ཆབ་མདོ་ཁ་རོ་གནའ་ཤུལ་གྱི་སྔོན་གྱི་མིང་དང་དེའི་དག་ཆ་གང་ཡིན་ལ་རགས་ཙམ་དཔྱད་པ།

0
46

ནང་དོན་གནད་བསྡུས། འདིར་ཉེ་རབས་བོད་ཀྱི་རིག་གནས་དར་ནུབ་དང་འབྲེལ་བའི་ས་མིང་ཡུལ་མིང་གི་འཕེལ་འགྲིབ་ཀྱི་ཟུར་ངོས་འགའ་ཞིག་ནས་གླེང་བསླངས་ཏེ།  བོད་ཀྱི་རྡོ་ཆས་གསར་མའི་དུས་ཀྱི་གནའ་ཤུལ་གྲགས་ཅན་ཆབ་མདོ་ཁ་རོ་འདི་ལ། སྔོན་དུས་བོད་བཙན་པོའི་སྐབས་ཀྱི་ས་མིང་ངོ་མ་གང་ཡིན་སྐོར་ནས་དཔྱད་གླེང་ཅུང་ཟད་ཞུས་རྗེས། བོད་མི་རིགས་ཀྱི་མི་ལོ་ལྔ་སྟོང་གི་ལོ་རྒྱུས་དང་དཔལ་ཡོན་མངོན་པར་མཚོན་པའི་རྡོ་ཆས་གསར་རྙིང་གི་གནའ་ཤུལ་དེ་ལ། མི་རིགས་རང་གིས་གནའ་ནས་ཇི་ལྟར་འབོད་པའི་མིང་དང་དེའི་དག་ཆ་གང་ཡིན་སྐོར་ལ། ཡིག་ཚངས་ཀྱི་ཁུངས་དང་སྦྲེལ་ཏེ་འཐད་སྒྲུབ་ཀྱི་རིགས་པ་བཀོད་དེ་རགས་ཙམ་ཞིག་གཏན་འབེབས་ཞུས་ཡོད།

བརྡ་ཆད་གཙོ་བོ།  རྒོད་ཀྱི་སྟོང་སྡེ། མིང་དུ་གདགས་པ། སུམ་པའི་རུ།  ཁ་རོ་དང་ཁ་བཟང་། གནའ་ཤུལ།  ཡུལ་མིང་བོར་གཏོར། ཁང་གྲོང་དང་ཁང་བཟང་།

གླེང་གཞི།

བོད་མི་རིགས་འདི་ཨ་གསར་ཆེ་བས་ཡིན་ནམ། གང་ལྟར་གཞན་པའི་ལད་ཟློས་བྱེད་རྒྱུར་ཤིན་ཏུ་དགའ་བ་ལས་རང་གི་ཁྱད་ཆོས་རྒྱུད་འཛིན་བྱེད་རྒྱུར་དེ་ཙམ་མི་དགའ་བ་ལྟ་བུར་འདུག་ལ། དེའི་དབང་གིས་རྒྱལ་ཕྱི་ནང་གི་བོད་ཀྱི་ས་མིང་ཡུལ་མིང་མང་པོ་ཞིག་འབྲེལ་མེད་དོན་གཞན་གྱི་ཡ་མ་བརླ་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་སྟེ། དེ་ལྟར་གྱུར་པ་འདི་ལ་བརྒྱུད་རིམ་ཞིག་ཡོད་པ་ནི། དང་པོ་ཡུལ་མིང་དངོས་དེ་ཨིན་ཡིག་དང་རྒྱ་ཡིག་སོགས་སུ་སྒྲ་ཇི་ཐོན་དུ་ཕར་བྲིས། དེ་ལྟར་བྲིས་པའི་མིང་དེ་ཉིད་སླར་རང་རེའི་སྐད་དུ་ཚུར་བསྒྱུར་བའི་མཐར། ཡུལ་མིང་དེ་ར་མ་ལུག་ཏུ་འགྱུར་བཞིན་ཡོད། དཔེར་ན། ཀོང་པོའི་བྲག་གཡབ་ལ་ཡུལ་སྐད་དུ་བག་གཡབ་ཞེས་པ་ལས་ར་སྟ་ཡི་སྒྲ་ཐོན་གྱི་མེད་པས་ན། དེ་ཉིད་ཡུལ་མིའི་ངག་ཐོག་ལ་ཡོད་པ་བཞིན་ཐོག་མར་རྒྱ་ཡིག་ཏུ་(八一 )པ་ཡིས་ཞེས་བྲིས་པ་དང་། དེ་ཉིད་ཡང་བསྐྱར་བོད་ཡིག་ཏུ་དོན་བསྒྱུར་བྱས་པས། བརྒྱད་གཅིག་ཞེས་བྲིས། དོན་དངོས་བྲག་གཡབ་དང་བརྒྱད་གཅིག་བར་འབྲེལ་བ་ཅི་ཡང་མེད་པ་ལྟ་བུ་རེད།  དེ་ལྟར་ཡ་མ་བརླ་ཞིག་ཏུ་གྱུར་པའི་ས་མིང་ཡུལ་མིང་རྣམས་ནི་ས་ཆ་ཆུང་ངུ་རེ་ཟུང་གི་མིང་ཙམ་མིན་པར། ཡུལ་གྲུ་ཆེན་པོ་མང་པོ་ཞིག་གི་ཡུལ་མིང་མཐའ་དག་ཅི་མིན་འདི་མིན་ཞིག་ཏུ་འགྱུར་བཞིན་པ་སྟེ། དཔེར་ན། མངའ་རིས་ལ་ཨ་ལིས་དང་། ཉིང་ཁྲི་ལ་ལིང་ཀྲི། གློ་སྨོན་ཐང་ལ་གློ་མུ་སི་ཐང་། རྔ་བ་ལ། ཨ་བྷ་ཞེས་སོགས་མཚོན་པ་ཙམ་སྟེ། དུས་ད་ཚོད་དེ་ལྟ་བུ་མཐའ་དག་རེ་རེ་ནས་བགྲང་གིས་མི་ལང་བའི་ཚོད་དོ། །

