལྷ་སར་ཕྱིན་ཅིང་། གཅུང་པོ་དང་ནུ་མོ་གཉིས་གྲོང་ཚོའི་ནང་དུ་བསྡད་ཡོད་པ་དང་།[11] གཞན་ཡང་། ཁོང་ལ་ཁུ་བོ་བསོད་ནམས་བསྟན་པ་ཞུ་བའི་ཆོས་བརྒྱུད་རྙིང་མ་ཡིན་པའི་སྔགས་འཆང་ཞིག་གྲོང་ཚོའི་ཉེ་འགྲམ་གྱི་དབེན་གནས་ཤིག་ཏུ་བཞུགས་ཡོད་ཀྱང་། ཨ་སྒྲུབས་མགོན་པོའི་ཁྱིམ་མིའི་ཁྲོད་དུ། ཁོང་གཅིག་པུས་ཡེ་ཤུའི་ཆོས་ལུགས་ལ་དད་པ་བསྒྱུར་ཡོད་[12]ཅེས་གསུངས་འདུག
འོ་ན། ཨ་སྒྲུབས་མགོན་པོས་ག་དུས་ཤིག་ལ་དད་པ་བསྒྱུར་ཡོད་དམ་ཞེ་ན། ཕྱི་ལོ་ ༡༨༦༧ ལོར་ཧྥ་རན་སིའི་ཕྱི་རྒྱལ་ཆོས་སྤེལ་ཚོགས་པའི་( Société des missions étrangères) ཚོགས་མི་རེ་ཟུང་སྤ་གཏང་དུ་སླེབས་ཏེ། སྤ་གཏང་དང་ཚི་གུ་གཉིས་སུ་ཡེ་ཤུའི་མཆོད་ཁང་རེ་བཞེངས་[13]འདུག་མོད། ཕྱི་ལོ་ ༡༩༠༥ ལོར་ཡུལ་མི་རྣམས་ཀྱིས་ལྷ་ཁང་དེ་གཉིས་གཏོར་བཤིག་བཏང་བར་གྲགས། འོན་ཀྱང་། ཕྱི་ལོ་ ༡༩༠༩ ལོར་སྤ་གཏང་དུ་མཆོད་ཁང་ཞིག་བསྐྱར་བཞེངས་བྱས་པར་མ་ཟད། ཚི་གུའི་ལྷ་ཁང་དེ་བྱང་ཕྱོགས་སུ་ཅུང་ཙམ་སྤོས་ནས་ཚོ་དྲུག་[14]ཞེས་པར་བཞེངས་ཤིང་། དིང་སང་ཡང་ས་གནས་དེར་རྒྱུན་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་པར་བཤད། དེ་ལྟར་ན། ཕལ་ཆེར་ཨ་སྒྲུབས་མགོན་པོ་ཕྱི་ལོ་ ༡༩༠༥ ལོའི་ཡར་སྔོན་ལ་ཡེ་ཤུའི་ཆོས་ལ་སྐྱབས་སུ་སོང་བ་མིན་ནམ་སྙམ།

ཡང་། ཨ་སྒྲུབས་མགོན་པོ་ནི་བོན་པོའི་བླ་མ་ཞིག་ཡིན་མོད། ཕྱིས་སུ་རང་གི་ཆོས་ལུགས་བསྒྱུར་པ་དང་། སྐབས་ཤིག་མི་གསོད་དོན་རྐྱེན་ཞིག་གི་རྐྱེན་པས་ཚ་བ་རོང་གི་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་སྟེ། ལྷ་རྫོང་བྱང་ཕྱོགས་ཀྱི་བོན་པོའི་དགེ་འདུན་པ་སུམ་ཅུ་ཙམ་ཡོད་པའི་དགོན་པ་ཞིག་ཏུ་ལོ་གཉིས་རིང་བཞུགས་ཤིང་། མཐུ་སྔགས་གཏོང་མཁན་ཞིག་ཏུ་གྱུར་ཡོད་ཀྱང་། སྔར་བཞིན་ཡེ་ཤུའི་ཆོས་ལུགས་ལ་དད་པ་བརྟན་པོ་བྱས་ཚུལ་བྲིས་འདུག[15]
ཕྱི་ལོ་ ༡༩༠༧ ལོའི་ཟླ་ ༥ མཇུག་ཏུ་ཡུལ་དེའི་ཡེ་ཤུའི་ཆོས་སྤེལ་མཁན་ཐི་ཨོ་ཌོ་རེ་མོན་བྷེལ་ (Théodore Monbeig 1875-1914) བརྒྱུད་ནས་རྗ་ཁུ་བྷ་ཁོ་ཊི་ངོ་ཤེས་ཏེ། ཁོང་གི་ཞབས་གཡོག་ཏུ་གྱུར་ཅིང་། མི་རིང་བར་རྗ་ཁུ་བྷ་ཁོ་ཊིས་ཨ་སྒྲུབས་མགོན་པོས་གཙོས་པའི་ཞབས་ཞུ་བ་འགའ་ཁྲིད་དེ་ཚི་གུ་ནས་མེ་ཀོང་གཙང་པོའི་(Mekong River)རྒྱུད་དུ་ཡར་བསྐྱོད་པ་དང་། དེ་ནས་ཚ་ཁ་ལྷོར་ཕྱིན་ནས་འབའ་ཐང་དུ་འབྱོར། སྐབས་དེར། ཕྱི་ལོ་ ༡༩༠༥ ལོའི་ཟླ་བདུན་པར་དམག་སྤྱི་མ་ཝེ་ཅི་ (Ma Weiji) ཡི་དམག་མིས་གཏོར་བཤིག་བཏང་བའི་དགོན་ཤུལ་ཁག་ལ་ལྟ་སྐོར་བྱས་ཡོད་ལ། འགྲུལ་བཞུད་དེའི་སྐབས་སུ། མན་ཇུའི་ཨམ་བན་ཀྲའོ་ཨར་ཧྥེང་(Zhao Erfeng 1845-1911)གིས་མི་གསོད་ཁྲག་སྦྱོར་གྱིས་མཚོན་པའི་གདུག་རྩུབ་ཀྱི་སྲིད་ཇུས་ཡ་ང་བ་མང་དག་ཅིག་སྤེལ་ཡོད་པའང་མཐོང་འདུག[16]
ཁོང་ཚོ་འབའ་ཐང་ནས་ཁ་ཕྱིར་ལྡོག་སྟེ་ཁ་བ་དཀར་པོའི་རི་རྒྱུད་དུ་སླེབས་སྐབས། རྗ་ཁུ་བྷ་ཁོ་ཊིས་སྤོ་ཡུལ་(Poyul)ཞེས་པའི་ཞིང་ཁམས་གསར་པ་ཞིག་ཡོད་པ་གོ་ཐོས་བྱུང་བས། ཡུལ་དེར་ཐེངས་འགར་འགྲོ་རྩིས་བྱས་ཀྱང་རེ་བ་མ་འགྲུབ་པར་མཐར་ཨ་སྒྲུབས་མགོན་པོ་ཁྲིད་དེ་ཧྥ་རན་སིར་ལོག་དགོས་བྱུང་ཡོད། བདེ་ཆེན་ཁུལ་གྱི་འགྲུལ་བཞུད་དེའི་སྐབས་སུ། ཨ་སྒྲུབས་མགོན་པོའི་ལས་ཀ་གཙོ་བོ་ནི་རྗ་ཁུ་བྷ་ཁོ་ཊི་ལ་ལམ་སྟོན་དང་། སྐད་སྒྱུར། གནས་ཚུལ་མཁོ་སྤྲོད། ལམ་བར་གྱི་ལས་དོན་སོགས་ཀྱི་ཐད་ས་གནས་མི་མང་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་སོགས་རེད།
༣ ཨ་སྒྲུབས་མགོན་པོ་ཧྥ་རན་སིར་འབྱོར་ཚུལ།
ཕྱི་ལོ་ ༡༩༠༧ ཟླ་ ༡༡ པར། རྗ་ཁུ་བྷ་ཁོ་ཊི་དང་ཁོང་གི་ཞབས་ཞུ་བ་རྣམས་ལེ་ཁང་[17](Likiang) དང་སྟེང་ཡུལ་[18](Teng-yueh)སོགས་བརྒྱུད་དེ་འབར་མའི་ཡུལ་དུ་སླེབས་ཡོད། རྒྱ་བོད་ཀྱི་ཞབས་ཞུ་བ་རྣམས་ཀྱི་ཁྲོད་དུ་བོད་མི་འགའ་ཡོད་ཅིང་། དེ་དག་ལས་ཨ་སྒྲུབས་མགོན་པོ་དང་ཨ་ལཱ་(Alla)ཟེར་བ་གཉིས་ཧྥ་རན་སིར་འཁྲིད་རྩིས་བྱས་ཀྱང་། ཨ་ལཱ་ནི་འཛམ་གླིང་གི་མཐའ་ལ་སླེབས་པ་ལྟ་བུའི་སྐྱོ་སྣང་དང་འཇིགས་སྣང་གིས་ནད་པ་ལྟ་བུར་གྱུར་ཏེ་འགྲོ་ཐུབ་མེད།[19] ཨ་སྒྲུབས་མགོན་པོ་ནི་རྗ་ཁུ་བྷ་ཁོ་ཊི་ལ་ཐུག་འཕྲད་བྱུང་མ་ཐག་ནས་ཧྥ་རན་སིར་འགྲོ་འདོད་ཡོད་མཁན་ཞིག་ཡིན། ས་མུའེ་ཨེལ་ཐེ་ཝོ་སི་ (Samuel Thévoz) ལྟར་ན། ཁོང་གི་འགྲུལ་བཞུད་ཀྱི་བསམ་བློ་དེ་ཡུན་ནན་བདེ་ཆེན་ཡུལ་དུ་འབྱོར་བའི་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་པར་རིས་དང་། སྐད་ཆ། དངོས་པོ་སོགས་བསྟན་པ་ལས་བྱུང་བར་འདོད།[20]
<<བོད་ཀྱི་གྱེན་ལངས་>>ཀྱི་སྔོན་གླེང་དུ། ཨ་སྒྲུབས་མགོན་པོའི་འགྲུལ་བཞུད་དེ་སྨྱོན་པའི་བྱེད་ལས་ཤིག་ཏུ་བརྩིས་པ་རེད། མི་སུས་ཀྱང་ཁོང་ཕྱིར་ལོག་ཐུབ་རྒྱུ་རེད་བསམ་མེད། ཁོང་ཚོས་‘‘ཁྱོད་ལམ་ཁའམ་ཡང་ན་རྒྱ་མཚོའི་ནང་འཆི་རྒྱུ་རེད། གལ་སྲིད་ཁྱོད་ཧྥ་རན་སིར་སླེབས་པའི་དབང་དུ་བཏང་ཡང་། ཁོང་ཚོས་ཁྱོད་ལ་ལྕགས་སྒྲོག་བརྒྱབ་ནས་བཙོན་ཁང་དུ་འཇུག་རྒྱུ་རེད་’’[21]ཅེས་བྲིས་པར་གཞིགས་ན། ཁོང་གི་ཁྱིམ་མིའམ་གཉེན་ཉེ་ཚོས་འགྲུལ་བཞུད་རིང་པོ་དེ་བཀག་འགོག་བྱས་ཡོད་པ་རྟོགས། ཨིན་ཇིའི་མི་སེར་སྤེལ་ཡུལ་གྱི་ས་མཚམས་འབའ་མོ་(Bhamo)རུ། ཨ་སྒྲུབས་མགོན་པོས་ཀྱང་འགྲུལ་བཞུད་རིང་མོ་དེར་ཐེ་ཚོམ་བྱས་ཡོད་དེ། ‘‘དེ་ལྟར་འབའ་མོའི་ས་མཚམས་སུ་སླེབས་དུས་ང་གཅིག་པུར་ལུས། དེར་མི་རྣམས་ཀྱི་གཟུགས་བྱད་དང་སྐད་ཆ། ལས་ཀ་བཅས་མི་འདྲ་བ་མཐོང་བས། ངའི་སེམས་ལ་ཕྱིར་ལོག་དགོས་སྙམ། འོན་ཀྱང་། ཉིན་གཉིས་རིང་བསམ་བློ་བཏང་རྗེས། ཧྥ་རན་སིར་འགྲོ་འདོད་བྱུང་’’[22]བའི་སྐོར་གསལ། རྗ་ཁུ་བྷ་ཁོ་ཊི་དང་ཨ་སྒྲུབས་མགོན་པོ་གཉིས་ཐོག་མར་འབར་མའི་ཨེ་རཱ་ཝ་ཌི་ (Irrawaddy River) གཙང་ངོགས་ཀྱི་གྲུ་གཟིངས་ཤིག་ལ་བསྡད་ཡོད་ལ། ཉིན་བཞི་འགོར་མཚམས་སིངྒ་ལར་སླེབས། དེ་ནས་གྲུ་གཟིངས་གཞན་ཞིག་ལ་བསྡད་དེ་ཨེ་རྗིབ་ཀྱི་སེ་ཊི་མཚོ་ངོགས་(Port-Saïd)བརྒྱུད་ནས་ཟླ་ངོ་གཉིས་མ་ཟིན་ཙམ་གྱི་རྗེས་སུ་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མཱར་ཟལ་(Marseille) ལ་འབྱོར་འདུག །ཨ་སྒྲུབས་མགོན་པོ་འབར་མ་དང་། སིངྒ་ལ། ཨི་རྗིབ་ཀྱི་གྲུ་གཟིངས་ས་ཚིགས་ཁག་བརྒྱུད་སྐབས། དིང་སང་གི་དབང་དུ་བྱས་ན། ཕྱིར་བསྐྱོད་ལག་འཁྱེར་རམ་ཡང་ན་ཡིག་ཆ་མེད་པའི་དཀའ་ངལ་གྱི་སྐོར་ཚིག་ཟུར་ཙམ་ཡང་གླེང་མེད་པས། སྐབས་དེར་འགྲུལ་བཞུད་བྱེད་བདེ་བར་འདྲ་ལ། ཧྥ་རན་སིར་འབྱོར་ནས་ཀྱང་དཀའ་ངལ་དེ་མ་བྱུང་བར་སྣང་།

