ནང་དོན་གནད་བསྡུས། རྩོམ་འདིར་དུས་རབས་བཅུ་པ་ནས་དུས་རབས་བཅུ་གཅིག་པའི་བར་བོད་ཁམས་སྟོད་སྨད་བར་གསུམ་དུ་ནང་བསྟན་ཆོས་ལུགས་ནི་ཕྱོགས་ཡོངས་ནས་དར་རྒྱས་ཆེན་པོ་འབྱུང་བཞིན་པའི་སྐབས་དང་ཆབས་ཅིག །ཤམ་ཐབས་སྔོན་པོ་ཅན་དང་ཨཱ་ཙརྱ་དམར་པོ་སོགས་ཀྱིས་གསང་སྔགས་ཀྱི་ཆགས་ལམ་བོད་སྐད་དུ་བསྒྱུར་བས། མངའ་རིས་སྟོད་ཀྱི་དགེ་འདུན་རྣམས་ལ་ཆགས་ལམ་དར། སྐབས་དེར་གསང་སྔགས་ཉམས་སུ་ལེན་པའི་སྔགས་པ་རྣམས་ཀྱིས་སློབ་དཔོན་མེད་པར་རང་གིས་བརྩམས་པའི་ཆོས་ལོག་སྣ་ཚོགས་འཆད་ཅིང་། སྦྱོར་བ་དང་སྒྲོལ་བ་ལ་སོགས་པ་སྒྲ་ཇི་བཞིན་པར་སྤྱོད་པ་དང་། སྔགས་ཀྱི་ཉམས་ལེན་བྱེད་པར་ཁ་གཡར་ནས་བུད་མེད་གང་ཡིན་ལ་ཆགས་སྤྱོད་བྱེད་པ་ལ་བརྟེན་ནས་བོད་ཁམས་སུ་དགེ་སྒྲུབ་པ་རྣམས་ལ་ཆགས་སྤྱོད་ཀྱི་ལམ་དར། ལ་ལས་སྔགས་ཀྱི་ལྟ་སྤྱོད་སོགས་ལ་ཁ་གཡར་ནས་དོན་དངོས་སུ་རང་གི་ཆགས་སྤྱོད་སོགས་ཀྱི་ཁེ་ཕན་དང་རང་གི་མངའ་ཁོངས་རྒྱ་བསྒྱེད་ཀྱི་ཆེད་དུ། ཆོས་ལོག་སྣ་ཚོགས་སྤེལ་ཏེ་བོད་ཀྱི་སྤྱི་ཚོགས་ལ་གནོད་པ་ཆེན་པོ་བསྐྱལ་བ་རེད། སྦྱོར་བ་དང་སྒྲོལ་བ་ལ་སོགས་པའི་ཆོས་ལོག་སྣ་ཚོགས་དར་བ་དེ་ལ། ལྷ་བླ་མ་ཡེ་ཤེས་འོད་ལ་སོགས་ཀྱིས་ཆོས་ལོག་སུན་འབྱིན་གནང་ཡོད།
བརྡ་ཆད་གཙོ་བོ། ལྷ་བླ་མ་ཡེས་ཤེས་འོད།བཀའ་ཤོག །ཆོས་ལོག་སུན་འབྱིན། སྔགས་པ།
དང་པོ། དུས་རབས་བཅུ་པ་ནས་དུས་རབས་བཅུ་གཅིག་པའི་བར་དུ་བོད་ལ་ཆོས་ལོག་སྣ་ཚོགས་དར་ནས་བོད་ཀྱི་སྤྱི་ཚོགས་ལ་གནོད་པ་ཆེན་པོ་བསྐྱལ་བ།
དེ་ཡང་བསྟན་པ་སྔ་དར་ཏེ་དུས་རབས་བདུན་པའི་ནང་བོད་ལ་ནང་བསྟན་ཆོས་ལུགས་དར་མགོ་ཚུགས་པ་ནས་བཟུང་། དུས་རབས་དགུ་པའི་ཡར་སྔོན་དུ་གཙོ་བོ་རྒྱ་གར་གྱི་ནང་བསྟན་ཆོས་གཞུང་རྣམས་བོད་སྐད་དུ་བསྒྱུར་བ་དང་། བསམ་ཡས་དང་ལྷ་ས་སོགས་དབུས་གཙང་གི་ས་ཁུལ་འགའ་རེ་ཙམ་ལ་ནང་བསྟན་དར་ཡོད་ནའང་། བོད་ཁམས་ཡོངས་ལ་རྒྱ་ཆེན་པོ་དར་རྒྱས་བྱུང་མེད་པ་ཚང་མས་ཤེས་གསལ་རེད། དར་མས་བསྟན་པ་བསྣུབས་པའི་རྗེས་སུ། དུས་རབས་བཅུ་པའི་ནང་ཀླུ་མེས་ལ་སོགས་པས་དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པ་ཡང་བསྐྱར་སྤེལ་ནའང་། འདུལ་བའི་གཞུང་ལས་བསྟན་པའི་སོ་ཐར་གྱི་སྡོམ་པ་དང་སྔགས་ཀྱི་སྐོར་ལ་སྐབས་དེའི་དགེ་འདུན་རྣམས་ཀྱིས་སློབ་དཔོན་རྣམས་སུན་ཕྱུངས་ནས། རང་རང་གིས་འདུལ་བ་དང་གསང་སྔགས་ཀྱི་གཞུང་རྩ་འགྲེལ་མང་དུ་བརྩམས་ནས་ཆོས་ལོག་མང་དུ་སྤེལ་བར། བོད་དར་ནང་ཆོས་ལ་ནང་འགལ་སྣ་ཚོགས་བཟོས་ཏེ་སྤྱི་ཚོགས་ཟང་ཟིང་དུ་བཏང་།
དུས་རབས་བཅུ་པ་ནས་དུས་རབས་བཅུ་གཅིག་པའི་བར། བོད་ཁམས་སྟོད་སྨད་བར་གསུམ་དུ་ནང་བསྟན་ཆོས་ལུགས་ནི་ཕྱོགས་ཡོངས་ནས་དར་རྒྱས་ཆེན་པོ་འབྱུང་བཞིན་ཡོད་པའི་སྐབས་དང་ཆབས་ཅིག །ཤམ་ཐབས་སྔོན་པོ་ཅན་དང་ཨཱ་ཙརྱ་དམར་པོ་སོགས་ཀྱིས་གསང་སྔགས་ཀྱི་ཆགས་ལམ་བསྒྱུར་བས། མངའ་རིས་སྟོད་ཀྱི་དགེ་འདུན་རྣམས་ལ་ཆགས་ལམ་དར། སྐབས་དེར་གསང་སྔགས་ཉམས་སུ་ལེན་པའི་སྔགས་པ་རྣམས་ཀྱིས་སློབ་དཔོན་མེད་པར་རང་གིས་བརྩམས་པའི་ཆོས་ལོག་སྣ་ཚོགས་འཆད་ཅིང་། སྦྱོར་བ་དང་སྒྲོལ་བ་ལ་སོགས་པ་སྒྲ་ཇི་བཞིན་པར་སྤྱོད་པ་དང་། ལ་ལས་སྔགས་ཀྱི་ལྟ་སྤྱོད་སོགས་ལ་ཁ་གཡར་ནས་དོན་དངོས་སུ་རང་གི་ཆགས་སྤྱོད་སོགས་ཀྱི་ཁེ་ཕན་དང་རང་གི་མངའ་ཁོངས་རྒྱ་བསྒྱེད་ཀྱི་ཆེད་དུ། ཆོས་ལོག་སྣ་ཚོགས་སྤེལ་ཏེ་བོད་ཀྱི་སྤྱི་ཚོགས་ལ་གནོད་པ་ཆེན་པོ་བསྐྱལ་བ་རེད། དར་མའི་བསྟན་པ་བསྣུབས་པའི་རྗེས་སུ་ནང་ཆོས་ཀྱི་གཞུང་ལུགས་ལ་ཐོས་བསམ་རྣམ་དག་བྱེད་པ་མེད་སྟབས། དེ་དུས་དགེ་བའི་བཤེས་གཉེན་དམ་པ་ལུང་རིག་གཉིས་ལ་མཁས་པ་ཤིན་ཏུ་ཉུང་བས། གསང་སྔགས་སྦྱོང་མཁན་གྱི་སྔགས་པ་ལ་ལས། རང་གི་བུ་དང་སློབ་མ་རྣམས་ལ་གསང་སྔགས་བསླབ་ནས་རྒྱུད་ཚིག་བློ་ན་མེད་པ་རྣམས་ལ་རང་བཟོས་རྒྱུད་ཚིག་འདྲ་མིན་སྣ་ཚོགས་གང་འདོད་དུ་བྲིས་ནས་བར་དུ་བཅུག །ལ་ལས་རང་གི་ཆུང་མ་དང་སློབ་མ་སོགས་ལ་ཁྱོད་ཚོས་ང་ལ་ཆང་ཞིམ་པོ་ཞིག་བཟོས་དང་ངས་ཁྱོད་ཚོ་ལ་རྒྱུད་རྩོམ་པ་ཡིན་ཞེས་ཤ་ཆང་ཙམ་གྱི་ལྟོ་འདུན་ལ་དམིགས་པའི་སྔགས་པའང་མང་དུ་བྱུང་ཡོད་པ་དང་། སྐབས་དེར་ཆོས་ལུགས་པ་ཕལ་ཆེར་གྱིས་ཆོས་ལུགས་ཀྱི་དར་ཆ་ཕྱར་ནས། ཕུགས་སུ་རང་འདོད་ཁོ་ནར་དམིགས་པའི་བོད་ཀྱི་སྤྱི་ཚོགས་ལ་གནོད་པ་ཆེན་པོ་བསྐྱལ་བཞིན་པ་དེ་ལ་ཐུགས་ཀྱིས་མ་བཟོད་པར། ལྷ་བླ་མ་ཡེ་ཤེས་འོད་དང་ཕོ་བྲང་ཞི་བ་འོད། ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱིས་ཆོས་ལོག་སུན་འབྱིན་གྱི་བཀའ་ཤོག་དང་སྔགས་ལོག་སུན་འབྱིན་བཅས་མང་དུ་སྤེལ་ཡོད།
དེ་ཡང་ལྷ་བླ་མ་ཡེ་ཤེས་འོད་དང་ཕོ་བྲང་ཞི་བ་འོད་གཉིས་ཀྱི་གདུང་རྒྱུད་ནི། བོད་བཙན་པོའི་རྒྱལ་པོ་དར་མ་འུ་དུམ་བཙན་ལ་སྲས་འོད་སྲུངས་དང་། ཡུམ་བརྟན་གཉིས་འཁྲུངས། འོད་སྲུངས་ལ་སྲས་མངའ་བདག་དཔལ་འཁོར་བཙན་འཁྲུངས། མངའ་བདག་དཔལ་འཁོར་བཙན་ལ་སྲ་ཆེ་བ་སྐྱིད་བདེ་ཉི་མ་མགོན་དང་། ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་འཁྲུངས། སྐྱིད་བདེ་ཉི་མ་མགོན་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་དཔལ་ལྡེ་རིག་པ་མགོན། འདིའི་མང་ཡུལ་བཟུང་སྟེ་དེ་ནས་ལ་དྭགས་ཀྱི་རྒྱལ་རབས་བྱུང་། འབྲིང་བ་བཀྲ་ཤིས་མགོན། ཆུང་བ་ལྡེ་གཙུག་མགོན་ཏེ་འདིའི་ཞང་ཞུང་བཟུང་སྟེ་དེ་ནས་གུ་གེའི་རྒྱལ་རབས་རྣམས་བྱུང་། བོད་ཀྱི་ཆོས་འབྱུང་རྒྱལ་རབས་རྣམས་སུ་སྲས་ཆེ་བ་དཔལ་ལྡེ་རིག་པ་མགོན་འདིའི་མཚན་གྱི་འདྲི་ཚུལ་མི་འདྲ་བ་“དཔལ་མགོན་”དང་“རིག་པ་མགོན”དང་“དཔལ་ལྡེ་རིག་པ་མགོན་”དང་“དཔལ་ལྡེ་”ཞེས་འབྲི་ཚུལ་སྣ་ཚོགས་བྱུང་ཡོད།《ཡར་ལུང་ཇོ་བོའི་ཆོས་འབྱུང་》དང་《བུ་སྟོན་ཆོས་འབྱུང་》《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》བཅས་སུ་“དཔལ་ལྡེ་རིག་པ་མགོན་”ཞེས་བྲིས་ཡོད་པ་ལ་གཞིགས་ན་མཚན་དངོས་ནི་“དཔལ་ལྡེ་རིག་པ་མགོན་”ཟེར་བར་སྙམ། མཚན་ཟུར་སོ་སོ་ནས་བླངས་ཏེ་“དཔལ་མགོན་”དང་“རིག་པ་མགོན”དང་“དཔལ་ལྡེ་”ཞེས་འབོད་སྲོལ་བྱུང་།