འོ་ན། ས་མིང་བོར་བརླགས་སོང་བས་ཅི་ཉེས་ཞེ་ན། རང་རེའི་མཁས་པའི་དབང་པོ་ཀུན་གྱིས་མགྲིན་གཅིག་ཏུ། འཕགས་པ་ལང་ཀར་གཤེགས་པ་ལས། “མིང་ནི་བརྗོད་པར་མ་བྱས་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མིང་དུ་གདགས་པར་བྱ་བ་ཡིན། །”[1]ཞེས་པའི་ལུང་འདི་དྲངས་ནས། མིང་དུ་གདགས་པའི་གལ་ཆེན་རང་བཞིན་ལ་འགྲེལ་བཤད་ཞིབ་ལ་རྒྱས་པ་མཛད་ཡོད་པ་ཀུན་ལ་གསལ་ཞིང་། དགེ་སྐྱོན་དེ་ལྟ་བུ་དོན་ལ་གནས་ན། མིང་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་དགོས་པ་ཡང་དེ་བཞིན་གལ་ཆེན་རང་བཞིན་ཡིན་པ་སྨོས་མ་དགོས་ཏེ། མིང་དེ་ཉིད་གདགས་པར་མ་མཛད་པ་དང་། ཉམས་ནས་མེད་པར་སོང་བ་ལ་ཁྱད་པར་མེད་པས་སོ། །སྤྱིར་ཡང་། ཤེས་རིག་གི་ཉིང་བཅུད་བསྡུས་པའི་བསྟན་བཅོས་ཀྱི་ལུས་ཕུང་མཐའ་དག་མིང་དང་ཐ་སྙད་ཀྱི་ལྷུ་ཚིགས་མང་པོས་གྲུབ་པས་ན། མིང་དང་ཐ་སྙད་རེ་རེ་བོར་བརླགས་སོང་བ་ནི། ལུས་ཀྱི་ལྷུ་ཚིགས་རེ་རེ་འཐོར་བ་དང་མཚུངས་པས། མིང་དང་ཐ་སྙད་མང་པོ་ཞིག་བོར་བརླགས་འགྲོ་བའི་སྣང་ཚུལ་འདི།  རང་རེའི་ཤེས་རིག་ཀྱི་ངོས་ཐད་ནས་བལྟས་ནའང་གནད་དོན་ཆུང་ཆུང་ཞིག་གཏན་ནས་མ་རེད་སྙམ།  དེ་བས་ན། འདིར་བོད་ཀྱི་རྡོ་ཆས་གསར་མའི་དུས་རབས་ཀྱི་གནའ་ཤུལ་གྲགས་ཅན་ཆབ་མདོ་ཁ་རོའི་གནའ་ཤུལ་གྱི་སྔོན་དུས་ཀྱི་ས་མིང་ངོ་མ་གང་ཡིན་སྐོར་ལ། དཔྱད་གླེང་བྱེད་པའི་དགོས་དོན་ཀྱང་དེ་དག་ལས་མ་འདས་པའི་ཕྱིར། བོད་མི་རིགས་ཀྱི་མི་ལོ་ལྔ་སྟོང་གི་ལོ་རྒྱུས་དང་། དཔལ་ཡོན་མངོན་པར་མཚོན་པའི་རྡོ་ཆས་གསར་རྙིང་གི་གནའ་ཤུལ་གྲགས་ཅན་ཡོད་སའི་ཡུལ་དེ་ལ། མི་རིགས་རང་གིས་གནའ་ནས་ཇི་ལྟར་འབོད་པ་ཉིད་མ་ནོར་མ་འཁྲུལ་བར་ཤེས་པའི་ཐབས་ལ་བརྩོན་པར་འོས་ཀྱི་སྣང་ཆུང་བྱ་བའི་གནས་གཏན་ནས་མིན་ནོ། །

༡ ཁ་རོ་གནའ་ཤུལ་གྱི་མཚམས་སྦྱོར་གནད་བསྡུས།

ཁ་རོ་གནའ་ཤུལ་ནི། འཛམ་གླིང་ན་སྙན་པར་གྲགས་པའི་བོད་ཀྱི་རྡོ་ཆས་གསར་མའི་གནའ་ཤུལ་ཞིག་སྟེ། གནས་ཡུལ་ནི་དེང་གི་དབང་དུ་བྱས་ན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཁ་རོ་གྲོང་སྡེ་རུ་ཆགས་ཤིང་།  ཕྱི་ལོ་ ༡༩༧༧ ལོ་ནས་གསར་དུ་ཐོན་རྙེད་བྱུང་བའི་གནའ་ཤུལ་གྲགས་ཅན་ཞིག་ཡིན་པ་མཁྱེན་གསལ་ལྟར། དེ་ནི་ཡུལ་དེའི་ཟླ་ཆུའི་ནུབ་འགྲམ་དུ་ཡོད་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༣༡༠༠ ཟིན།(༣༨༠༠ ཡིན་པར་བཤད་པ་དག་ནོར།) ཚོད་དཔག་ལྟར་ན་གནའ་ཤུལ་ཆགས་ཡུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཆིག་ཁྲི་ཙམ་ཡོད་ཅིང་། ད་ཕན་སྔོག་ཐེངས་སྔ་རྟིང་གཉིས་སུ་ཞིབ་ཚགས་པོས་སྔོག་འདོན་བྱས་པ་དང་། གནའ་ཤུལ་སྔོག་འདོན་གྱི་བརྒྱུད་རིམ་ཡང་ཚད་ལྡན་བྱུང་ཡོད་པར་བཤད།

དེ་ཡང་། ཕྱི་ལོ་ ༡༩༧༨ ལོ་ཕྱི་ཟླ་ལྔ་པ་ནས་བརྒྱད་པའི་བར་ཐོག་མར་སྔོག་འདོན་བྱས་པའི་གོ་རིམ་ཁྲོད་ནས། གནའ་བོའི་ཁང་ཤུལ་གྲངས་ཉི་ཤུ་རྩ་དགུ་དང་། རྡོ་ཡི་རྩིག་པ་ཁག་གསུམ། རྡོ་རྩིག་གི་སྡིངས་ཆ་སྒོར་དབྱིབས་ཅན་ཁག་གཉིས། རྡོ་ཡི་ར་སྐོར་ཁག་གསུམ། མེ་ཐལ་གྱི་ཕུང་དོང་ཁག་བཞི་བཅས་དང་། རྡོ་ཆས་རིགས་ ༧༩༨༨ ཙམ་དང་། རུས་ཆས་ཁག་༣༦༨ བཅས་དང་། རྫ་མའི་ཆག་དུམ་ལེབ་མོ་ཁྲི་གཉིས་ལྷག་ཙམ་ཐོན་པ་ལས་རང་གཟུགས་ལྷུ་སྒྲིག་ཐུབ་པ་ ༤༦ ཡོད་པ་དང་། ད་དུང་རྒྱན་ཆའི་རིགས་ལྔ་བཅུ་སྐོར་བཅས་གསར་རྙེད་བྱུང་བར་བཤད།[2] ཡང་བསྐྱར་ཕྱི་ལོ་ ༢༠༠༢ ནས་༢༠༡༢ ལོར་བར་ཐེངས་བཞི་ལ་གནའ་ཤུལ་འདི་ཉིད་སྔོག་འདོན་བྱས་ཏེ། སྤུས་ཚད་ཅན་གྱི་རིག་དངོས་གྲངས་༨༣༤༦༥ ཙམ་རྙེད་སོན་བྱུང་བར་བཤད། དེ་དག་གི་ནང་དུ། རྭ་ཅོ་དང་རྒྱན་ཆ། རུས་ཆས། རྫ་ཆས་འདྲ་མིན་དང་། རྡོ་ཆས་སོགས་ཚུད་ཡོད།  ད་དུང་རིག་དངོས་ཀྱི་གྲས་སུ། ལམ་ཤུལ། དོང་ཤུལ། རྡུང་བཟོས་རྡོ་ཆས། རྡོ་ཆས་ཕྲ་མོ། བརྡར་བཟོས་རྡོ་ཆས། རྫ་ཆས། རུས་ཆས། འབྲུ་སྣ་བཅས་རིག་དངོས་ཕོན་ཆེན་པོ་ཐོན་ཡོད།[3] ཆེད་མཁས་པ་རྣམས་ཀྱིས་བརྟག་དཔྱད་བྱས་མཐར། གནའ་ཤུལ་འདིའི་རིག་དངོས་དག་ལ་མི་ལོ་བཞི་སྟོང་དྲུག་བརྒྱ་ནས་ལྔ་སྟོང་བར་གྱི་ལོ་རྒྱུས་ཡོད་པར་གསལ་སྟོན་བྱས་པས་ན། བར་སྐབས་དེའི་མདོ་དབུས་མཐོ་སྒང་གི་ཕུན་སུམ་ཚོགས་པའི་ཤེས་རིག་གི་རྣམ་པ་མངོན་པར་མཚོན་ཞིང་། བོད་ཀྱི་གནའ་བོའི་ལོ་རྒྱུས་དང་ཤེས་དཔལ་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞིའི་རྒྱུ་ཆ་འབོར་ཆེན་ཞིག་མཁོ་འདོན་བྱས་ཡོད་དོ། །

༢ ས་གནས་དེའི་མིང་ལ་དེང་དུས་ཁ་རུབ་ཅེས་པ་གྲགས་ཆེ།

གནའ་ཤུལ་འདི་ལ་ཁ་རུབ་ཅེས་འབོད་པ་ནི། གནའ་ཤུལ་གང་ནས་ཐོན་རྙེད་བྱུང་སའི་ཡུལ་མིང་ལས་བྱུང་བ་ཡིན་ཏེ། སྔོན་དུས་ཀྱི་ཡུལ་མིང་ཉིད་གནའ་ཤུལ་ལ་ཕར་བཏགས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ ༡༩༧༨ ལོར་ཆབ་མདོ་ཁ་རོའི་གནའ་ཤུལ་གསར་དུ་རྙེད་པ་ནས་ད་ལྟ་བར། གཙོ་བོ་རྒྱུག་ཆེ་བའི་མིང་གི་དག་ཆ་མི་འདྲ་བ་གཉིས་སུ་མཐོང་བ་ལས། དང་པོ་ནི། ཁ་རུབ། ཅེས་པ་དེ་རེད། དེ་ནི་ཐོག་མར་ཁ་རོ་ཞེས་པ་དེ་རྒྱ་ཡིག་ཐོག་ཏུ་སྒྲ་ཇི་བཞིན་དུ་ (卡若)བྲིས་པ་དང་། དེ་ཉིད་སླར་བོད་ཡིག་ཏུ་བསྒྱུར་བ་ལས་བྱུང་བ་ཡིན་ནམ་སྙམ།

གང་ལྟར་དེང་གིས་དུས་ཁ་རུབ་ཅེས་པའི་མིང་དེ་ཁྱབ་རྒྱ་ཧ་ཅང་ཆེ་བར་མཐོང་། གནའ་ཤུལ་འདི་དང་འབྲེལ་བའི་ཆེད་རྩོམ་དང་། ངོ་སྤྲོད། དྲྭ་རྩོམ། དུས་དེབ། ལོ་རྒྱུས་སོགས་ཕལ་མོ་ཆེ་ཞིག་ཏུ་དེ་ལྟར་བྲིས་འདུག་སྟེ། དཔེར་མཚོན་འགའ་ཞིག་སྨོས་ན། མཁྱེན་རབ་འོད་གསར་གྱི་ཆེད་རྩོམ། བོད་མིའི་བྱུང་ཚུལ་སྐོར། ཞེས་པར། “ལྷག་པར་དུ ༡༩༧༨ ལོར་ཆབ་མདོའི་ཁ་རུབ་ནས་གནའ་རྫས་སྣ་ཚོགས་དང་ཁང་པའི་རྩིག་རྨང་སོགས་ཀྱང་ཐོན་པས་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་བོད་མི་ནི་བོད་ཀྱི་ས་གནས་སུ་ཡོད་པའི་བདེན་དཔང་བྱས།”[4]ཞེས་པ་རུ་ཁ་རུབ་ཅེས་བྲིས་འདུག་པ་དང་། བོད་ཀྱི་ལོ་རྒྱུས་རག་རིམ་གཡུ་ཡི་ཕྲེང་བ་རུ།“ ཁ་རུབ་ཀྱི་རིག་གནས་ནི་རྡོ་ཆས་གསར་མའི་དུས་རབས་ཀྱི་རིག་གནས་ཀྱི་ཁོངས་སུ་གཏོགས་པ་དང་། ད་བར་མི་ལོ་བཞི་སྟོང་ལྔ་བརྒྱ་ནས་ལྔ་སྟོང་བར་སོང་ཟིན་ཅིང་། རིག་གནས་དེ་དག་གི་ཐོག་ནས་ལྷོ་ནུབ་དང་ནུབ་བྱང་གི་གནའ་མི་རྣམས་ཕན་ཚུན་འགྲོ་འོང་དང་རིག་གནས་སྤེལ་རེས་ཀྱི་གནས་ཚུལ་མཐོང་ཐུབ།”[5]ཅེས་སོགས་དང་། གངས་མཚོས་བརྩམས་པའི་ཆོ་ལོ་མིག་དགུ་རུ། “ཁ་རུབ་གྲོང་ཚོ་ནས་རྙེད་པའི་ལོ་ངོ་བཞི་སྟོང་སྔོན་གྱི་རིག་རྫས་ནང་སྲོག་ཆགས་མི་འདྲ་བ་བཅུ་བཞིའི་རུས་པ་རྙེད་ཡོད།”[6]ཅེས་སོགས་སུ་ཁ་རུབ་འབའ་ཞིག་བྲིས་འདུག་པས་མཚོན་ཏེ་ཤེས་པར་བྱའོ། །དྲྭ་རྩོམ་དག་གི་ཁུངས་འགོད་པའི་ངལ་བ་མི་དགོས་པར་དྲ་བའི་ལམ་ནས་གང་འཚམས་ཤིག་འཚོལ་ཐུབ་པ་ལས། བརྒྱ་ཆ་མང་ཤོས་ཁ་རུབ་ཅེས་པའི་མིང་གིས་ཟིན་ཡོད་པ་བདེ་བླག་ཏུ་ཤེས་ནུས་སོ།།