སྐབས་འདིར་དྲི་བ་ཞིག་ཡོད་པ་ནི། རྗ་ཁུ་བྷ་ཁོ་ཊིས་ཨ་སྒྲུབས་མགོན་པོ་རྒྱུ་མཚན་ཅིའི་ཕྱིར་ཧྥ་རན་སིར་ཁྲིད་ཡོང་ངམ་ཞེ་ན། སྤྱིར་བཏང་། << ཁ་བ་དཀར་པོའི་ཉེ་འཁོར་གྱི་བོད་མིའི་རྗེས་སུ་འབྲངས་པ་>>དང་། <<བོད་ཀྱི་གྱེན་ལངས་>>གཉིས་ལས་དེབ་གང་རུང་དུ་དེའི་སྐོར་གྱི་གནས་ཚུལ་གླེང་དགོས་མོད། འོན་ཀྱང་བརྗོད་གཞི་འདིའི་སྐོར་ཟུར་ཙམ་ཡང་རྙེད་དུ་མེད། སྟབས་ལེགས་པ་ཞིག་ལ། ཕྱི་ལོ་ ༡༩༠༧ ཟླ་ ༡༠ པར། རྗ་ཁུ་བྷ་ཁོ་ཊིས་རང་ཉིད་ཀྱི་ཨ་མར་འཕྲིན་ཡིག་ཅིག་བསྐུར་ཡོད་པ་དེའི་ནང་དུ་མདོར་བསྡུས་ཤིག་གླེང་ཡོད་པ་ཁོལ་ཕྱུང་གིས་བསྒྱུར་ན། ‘‘ངས་ཧྥ་རན་སིར་བོད་མི་གཉིས་ཁྲིད་ཡོང་གི་ཡོད་པས། འཇིགས་སྣང་བྱེད་མི་དགོས་ཏེ། ཁོང་གཉིས་ཡེ་ཤུའི་ཆོས་པ་གཉིས་ཡིན་ལ། མི་བཟང་པོ་གཉིས་ཀྱང་ཡིན། ད་དུང་། གཤིབ་བདེ་པོ་དང་ཟ་མ་སྟེར་རྒྱུ་ལས་སླ་པོ་ཡིན། ཁོང་གཉིས་ས་ལ་ཉལ་ཞིང་གྲང་ངར་ལའང་མི་སྐྲག །སྤྱིར་བཏང་བོད་མི་གཅིག་གིས་ཆོག་མོད། མི་གཉིས་ཡོད་ཚེ་སྟབས་བདེ་ཡིན། ཨ་སྒྲུབས་ནི་སྔོན་ཆད་གྲྭ་པ་ཞིག་ཡིན་ལ་ཡི་གེ་ལ་མཁས་པོ་ཡོད་པས། ངས་ཁྱེར་ཡོང་བའི་ཆོས་ལུགས་ཀྱི་ཡོ་བྱད་ཚང་མའི་སྐོར་ལ་འགྲེལ་བཤད་རྒྱག་རྒྱུར་ཕན་ཐོགས་ཆེན་པོ་ཡོང་བར་མ་ཟད། ད་དུང་མིའི་རིགས་རིག་པ་བ་དང་། སྐད་ཡིག་རིག་པ་བ། ཤར་ཕྱོགས་རིག་པ་བ་སོགས་ཀྱི་སེམས་ཁམས་སྐྱིད་པོ་བཟོ་གི་རེད་’’[23]ཅེས་བྲིས་འདུག །<<ཧྥ་རན་སིའི་ཨེ་ཤེ་ཡའི་དུས་དེབ་>>ཀྱི་རྩོམ་སྒྲིག་པས་རྗ་ཁུ་བྷ་ཁོ་ཊིས་ཁོང་ཧྥ་རན་སིར་གདན་འདྲེན་ཞུ་དོན་ནི་ཞབས་ཞུ་བ་འདི་དང་མཉམ་དུ་འབྲེལ་བ་དང་དམ་ཚིག་ཇེ་བརྟན་དུ་གཏོང་རྒྱུ་དང་། ཁོང་དང་ལྷན་དུ་བོད་སྐད་སྦྱོང་བ། ད་དུང་ཁོང་གིས་ད་ལྟ་སྒྲུབ་བཞིན་པའི་འགྲུལ་བཞུད་གསར་པ་ཞིག་གི་ལས་རོགས་སུ་དམིགས་ཡོད་[24]ཅེས་བྲིས་ཡོད་པར་བརྟགས་ན། རྗ་ཁུ་བྷ་ཁོ་ཊིར་དམིགས་ཡུལ་འགའ་ཡོད་པར་སྣང་སྟེ། ༡ བོད་ཀྱི་ཆོས་ལུགས་དང་འབྲེལ་བའི་ཡོ་བྱད་ཁག་གི་འགྲེལ་བཤད་ཀྱི་དགོས་མཁོ་ལ་དམིགས་པ་དང་། ༢ ཤར་ཕྱོགས་རིག་པ་བ་ཚོར་བོད་མི་ཞིག་དངོས་སུ་ངོ་སྤྲོད་གནང་སྟེ་ཁོང་ཚོའི་སེམས་ཁམས་སྐྱིད་པོ་བཟོ་བ། ༣ ཁོང་དང་མཉམ་དུ་བོད་ཡིག་བོད་སྐད་སྦྱོང་བ། ༤ སྔར་ལས་འབྲེལ་ལམ་ཇེ་བཟང་དུ་བཏང་སྟེ་ཐེངས་གཉིས་པའི་འགྲུལ་བཞུད་ལ་དམིགས་པ་བཅས་རྟོགས་ཐུབ།
༤ ཨ་སྒྲུབས་མགོན་པོས་ཕྱག་ལས་ཅི་ཞིག་གནང་ཡོད།
ཨ་སྒྲུབས་མགོན་པོ་ཧྥ་རན་སིར་འབྱོར་བའི་དུས་ཚོད་ནི་ཕྱི་ལོ་ ༡༩༠༨ ཟླ་ ༡ ནང་ཡིན་ལ། ཕྱི་ལོ་ ༡༩༠༩ ཟླ་ ༡ ནང་བོད་དུ་ཕྱིར་ལོག་ཡོད་པས་ཧྥ་རན་སི་ནས་ལོ་གཅིག་ཙམ་ལས་བསྡད་མེད། དུས་ཡུན་དེའི་ནང་དུ་ཁོང་གིས་ཕྱག་ལས་ཅི་ཞིག་བསྒྲུབས་ཡོད་དམ་ཞེ་ན། ‘‘བོད་མི་ཞིག་གི་ཧྥ་རན་སིའི་མྱོང་ཚོར་’’དུ། ཁོང་གིས་ཧྥ་རན་སིའི་ཡུལ་ལུང་ཁ་ཤས་དང་། འགྲེམས་སྟོན་ཁང་། གཅན་གཟན་ཁང་། ཚོང་རྭ་སོགས་སུ་བསྐྱོད་དུས་ཀྱི་མཐོང་ཐོས་མྱོང་གསུམ་སྐོར་ཞིག་བྲིས་ཡོད་པ་ལས། དོན་དག་གལ་ཆེན་ཅི་ཞིག་བསྒྲུབས་པའི་སྐོར་མི་གསལ། དཔེར་ན། རྗ་ཁུ་བྷ་ཁོ་ཊིའི་ཕ་མ་གཉིས་ཀྱི་ཁང་པར་སྡོད་སྐབས། ཁོང་ན་རེ་‘‘ང་ཡུལ་དེར་ཟླ་ལྔ་བསྡད་པ་ཡིན། ཞོགས་པ་དང་དགོང་མོ་རེ་རེར་མེ་མདའ་བཟུང་སྟེ་རི་བོང་དང་བྱ་གསོད་པར་ཕྱིན་ཡོད་ལ། ཉིན་གུང་ཉ་འཛིན་པར་ཕྱིན་པ་ཡིན་’’[25]ཞེས་པ་ལྟ་བུའོ། །
རྗ་ཁུ་བྷ་ཁོ་ཊི་ཧྥ་རན་སིའི་ས་ཁམས་རིག་པའི་ཚོགས་འདུ་དང་། ཧྥ་རན་སིའི་ཨེ་ཤེ་ཡའི་ལྷན་ཚོགས་ཀྱི་ཚོགས་འདུ་ཁག་ཏུ་ཞུགས་སྐབས། ཨ་སྒྲུབས་མགོན་པོ་ཡང་ཁྲིད་ཡོད་དེ། སྐབས་དེའི་ཧྥ་རན་སིའི་ཨེ་ཤེ་ཡའི་ལྷན་ཚོགས་ཀྱི་དུས་དེབ་རྩོམ་སྒྲིག་པས་‘‘ཕྱི་ལོ་ ༡༩༠༨ ཟླ་ ༢ ཚེས་ ༡༨ ཉིན། སྐུ་ཞབས་རྗ་ཁུ་བྷ་ཁོ་ཊིས་ང་ཚོའི་ལས་ཁུངས་སུ་གཏམ་བཤད་གནང་སྐབས། ཚོགས་བཅར་བ་རྣམས་ཀྱིས་ཁོང་གི་འགྲམ་དུ་ལངས་པའི་གདོང་ལ་སྤྲོ་སྣང་ལྡན་ཞིང་གཅན་གཟན་གྱི་པགས་པ་གྱོན་པའི་ཨ་སྒྲུབས་མགོན་པོ་བརྗེད་མེད་’’[26]ཅེས་བྲིས་ཡོད། ད་དུང་། ཕྱི་ལོ་ ༡༩༠༨ ཟླ་ ༥ ཚེས་ ༢༧ ཉིན། སྒྱུ་མེལ་འགྲེམས་སྟོན་ཁང་(Musée Guimet) དུ། རྗ་ཁུ་བྷ་ཁོ་ཊིས་བོད་ནས་ཁྱེར་ཡོང་བའི་ཅ་དངོས་རྣམས་འགྲེམས་སྟོན་བྱེད་སྐབས་ཀྱང་། ཨ་སྒྲིབས་མགོན་པོ་མཉམ་ཁྲིད་བགྱིས་ཡོད་པར་མ་ཟད། ཨ་སྒྲུབས་ཀྱིས་འཁྲབ་སྟོན་པ་ཞིག་གི་ཚུལ་དུ་བོད་ཀྱི་རོལ་ཆ་འཁྲོལ་བཞིན་གླུ་གཞས་བླངས་པའི་གནས་ཚུལ་ཞིག་ཀྱང་བྲིས་འདུག[27]
གཞན་ཡང་། སྐབས་དེའི་ཧྥ་རན་སིའི་གསར་ཤོག་དང་དུས་དེབ་སྐོར་ཞིག་གི་ནང་དུ་ཨ་སྒྲུབས་མགོན་པོའི་སྐོར་འཁོད་ཡོད་པ་འདི་ལྟར། ཕྱི་ལོ་ ༡༩༠༨ ཟླ་ ༦ པའི་ཧྥ་རན་སིའི་གསར་ཤོག་གྲགས་ཅན་ཧྥེ་གྷ་ཝོའི་(Figaro)ཤོག་ངོས་ཤིག་ཏུ། ‘‘ཁྱེད་ཀྱིས་ཨ་སྒྲུབས་མགོན་པོ་ངོ་ཤེས་སམ། ཁོང་སུ་ཡིན་མིན་མ་ཤེས་ནའང་། ཁྱེད་ཀྱིས་སྲང་ལམ་དུ་གཟིག་པགས་ཀྱིས་གྱོན་གོས་ཀྱི་མཐའ་བརྒྱན་པའི་གོས་དཀར་པོ་གྱོན་མཁན་དེ་མཐོང་ཡོད་སྲིད། ཁོང་ནི་མཁས་པ་སྤྱིར་བཏང་བ་ཞིག་མིན་ཏེ། རྗ་ཁུ་བྷ་ཁོ་ཊིས་གྲང་ངར་ལྡན་པའི་ཡུལ་ནས་པེ་རེ་སིར་ཁྲིད་ཡོང་བ་རེད་’’[28]ཅེས་དང་། ཡང་། ཕྱི་ལོ་ ༡༩༡༢ ཟླ་ ༨ ཚེས་ ༨ ཉིན། ‘‘དུས་ཚོད་’’(le temps)ཅེས་པའི་གསར་ཤོག་ཏུའང་། གསར་འགོད་པ་ཝེ་མོང་ཝེ་ཁེ་ལེ་(Roymond Racouly 1876-1950 )ཡིས་‘‘འཛམ་གླིང་གི་ཡང་སྟེང་དུ་’’(sur le toit de du monde)ཞེས་པའི་རྩོམ་ཡིག་ཅིག་བྲིས་ཡོད་པ་རུ། ‘‘བདག་གིས་པེ་རེ་སིར་ཨ་སྒྲུབས་མགོན་པོ་དངོས་སུ་མཐོང་མྱོང་། དགོང་མོ་ཞིག་ལ། རྗ་ཁུ་བྷ་ཁོ་ཊིའི་ཕ་མ་གཉིས་ཀྱི་ཁྱིམ་སྒོ་ཁུ་སིམ་མེར་ཕྱེ་བྱུང་། སྒོ་འགྲམ་དུ་བོད་མི་དེ་མངོན། ཁོང་གིས་གཟིག་པགས་ཀྱི་གྱོན་ཆས་ཤིག་གྱོན། གཟུགས་སྟོབས་ཆེ་ཞིང་། གདོང་ལ་འཇམ་པའི་ཉམས་ཤིག་དང་། རྣམ་འགྱུར་ལ་གཟི་བརྗིད་ཆེན་པོ་ལྡན། ཧྥ་རན་སི་མི་མང་ལ་བོད་མི་དེ་རྒྱུས་མེད་པ་མིན། ཁོང་གིས་ཧྥ་རན་སིའི་རང་ཉིད་ཀྱི་འཚོ་བའི་སྐོར་ལ་དྲན་གསོ་མང་པོ་བྱས་ཡོད་པའི་ཉིན་ཐོ་ཞིག་བྲིས་ཡོད་ལ། དེ་ནི་གསར་ཤོག་‘‘དུས་ཚོད་’’ཀྱིས་ཀློག་པ་པོ་ཚོར་ངོ་སྤྲོད་བྱས་ཡོད་’’[29]ཅེས་བྲིས་འདུག
<<པེ་རེ་སིའི་ཕྱི་རྒྱལ་ཆོས་སྤེལ་བའི་དེབ་ཐེར་>> (Annales de la Société des missions étrangères) དུ། ཉེ་སྔོན་ཨེ་པེ་ཧྥེ་ནཱི་ལྷ་ཁང་ (La Chapelle de l’Épiphanie)དང་དེའི་ཟུར་གྱི་གླེང་མོལ་ཁང་དུ། སྐབས་རེར་གཞོན་ནུ་གཟུགས་སྟོབས་ཅུང་རིང་ཞིང་། སྐྲ་མདོག་སྔོ་ནག །མིག་ཟུང་ཤིང་འབྲས་ཨ་མོན་ཌའི་དབྱིབས་ཅན་(yeux taillés amande )ཞིག་མཐོང་རྒྱུ་ཡོད་པ་དེ་ནི་ཤར་ཕྱོགས་ཀྱི་མི་ཞིག་ཡིན་པ་ངོས་སླ་མོར་འཛིན་ཐུབ་ཀྱང་། ཁོང་ནི་མི་རིགས་གང་ཡིན་ནམ། གདོང་གི་རྣམ་འགྱུར་ལ་བལྟས་ན་རྒྱ་མི་དང་། སོག་པོ། ཡང་ན་ཁོ་རེ་ཡ་བ་ཞིག་ཡིན་པར་འཁྲུལ་སྲིད་ཀྱང་། གྱོན་ཆས་ཀྱིས་ཁོང་ནི་བོད་པ་ཞིག་ཡིན་པ་བལྟས་པ་ཙམ་གྱིས་ཤེས་ཐུབ། ཁོང་ནི་ཕལ་ཆེར་ཧྥ་རན་སིར་འབྱོར་བའི་བོད་པ་དང་པོ་དེ་ཡིན་སྲིད། མིང་ལ་ཨ་སྒྲུབས་མགོན་པོ་ཞེས་འབོད་[30]ཅེས་བྲིས་འདུག <<མིའི་རིགས་རིག་པའི་དུས་དེབ་>>(BMSAP)གྲགས་ཅན་དེའི་འདོན་ཐེངས་ཤིག་ཏུའང་། ཁོང་གི་སྐོར་ཟུར་ཙམ་འཁོད་ཡོད་ལ། འདིར་རེ་རེ་བཞིན་སྤྲོས་པ་བྱས་མེད་མོད། གནས་ཚུལ་འདི་དག་ལ་རྒྱུས་ལོན་བྱེད་སྐབས། ཁོང་གིས་གཟིག་པགས་ཀྱིས་མཐའ་རྒྱན་བྱས་པའི་བོད་ཆས་དེ་གྱོན་ནས་ཚོགས་འདུ་འདྲ་མིན་དང་ཡེ་ཤུའི་ལྷ་ཁང་སོགས་སུ་ཕྱིན་པ་ཤེས་ཐུབ་ལ། ད་དུང་། ཨ་སྒྲུབས་མགོན་པོས་བྲིས་པའི་ཟིན་བྲིས་དང་ཁོང་གི་སྐོར་ལ་དོ་སྣང་བྱེད་མཁན་བྱུང་བའང་ཞོར་ནས་རྟོགས་ཐུབ།