སྲས་བར་བ་“བཀྲ་ཤིས་མགོན་”འདིའི་མངའ་རིས་སྐོར་གསུམ་གྱི་སྲིད་ཀྱི་ལྟེ་བ་སྤུ་ཧྲེང་ལ་མངའ་མཛད་མཁན་དེ་ཡིན། 《ཉི་མའི་རིགས་ཀྱི་རྒྱལ་རབས་》ལས། “བར་བ་བཀྲ་ཤིས་མགོན་ནི། ལག་པའི་སོར་གྱི་གུང་མོ་དང་འདྲ་སྟེ། དབུས་ཐོ་བར་ཁྲུངས། དུང་དཀར་པོ་གཡས་སུ་འཁྱིལ་བ་དང་འདྲ་སྟེ། མཁྱེན་པ་དཀྱིལ་ནས་རྒྱས་ཤིང་། རྒྱལ་བློན་ཀུན་ལས་ཀྱང་དགོངས་པ་ཐོ་ཞིང་། ཕོ་ཆོ་ཆེ་ལ་བཀའ་དྲང་། སྤྱོད་པ་བཟང་ལ་སྙིང་རྗེ་དང་ཐུགས་བྱམས་པས། མངའ་རིས་ཐ་ནས་དར།” ཞེས་སོགས་གསུངས། བཀྲ་ཤིས་མགོན་དང་བཙུན་མོ་ཟངས་ཁ་མ་གཉིས་ལ་སྲས་ཆེ་བ་འཁོར་རེ་དང་ཆུང་བ་སྲོང་ངེ་གཉིས་འཁྲུངས། ཁོང་སྤུན་གཉིས་ལས་ཆེ་བ་དང་ཆུང་བ་སུ་ཡིན་ཐད་ཡང་ཆོས་འབྱུང་ལོ་རྒྱུས་ཁག་བཤད་ཚུལ་མི་མཐུན་པ་བྱུང་ཡོད་པ་སྟེ། 《ཉང་ཆོས་འབྱུང་》དང་《བུ་སྟོན་ཆོས་འབྱུང་》སོགས་སུ། གཅེན་འཁོར་རེ་རབ་ཏུ་བྱུང་བ་ནི་ལྷ་བླ་མ་ཡེ་ཤེས་འོད་ཡིན། ཞེས་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དང་《ཆོས་འབྱུང་བསྟན་པ་རྒྱས་པའི་ཉིན་བྱེད་》དང་《ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་》དུ་ཆེ་བ་སྲོང་ངེ་དང་ཆུང་བ་འཁོར་རེ་ཡིན་ཞེས་འཁོད་ཡོད་ཀྱང་། 《མངའ་རིས་རྒྱལ་རབས་》དང་《ཉི་མའི་རིགས་ཀྱི་རྒྱལ་རབས་》དང་《རྒྱལ་རབས་གསལ་མེ་》བཅས་སུ། གཅེན་འཁོར་རེ་དང་གཅུང་སྲོང་ངེ་རབ་ཏུ་བྱུང་བ་ནི་ལྷ་བླ་མ་ཡེ་ཤེས་འོད་ཡིན་ཞེས་གསུངས་པ་ནི་དོན་ལ་གནས་པར་སེམས་ཏེ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་》ཞེས་པ་ལས། “བོད་ཁམས་ཀྱི་མཁས་པ་མང་པོས་གཅེན་འཁོར་རེ་རབ་ཏུ་བྱུང་བ་ནི་ལྷ་བླ་མ་ཡེ་ཤེས་འོད་ཡིན་ནོ། །ཞེས་གསུངས་པ་ནི་ཅུང་