གཉིས་པ་ནི། མཁར་རོ། ཞེས་པ་སྟེ། ཞིབ་འཇུག་གི་རྩོམ་ཡིག་ཕྱོགས་བསྒྲིགས། ≪བོད་ཀྱི་ཡིག་རྙིང་ཞིབ་འཇུག≫ཅེས་པ་རུ་ཁ་བྱང་ལ། ཆབ་མདོའི་མཁར་རོའི་གནའ་ཤུལ་[7]ཞེས་པའི་རྩོམ་ཡིག་ཅིག་འཁོད་ཅིང་། མིང་དེ་ལྟར་འདོགས་པའི་རྒྱུ་མཚན་གང་ཡང་མ་སྨོས་ཀྱང་། རྩོམ་གྱི་ནང་དུ་མཁར་རོ་ཞེས་པ་ཁོ་ན་བྲིས་འདུག་པ་དང་། བོད་རིག་པའི་དྲྭ་ཚིགས་སུ། བོད་ཀྱི་རྡོ་ཆས་གསར་མའི་གནའ་ཤུལ་གྲགས་ཅན་ཆབ་མདོ་མཁར་རོའི་སྐོར་གླེང་བ་ཞེས་པའི་རྩོམ་ཡིག་ཏུ། མཁར་རོ་ཞེས་བྲིས་པར་མ་ཟད།  “བོད་མདོ་དབུས་མཐོ་སྒང་དུ་གནའ་ཤུལ་གྲགས་ཆེན་མང་པོ་ཞིག་ཡོད་པ་ལས་གཅིག་ནི་ཆབ་མདོ་མཁར་རོའི་གནའ་རྫས་རྟོག་ཞིབ་ས་ཚིགས་ཡིན་པ་སྨོས་མ་དགོས་ཤིང་། མཁས་པ་ལ་ལས་ཁ་རུབ་དང་ཁ་རོབ་ཅེས་བྱས་པ་མང་མོད། དོན་གྱིས་མཁར་རོ་ཞེས་པའི་གནའ་མཁར་ཀོག་ཏོ་དང་ཞིག་རོ་ཡིན་པའི་རྒྱུ་མཚན་གྱིས་མིང་དེ་ལྟར་ཐོགས་ཤིང་། ཕྱིས་སུ་མཁར་རོའི་སྒྲ་མ་དག་རྒྱུད་འབྱམས་སུ་སོང་བས་ཁ་རུབ་སོགས་དག་ཆ་མི་འདྲ་བ་དག་བྱུང་བར་སྙམ།”[8]ཞེས་དེ་ལྟར་འབྲི་དགོས་པའི་རྒྱུ་མཚན་སྟབས་བདེ་ཞིག་གསུངས་འདུག་ལ། ཡུལ་དེར་སེང་གེ་རྫོང་ཞེས་པའི་མཁར་གོག་ཞིག་ཡོད་པ་ཡང་བདེན་པ་ཡིན་འདུག་མོད། རྒྱུ་མཚན་དེ་ཙམ་གྱིས་མཁར་རོ་ཞེས་འབོད་པར་ཐག་གཅོད་མི་ནུས་པས་ན། ཁོང་གིས་ཀྱང་ཐག་བཅད་མེད་པར་”སྙམ་”ཞེས་བསམ་ཚུལ་ཡིན་པ་མཚོན་པར་བྱས་འདུག །དེ་ལས་གཞན་པའི་རྒྱུ་མཚན་ཁུངས་ལུང་ནི་སུས་ཀྱང་སྣ་གཅིག་གསུང་མི་འདུག་གོ། །དེ་བས་ན། དེ་དང་དེས་མཚོན་པའི་མཁའ་རོ་ཞེས་བྲིས་པ་ཉུང་ཤས་ཤིག་དང་། ཁ་རོབ་ཅེས་བྲིས་པ་ཡང་རེ་ཟུང་ཡོད་པ་ཞར་ལ་ཤེས་ཐུབ་བོ། །