༥ ཨ་སྒྲུབས་མགོན་པོའི་ཟིན་བྲིས་ཧྥ་ཡིག་ཏུ་བསྒྱུར་བ།
ཨ་སྒྲུབས་མགོན་པོས་ཧྥ་རན་སི་ནས་ཕྱག་ལས་གཞན་ཅི་ཞིག་བསྒྲུབས་ཡོད་དམ་ཞེ་ན། ཁོང་གིས་རང་སྐད་ཀྱི་ལམ་ནས་‘‘བོད་མི་ཞིག་གི་ཧྥ་རན་སིའི་མྱོང་ཚོར་’’( Impression d’un Tibétain en France) ཞེས་པའི་ཟིན་བྲིས་ཤིག་བྲིས་པ་དེ་ཡིན། ཟིན་བྲིས་དེའི་ནང་དོན་ལ་བལྟས་ན། ཕལ་ཆེར་ཁོང་བོད་དུ་ཕྱིར་མ་ལོག་པའི་སྔོན་གྱི་ཟླ་དྲུག་གམ་ཡང་ན་བདུན་ཙམ་ལ་བྲིས་པ་ཞིག་ཡིན་པར་སྣང་། ཕྱི་ལོ་ ༡༩༠༩ ཟླ་ ༧ ཚེས་ ༡༤ ཉིན་སྤར་དུ་བསྐྲུན་པའི་<<ཁ་བ་དཀར་པོའི་ཉེ་འཁོར་གྱི་བོད་མིའི་རྗེས་སུ་འབྲངས་པ་>>ཞེས་པའི་དེབ་དེའི་མཇུག་རྩོམ་དུ། ‘‘ཟླ་ ༡༡ ཚེས་ ༥ ཉིན། ང་རང་ཨེ་རོ་ཝ་ཌི་གཙང་པོའི་ཆུ་ངོགས་ཀྱི་གྲུ་གཟིངས་ཆེན་པོ་ཞིག་གི་ནང་བསྡད་དེ་ཧྥ་རན་སིའི་ཡུལ་དུ་འགྲོ་མགོ་བརྩམས་པ་ཡིན།’’ ཞེས་ཨ་སྒྲུབས་ཀྱི་ཟིན་བྲིས་དེའི་མགོ་ཡི་ཚིག་ཕྲེང་འདི་དག་བཀོད་འདུག་པར་བརྟགས་ན། ཟིན་བྲིས་འདི་ཧྥ་རན་སིར་ཡོད་སྐབས་བྲིས་པ་ཞིག་ཡིན་པའི་བདེན་དཔང་སྔར་ལས་གསལ་པོ་འདུག

ཟ་མུའེ་ཨེལ་ཐེ་ཝོ་སི་(Samuel Thévoz)ཡི་ལག་ཏུ་མ་ཡིག་གི་ངོ་བཤུས་རེ་ཟུང་རག་ཡོད་པས། ཁོ་བོས་མ་ཡིག་ཆ་ཚང་མཐོང་འདོད་ཀྱི་ཡི་གེ་ཞིག་བསྐུར་བར། ཁོང་གིས་གསུང་དོན། ཨ་སྒྲུབས་ཀྱི་ཟིན་བྲིས་དེ་ནི་རྗ་ཁུ་བྷ་ཁོ་ཊིིའི་ཕྱག་བྲིས་བཤུས་མ་དང་བསྒྱུར་མ་ཞིག་ཡིན་པ་དང་། དེ་ཨེ་ཤེ་ཡའི་སྤྱི་ཚོགས་སུ་ཉར་ཚགས་བྱས་པའི་དེབ་ཅིག་གི་ནང་དུ་འདུག །སྟབས་ཉེས་པ་ཞིག་ལ། ཨ་སྒྲུབས་མགོན་པོའི་ཕྱག་བྲིས་ཀྱི་འབྲི་དེབ་གང་ཡང་ཧྥ་རན་སིར་ཉར་ཚགས་བྱས་མེད་པས། ཁོང་གིས་ཁྱིམ་མི་ལ་བསྐུར་ཡོད་ཚོད་འདུག །འོན་ཀྱང་ཟིན་བྲིས་འདིའི་མ་ཡིག་བོད་ནས་རྙེད་པའི་རེ་བ་ཡོད་མེད་མི་ཤེས་ཞེས་ཡིག་ལན་འབྱོར།[31] དེར་བརྟེན། ཟ་མུའེ་ཨེལ་ཐེ་ཝོ་སི་(Samuel Thévoz)ལ་རག་པའི་མ་ཡིག་གི་ངོ་བཤུས་དེ་གཞིར་བཞག་སྟེ་ཞུས་ན། མ་ཡིག་གི་ཤོག་ངོས་དང་པོའི་ཐིག་ཕྲེང་དང་པོ་འདི་ལྟར་མགོ་བཙུགས་ཡོད་དེ། ‘‘སྤ་གཏང་ཨ་སྒྲུབས་མགོན་པོ་ཟེར་བ་གི་ཨམ་རིན་སྤག་སྟ་[32]བཞིན་མཉམ་པོ་འགྲོ་དུས་ལ་ང་རང་གི་སྐྱིད་སྡུག་གི་རྣམ་ཐར་བྲིས་ནས།’’[33]ཞེས་པ་འདི་ཡིན། རྗ་ཁུ་བྷ་ཁོ་ཊི་དང་ཟ་མུའེ་ཨེལ་ཐེ་ཝོ་སི་(Samuel Thévoz)སོགས་ཀྱིས་ཨ་སྒྲུབས་མགོན་པོ་ལ་མཁས་པའི་ཆེ་བསྟོད་གནང་ཡོད་པ་མཐོང་ཡང་། ཟིན་བྲིས་ཀྱི་ཚིག་སྦྱོར་དང་དག་ཆ་སོགས་ལ་བལྟས་ན། ཁོང་གི་བོད་ཡིག་གི་ཤེས་ཚད་མཐོན་པོ་མིན་པའི་སྣང་བ་སྟེར། ཡང་། ཟ་མུའེ་ཨེལ་ཐེ་ཝོ་སི་(Samuel Thévoz)ཡིས་ཟིན་བྲིས་དེ་ཇི་ལྟར་བསྒྱུར་བའི་ཐད་ལ་ཚོད་དཔག་སྣ་ཚོགས་ཤིག་བྱས་ཡོད་ཀྱང་།[34] ཕྱི་ལོ་ ༡༩༡༢ ལོར་སྤར་དུ་བསྐྲུན་པའི་<<བོད་ཀྱི་གྱེན་ལངས་>>ཀྱི་ཟུར་རྒྱན་དུ་ཟིན་བྲིས་འདིའི་ཧྥ་འགྱུར་ཆ་ཚང་བཀོད་ཅིང་། ཁ་བྱང་ལ་“ཨ་སྒྲུབས་མགོན་པོའི་ཧྥ་རན་སིའི་མྱོང་ཚོར་’’ཞེས་བཏགས་ཡོད་མོད། སྒྱུར་མཁན་གྱིས་ཀློག་མཁན་ཚོར་དམིགས་ཏེ་ཧྥ་འགྱུར་དུ་གསལ་བའི་ལེའུ་རེ་རེའི་ཁ་བྱང་སྣོན་པ་བཏབ་འདུག །
རྗ་ཁུ་བྷ་ཁོ་ཊིས་གསུང་དོན། དེ་སྔོན་ཕྱི་ལོ་ ༡༩༡༠ ཟླ་ ༡ པར་ཧྥ་རན་སིའི་ཨེ་ཤེ་ཡའི་དུས་དེབ་ཏུ་ཧྥ་རན་སིའི་བོད་མི་ཞིག་གི་མྱོང་ཚོར་སྤར་དུ་བསྐྲུན་ཡོད། ངས་ཡང་བསྐྱར་དཔྱད་གཞིའི་ཆེད་དུ་འགོད་ཀྱིན་ཡོད། འདིས་ངས་བརྗོད་པ་ལས་ལྷག་པའི་བོད་པའི་སེམས་ཁམས་ཀྱི་ཆ་ཤས་ཤིག་མཚོན་ཐུབ། སྟབས་མ་ལེགས་པར་བརྩམས་ཆོས་འདི་མཇུག་རྫོགས་མེད། འདི་བརྡ་སྤྲོད་ཀྱི་སྐད་དམ་ཡང་ན་ཡིག་སྐད་ནང་བྲིས་ཡོད། ཨ་སྒྲུབས་ཀྱིས་ང་ལ་འདི་དམངས་ཁྲོད་ཀྱི་སྐད་ཡིག་གམ་ཁ་སྐད་ནང་བཀླགས། ཁྱེད་ཀྱིས་ཀློག་བཞིན་པ་འདི་ནི་ཁོང་གི་ཚིག་ཐད་ཀར་བསྒྱུར་བ་དེ་རེད།[35]ཅེས་གསལ་ལོ། །སྐབས་དེར། རྗ་ཁུ་བྷ་ཁོ་ཊིར་མཚོན་ན་བོད་ཡིག་ལ་རང་རྐྱ་འཕེར་མེད་པས། པའོ་ཕེ་ལོ་ཊི་(Paul Pelliot 1878-1945) དང་ཨ་སྒྲུབས་སོགས་ཀྱི་མདུན་ནས་བོད་ཡིག་སྦྱོང་བཞིན་པའི་དུས་སྐབས་ཤིག་ལ་འཁེལ་ཡོད།
<<ཁ་བ་དཀར་པོའི་ཉེ་འཁོར་གྱི་བོད་མིའི་རྗེས་སུ་འབྲངས་པ་>>ཡི་མཇུག་ཏུ། ཟིན་བྲིས་འདི་ནི་ཨ་སྒྲུབས་མགོན་པོས་ཁོང་གི་གཅུང་པོར་བསྐུར་བའི་འཕྲིན་ཡིག་ཅིག་ཡིན་[36]པ་བསྟན་ཡོད་མོད། ཧྥ་འགྱུར་ལ་བལྟས་ན་ནི་འཕྲིན་ཡིག་ཅིག་ཡིན་པའི་རྣམ་པ་མི་མངོན། དེར་མ་ཟད། རྗ་ཁུ་བྷ་ཁོ་ཊི་དང་ཨ་སྒྲུབས་མགོན་པོ་གཉིས་སྤ་གཏང་དུ་བསྐྱོད་སྐབས། ཨ་སྒྲུབས་ཀྱི་གཅུང་པོས་འཕྲིན་ཡིག་གི་སྐོར་གླེང་མེད་ལ། ནུ་མོས་གཅེན་པོ་སླར་ཡང་མཐོང་སྐབས་ཀྱི་གནས་ཚུལ་ཞིག་བྲིས་ཡོད་པ་བཀོད་ན། ‘‘ཨ་སྒྲུབས་ཀྱི་ནུ་མོ་ནི་གཟུགས་རིང་ཞིང་། གདོང་ནག་ལ། གཟི་བརྗིད་ཆེ་བ་ཞིག་རེད། མོས་ང་མཐོང་བ་དང་ཧ་ལས་སོང་། མོའི་སེམས་ལ་ཤི་ཟིན་པའམ་ཡང་ན་ཧྥ་རན་སིའི་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པའི་སྤུན་མཆེད་དེ་ཕྱིར་འཁྲིད་ཡོང་བ་རེད། ཕྱི་ཟླ་ ༣ པར་ཨ་སྒྲུབས་ཕྱིར་རང་ཁྱིམ་དུ་ལོག་སྐབས། ཁོ་མོས་ཁྱིམ་གྱི་ཐོག་ཁར་ལས་ཀ་བྱེད། གློ་བུར་དུ་མདུན་དུ་ལངས་པའི་གཅེན་པོ་མཐོང་སྐབས། ཁོ་མོ་ཐོག་ཁར་འཕྲེད་དུ་འགྱེལ་སོང་’’[37]ཞེས་བྲིས་ཡོད་པས། གནས་ཚུལ་འདི་དག་ལ་བསམ་བློ་བཏང་ན། ཨ་སྒྲུབས་ཀྱི་ནང་མིས་ཁོང་གི་སྐོར་གང་ཡང་མ་ཐོས་པའི་སྣང་ཚུལ་མཆིས།
༦ ཨ་སྒྲུབས་མགོན་པོའི་ཟིན་བྲིས་ཀྱི་ནང་དོན།
འོ་ན། ཟིན་བྲིས་དེར་ཅི་ཞིག་འཁོད་ཡོད་དམ་ཞེ་ན། ཟིན་བྲིས་དེར་ལེའུ་གསུམ་ཡོད་ཅིང་། དེབ་གཟུགས་ཀྱི་དབང་དུ་བྱས་ན་ཤོག་ངོས་ཉི་ཤུ་ཙམ་འདུག །ཟིན་བྲིས་དེའི་ནང་དོན་ཆ་ཚང་བོད་ཡིག་ཏུ་བསྒྱུར་ཏེ་བཀོད་ན་ཡིག་ཚོགས་འཕེལ་བར་མ་ཟད། དཔྱད་རྩོམ་གྱི་རྣམ་པའང་འཆོལ་འགྲོ་བར་སྙམ། འོན་ཀྱང་། སྤྱི་བཤད་ཙམ་བྱས་ན་ནི་ཀློག་མཁན་ཚོའི་འདོད་པ་ཁེངས་པ་ཞིག་འོང་དཀའ་བར་འདོད། དེས་ན། ཟིན་བྲིས་ཀྱི་ནང་དོན་གཙོ་བོ་འགའ་ཁོལ་ཕྱུང་གིས་བསྒྱུར་ཏེ་འགོད་རྒྱུ་ཡིན།

ལེའུ་དང་པོ་རུ། ཁོང་ཚི་གུ་ནས་རྗ་ཁུ་བྷ་ཁོ་ཊི་[38]ལ་ཐུག་སྟེ། ཧྥ་རན་སིར་འགྲོ་འདོད་ཡོད་པའི་གནས་ཚུལ་ནས་མགོ་བཙུགས་ཏེ། འབར་མ་ནས་གྲུ་གཟིངས་ཤིག་ལ་བསྡད་པའི་སྐོར་འདི་ལྟར་བྲིས་ཡོད་དེ། ཕྱི་ཟླ་ ༡༡ ཚེས་ ༥ ཉིན། ང་གྲུ་གཟིངས་ཆེན་པོ་ཞིག་ཏུ་བསྡད་དེ་(Irrawaddy River) གཙང་ངོགས་བརྒྱུད་ནས་ཕྱིན། གྲུ་གཟིངས་དེ་མེ་དང་ཆུ་ཡིས་འཁོར་ཞིང་། ཕྱི་ལྕགས་དང་ནང་ཤིང་། ཀ་བ་དང་གདུང་མ་ལྕགས་ལས་གྲུབ། དཀྱིལ་དུ་ཁལ་བདུན་བརྒྱ་དང་མི་ལྔ་བརྒྱ་ཙམ་ཤོང་ཐུབ། གྲུ་གཟིངས་དེ་རླུང་ལས་མགྱོགས་ཤིང་སྒྲ་འབྲུག་སྐད་ལྟར་གྲགས། གྲུ་གཟིངས་[39]ཀྱི་གཤམ་འོག་ཏུ་ཚོང་ར་ཆེན་པོ་ཞིག་ཡོད་པ་དང་དེར་རྩ་ཆེའི་དངོས་རྫས་མང་པོ་བཤམས་འདུག །ཚོང་གྲུ་རེ་རེ་བསྐྱོད་མཚམས་འཇོག་སྐབས། ཕྱི་གླིང་པ་མང་པོ་ཡོང་ནས་ཉོ་ཚོང་བྱེད་པ་དང་། ཉིན་ལྟར་ཚོང་པ་ཚོས་དངུལ་སྲང་ཁྲི་གཅིག་གི་རིན་ཐང་ཡོད་པའི་ཚོང་རྒྱག་གིན་ཡོད།
འབར་མའི་མན་ཌ་ལེ་(Mandalay)རུ་ནང་པའི་དགོན་པ་ཆེན་པོ་ཞིག་ཏུ་ལྷ་ཚང་མ་གསེར་སྐུ་ཡིན་པ་དང་། མི་སྟོང་ཕྲག་མང་པོས་དེ་དག་ལ་མཆོད་འབུལ་བྱེད། ལྷ་ཁང་དེ་དངུལ་དང་གསེར་གྱིས་ཁེངས་ཡོད་པས། གལ་ཏེ་བླ་མ་ཞིག་གིས་དེ་དག་མཐོང་ཚེ། ཕ་ཡུལ་དུ་ལོག་འདོད་མེད་པ་ཆགས་ངེས། ས་གནས་འདིར་མི་རྣམས་ཕྱུག་པོ་ཡིན་པ་དང་། ཁང་པ་རྣམས་རྡོ་ལས་བསྐྲུན་ཡོད།
ཧ་ལུ་ཆམ་(Halutcham)ཞེས་པའི་གྲུ་གཟིངས་ཆེན་པོ་གཞན་ཞིག་ལ་སྡོད་སྐབས། རྗ་ཁུ་བྷ་ཁོ་ཊི་ཉིན་བཞིའི་རིང་ལམ་ཁ་གཞན་ཞིག་ནས་ཕྱིན་པ་དང་། ང་གཅིག་པུར་ལུས། ཨིན་ཇིའི་འགྲུལ་པ་མང་པོ་འདུག །ང་ཚོས་ཕན་ཚུན་གོ་བརྡ་སྤྲོད་མ་ཐུབ་སྟབས། རྐང་པ་དང་ལག་པའི་བརྡ་བསྟན་ནས་གླེང་མོལ་བྱས། མི་ཚང་མས་ང་ལ་བལྟས་ནས་གད་མོ་དགོད། ཉིན་ལྟར། ང་ལ་ཟས་ཐེངས་གཉིས་སྤྲོད་པ་དང་། ངས་བོད་དུ་ཉིན་རེར་ཟས་ཐེངས་གསུམ་ཟ་སྲོལ་ཡོད་པས། བོད་ཀྱི་ལུགས་སྲོལ་ལྟར་བྱེད་དགོས་ཞེས་བཤད། དེ་ནས་ཨིན་ཇི་བ་ཞིག་གིས་ཁོ་ལ་བོད་ཀྱི་ལུགས་སྲོལ་ལྟར་ཉིན་རེར་ཟས་ཐེངས་གསུམ་སྤྲོད་དགོས་ཞེས་བཤད། དེ་ནས་ཨིན་ཇི་བ་དེས་བོད་ཀྱི་ལུགས་སྲོལ་ནི་བཙོག་པ་དང་། ཨིན་ཇིའི་ལུགས་སྲོལ་ནི་གཙང་མ་ཡིན་ཞེས་བཤད་བྱུང་།
ཉི་ཟླ་སྐར་གསུམ་དང་། རྒྱ་མཚོ་ལས་ཅི་ཡང་མཐོང་མི་ཐུབ་པའི་གྲུ་གཟིངས་སྟེང་དུ། རྒྱང་རིང་གི་ཕ་ཡུལ་གྱི་ནང་མི་དྲན་བྱུང་། ཉིན་བཞིའི་རྗེས་སུ། རྗ་ཁུ་བྷ་ཁོ་ཊི་ལ་སླར་ཡང་ཐུག་སྟེ་ཁོང་གིས་བྱམས་སྐྱོང་གནང་བས། རྗ་ཁུ་བྷ་ཁོ་ཊི་ནི་རང་ཉིད་ཀྱི་ཕ་ཚབ་མ་ཚབ་ལྟ་བུར་གྱུར་ཅིང་། ཁོང་གི་སྐད་ཆ་ག་རེ་ཡིན་ཡང་བརྩི་བཀུར་བྱས། ཉིན་ཞིག་ཨིན་ཇིའི་དམག་དཔོན་ཞིག་གྲོངས་པས། ཨིན་ཇིའི་གོམས་སྲོལ་ལྟར་སྐྱེས་པ་ཚང་མས་གོས་ནག་པོ་གྱོན་ནས་མྱ་ངན་ཞུས་ཏེ་ཕུང་པོ་རྒྱ་མཚོར་གཡུགས་སྐབས་འཇིགས་སྣང་སྐྱེས་པ་དང་། གལ་ཏེ་རང་ཉིད་ཤི་ཚེ་ལམ་ཁ་འདི་ལས་མེད་སྟབས། ཕ་ཡུལ་དྲན་ནས་མིག་ཆུ་ཤོར་བྱུང་།
རྗ་ཁུ་བྷ་ཁོ་ཊིས་ཚུལ་དེ་མཐོང་ནས་བརྗོད་དོན། སེམས་སྡུག་མ་བྱེད། གལ་ཏེ་ཁྱེད་ན་བ་ཡིན་ན། ངས་ཁྱེད་ལ་སྨན་བཅོས་བྱ་ཆོག །གལ་ཏེ་ཁྱེད་ཀྱི་ལས་དབང་རྫོགས་ནས་ཤི་བ་ཡིན་ན། ངས་ཁྱེད་ཀྱི་ལུས་པོ་རྒྱ་མཚོར་གཡུག་གི་མིན། རྡོ་ཡི་མཆོད་རྟེན་ཞིག་གི་ནང་དུ་འཇོག་རྒྱུ་ཡིན། ཁྱེད་ཀྱི་ཕ་ཡུལ་དུ་སྤུན་མཆེད་ལ་རོགས་པ་བྱེད་དུ་འགྲོ་ངེས་ཡིན་ཞེས་དང་། ད་དུང་། རྗ་ཁུ་བྷ་ཁོ་ཊི་ནི་འདི་ལྟར་ཡིན་ཏེ། ཁོང་གིས་རྒྱལ་ཁམས་བསྐོར་ནས་བསྐྱོད་མྱོང་། ཁོང་གིས་རྒྱ་མི་དང་། བོད་མི། མོ་སྲོལ་བཅས་ཀྱི་སྐད་ཡིག་དང་གོམས་སྲོལ་ཤེས་ཀྱིན་ཡོད། ད་དུང་ལོ་ཙི།(Loutzés) ལི་སོ།(Lissous) ལ་གི་ན།(Laginas) ལི་བོ་(Libous) བཅས་ཀྱི་གོམས་སྲོལ་ཡང་ཤེས། ཁོང་ལ་སྟོབས་ཤུགས་ཆེན་པོ་ཡོད་དེ། ཁོང་གིས་བསམ་བློ་བཏང་བ་ལྟར་ལས་དོན་སྒྲུབ་ཐུབ། རང་གི་ཞབས་ཞུ་བ་ཚོར་བཟང་ཞིང་་། དྲང་བདེན་ངང་གླ་ཆ་སྤྲོད་ཀྱིན་ཡོད་པ་སོགས་བྲིས་འདུག
ལེའུ་གཉིས་པ་རུ། ཧྥ་རན་སིའི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་གྲོང་ཁྱེར་མཱར་ཟལ་དུ་འབྱོར་སྐབས། རྗ་ཁུ་བྷ་ཁོ་ཊིའི་ཕ་མ་གཉིས་བསུ་མ་བྱེད་དུ་སླེབས་ཤིང་། དེ་ནས་མགྲོན་ཁང་ཞིག་ཏུ་བསྡད། ཕྱི་ཉིན། རྗ་ཁུ་བྷ་ཁོ་ཊིས་‘‘ཨ་སྒྲུབས་མགོན་པོ། དེ་རིང་གཟའ་ཉི་མ་རེད། ང་ཚོ་རྒྱ་མཚོ་བརྒལ་ནས་འབྱོར་བ་རེད། ཡེ་ཤུའི་ཆོས་ཁང་ཆེན་པོ་ཞིག་ཏུ་ཆོས་པ་ཚོས་ཆོས་གསུང་གིན་འདུག ང་ཚོ་ཆོས་ཁང་དུ་འགྲོ་དགོས་’’ཞེས་བཤད་པས་དགའ་སྤྲོ་ཆེན་པོ་བྱུང་།
ཉིན་གཉིས་འགོར་རྗེས། མཱར་ཟལ་ལ་ལྟ་སྐོར་དུ་འགྲོ་སྐབས། ཁང་བརྩེགས་དགུ་ཐོག་ཅན་གྱི་རི་བོ་ཞིག་གི་སྟེང་དུ་ཆོས་ཁང་ཆེན་པོ་ཞིག་འདུག །རི་བོ་དེའི་སྟེང་དུ་འཛེག་པར་ཐབས་ལམ་མང་པོ་ཡོད། ང་རི་བོའི་གཤམ་གྱི་ཁང་ཆུང་[40](Elevator)ཞིག་ཏུ་འཛུལ། དེར་མི་མང་པོ་བསྡད་འདུག །སྐད་ཅིག་ཉིད་ལ་ཁང་ཆུང་དེ་ཡེ་ཤུའི་ཆོས་ཁང་གི་མདུན་དུ་སླེབས། ཆོས་ཁང་འདིའི་ནང་དུ་ཡེ་ཤུའི་སྟོན་པ་དང་མ་ཡུམ་གྱི་འདྲ་སྐུ་བཞུགས། དེ་དག་མཇལ་ནས་ང་དགའ་སྤྲོ་སྐྱེས་ཏེ་པུས་མོ་བཙུགས་ནས་གསོལ་བ་བཏབ། གྲོང་ཁྱེར་དུ་འགྲོ་སྐབས། མི་མང་པོ་ཞིག་གིས་ང་ལ་བལྟས་ནས་ཧ་ལས་པའི་རྣམ་འགྱུར་སྟོན། ཧྥ་རན་སིའི་སྐྱེས་པ་དང་བུད་མེད་རྣམས་མཛེས་ཤིང་། གྱོན་གོས་གཙང་། ངས་ཡུལ་འདིར་འབྲུ་རིགས་ཡོད་པ་མཐོང་མ་བྱུང་། འོན་ཀྱང་ཤ་དང་ཤིང་ཏོག་མངར་མོ་མང་པོ་མཐོང་། མཱར་ཟལ་གྱི་གྲོང་ཁྱེར་འདིར་བོད་ཆོལ་ཁ་གསུམ་གྱི་མི་འབོར་ལས་མང་བ་ཡོད་པ་དང་ཚང་མ་ཕྱུག་པོ་ཡིན་པས་དབུལ་པོ་མེད། གལ་ཏེ་བོད་ཀྱི་རྒྱུ་ནོར་ཡོངས་རྫོགས་བསྡུས་ཀྱང་གྲོང་ཁྱེར་འདིའི་ཁྱིམ་ཚང་གཅིག་ཀྱང་བསྐྲུན་མི་ཐུབ།
རྗ་ཁུ་བྷ་ཁོ་ཊིའི་ཁྱིམ་ནི་རྒྱལ་པོ་བཞུགས་སའི་གྲོང་ཁྱེར་ཆེན་པོ་པེ་རེ་སི་ཡིན་པ་དང་། བོད་ལ་འགྲོ་བར་ཟླ་བ་གཅིག་འགོར་ཡང་ཧྥ་རན་སིའི་ལྕགས་ལམ་བརྒྱུད་ན་ཉིན་གཅིག་ལས་མི་འགོར། ལྕགས་ལམ་དེ་རྡོ་དང་། བྲག་རི། རི་བོ། གཙང་པོ་བརྒྱུད་ནས་ཡོད། མེ་འཁོར་ནི་ཁང་པ་ཆུང་ཆུང་མང་པོས་གྲུབ་ཅིང་། དེ་དག་གི་འཁོར་ལོ་མེ་ཡིས་འཁོར་བར་བྱེད། ཁྱེད་རང་ཁང་པ་དེ་དག་ནང་འཛུལ་རྗེས་རྐང་པ་དང་། ལག་པ། མགོ་བཅས་ཕྱི་ལ་བརྐྱངས་མི་ཆོག །དགོང་མོར་ཟས་ཟོས་རྗེས། ང་ཚོ་མེ་འཁོར་འབབ་ཚུགས་སུ་ཕྱིན། མེ་འཁོར་གྱི་འཁོར་ལོ་བཅོ་བརྒྱད་ཕན་ཚུན་སྦྲེལ་ནས་འདུག །ཞོགས་པའི་ཆུ་ཚོད་བདུན་པར་པེ་རེ་སིར་འབྱོར་བ་དང་། ལམ་བུ་དེ་ནི་ཚི་གུ་ནས་ལྷ་སའི་བར་གྱི་ལམ་དང་གཅིག་མཚུངས་རེད། གྲོང་ཁྱེར་དེར་ལེ་དབར་མང་པོ་ཡོད་པའི་བྲག་ཕུག་རིང་པོ་ཞིག་བརྒྱུད་ནས་འཛུལ་དགོས་ཚུལ་སོགས་འཁོད་ཡོད།
ལེའུ་གསུམ་པ་རུ། རྗ་ཁུ་བྷ་ཁོ་ཊིའི་ཕ་མ་གཉིས་ཀྱི་ཁང་པར་སླེབས་སྐབས། ཁང་པ་དེ་ནི་ཆེན་པོ་དང་། ཁྱིམ་ཚང་མཛེས་ཤིང་གཙང་སྦྲ་དོད། །ཉིན་གཅིག་ལ་གྱོན་ཆས་ཐེངས་མང་པོ་བརྗེ་བས་ཁོང་ཚོ་ཧ་ཅང་ཕྱུག །ཟ་མ་ཟ་ས་ཁོ་ན་ཡིན་པའི་ཁང་མིག་ཆེན་པོ་ཞིག་འདུག །སྐྱེས་པ་དང་བུད་མེད་རྣམས་མཉམ་དུ་ཅོག་ཙེ་སྒོར་སྒོར་ཞིག་གི་མཐའ་རུ་བསྡད་ནས་ཞལ་ལག་མཆོད། ཁང་མིག་དེ་རུ་འཛུལ་བར་སྐྱེས་པ་ཚོས་བུད་མེད་རྣམས་ཀྱི་ལག་པ་ནས་འཇུས་ཏེ་ཁོང་ཚོའི་མདུན་དུ་མགོ་སྒུར་ནས་གུས་བརྩི་བྱེད། ཧྥ་རན་སིའི་སྐྱེས་པ་རྣམས་བུད་མེད་ལ་ཧ་ཅང་དགའ། ཁོང་ཚོས་བུད་མེད་རྣམས་ལ་གུས་ཞབས་ཆེན་པོ་བྱེད་ལ། ཁོང་ཚོ་དང་སྐད་ཆ་ཤོད་སྐབས་འཛུམ་མདངས་སྟོན།
རྗ་ཁུ་བྷ་ཁོ་ཊིའི་ཕ་མ་གཉིས་ཀྱི་ཁང་པར་རྒྱལ་ཁབ་ཚང་མའི་ཅ་ལག་འདུག །བོད་ནས་ལྷ་སྐུ་དང་། རི་མོ། དུང་ཆེན། བླ་མའི་ན་བཟའ། མཚོན་ཆ། གློ་ཐག །ཕོར་པ་སོགས་ཁང་མིག་གཉིས་གང་བ་འཁྱེར་ཡོང་ཡོད།
ཉིན་ཞིག །གླིང་ག་ཞིག་ཏུ་ཕྱིན། ཧྥ་རན་སིའི་མི་ཚང་མར་གླིང་ག་འདི་དབང་ཡང་། སྲོག་ཆགས་རྣམས་བདག་པོ་གཅིག་གི་ཡིན། དེའི་ནང་དུ་གླང་ཆེན་དང་། རྔ་མོང་། རི་བོང་། བོང་བུ། རྟ་རྒོད། བོང་བུ། གཡག །ཤྭ་བ། ར་མ། ལུག །ཕག་པ་སོགས་ཡོད། དེ་བཞིན་སྟག་དང་། གཟིག །དོམ། སྤྱང་ཀི། ཝ་མོ། གཟིག་དཀར་པོ། གཟིག་ཁྲ་བོ། ཕག་རྒོད་སྣ་ཚོགས་སོགས་ཡོད། ཙི་ཙིའི་རིགས་བཅོ་བརྒྱད་དང་། བྱ་རྒོད་ཀྱི་རིགས་བཅུ་གཅིག རྨ་བྱ། ངང་པ། རྒོད་དང་། ནེ་ཙོ་སོགས་ཡོད། དེ་ནས་ཤྭ་བ་དང་། གླ་བ་སོགས་མང་པོ་ཡོད། ང་སྲོག་ཆགས་དེ་དག་ལ་བལྟ་རུ་འགྲོ་སྐབས། ཧྥ་རན་སིའི་མི་མང་པོ་ཞིག་གིས་ང་ལ་བལྟས་ནས་གད་མོ་བགད་བྱུང་།