༣ ཡུལ་དེའི་མིང་ལ་གནའ་བོ་ཁ་རོ་ཞེས་འབོད་པར་སྒྲུབ་པ།

འོ་ན། བོད་ཀྱི་གནའ་ཤུལ་གྲགས་ཅན་དེར་གནའ་བོ་ཇི་ལྟར་འབོད་པ་ཡིན་སྙམ་ན། རྡོ་ཆས་གསར་མའི་དུས་ནས་དེར་འཚོ་ཞིང་གནས་པའི་ཡུལ་མི་དག་གིས། ཡུལ་འདི་ལ་ཡུལ་མིང་ཞིག་བཏགས་ཡོད་སྲིད་མོད་དུས་ཀྱིས་བསྐལ་བས་ཤེས་ཐབས་བྲལ། འོན་ཏང་། བོད་བཙན་པོའི་དུས་ནས་བཟུང་ཉེ་རབས་བར། ཡུལ་འདི་ལ་ཁ་རོ་ཞེས་འབོད་ཀྱི་ཡོད་པར་འདུག་སྟེ། རྒྱུ་མཚན། སྤྱིར་ཡུལ་འདི་གནའ་བོ་བོད་བཙན་པོའི་སྐབས་སུ་སུམ་པའི་རུ་ཡི་ཁོངས་ཡིན་པ་ལ་རྩོད་པ་མེད་ལ། གཏེར་བརྒྱའི་རྣམ་ཐར་ལས། “མདོ་ཁམས་སྒང་རྒྱུད་རྣམ་གསུམ་ལས་སྨར་ཁམས་ལྷོ་རྒྱུད་སུམ་པ་ཞེས་བྱ་བའི་ཡུལ།”[9]ཞེས་གསུངས་པས་ཀྱང་གང་འཚམས་ཤིག་དཔོག་ནུས་པར་མ་ཟད། རྒྱ་བོད་ཀྱི་ཡིག་ཚང་སྣ་ཚོགས་གཟིགས་ཞིབ་ཀྱིས་བརྩམས་པའི་དུང་དཀར་ཚིག་མཛོད་ཆེན་མོར། “སུམ་པ་ལྕགས་རྒྱལ་ཞེས་པ་བར་ཁམས་ཁུལ་མང་ཆེ་བ་དང་། ལྷག་པར་སྨར་ཁམས་དང་བྲག་གཡབ་སོགས་སུ་ལྕགས་བཟོའི་ལག་རྩལ་ཤིན་ཏུ་མཁས་པ་མང་པོ་ཐོན་པ་དང་། སྔར་རྒྱལ་པོ་གྲི་གུམ་བཙན་པོའི་སྐབས་ལྕགས་ཁྲབ་ཀྱང་སྨར་ཁམས་ནས་བླངས་པ་སོགས་ཀྱི་ལོ་རྒྱུས་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན།”[10]ཞེས་ཁ་ཚོན་བཅད་ནས་གསུངས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར་རོ། །དེ་འབྲེལ་རྒྱུ་མཚན་གཞན་ཞིག་ལ། ད་ལྟ་ཁ་རོ་གནའ་ཤུལ་ཆགས་པའི་ས་ཕྱོགས་འདི་ནས་ཟླ་ཆུ་ཐུར་དེད་ཀྱིས་སོང་ན། སྤྱི་ལེ་སུམ་ཅུ་ཙམ་གྱི་ས་རུ་ཡོངས་གྲགས་སུ་ལྕགས་ཁ་ཞེས་འབོད་པའི་ཡུལ་དེ་ཡོད།  དེ་ནི་བྲག་གཡབ་དང་ཐག་ཉེ་ཞིང་སྔར་སུམ་པ་ལྕགས་རྒྱལ་གྱི་ལྕགས་གཏེར་ཡིན་པའི་བཤད་སྲོལ་ཡང་ཡོད་པ་འདྲ།[11] ལྕགས་ཁ་ཞེས་པའི་ནང་དོན་ཡང་ལྕགས་ཀྱི་གཏེར་ཁ་ཞེས་པ་སྟེ། གསེར་གྱི་གཏེར་ཁ་ལ་གསེར་ཁ་དང་། གསེར་གྱི་གཏེར་ཁ་རྡོལ་བ་ལ་གསེར་ཁ་རྡོལ་ཞེས་ཟེར་བ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ཏེ། འབྲུག་པའི་ཆོས་འབྱུང་དུ། “བྱང་ནམ་རའི་གསེར་ཁ་རྡོལ་བ་དང་ཐུགས། གསེར་མང་དུ་རྙེད་ནས་རྒྱ་གར་དུ་བྱོན།”[12]ཞེས་མངའ་བདག་མར་པའི་རྣམ་ཐར་གྱི་ཐད་དུ་འབྱུང་བ་བཞིན་ནོ། །

སུམ་པ་ལའང་ནང་གསེས་སྟོང་སྡེ་བཅུ་གཅིག་དང་དགུ་རུ་བཤད་པ་སོགས་སྣ་ཚོགས་སུ་མཐོང་མོད། ཡོངས་གྲགས་སུ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཁྲི་སྲོང་བཙན་གྱི་དུས་སུ། སུམ་པའི་རུ་རྒོད་ཀྱི་སྟོང་སྡེ་བཅུ་གཅིག་ཏུ་བཅད་པ་ནི།  ལྡེའུ་ཆོས་འབྱུང་རྒྱས་པ་ལས། “སྤྱིར་སུམ་པའི་སྟོང་སྡེའི་མིང་ནི་ལྟེ་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་ཞེས་བྱ་སྟེ། དེའི་ནང་ནས་སྟོང་སྡེ་བཅུ་གཅིག་སྲོང་བཙན་སྒམ་པོས་ཚུར་བཅད་དེ། རྩེ་མཐོན་དང་ཡོ་མཐོན་གཉིས། རྒོད་ཚང་སྟོད་སྨད་གཉིས། འཛོམ་སྟོད་འཛོམ་སྨད་གཉིས། ཏྲེ་སྟོད་ཏྲེ་སྨད་གཉིས། ཁ་རོ་ཁ་བཟང་གཉིས། ནག་ཤོད་སྟོང་བུ་ཆུང་དང་བཅུ་གཅིག་གོ། །”[13]ཞེས་འབྱུང་བ་ལྟར་ལ། དེའི་ནང་གི་ཁ་རོ་སྟོང་སྡེའི་ལྟེ་བ་ནི། ཟླ་ཆུ་སྔོ་མོའི་གཡས་ཟུར་གྱི་ཁ་རོ་གནའ་ཤུལ་ཡོད་སའི་ཡུལ་འདི་ཉིད་ཡིན་ནོ། །དེ་ཡི་རྒྱུ་མཚན་རིམ་པས་འཆད་ན། གཅིག །གནའ་ནས་ད་བར་ངག་རྒྱུན་ལ་ཁ་རོ་ཞེས་ཡུལ་མིང་མ་ཉམས་པར་ཡོད་པ་འདི་ཡིན། འདི་ནི་རྒྱུ་མཚན་ཤིན་ཏུ་ཆེ་བ་ཡིན་ཏེ། གནའ་བོའི་གནས་ཡུལ་གྲགས་ཅན་གང་ཡིན་རུང་། ད་ལ་ཐུག་གི་བར་ཡུལ་མིང་མ་ཉམས་པར་གནས་པ་དག་ལ་དེ་ཉིད་ཡིན་དང་མིན་རྩོད་པའི་གནས་མེད་པའི་ཕྱིར་རོ། །གནའ་མིང་མ་ཉམས་པར་རྒྱུན་གནས་སུ་ཡོད་པ་གང་ལས་ཤེས་ཞེ་ན། གཤམ་དུ་རིམ་གྱིས་བསྒྲུབ་པར་བྱའོ། །