དེ་ནས་རྩེད་ར་ཁང་ཞིག་ཏུ་རྟ་རྩེད་ཀྱི་སྐོར་མཐོང་བྱུང་ལ། ཚོང་ར་ཞིག་ཏུ་དར་གོས་ཉོ་རུ་ཕྱིན། འགྲེམས་སྟོན་ཁང་ཞིག་ཏུ་འགྲོ་སྐབས། ཁང་པ་ཆེན་པོ་བཞི་ཡོད་པ་དེ་དག་ནི་དམག་མིའི་འདུས་སྡོད་ཁང་ (Musée des Invalides) ཡིན་ཞིང་། དེའི་ནང་དུ་དུས་རབས་ཐམས་ཅད་ནས་དིང་སང་བར་གྱི་སྐྱེས་པ་རྣམས་ཀྱི་འདྲ་པར་དང་གྱོན་ཆས། གྲི་དང་མདའ་གཞུ། མདུང་། གོ་ཆ། མེ་མདའ། སྒ་དང་ཡོབ་སོགས་ཉར་ཚགས་བྱས་འདུག །དེ་དག་མཐོང་རྗེས་རྒྱ་གར་ནས་རྒྱ་ནག་དང་དེ་ལས་ཀྱང་བརྒལ་བའི་འཛམ་གླིང་གི་གནས་སྟངས་ཇི་ལྟར་ཡིན་པ་ཤེས་རྟོགས་བྱུང་།
ཉིན་ཞིག །བླ་མ་དམ་པ་ཞིག་སྐུ་གཤེགས་འདུག །སྐུ་གདུང་གི་ཉེ་འགྲམ་དུ་འབྱོར་དུས་དེ་ནི་ད་དུང་གསོན་པོ་ལྟར་ཞི་བདེ་དང་ངལ་གསོ་བྱེད་བཞིན་པ་ལྟར་སྣང་། བུ་མོ་གཞོན་ནུ་མང་པོས་དེ་ལ་ལྟ་རྟོག་བྱེད། ཧྥ་རན་སིའི་མི་སྟོང་ཕྲག་མང་པོ་སྐུ་གདུང་མཇལ་བར་བྲེལ། སྒོའི་ཕྱི་རོལ་ཏུ་དམག་མི་མང་པོ་འདུག་ལ། ཉིན་གསུམ་རིང་སྲང་ལམ་དུ་འགྲུལ་བཞུད་བཀག་སྡོམ་བྱས་འདུག
དེའི་རྗེས་སུ། བྷོ་ཝེར་(Beauvoir)གྲོང་རྡལ་གྱི་མགོ་ཁྲིད་ཅིག་གི་ཁྱིམ་དུ་ཕྱིན། དེ་ནས་རྗ་ཁུ་བྷ་ཁོ་ཊིའི་ཕ་མ་གཉིས་ཀྱི་གྲོང་གསེབ་ཀྱི་ཁང་པར་བསྡད། ང་ལ་དཀའ་ངལ་ཧ་ཅང་མང་པོ་བྱུང་། མ་བྱན་དེས་ང་ལ་སུན་པོ་བཟོས། མོ་ལ་སྨ་ར་ཡོད་པ་དང་། མོ་སྒོ་མེད། ངན་སེམས་ཅན། ལྷ་ལ་ཡིད་ཆེས་མེད་མཁན་ཞིག་རེད། མོས་ང་ལ་ཁྱི་ལྟར་གསོ་སྐྱོང་བྱས། ཟླ་བ་གསུམ་འདས་རྗེས། རྗ་ཁུ་བྷ་ཁོ་ཊིས་མོ་ཁང་པ་ནས་ཕྱིར་ཕུད་པ་དང་། མ་བྱན་གསར་པ་བཟང་པོ་ཞིག་བསྐོས་བྱུང་བས་དགའ་སྤྲོ་སྐྱེས། ངས་བུད་མེད་ངན་པ་གཞན་ཡང་མཐོང་མྱོང་ཡོད་མོད། ཁོང་ཚོའི་ཁྱོ་ག་ཚོ་བཟང་པོ་རེད། ཧྥ་རན་སིར་བཟའ་ཚང་གི་བུད་མེད་ཅིག་གིས་འདོད་ལོག་བྱས་ན། ཁྱོ་གས་མོ་མི་གསོད་པ་རེད། དེ་ནི་བོད་དང་རྒྱ་ནག་གི་བཟའ་ཚང་བཟང་པོ་ཞིག་གིས་བྱེད་པ་དང་འདྲ་[41]ཞེས་བྲིས་ཏེ་ཟིན་བྲིས་ཀྱི་མཇུག་ཆད་འདུག
ཟིན་བྲིས་འདི་ཞིབ་ཏུ་བཀླགས་ན། ཨ་སྒྲུབས་མགོན་པོ་རང་ཡུལ་དང་ཁ་གྱེས་ཏེ་ཧྥ་རན་སིར་ཇི་ལྟར་སླེབས་པ་དང་། ས་གནས་གང་དང་གང་བརྒྱུད་དེ་འོངས་པ། ཧྥ་རན་སིར་སླེབས་ནས་ཡུལ་གང་དང་གང་ལ་ཕྱིན་པ། ཡུལ་ལུང་དེ་དག་གི་ཡུལ་སྲོལ་གོམས་གཤིས་དང་། བོད་དང་ཧྥ་རན་སི་བར་གྱི་ཁྱད་པར་རེ་ཟུང་བྲིས་ཡོོད་པ་རྟོགས་ཐུབ་པར་མ་ཟད། རྗ་ཁུ་བྷ་ཁོ་ཊི་ནི་མི་ཇི་འདྲ་ཞིག་ཡིན་པ་དང་། ཨ་སྒྲུབས་མགོན་པོས་ཕ་ཡུལ་དྲན་པའི་གདུང་བ་སོགས་ཀྱང་ཞོར་ལ་ཚོར་ཐུབ་པས། ཁོང་ནི་ནུབ་ཕྱོགས་ལུང་པར་རྐང་པ་འཇོག་མཁན་ཙམ་མིན་པར། ཡུལ་དེའི་གནས་ཚུལ་ཡིག་ཐོག་ཏུ་འགོད་མཁན་གྱི་བོད་མི་སྔ་ཤོས་དེ་ཡིན་པར་འདོད།
༧ ཨ་སྒྲུབས་མགོན་པོའི་ཟིན་བྲིས་ཧྥ་རན་སིའི་དུས་དེབ་ཁག་ཏུ་བཀོད་པ།
སྐབས་འདིར། ཨ་སྒྲུབས་མགོན་པོས་བྲིས་པའི་‘‘བོད་མི་ཞིག་གི་ཧྥ་རན་སིའི་མྱོང་ཚོར་’’ཞེས་པ་དེ་རྒྱལ་ཁབ་དེའི་དུས་དེབ་ཁ་ཤས་སུ་བཀོད་པའི་སྐོར་ཞུ་རྒྱུ་ཡིན། ཧྥ་འགྱུར་དེ་ཐོག་མར་ཕྱི་ལོ་ ༡༩༡༠ ཟླ་དང་པོའི་<<ཧྥ་རན་སིའི་ཨེ་ཤེ་ཡའི་དུས་དེབ་>> (l’Asie francaise) ཏུ་བཀོད་ཅིང་། རྩོམ་སྒྲིག་པས་མི་རིགས་ཤིག་ལ་མི་རིགས་གཞན་ཞིག་གིས་ཇི་ལྟར་འགྲེལ་བརྗོད་བྱེད་པ་དང་། ཇི་ལྟར་བརྡར་ཤ་གཅོད་པ་ནི་སྤྲོ་སྣང་ལྡན་པ་ཞིག་ཡིན། ང་ཚོའི་དཔལ་ཡོན་ནང་གི་ཡོད་ཚད་གསར་པ་དང་ཡ་མཚན་ཅན་དུ་མཐོང་བའི་གདོད་མའི་མི་ཞིག་གི་ངོས་ནས་འགྲེལ་བརྗོད་བྱས་པ་དེ་ནི་དེ་བས་ཀྱང་སྤྲོ་སྣང་ལྡན་པ་ཞིག་ཏུ་འགྱུར། དེའི་རྐྱེན་གྱིས་ང་ཚོས་བོད་མི་ཨ་སྒྲུབས་མགོན་པོ་མཆོག་གི་འགྲུལ་བཞུད་ཀྱི་གཏམ་རྒྱུད་སྤར་སྐྲུན་བྱ་རྒྱུའི་ཐག་བཅད་པ་ཡིན་[42]ཞེས་བྲིས་འདུག །ཕྱི་ལོ་ ༡༩༡༠ ཟླ་ ༣ དང ༤ པའི་<<པེ་རེ་སིའི་ཕྱི་རྒྱལ་ཆོས་སྤེལ་བའི་དུས་དེབ་>>(Annales de la Société des missions étrangères )ཀྱི་འདོན་ཐེངས་གཉིས་[43][44]སུ་ཟིན་བྲིས་དེ་མུ་འགོད་བྱས་ཤིང་། ཁ་བྱང་ལ‘‘སྤ་གཏང་ནས་པེ་རེ་སི་བར་དུ་’’(De Patong a Paris) ཞེས་བཏགས་འདུག །རྩོམ་སྒྲིག་པས་ཨ་སྒྲུབས་མགོན་པོ་ཧྥ་རན་སིར་སྡོད་སྐབས། ཁོང་གིས་རང་ཉིད་ཀྱི་རྒྱལ་ཁབ་དང་གོམས་གཤིས་རྦད་དེ་མི་འདྲ་བ་དེ་དག་གིས་མྱོང་ཚོར་ཅི་ཞིག་སྤྲད་པ་འགའ་ཡིག་ཐོག་ཏུ་བྲིས་ཡོད། སྐུ་ཞབས་རྗ་ཁུ་བྷ་ཁོ་ཊིས་ཟིན་བྲིས་དེ་བསྒྱུར་ཅིང། སྤར་དུ་བསྐྲུན་པའི་ཆོག་མཆན་གནང་བར་ང་ཚོ་དགའ་པོ་བྱུང་། སྤར་སྐྲུན་བྱེད་པར་དགའ་པོ་བྱུང་དོན་ནི་ཟིན་བྲིས་དེ་ནི་དཀོན་ཞིང་ཡ་མཚན་ཅན་ཞིག་ཡིན་པའི་རྒྱུ་མཚན་གྱིས་མ་ཡིན་པར། དེའི་ནང་དུ་ང་ཚོའི་ཀློག་པ་པོ་ཚོར་དམིགས་བསལ་གྱི་དོ་སྣང་ཡོད་པའི་ཡེ་ཤུའི་ཆོས་ལུགས་ཀྱི་དོན་ཚན་ཞིག་འདུས་ཡོད།[45]
གཞན་ཡང་། ཕྱི་ལོ་ ༡༩༡༠ ཟླ་ ༣ ཚེས་ ༡ དང་ ༡༣ ཉིན་གྱི་<<དུས་དེབ་ཆུང་ཆུང་>>(Le petit journal) ཞེས་པ་རུའང་། ‘‘བོད་མི་ཞིག་གི་མྱོང་ཚོར་’’(Impressions d’un Tibetain)ཞེས་པའི་བསྐྱར་ཞིབ་རྩོམ་ཡིག་ཅིག་སྤེལ་ཏེ་ཟིན་བྲིས་དེ་ངོ་སྤྲོད་བྱས་འདུག་[46]ལ། ཕྱི་ལོ་ ༢༠༠༩ ལོར་རྗ་ཁུ་བྷ་ཁོ་ཊིའི་བུ་མོ་མ་དྷུ་ལེ་ནཱི་བྷ་ཁོ་ཊིའི་ (Madeleine Bacot) <<བོད་ཀྱི་སྒྲུང་གཏམ་>>(Contes du Tibet)ཞེས་པའི་དེབ་ཅིག་སྤར་དུ་བསྐྲུན་པ་དེར་ཡང་། ཨ་སྒྲུབས་ཀྱི་ཟིན་བྲིས་བཀོད་ཡོད་ལ། ཕྱི་ལོ་ ༢༠༡༣ ལོར་མད་ཐི ཁབ་སི་ཐེན་(Matthew Kapstein)གྱིས་ཨིན་ཡིག་ཏུ་བསྒྱུར་ཅིང་། <<བོད་ཀྱི་སྲོལ་རྒྱུན་གྱི་འབྱུང་ཁུངས་>>( Sources of Tibetan Tradition)ཞེས་པའི་དེབ་ཏུའང་བཀོད་ཡོད་[47]པ་མཐོང་། རྒྱུ་མཚན་ཅི་ཡིན་མ་ཤེས་ཀྱང་། ཁོང་གིས་ཕྱི་ལོ་ ༡༩༩༧ ལོར་སྤར་དུ་བསྐྲུན་པའི་<<བོད་ཀྱི་གྱེན་ལངས་>>ཀྱི་སྤར་གཞི་གཞིར་བཟུང་སྟེ་བསྒྱུར་འདུག་ཀྱང་། ལེའུ་དང་པོའི་མཇུག་དང་ལེའུ་གསུམ་པའི་དཀྱིལ་གྱི་ཚན་པ་སྐོར་ཞིག་བསྒྱུར་མི་འདུག
༨ ཨ་སྒྲུབས་མགོན་པོ་བོད་དུ་ཕྱིར་ལོག་པའི་གནས་ཚུལ།
ཨ་སྒྲུབས་མགོན་པོའི་ཟིན་བྲིས་སུ། ‘‘འདིར་ཡོད་པའི་མི་རྣམས་ཀྱིས་ཕན་ཚུན་ལ་གནོད་འཚེ་མི་བྱེད། ངས་ཡུལ་འདི་ནི་འགྲོ་མི་ཐུབ་པའི་གནས་པདྨ་བཀོད་ཡིན་པར་བསམས། དེར་བརྟེན། རང་ཡུལ་ལ་ཕྱིར་མི་ལོག་པའི་ཐག་བཅད། འོན་ཀྱང་། བསམ་བློ་ཞིབ་ཏུ་བཏང་རྗེས། ང་ལ་གཅེན་གཅུང་གཉིས་དང་གཅུང་མོ་ཞིག་ཡོད་པ་དྲན། ང་སྐྱིད་པོ་ཡོང་སྲིད་ཀྱང་། རང་ཁྱིམ་དུ་གཅེན་གཅུང་དང་ནུ་མོས་སྡུག་བསྔལ་མྱོང་གི་ཡོད་མེད་མི་ཤེས་སྟབས། རང་ཡུལ་ལ་ཕྱིར་ལོག་པར་ཐག་བཅད།’’[48]ཅེས་འཁོད་འདུག །ཁོང་གི་ཟིན་བྲིས་དེའི་མཇུག་ཆད་ཡོད་པས། བོད་དུ་ཕྱིར་ལོག་པའི་གནས་ཚུལ་དང་ཟླ་ཚེས་སོགས་ཁ་གསལ་ཞིག་ཞུ་དཀའ་ཡང། <<བོད་ཀྱི་གྱེན་ལངས་>>སུ། ‘‘ཕྱི་ལོ་ ༡༩༠༩ ཟླ་ ༧ ཚེས་ ༤ ཉིན། བོད་ཀྱི་ས་མཚམས་དར་རྩེ་མདོ་ནས་ངའི་གཏམ་རྒྱུད་མགོ་བཙུགས། རྒྱ་ནག་གི་ལམ་ཁར་ཁྱོགས་སམ་འདོ་ལིའི་ནང་ཟླ་གཅིག་བསྡད་རྗེས། ཧྥ་རན་སི་ནས་ཐོན་ནས་ཟླ་དྲུག་སོང་’’[49]ཞེས་གསལ་བ་ལྟར་ན། རྗ་ཁུ་བྷ་ཁོ་ཊི་དང་ཨ་སྒྲུབས་མགོན་པོ་གཉིས་ཕལ་ཆེར་ཕྱི་ལོ་ ༡༩༠༩ ཟླ་ ༡ ཚེས་གང་རུང་ཞིག་ལ་ཕྱིར་ཧྥ་རན་སི་ནས་ཐོན་པ་ཤེས་ཐུབ།

ཁོང་གཉིས་འབར་མར་སླེབས་རྗེས། རྒྱ་བོད་གཉིས་ཀྱི་ས་མཚམས་ཀྱི་བཀག་སྡོམ་ལ་རྐྱེན་བྱས་ཏེ། རྗ་ཁུ་བྷ་ཁོ་ཊི་འབར་མ་དང་ཝི་ཏི་ནམ་གྱི་ཏུན་ཁིན་(Tonkin )བརྒྱུད་དེ་རྒྱ་ནག་ཏུ་འཛུལ་རྒྱུ་དང་། ཨ་སྒྲུབས་མགོན་པོ་སྔར་གྱི་ལམ་ཁ་དེད་ནས་‘‘སྤོ་ཡུལ་’’(Poyul)དུ་ཕྱིན་ཏེ་རྟོག་ཞིབ་བྱས་ཚར་རྗེས། ལོ་དེའི་ཕྱི་ཟླ་ ༥ པར་ཁམས་དར་རྩེ་མདོ་ནས་ཐུག་རྒྱུའི་ཁ་ཆད་བྱས་ཡོད། སྐབས་འདིར་རྟོགས་དགོས་པ་ཞིག་ཡོད་པ་ནི། ཨ་སྒྲུབས་མགོན་པོའི་དམིགས་ཡུལ་ནི་རང་ཡུལ་དུ་ལོག་རྒྱུ་ཉག་གཅིག་ཡིན་ནའང་། རྗ་ཁུ་བྷ་ཁོ་ཊིར་དམིགས་ཡུལ་གཞན་ཞིག་ཡོད་དེ། ཕྱི་ལོ་ ༡༩༠༧ ལོའི་འགྲུལ་བཞུད་དང་པོའི་སྐབས་སུ། ཁོང་གིས་ཚ་བ་རོང་གི་ཡུལ་མི་ཚོའི་ངག་ནས་ཡུལ་དེ་ནས་ཉིན་གྲངས་ཉི་ཤུའི་མཚམས་སུ་‘‘སྤོ་ཡུལ་’’ཞེས་པའི་རྒྱལ་ཕྲན་ཞིག་ཡོད་པ་དང་། དུས་རབས་བཅོ་བརྒྱད་པར། བོད་ལ་དམག་རྒྱག་ཏུ་སླེབས་པའི་རྒྱ་ནག་གི་དམག་མི་ཚོ་སྤོ་ཡུལ་གྱི་མཛེས་སྡུག་གིས་ཡིད་དབང་ཕྲོགས་ཏེ་དེ་རུ་གཞིས་ཆགས་ཤིང་། མི་རྣམས་རྟ་ལ་མཁས་པ་དང་། ཇག་རྐུན་གྱི་ལས་བྱེད་པས། ད་ལྟ་འགྲུལ་པ་དང་གནས་སྐོར་བ། ཐ་ན་མཚོན་ཆ་འཛིན་པའི་ཚོང་དཔོན་དག་ཀྱང་སྤོ་ཡུལ་བརྒྱུད་ནས་འགྲོ་མི་ཕོད། ཡུལ་དེའི་བླ་མ་ཚོ་ནི་འཇིགས་སུ་རུང་བའི་སྒྱུ་མ་མཁན་ཡིན་ལ། རྒྱལ་ཕྲན་དེའི་བྱང་ཕྱོགས་སུ་སེང་གེ་དང་། འབྲོང་། ངོ་མཚར་བའི་གཅན་གཟན་སོགས་མང་པོ་ཡོད་པའི་ནགས་ཚལ་ཆེན་པོ་ཞིག་ཡོད་[50]སྐོར་ཐོས་འདུག
གཞན་ཡང་། ཁོང་གིས་སྤོ་ཡུལ་དུ་ཐག་མི་རིང་བའི་སར་གནས་མཆོག་པདྨ་བཀོད་(Népémakö) ཅེས་པའི་གསང་བ་ལྐོག་གྱུར་གྱི་ཞིང་ཁམས་ཤིག་ཀྱང་ཡོད་པ་ཐོས་ཡོད་དེ། ‘‘གནས་པདྨ་བཀོད་གང་དུ་ཡོད་ཅེ་ན། ངས་གསལ་པོར་ཤེས་མ་བྱུང་། དེ་ནི་སྤོ་ཡུལ་དང་ཧི་མཱ་ལ་ཡའི་བར་གྱི་ཚ་རོང་གི་རྒྱབ་ཏུ་ཡོད་པར་བཤད། བོད་མི་རྣམས་ཀྱིས་ལོ་བརྒྱད་ཀྱི་སྔོན་ལ་དེ་གསར་རྙེད་བྱུང་བ་རེད། དེ་ནི་མི་མེད་ལུང་སྟོང་ཞིག་ཡིན་ལ། དྲོ་ཞིང་འཇམ་པའི་གནས་ཤིག་ཡིན། དེ་རུ་མེ་ཏོག་གིས་ཁེངས་ཤིང་ས་ཞིང་ཧ་ཅང་གཤིན་པོ་ཡིན་པས་སོ་ནམ་བྱེད་མི་དགོས་པར་རང་བྱུང་གི་འབྲས་བུ་བསྡུ་བ་ཙམ་གྱིས་འགྲིག །དེ་གསར་རྙེད་མ་བྱུང་གོང་ལ། བླ་མ་རྣམས་ཀྱིས་དེའི་སྐོར་གྱི་དཔེ་ཆ་མང་པོ་ལྗགས་རྩོམ་མཛད་ཡོད། དེ་ནི་དུས་རབས་བརྒྱད་པ་རུ་རྒྱ་གར་གྱི་ཆོས་སྤེལ་མཁན་པདྨ་སམྦྷ་ཝ་ཕེབས་མྱོང་བའི་ཞིང་ཁམས་ཤིག་ཡིན་པས་སོ། །ཁོང་གི་གསུང་རྩོམ་ནང་དུ། ཡུལ་དེའི་གནས་སྟངས་དང་། དོན་དངོས་ཀྱི་འགྲེལ་བཤད། ལོ་ངོ་སྟོང་ཕྲག་མང་པོའི་རྗེས་སུ་ནང་ཆོས་ཉམས་རྒུད་དུ་འགྲོ་སྐབས་བླ་མ་ཚོས་དེའི་ནང་དུ་གསུང་རབ་དང་ལྷན་དུ་སྒོམ་སྒྲུབ་བྱས་ཏེ་གསང་བའི་སྒོ་ནས་ཆོས་བརྒྱུད་རྒྱུན་འཛིན་བྱ་རྒྱུ་ཡིན་པ་སོགས་བརྗོད་ཡོད་’’[51]ཅེས་གསལ་བ་དང་། རྗ་ཁུ་བྷ་ཁོ་ཊི་བོད་དུ་ཐེངས་གཉིས་པ་སླེབས་དོན་ནི་ཡུལ་ལུང་དེ་གཉིས་ལ་བལྟ་རུ་འགྲོ་ཆེད་ཡིན་སྟབས། ཁོང་གིས་འགྲུལ་བཞུད་གཉིས་པའི་ཟིན་ཐོ་དེའི་ཁ་བྱང་ཆ་ཚང་ལ་<<བོད་ཀྱི་གྱེན་ལངས། པདྨ་བཀོད་ཀྱི་ཕྱོགས་སུ་འགྲོ་བ། བོད་མི་ཚོ་སྨོན་པའི་ཞིང་ཁམས་>>(Le Tibet révolté : vers Népémakö, la terre promise des Tibétains)ཞེས་བཏགས་ཡོད།
ཨ་སྒྲུབས་མགོན་པོ་སྤོ་ཡུལ་དུ་འགྲོ་མ་ཐུབ་ཀྱང་། ཕྱི་ལོ་ ༡༩༠༩ ཟླ་ ༧ ཚེས་ ༥ ཉིན། ཁམས་དར་རྩེ་མདོ་ནས་རྗ་ཁུ་བྷ་ཁོ་ཊི་ལ་སླར་ཡང་ཐུག་འཕྲད་བྱུང་སྟེ། ཁམས་ཕྱོགས་ཀྱི་ས་ཆ་ཁག་ཅིག་སྟེ། ཐོག་མར་མགར་ཐང་དང་། དཀར་མཛེས། ཉག་རོང་། སྨར་ཁམས། ལི་ཐང་། ཆ་ཕྲེང་སོགས་བརྒྱུད་དེ་ཡུན་ནན་དུ་སླེབས་པ་དང་། རྫ་ཡུལ་དང་ཐག་ཉེ་བའི་འཇང་ཡུལ་གྱི་མེ་རོ་(Méro)ཞེས་པར་འབྱོར་སྐབས། ཡུལ་དེའི་བོད་ཀྱི་གཞུང་འབྲེལ་མི་སྣས་བཀག་འགོག་བྱས་ཏེ་འགྲོ་མཚམས་འཇོག་དགོས་བྱུང་འདུག །དེ་བས། ཏཱ་ལི་(Dali) )དང་རྒྱལ་ཐང་བརྒྱུད་དེ་ཨ་སྒྲུབས་མགོན་པོའི་སྐྱེས་ཡུལ་སྤ་གཏང་དུ་སླེབས་ཤིང་། དེ་རུ་ཟླ་གཅིག་དང་ཕྱེད་ལྷག་བསྡད་འདུག །རྗ་ཁུ་བྷ་ཁོ་ཊི་སྤོ་ཡུལ་དང་གནས་མཆོག་པདྨ་བཀོད་གཉིས་ལ་འགྲོ་སྐལ་མ་ལྡན་ཡང་། ཁམས་ཕྱོགས་ཀྱི་དགོན་པ་དང་གྲོལ་རྡལ་ཁག་ཏུ་བསྐྱོད་སྐབས་རིག་དངོས་རྩ་ཆེན་མང་པོ་འཚོལ་སྒྲུབ་བྱེད་ཐུབ་པ་བྱུང་འདུག །
ཕྱི་ལོ་ ༡༩༡༠ ཟླ་ ༣ པར། ཨ་སྒྲུབས་མགོན་པོ་དང་ཞབས་ཞུ་བ་གཞན་དག་གིས་ཁོང་ཡུན་ནན་ཁུན་མི་(Kunming)བར་དུ་ཕེབས་སྐྱེལ་བྱས་ཡོད་ལ། རྗ་ཁུ་བྷ་ཁོ་ཊིས་གསུང་དོན། ཉིན་ཤས་རིང་གྲ་སྒྲིག་བྱས་རྗེས། འགྲོ་རོགས་བོད་པ་ཚང་མ་ང་དང་མཉམ་དུ་མེ་འཁོར་འབབ་ཚུགས་སུ་འབྱོར། ཁོང་ཚོ་རྒྱ་ཡི་མི་ཚོགས་ཁྲོད་དུ་མགོ་འཐོམས་ཤིང་རྩུབ་སྤྱོད་ཅན་དུ་གྱུར། མེ་འཁོར་གྱི་འཁོར་ལོ་འགུལ་མགོ་བརྩམས་པ་དང་མཉམ་དུ་ཕྱག་འཚལ་ཞིང་། ཡ་མཚན་ཆེན་པོས་ལྕགས་དང་མེའི་འཕྲུལ་ཆས་མིང་མེད་འདིའི་སྟེང་ནས་ང་གཅིག་པུ་གཡོག་པོ་མེད་པར་མགྱོགས་མྱུར་ངང་བྲོས་འགྲོ་བ་ལྟ་བུའི་ངང་ཚུལ་ལ་བལྟས་ནས་བསྡད། ཨ་སྒྲུབས་མི་ཚོགས་ཀྱི་རྒྱབ་ཏུ་ལངས་ནས་འགུལ་སྐྱོད་མེད་པར་བསྡད་ཡོད། ཁོ་ནི་གཟུགས་པོ་ཆེན་པོ་ཡོད་པས་མི་ཚོགས་ལས་ཡར་འཕགས། ངེད་གཉིས་ཀྱིས་ཕན་ཚུན་བར་སྐད་ཆ་བཤད་མེད། དེ་ལྟར་མཉམ་དུ་བསྐྱོད་པའི་ལོ་ངོ་གསུམ་དང་། བདག་པོ་དང་ཞབས་ཞུ་བ་གཉིས་ཀྱི་བར་དུ་ཆགས་པའི་ཡིད་ཆེས་ཀྱི་མཛའ་མཐུན་དེ་མཇུག་བསྒྲིལ། དེ་ནི་མི་རིགས་གཉིས་ཀྱི་མི་གཉིས་ཀྱི་བར་དུ་ཆགས་པའི་མཛའ་མཐུན་བརྟན་པོ་ཞིག་རེད་[52]ཅེས་གསལ་ལོ། །
༩ ཨ་སྒྲུབས་མགོན་པོ་འདས་གྲོངས་སུ་གྱུར་པ།
རྗ་ཁུ་བྷ་ཁོ་ཊི་རང་ཡུལ་དུ་འབྱོར་ཏེ། ཁོང་གིས་ཁམས་ཕྱོགས་ནས་ཁྱེར་ཡོང་བའི་རིག་དངོས་རྩ་ཆེན་རྣམས་སྒྱུ་མེལ་འགྲེམས་སྟོན་ཁང་(musée Guimet)དུ་བཤམས་སྟོན་བྱས་ཏེ་ཡུན་རིང་མ་འགོར་བར། ཨ་སྒྲུབས་མགོན་པོ་གནས་སྟངས་སྐྱོ་བོ་ཞིག་གི་འོག་འདས་གྲོངས་སུ་ཕྱིན་འདུག

<<བོད་ཀྱི་གྱེན་ལངས་>>སུ། ཨ་སྒྲུབས་མགོན་པོ་ཚ་ཁ་ལྷོའི་ལྕགས་ཟམ་དུ་ལྷུང་བར་རྐྱེན་བྱས་ཏེ་འདས་གྲོངས་སུ་གྱུར་ཡོད་སྐོར་བརྗོད་ཡོད་[53]པ་དང་། ཁོང་གིས་གྲོངས་གཏམ་དེ་སྤ་གཏང་དུ་གནས་བཞུགས་ཡེ་ཤུའི་ཆོས་སྤེལ་མཁན་ཐེ་ཨོ་ཌོ་རེ་མོན་བྷིག་(Théodore Monbeig 1875-1914)གི་འཕྲིན་ཡིག་ཅིག་བརྒྱུད་དེ་ཤེས་རྟོགས་བྱུང་བའི་གནས་ཚུལ་འཁོད་ཡོད། ཡེ་ཤུ་ཆོས་སྤེལ་མཁན་གྱིས་བསྐུར་བའི་འཕྲིན་ཡིག་གི་ནང་དོན་མདོར་བསྡུས་ན། རྒྱ་བོད་ཀྱི་སྨན་བཅོས་སོགས་ཀྱིས་མ་ཕན་པར། ཨ་སྒྲུབས་མགོན་པོ་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་འདས་གྲོངས་སུ་ཕྱིན། ང་འབྱོར་དུས་ཁོང་མཐོང་བར་འཕྱི་དྲགས་འདུག །མ་གྲོངས་པའི་སྔོན་ལ། ཁོང་གི་ཤ་རིད་ཅིང་། ནག་པོ། རྫོབ་པོ་ཞིག་ཏུ་གྱུར་འདུག །ཁོང་ཁང་པ་ཐབས་ཆག་ཅིག་ཏུ་བསྡད་ཡོད་ལ། ངས་མཐོང་ཐེངས་རེར་ངུ་བཞིན་འདུག གང་ལྟར། དུར་འཇུག་གི་མཛད་སྒོ་ཧ་ཅང་གཟབ་རྒྱས་བྱུང་། སྤ་གཏང་དང་ཚི་གུ་གཉིས་ཀ་ནས་མི་ཚང་མ་སླེབས་ཡོད། ཁོང་གི་ཕུང་པོ་དེ་ཉིན་གཉིས་རིང་ལྷ་ཁང་གི་ར་སྐོར་ནང་གི་གུར་ཞིག་ཏུ་བཞག་ཅིང་། ཉིན་མཚན་མེད་པར་ཡེ་ཤུ་བ་ཚོས་རེས་མོས་ཀྱིས་ཕུང་པོའི་མདུན་དུ་སྨོན་ལམ་བཏབ་ཡོད་ལ། ད་ཆ་ཁོང་སྤ་གཏང་གི་དུར་ཁྲོད་དུ་ངལ་གསོ་བྱེད་བཞིན་ཡོད།[54]“ཅེས་བྲིས་འདུག དེ་ལྟར་ན། ཨ་སྒྲུབས་མགོན་པོ་ཕྱི་ལོ་ ༡༩༡༡ ཟླ་ ༢ ཚེས་ ༡༤ ཉིན་གྲོངས་འདུག །