གཉིས། ཕྱི་ལོ་ ༡༦༤༠ ལོར་ཡོངས་སུ་བརྩམས་གྲུབ་པའི་ཞལ་སྔ་ཆོས་འབྱུང་དུ། “ཞལ་སྔ་རིན་པོ་ཆེ་དང་ཁ་རོར་མཇལ།”[14]ཞེས་འབྱུང་ལ། འདིར་གསལ་བའི་ཞལ་སྔ་རིན་པོ་ཆེ་དང་མཇལ་སའི་ཁ་རོ་ཞེས་པ་དེ། ཆབ་མདོ་དང་མི་རིང་བའི་ཡུལ་ཞིག་ཡིན་པ་ནི། ཆོས་འབྱུང་གི་བརྗོད་པ་གོང་འོག་གི་འབྲེལ་ལས་ཤེས་ནུས་ལ། ད་ལྟའི་གནའ་ཤུལ་ཡོད་ས་འདི་ཉིད་ལས་གཞན་ཁ་རོ་ཞེས་པ་ཞིག་ཆབ་མདོའི་ཉེ་འཁོར་དུ་མེད་པས་ན། ད་ལྟའི་གནའ་ཤུལ་ཡོད་ས་འདི་ཉིད་དུ་ངེས་སོ། །ཚུལ་འདིས་དུས་རབ་བཅུ་དྲུག་བཅུ་བདུན་ནང་ཡུལ་དེར་ཁ་རོ་ཞེས་འབོད་བཞིན་ཡོད་པའི་བདེན་དཔང་སྟོབས་ལྡན་བྱས་འདུག་གོ། །གསུམ། པ་ཚབ་པ་སངས་དབང་འདུས་ཀྱི་ལོ་རྒྱུས་ས་མིང་བརྡ་འགྲེལ་ལས། “ལྡེའུ་ཆོས་འབྱུང་རྒྱས་པ་ལས། ཏྲེ་སྟོད་ཏྲེ་སྨད་གཉིས། ཁ་རོ་དང་ཁ་བཟང་གཉིས། ཞེས་འབྱུང་བའི་ཚིག་གི་གོ་རིམ་ལ་གཞིགས་ཚེ་ཁ་རོ་བྱ་བའི་སྟོང་སྡེའི་གནས་ཡུལ་དེའང་ཏྲེ་སྟོད་ཏྲེ་སྨད་དང་ཁ་ཕྱོགས་མཐུན་པས། སུམ་པ་རུ་ཡི་ཡུལ་གྱི་ལྟེ་བ་རླངས་ཀྱི་གྱིམ་ཤོད་ཀྱི་ཤར་ཕྱོགས་སུ་གནས་པའི་མདོ་ཁམས་ཁུལ་གྱི་ཡུལ་ཞིག་ཡིན་པར་སྙམ།”[15]ཞེས་འཛུབ་མོ་རི་སྟོན་ཙམ་ཞིག་མཛད་པའི་འཛུབ་རྩེ་ཡང་ཕྱོགས་འདིར་ཁེལ་འདུག་པའི་ཕྱིར་རོ། །དེ་བས་ན། ཕྱོགས་ཡོངས་ནས་ཞིབ་ཀྱིས་བལྟས་ན། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ནང་གི་ཁ་རོ་སྟོང་སྡེའི་ལྟེ་བ་ནི། ད་ལྟའི་གནའ་ཤུལ་ཡོད་སའི་ཁ་རོ་ཡུལ་འདི་ཡིན་པ་གསལ་པོར་མཐོང་ཐུབ་པ་ཡིན་ཏེ། ཡུལ་འདི་ལ་ཉེ་དུས་བར་ཁ་རོ་ཞེས་འབོད་པ་དེ་ཉིད། ཕྱིས་ཚོད་ཚོད་དུ་བཏགས་པ་ཞིག་མིན་པར། གནའ་བོའི་ཡུལ་མིང་རྒྱུད་འཛིན་བྱས་པ་ཞིག་ཡིན་པ་ནི། ཞལ་སྔ་ཆོས་འབྱུང་གི་ལུང་དེས་བདེན་དཔང་གང་ལེགས་བྱས་པ་ཡིན་ཏེ། ཉེ་བའི་དུས་ཀྱི་འབོད་སྲོལ་དེ་ཉིད་ཇི་མ་ཇི་བཞིན་དུ། དུས་རབས་བཅུ་དྲུག་དང་བཅུ་བདུན་ནང་དུའང་རྒྱུན་ཆགས་དུ་འབོད་བཞིན་ཡོད་པར་བསྟན་འདུག་པས་སོ། །

དེ་བས་ན། ཁ་རོ་ཞེས་པའི་མིང་དེ་བོད་བཙན་པོའི་དུས་སུ་སྟོང་སྡེ་ཆེན་པོ་ཞིག་ལ་ཁྱབ་པ་ནས། ཉེ་རབས་ཡུལ་གྲུ་ཆུང་ངུ་ཞིག་གི་མིང་ཙམ་དུ་གནས་པའི་བར། མིང་གི་ཁྱབ་ཁོངས་ཆེ་ཆུང་ཅི་རིག་བྱུང་ཡོད་ངེས་ཀྱང་། ད་ལ་ཐུག་གི་བར་དུ་མ་བོར་ཞིང་མ་བརླགས་པར་གནས་ཡོད་པ་གསལ་པོར་གྱུར་པས། གནའ་ཤུལ་ཡོད་སའི་ཡུལ་འདིའི་མིང་དུ། བོད་བཙན་པོའི་དུས་ནས་ཁ་རོ་ཞེས་འབོད་བཞིན་ཡོད་པ་ལ་བསྙོན་དུ་ག་ལ་ཡོད། དེ་ཉིད་ཀྱི་དག་ཆ་ལའང་། ལྡེའུ་ཆོས་འབྱུང་རྒྱས་པ་ལས། “ཁ་རོ་དང་ཁ་བཟང་གཉིས།”[16]ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “ཁ་རོ་དང་ཁ་ཟངས་གཉིས།”[17]ཞེས་འབྱུང་བས་ཁ་རོ་རང་དུ་འདུག་ལ། ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་རྗེས་སུ་བྱུང་བའི་ཆོས་འབྱུང་ཕལ་ཆེ་བར་བཀོད་པ་ནི། དེ་ཉིད་ཀྱི་ཞལ་བཤུས་སུ་གསལ་ལོ། །ཞལ་སྔ་ཆོས་འབྱུང་ལས། ཁ་རོ་ཞེས་འབྱུང་བ་ཡང་དག་ཆ་གོང་དང་གཅིག་མཚུངས་ཏེ།  ཡིག་ཆ་ཕལ་མོ་ཆེ་ཞལ་མཐུན་པར་འདུག་གོ། །འོན་ཏང་སྔོན་གྱི་གཏམ་མེ་ཏོག་ཕྲེང་བར། “ཁང་གྲོང་དང་ཁང་བཟང་།”[18]ཞེས་དག་ཆ་མི་འདྲ་བ་ཞིག་བྱུང་ལ། སུམ་པའི་སྟོང་སྡེའི་གྲངས་དང་མིང་ཡང་ལྡེའུ་ཆོས་འབྱུང་སོགས་དང་ཅུང་ཟད་མི་མཚུངས་སོ། །གང་ལྟར་ཁང་གྲོང་དང་ཁང་བཟང་ཞེས་བྱུང་བ་འདིས། རྒྱ་ནག་གི་ཡིག་ཆ་འགར། སུམ་པའི་འབངས་རྣམས་ཁང་ཁྱིམ་ཐོག་སོ་དྲུག་པར་སྡོད་པ་དང་། རྒྱལ་མོའི་ཕོ་བྲང་ཐོག་རྩེག་དགུ་པར་བཤད་པ་[19]ཉིད་བདག་གི་ཡིད་ལ་འཁོར་བར་བྱས་ཤིང་།  རྒྱའི་ལོ་རྒྱུས་དུམ་བུ་འདིས་གནའ་བོ་སུམ་པའི་ཡུལ་གྱི་ཁང་བཟོའི་རིག་གནས་ཕུན་སུམ་ཚོགས་པར་དཔོག་ནུས་པས།  ཁང་གྲོང་དང་ཁང་བཟང་ཞེས་པ་ལ་རྒྱུ་མཚན་ཡོད་མེད་དང་། དག་ཆ་ངོ་མ་གང་ཞིག་ཡིན་མིན་ལ་ད་དུང་དཔྱད་རྒྱུ་ཡོད་ཤས་ཆེ་མོད། བདག་གིས་ཐོབ་པའི་དཔྱད་གཞི་རྒྱུ་ཆ་ཡིས། ད་ཐེངས་ཁ་འདི་ཙམ་ཞིག་ལས་གྲག་ཐབས་མ་བྱུང་ངོ་།།