ས་མུའེ་ཨེལ་ཐེ་ཝོ་སི་(Samuel Thévoz)ཡིས། ཨ་སྒྲུབས་མགོན་པོ་ཚ་ཁ་ལྷོའི་ལྕགས་ཟམ་ནས་ལྷུང་སྟེ་གྲོངས་པ་མ་ཡིན་པར། ཧྥ་རན་སི་ནས་འགོས་པའི་གློ་གཅོང་(Tuberculose)གིས་འདས་གྲོངས་སུ་གྱུར་པ་རེད་[55]ཅེས་བྲིས་ཡོད་པ་མཐོང་བས། ཁོང་ལ་གནས་ཚུལ་དེའི་སྐོར་དྲིས་པར། ཁོང་གིས་ཨ་སྒྲུབས་མགོན་པོ་གློ་གཅོང་གིས་གྲོངས་པའི་སྐོར་གྱི་གནས་ཚུལ་དེ་རྗ་ཁུ་བྷ་ཁོ་ཊིའི་ཚ་བོ་ཚ་མོ་ཚོའི་ངག་ལས་ཐོས་པ་ཡིན་མོད། འོན་ཀྱང་གནས་ཚུལ་འདི་ལ་གཟབ་ནན་བྱེད་དགོས་ཞེས་གསུངས། གང་ལྟར། དོན་དངོས་སུ་ཁོང་རྒྱུ་རྐྱེན་ཅི་ཞིག་གིས་གྲོངས་མིན་འཁྲུན་ཐག་ཆོད་པ་ཞིག་བཤད་དཀའ་ཡང་། ཟླ་ཤས་རིང་འཆི་བའི་སྡུག་བསྔལ་མྱངས་ཡོད་པར་མངོན། རྗ་ཁུ་བྷ་ཁོ་ཊིས་‘‘ང་ནི་ཁོང་གི་མྱ་ངན་གྱི་མིག་ཆུ་དང་འབྲེལ་བ་ཡོད་སྲིད་པ་རེད། ཁོང་གིས་ང་ལ་ཁོང་འཆི་བར་ཞེད་སྣང་མེད་ཅེས་ཡང་ཡང་བཤད་མྱོང་།’’ཞེས་དང་། ཡང་‘‘ང་ཨ་སྒྲུབས་དགོན་པོ་ལ་དགའ་བའི་རྒྱུ་མཚན་ནི་ཁོ་དཔའ་ངར་ཆེ་ལ་བརྗིད་ཉམས་ལྡན་པ་དེ་རེད། དྲག་ཤུགས་ཅན་དེ་ནི་སྐྱེས་བུ་དམ་པ་ཞིག་ཡིན།’’[56]ཞེས་གསུངས།
ཨ་སྒྲུབས་མགོན་པོ་གྲོངས་རྗེས། རྗ་ཁུ་བྷ་ཁོ་ཊིས་མུ་མཐུད་དུ་བོད་རིག་པའི་ཐད་ལ་ཕྱག་ལས་སྣ་ཚོགས་ཤིག་གནང་ཡོད་ལ། དིང་སང་སྒྱུ་མེལ་འགྲེམས་སྟོན་ཁང་(musée Guimet)དུ་བོད་ཀྱི་རིག་དངོས་རྩ་ཆེན་མང་པོ་ཞིག་ཡོད་པའང་ཨ་སྒྲུབས་མགོན་པོ་དང་ཐད་ཀར་འབྲེལ་བ་ཡོད་པ་སྨོས་མ་དགོས།
མཇུག་བསྡུ་བའི་གཏམ།
ཨ་སྒྲུབས་མགོན་པོ་ཧྥ་རན་སིར་སླེབས་ནས་དུས་རབས་གཅིག་གི་རྗེས་སུ། ཁོ་བོ་ཡང་ཡུལ་འདིར་འབྱོར་ཏེ་རེ་ཞིག་འགོར་ནའང་། ཨ་སྒྲུབས་མགོན་པོའི་སྐོར་ཤེས་རྟོགས་བྱུང་ནས་ལོ་ཤས་ལས་འགོར་མེད། རྩོམ་ཡིག་འདི་མ་བྲིས་པའི་སྔོན་ལ། ཁོང་གི་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ཁག་རྩད་གཅོད་བྱེད་སྐབས། ཡིག་ཆ་ཕལ་མོ་ཆེ་ཧྥ་ཡིག་ཡིན་སྟབས། བརྗོད་གཞི་འདི་ཁོ་བོར་ལས་སྐལ་དུ་བཞག་ཡོད་པ་ཚོར། དེར་བརྟེན། དཔྱད་གཞིའི་ཡིག་རིགས་ཁག་ལ་སློབ་སྦྱོང་ནན་ཏན་བགྱིས་ཏེ་རྩོམ་ཡིག་འདི་བྲིས་པའི་ཁུལ་ཡིན་ལ། རྩོམ་ཡིག་འདིའི་ནང་ཨ་སྒྲུབས་མགོན་པོའི་ལོ་རྒྱུས་དང་། ཁོང་ཧྥ་རན་སིར་ཇི་ལྟར་སླེབས་པ། ཡུལ་དེར་སླེབས་ནས་བྱ་བ་ཅི་ཞིག་བསྒྲུབས་པ། ཁོང་གིས་བྲིས་པའི་ཟིན་བྲིས་ཀྱི་ནང་དོན་ངོ་སྤྲོད་དང་འབྲེལ་ཏེ། ཟིན་བྲིས་དེ་ཧྥ་ཡིག་ཏུ་བསྒྱུར་པ་དང་། ཧྥ་རན་སིའི་དུས་དེབ་ཁག་ཏུ་བཀོད་པའི་སྐོར་ཞུས་ཡོད་པར་མ་ཟད། ཁོང་བོད་དུ་ཕྱིར་ལོག་སྟེ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་སོགས་ཀྱང་བརྗོད་ཡོད་མོད། བློ་ཕམ་པ་ཞིག་ལ་རྩོམ་ཡིག་འདི་འབྲི་སྐབས་རྗ་ཁུ་བྷ་ཁོ་ཊིའི་ཤུལ་ལུས་ནང་མི་ཚོར་འབྲེལ་བ་ཞུས་ཏེ་ད་ཕན་ཕྱི་ལ་མ་གྱར་བའི་རྗ་ཁུ་བྷ་ཁོ་ཊིའི་འཕྲིན་ཡིག་དང་། འདྲ་པར། ལྷག་པར་དུ་ཨ་སྒྲུབས་མགོན་པོའི་ཟིན་བྲིས་ཀྱི་མ་ཡིག་ཉར་ཡོད་མེད་སོགས་རྩད་གཅོད་བྱེད་ལོང་བྱུང་མེད་ལ། ད་དུང་སྒྱུ་མེལ་འགྲེམས་སྟོན་ཁང་(musée Guimet)གི་དཔེ་མཛོད་ཁང་དུ་ལན་གཅིག་འགྲོ་འདོད་ཀྱིས་གྲ་སྒྲིག་བྱས་རྗེས། འགྲེམས་སྟོན་ཁང་དེའི་དྲྭ་ཚིགས་སུ་ ༢༠༢༦ ཟླ་ ༣ ཚེས་ ༢༣ ནས་ཟླ་ ༥ ཚེས་ ༡༠ བར་སྒོ་བརྒྱབ་ཡོད་པའི་གནས་ཚུལ་བྲིས་ཡོད་པ་མཐོང་བས། ད་ཐེངས་ཕྱོགས་གང་ཅིའི་ཐད་ནས་འདོད་བློ་ཁེངས་པ་ཞིག་བྱུང་མེད། མ་འོངས་པར་དཔྱད་ཡིག་གསར་པ་རག་ཚེ་རྩོམ་ཡིག་འདིར་ཁ་གསབ་བྱ་ངེས་ལགས་སོ། །
དཔྱད་ཡིག་དང་ཞབས་མཆན།
[1] https://bodrigpa.org/archives/5373 (2026/4/19)
[2] https://fr.wikipedia.org/wiki/Communaut%C3%A9_tib%C3%A9taine_en_France#:~:text=En%202019%2C%208%20000%20%C3%A0,r%C3%A9partis%20%C3%A0%20travers%20le%20monde
[3] དེབ་ཀྱི་ཁ་བྱང་ཆ་ཚང་ལ། <<ཁ་བ་དཀར་པོའི་ཉེ་འཁོར་གྱི་བོད་མིའི་རྗེས་སུ་འབྲངས་པ། ཕྱི་ལོ་ ༡༩༠༦ ཟླ་བ་ ༡༡ ནས་ ༡༩༠༨ ཟླ་བ་ ༡ བར།>>(Dans les marches Tibétaines autour du Dokerla Novembre 1906-Janvier 1908.) ཞེས་པ་དེ་ཡིན།
[4] རྒྱ་སྐད་དུ་ 茨古ཞེས་བྲིས་འདུག
[5] Dans les marches Tibétaines autour du Dokerla Novembre 1906-Janvier 1908. by Bacot, Jacques, 1909. Publisher Paris. Plon-Nourrit et Cie. P, 36
[6] རྒྱ་སྐད་དུ་ 巴东ཞེས་བྲིས་འདུག
[7] ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༣ ཚེས་ ༣༠ ཉིན། བོད་རིག་པའི་སྐད་ཚོམས་ཀྱི་ཚོགས་མི་ཚེ་རིང་ལོ་བརྒྱས་གསལ་བཤད་བྱས་པ་ལྟར་བྲིས་ཡོད།
[8] རྒྱ་སྐད་དུ་ 摩梭ཞེས་བྲིས་འདུག
[9] རྒྱ་སྐད་དུ་傈僳)ཞེས་བྲིས་འདུག
[10] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P,272-273
[11] Le Tibet révolté, vers Népémakö, la terre promise des Tibétains. Publisher: Paris Hachette et cie. 2012. P,348
[12] https://journals.openedition.org/trans/5561
[13] The Himalayan journal – Volume 61, (ISBN 0195681509), p. 26: « The Ts-coo (Tsekou) Mission was founded in 1867 on an existing Lamasery. »
[14] རྒྱ་སྐད་དུ་茨中村ཞེས་བྲིས་འདུག
[15] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 74
[16] རྒྱ་སྐད་དུ་傈僳)ཞེས་བྲིས་འདུག https://www.academia.edu/86568015/Les_voyages_de_Jacques_Bacot_et_la_naissance_des_%C3%A9tudes_tib%C3%A9taines_en_France_In_Revue_de_l_Association_Alexandra_David_Neel_2_2022_85_100_ (2026 /3/30)
[17] རྒྱ་སྐད་དུ་丽江ཞེས་བྲིས་འདུག
[18] Dans les marches Tibétaines autour du Dokerla Novembre 1906-Janvier 1908. Bacot, Jacques, 1909. Publisher Paris. Plon-Nourrit et Cie. P, 158
[19] Dans les marches Tibétaines autour du Dokerla Novembre 1906-Janvier 1908. Bacot, Jacques, 1909. Publisher Paris. Plon-Nourrit et Cie. P, 158
[20] https://journals.openedition.org/trans/5561 (2026/3/15)
[21] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P,6
[22] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 345-346
[23] https://www.youtube.com/watch?v=86JxN8JTlBg (ས་མུའེ་ཨེལ་ཐེ་ཝོ་སི་(Samuel Thévoz) ཡིས་གཏམ་བཤད་ཀྱི་སྐབས་སུ་འཕྲིན་ཡིག་གི་པར་ཞིག་མཐོང་བྱུང་།)
[24] དུས་དེབ་འདི་དྲྭ་ཚིགས་འདི་ https://gallica.bnf.fr/ark:/12148/bpt6k9738672c/f111.item.texteImage ནས་ཀློག་ཐུབ། 2024/04/3