མཇུག་གི་གཏམ།

དེང་གི་དུས་འདིར་ཡང་། རང་རེའི་སྐྱེས་བུ་དམ་པ་དག་གིས། མི་རིགས་གཞན་གྱི་བསྟན་བཅོས་གྲགས་ཅན་བོད་ཡིག་ཏུ་བསྒྱུར་བ་དང་། བོད་ཀྱི་རིག་གནས་བཅོས་རིག་ཏུ་འདྲེན་པ། གནའ་དེང་གི་ཚིག་མཛོད་རྩོམ་སྒྲིག་བྱེད་པ། ཁྱད་ནུས་འཛོམས་པའི་དྲྭ་མཛོད་བསྐྲུན་པ་སོགས། གཞན་ལ་ངོ་གནོང་མི་དགོས་པའི་ཕྱག་རྗེས་བཞག་དང་འཇོག་བཞིན་པར་བཀའ་དྲིན་དང་རྗེས་སུ་ཡི་རང་མཚོན་བྱེད་དུ། མི་བུ་སྒེར་རེ་རེས་ཀྱང་རང་རང་གི་ནུས་ཚོད་ཀྱིས། གཏིང་བསྔོག་རྒྱུ་ཡོད་པ་དང་། གསལ་ཁ་དང་གཅིག་གྱུར་མེད་པའི་ཐ་སྙད་རེ་རེ་ཡིན་རུང་བརྗོད་གཞིར་བཟུང་ནས། བློ་གཟུ་བོར་གནས་པ་དང་། འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་ཐོག་ནས་ཞིབ་འཇུག་རྩོམ་ཡིག་སྤེལ་དགོས་པ་ནི་ཤིན་ཏུ་གལ་ཆེ་སྟེ། ཉམས་སྟོབས་ཞན་རུང་མཉམ་རུབ་ཀྱིས་རང་གི་ཤེས་རིག་གོང་སྤེལ་ལ་བརྩོན་ན། གྲོགས་མཁར་དང་སྦྲང་རྩི་བཞིན་གོང་ནས་གོང་དུ་འཕེལ་བ་དང་། སྲོག་ཆགས་གྲོག་མའི་ཁྱུ་འདུས་པས་སེང་གེའི་ཕྲུ་གུ་བསད་པའི་གཏམ་རྒྱུད་ཡོད་པ་བཞིན་ཕན་ནུས་རླབས་ཆེན་ཐོན་པ་ལ་སོམ་ཉི་བྲལ་ལོ་སྙམ་དུ་སེམས་སོ། །དེ་བས་ཕྲན་གྱིས་ད་ཐེངས་འདིར་བོད་ཀྱི་རྡོ་ཆས་གསར་རྙིང་གི་གནའ་ཤུལ་གྲགས་ཅན་ཁ་རོ་གནའ་ཤུལ་ཡོད་སའི་ཡུལ་དེ་ལ། མི་རིགས་རང་གིས་སྔོན་དུས་ཇི་ལྟར་འབོད་པར་དཔྱད་ཞིབ་བྱས་ཤིང་། རང་གི་བློ་གྲོས་དང་། དཔྱད་གཞིའི་རྒྱུ་ཆ་ལ་དཔག་པའི་གྲུབ་དོན་རགས་ཙམ་ཞིག་བྱུང་བ་ནི། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ནང་གི་ཁ་རོ་སྟོང་སྡེའི་ལྟེ་བ་ནི། ད་ལྟའི་གནའ་ཤུལ་ཡོད་སའི་ཁ་རོ་ཡུལ་འདི་ཡིན་པ་དང་། རྒྱུ་མཚན་དེས། བོད་བཙན་པོའི་དུས་ནས་གནའ་ཤུལ་ཡོད་སའི་ས་གནས་འདི་ཡི་མིང་ལ་ཁ་རོ་ཞེས་འབོད་བཞིན་ཡོད་པར་གྲུབ་པ་དེ་ཡིན་ནོ། །སྤྱིར་ན། རང་རེའི་ལོ་རྒྱུས་ཁུངས་མ་དག་ལས་བྱུང་བའི་ཐ་སྙད་རེ་རེ་ཡིན་རུང་། རང་རེས་སྐྱོར་ཤེས་པ་ཙམ་གྱིས་མི་ཕན་པར་ས་ལ་བབ་ནས་འཛུབ་མོ་འཛུགས་ཐུབ་པ་ཞིག་གལ་ཆེ་བས།  བཙན་པོའི་དུས་ཀྱི་ཁ་རོ་སྟོང་སྡེའི་ལྟེ་བའི་ས་ཡུལ་དངོས་གང་ཞིག་ཡིན་པ་དང་། ཁ་རོ་གནའ་ཤུལ་ཡོད་སའི་གནའ་བོའི་ཡུལ་མིང་གང་ཞིག་ཡིན་པ་གཉིས།  དེང་འདིར་གཞི་གཅིག་གི་ཐོག་ཏུ་ངོ་འཕྲོད་དེ་མདའ་གཅིག་གིས་ཤ་ཕོ་གཉིས་བསད་པ་ཡིན་ནོ། །ཞེས་ཀུ་རེ་དང་བཅས་མཇུག་བསྡུས་སོ། །

དཔྱད་ཡིག་དང་ཞབས་མཆན། 

[1] འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ། སྡེ་དགེ་བསྟན་འགྱུར། པོད་རྟགས། ཅ།  ལྡེབས་གྲངས། ༡༦༥ མདུན།

[2] བོད་ཀྱི་རྡོ་ཆས་གསར་མའི་གནའ་ཤུལ་གྲགས་ཅན་ཆབ་མདོ་མཁར་རོའི་སྐོར་གླེང་བ། རྨ་ཀླུང་ལྷ་མོ་སྐྱབས། ཕྱི་ལོ་༢༠༢༦ ཟླ་ ༩ ཚེས་ ༢༣ ཉིན་བཀླགས། བོད་རིག་པའི་དྲྭ་ཚིགས།  https://bodrigpa.org/archives/4246

[3] གོང་མཚུངས། བོད་རིག་པའི་དྲྭ་ཚིགས།  https://bodrigpa.org/archives/4246 ཁ་རོ་གནའ་ཤུལ་མཚམས་སྦྱོར་གྱི་ཁུངས་གཙོ་བོ་དཔྱད་རྩོམ་འདི་ཡིན་ལ། གཞན་དྲྭ་རྩོམ་དུ་མ་དང་བསྡུར་བ་ཡིན།

[4] བོད་མིའི་བྱུང་ཚུལ་སྐོར། མཁྱེན་རབ་འོད་གསལ་གྱིས་བརྩམས། ༢༠༢༦ ཟླ་ ༩ ཚེས་ ༢༢ ཉིན་བཀླགས། རྒྱལ་ཡོངས་ས་ཆེན་དྲ་བ། https://www.gyalyongsachen.com

[5] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། སྟོད་ཆ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ཕྱི་ལོ། ༢༠༠༦  (འདི་རྨ་ཀླུང་ལྷ་མོ་སྐྱབས་ཀྱིས་བཀོད་པ་ཇི་བཞིན་འདིར་དྲངས་པ་ལས།  མ་དཔེ་མ་ཐོབ།)

[6] ཆོ་ལོ་མིག་དགུ །གངས་མཚོས་བརྩམས། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་ནས་པར། ༢༠༢༤ ལོའི་ཟླ་ ༣ པར་པར་ཐེངས་དང་པོ་བཏབ། ཤོག་ངོས། ༡༨ དུ་གསལ།

[7] བོད་ཀྱི་ཡིག་རྙིང་ཞིབ་འཇུག །མི་རིགས་དཔེ་བསྐྲུན་ཁང་། ༢༠༠༣ ཟླ་ ༦ པར་པེ་ཅིན་དུ་པར། ≪ཆབ་མདོའི་མཁར་རོའི་གནའ་ཤུལ།≫ ཞེས་པ་ཤོག་གྲངས། ༧༧༧ དུ་གསལ།

[8] བོད་ཀྱི་རྡོ་ཆས་གསར་མའི་གནའ་ཤུལ་གྲགས་ཅན་ཆབ་མདོ་མཁར་རོའི་སྐོར་གླེང་བ། རྨ་ཀླུང་ལྷ་མོ་སྐྱབས། ཕྱི་ལོ་༢༠༢༦ ཟླ་ ༩ ཚེས་ ༢༣ ཉིན་བཀླགས། བོད་རིག་པའི་དྲྭ་ཚིགས།  https://bodrigpa.org/archives/4246

[9] གཏེར་བརྒྱའི་རྣམ་ཐར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་མཛད། ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༢ ཉིན་བཀླགས། ཀུན་གསལ་མེ་ལོང་། https://online.adarshah.org/index

[10] སམ་བྷོ་ཊའི་ཚིགས་མཛོད། ཚིག་མཛོད་ཕྱོགས་བསྡུས་ཀྱི་མཉེན་ཆས་སུ་བཀོད་པ། དུང་དཀར་ཚིགས་མཛོད་ཆེན་མོ། ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༢ ཉིན་བཀླགས།

[11] ཆབ་མདོའི་གནའ་ཤུལ་ངོ་སྤྲོད་བརྙན་ཐུང་། ས་ཁྲ་ནང་གི་བོད། (YouTube)ཆབ་མདོ་ཤེས་རབ། ཁོང་གིས་ལྕགས་ཁ་དེ་སུམ་པ་ལྕགས་རྒྱལ་གྱི་ལྕགས་གཏེར་ཡིན་པར་གསུང་། དེར་མ་ཟད། ཁོང་གིས་ཁྲ་མོ་གླིང་གི་གཏམ་རྒྱུད་དུ། གནའ་ཤུལ་ཡོད་ས་འདི་སུམ་པའི་ཁ་རོ་སྟོང་སྡེའི་ལྟེ་བ་ཡིན་པར་བྲིས་ཡོད།

[12] ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ། འབྲུག་པ་ཀུན་མཁྱེད་པདྨ་དཀར་པོས་མཛད། ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༢ ཉིན་བཀླགས། ཀུན་གསལ་མེ་ལོང་། https://online.adarshah.org/index.

[13] ལྡེའུ་ཆོས་འབྱུང་རྒྱས་པ། འཇམ་དབྱངས་ཤེས་རིག་དཔེ་ཚོགས། དེབ་བརྒྱད་པ། ༢༠༢༡ ལོ་པར་དུ་བསྐྲུན། ཤོག་ངོས། ༢༤༣ དུ་གསལ།

[14] ཞལ་སྔ་བཀའ་བརྒྱུད་ཀྱི་ཐུན་མོག་མ་ཡིན་པའི་ཆོས་འབྱུང་། དགེ་སློང་ཤཱཀྱ་ལྷ་དབང་གིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོའི་ཟླ་ ༡༢ པར་པར་ཐེངས་གཉིས་པ་བཏབ། ཤོག་ངོས། ༡༦༩ རུ་གསལ།

[15] ལོ་རྒྱུས་ས་མིང་བརྡ་འགྲེལ། པ་ཚབ་པ་སངས་དབང་འདུས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༤ ལོའི་ཟླ་༤ པར་པར་ཐེངས་༢ བཏབ། ཤོག་ངོས། ༤༤ པར་གསལ།

[16] ལྡེའུ་ཆོས་འབྱུང་རྒྱས་པ། འཇམ་དབྱངས་ཤེས་རིག་དཔེ་ཚོགས། དེབ་བརྒྱད་པ། ༢༠༢༡ ལོ་པར་དུ་བསྐྲུན། ཤོག་གྲངས། ༢༤༣ དུ་གསལ།

[17] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་མཛད། གངས་ཅན་གཙུག་ལག་རིན་ཆེན་ཕྲེང་བ། དེབ་དགུ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༣ ལོའི་ཟླ། ༩ པར་པར་ཐེངས་༣ བཏབ། སྟོད་ཆ། ཤོག་ངོས་ ༡༥༣ དུ་གསལ།

[18] སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༣ ལོའི་ཟླ་ ༥ པར་པར་ཐེངས་གསུམ་པ་བཏབ། ཤོག་ངོས། ༤ པར་གསལ།

[19] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༤ ལོའི་ཟླ་ ༡༠ པར་པར་ཐེངས་དྲུག་པ་བཏབ། ཤོག་ངོས། ༡༠༦ དུ་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།