[25] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 345-364
[26] https://gallica.bnf.fr/ark:/12148/bpt6k4010308d/f55.item
[27] Delisle, Fernand, « Sur les caractères physiques des populations du Tibet sud-oriental », Bulletins et Mémoires de la Société d’anthropologie de Paris, juin 1908, p. 473-486. (https://journals.openedition.org/trans/5561?lang=fr#ftn18)
[28] Recouly, Raymond, « Vie de Paris : Impressions d’un Tibétain », Le Figaro, 14 février 1910, p. 1. 2010 /2/14
[29] Mille, Pierre, « Esquisses d’après nature : Paris. Vu du Toit du Monde », Le Temps, 17 février 1910, p. 2. ( (དུས་དེབ་དེ་དྲྭ་ཚིགས་འདི་ནས་ https://gallica.bnf.fr/ark:/12148/bpt6k6189162/f1.item.zoom ཀློག་ཐུབ།)
[30] « De Patong à Paris : Voyage de Adjroup Gumbo avec le grand homme français Pa », Annales des Missions étrangères, n° 74, mars-avril 1910, p. 101-109 et mai-juin 1910, p. 161-164. ( དུས་དེབ་དེ་དྲྭ་ཚིགས་འདི་ནས་ https://gallica.bnf.fr/ark:/12148/bpt6k9738672c/f111.item.texteImage ཀློག་ཐུབ། )
[31] ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༥ ཚེས་ ༧ ཉིན་གློག་འཕྲིན་འབྱོར།
[32] ཧྥ་རན་སིའི་མི་ཆེན་པོ་ཞེས་པའི་དོན།
[33] https://www.youtube.com/watch?v=86JxN8JTlBg (ས་མུའེ་ཨེལ་ཐེ་ཝོ་སི་(Samuel Thévoz) ཡིས་གཏམ་བཤད་ཀྱི་སྐབས་སུ་མ་ཡིག་གི་ཤོག་ངོས་ཤིག་བསྟན་བྱུང་།)
[35] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 345-343
[36] Dans les marches Tibétaines autour du Dokerla Novembre 1906-Janvier 1908. by Bacot, Jacques, 1909. Publisher Paris. Plon-Nourrit et Cie. P, 160
[37] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 275
[38] ཨ་སྒྲིབས་མགོན་པོས་རྗ་ཁུ་བྷ་ཁོ་ཊིར་ Pa-ta-jen ནམ་ཡང་ན་ ta-jen ཞེས་སྤྱད་ཡོད་མོད། དེའི་དོན་ནི་མི་ཆེན་པོ་ཞེས་པའི་དོན་ཡིན་ནོ། །
[39] དེ་ནི་གཙང་པོའི་ཐོག་ཏུ་འགྲོ་བའི་ཚོང་གྲུ་ཞིག་ཡིན་པར་བཤད་ཅེས་འགྱུར་མཆན་དུ་བཀོད་འདུག
[40] གློག་གི་སྐས་འཛེགས།
[41] ཟིན་བྲིས་འདི་དྲྭ་ཚིགས་འདི་ https://mission-thibet.org/adjroup-de-patong-en-france/ ནས་ཀྱང་ཀློག་ཐུབ། དོ་སྣང་ཅན་ཚོས་གཟིགས་འཚལ། 2026/04/18
[42] Gumbo, Adjroup, « Impressions d’un Tibétain en France : Voyage du nommé Adjroup Gumbo », Bulletin du Comité de l’Asie française, janvier 1910, p. 53-58. དུས་དེབ་འདི་དྲྭ་ཚིགས་འདི་ https://gallica.bnf.fr/ark:/12148/bpt6k4010308d/f55.item ནས་ཀློག་ཐུབ། 2024/04/10)
[43] Annales de la Société des missions étrangères et l’œuvre des partants. No 73 190 pp, 101
(དུས་དེབ་འདི་དྲྭ་ཚིགས་འདི་ /gallica.bnf.fr/ark:/12148/bpt6k9738672c/f111.item.texteImage ནས་ཀློག་ཐུབ། 2024/04/12 ཤོག་ངོས་ ༡༠༡ ན་གསལ། )
[44] དུས་དེབ་འདི་དྲྭ་ཚིགས་འདི་ https://gallica.bnf.fr/ark:/12148/bpt6k9738672c/f170.item.texteImage ནས་ཀློག་ཐུབ། 2024/03/19
[45] དུས་དེབ་འདི་དྲྭ་ཚིགས་འདི་ https://gallica.bnf.fr/ark:/12148/bpt6k9738672c/f111.item.texteImage ནས་ཀློག་ཐུབ། 2024/04/3
[46]དུས་དེབ་འདི་དྲྭ་ཚིགས་འདི་ https://gallica.bnf.fr/ark:/12148/bpt6k6189162/f1.item.zoom ནས་ཀློག་ཐུབ། 2024/04/12
[47] Sources of Tibetan Tradition. de Kurtis R. Schaeffer (Sous la direction de), Matthew T. Kapstein (Sous la direction de), Gray Tuttle (Sous la direction de) 2020 p, 704-711
[48] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 357
[49] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 16
[50] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 2-3
[51] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 10-11
[52] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 324
[53] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 324
[54] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 324
[55] https://journals.openedition.org/trans/5561 (2026/6/11)
[56] Le Tibet révolté, vers Népémakö, la terre promise des Tibétains. Publisher : Paris Hachette et cie. 2012. P, 239
དཔྱད་གཞིའི་ཡིག་ཆ།
[1] Dans les marches Tibétaines autour du Dokerla Novembre 1906-Janvier 1908. by Bacot, Jacques, 1909. Publisher Paris. Plon-Nourrit et Cie.
[2] Le Tibet révolté, vers Népémakö, la terre promise des Tibétains. Publisher: Paris Hachette et cie. 2012.
[3] Gumbo, Adjroup, « Impressions d’un Tibétain en France : Voyage du nommé Adjroup Gumbo », Bulletin du Comité de l’Asie française, janvier 1910,
[4] Mille, Pierre, « Esquisses d’après nature : Paris. Vu du Toit du Monde », Le Temps, 17 février 1910,
[5] Recouly, Raymond, « Vie de Paris : Impressions d’un Tibétain », Le Figaro, 14 février 1910
[6] « De Patong à Paris : Voyage de Adjroup Gumbo avec le grand homme français Pa », Annales des Missions étrangères, n° 74, mars-avril 1910
[7] Delisle, Fernand, « Sur les caractères physiques des populations du Tibet sud-oriental », Bulletins et Mémoires de la Société d’anthropologie de Paris, juin 1908,
[8] The Himalayan journal – Volume 61, (ISBN 0195681509),
[9] Sources of Tibetan Tradition. de Kurtis R. Schaeffer (Sous la direction de), Matthew T. Kapstein (Sous la direction de), Gray Tuttle (Sous la direction de) 2020
[10] Le traducteur en voyage et le voyage en traduction : les « Impressions d’un Tibétain en France » ou le « récit des joies et peines » d’Adjroup Gumbo . Samuel Thévoz . Open edition
[11] E.U., « Impressions d’un Tibétain ». Le Petit Journal, 1er mars 1910
[12] Contes du Tibet. Madeleine Bacot. 2009
– – – – –
![]()