ཟད་མཉམ་པར་མ་བཞག་པ་སྟེ། …གཅུང་རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད་དང་། གཅེན་མངའ་བདག་ཆེན་པོ་འཁོར་རེ་བཙན་ཞེས་སྟོད་ཀྱི་རྒྱལ་རབས་རྣམ་དག་ཚད་མ་རྣམས་ལས་ཀྱང་འདི་བཞིན་དུ་འབྱུང་བའི་ཕྱིར”། ཞེས་གསུངས། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་》ཞེས་པ་འདི་ནི་ཁོང་གིས་མངའ་རིས་མཐོ་གླིང་དུ་ཉར་ཚགས་བྱས་པའི་དཔྱད་གཞི་ཡིག་ཆ་ཁག་གཞིར་བཟུང་ནས་བརྩམས་པ་དང་། རྣམ་ཐར་ནང་གི་ལུང་འདྲེན་དག་ནི་སྔོན་གྱི་ཆོས་འབྱུང་ལོ་རྒྱུས་ཁག་མ་ཡིན་པར། མཐོ་གླིང་དགོན་པར་ཉར་ཚགས་བྱས་ཡོད་པའི་སྟོད་མངའ་རིས་ཀྱི་རྒྱལ་རབས་དང་ཡིག་ཚགས་ཁག་གཞིར་བཟུང་ནས་བྲིས་ཡོད་དེ། སྟོད་ཀྱི་རྒྱལ་རབས་རྣམ་དག་ཚད་མ་རྣམས་ཞེས་སོགས་མང་ངོ་། །སྲོང་ངེ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་མཚན་ཡིན། སྤྱི་ལོ་947ལོར་འཁྲུངས། སྐུ་ཚེ་སྟོད་ལ་གུ་གེའི་ཕྱོགས་ཀྱི་མངའ་མཛད་ཅིང་། སྤྱི་ལོ་989ལོར་རབ་ཏུ་བྱུང་། སྤྱི་ལོ་1019ལོར་མཐོ་གླིང་དུ་སྐུ་གཤེགས། ཞིབ་ཏུ་རྣམ་ཐར་རང་དུ་གསལ། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་རྣམས་སུ་ཀར་ལོག་གི་བཙོན་དུ་བཀྲོངས་བར་བཤད་པ་ནོར་ཡོད། མཚན་ཀྱི་འབྲི་སྟངས་ལ་“སྲོང་ངེ་”དང་“དྲང་སྲོང་ལྡེ”དང་“ཁྲི་ལྡེ་སྲོང་གཙུག་བཙན་”དང་“བཀྲ་ཤིས་ལྷ་ལྡེ་བཙན་”དང་“ཁྲི་སྲོང་ལྡེ་སྲོང་བཙན་”སོགས་མང་པོ་ཡོད། མཚན་དངོས་ལ་“ཁྲི་ལྡེ་སྲོང་གཙུག་བཙན་”ཞེས་འབོད། སྲོང་ངེ་སྐུ་ཚེ་སྨད་ལ་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་འོད་ཞེས་གསོལ་བ་དང་། ཁོང་ནི་ལྷ་བཙན་པོའི་རྒྱུད་དུ་འཁྲུངས་པའི་རབ་བྱུང་བ་ཡིན་པར་མ་ཟད། ཆོས་ཕྱོགས་ཀྱི་མཛད་རྗེས་སྔོན་བྱོན་ཆོས་རྒྱལ་མེས་དཔོན་དང་ཆ་འདྲ་བས་“ལྷ་བླ་མ་”དང་“བྱང་ཆུབ་སེམས་དཔའ་”དང་“བཙན་པོ་ཨ་ཙ་ར་”དང་“བོད་ཀྱི་ལྷ་བཙན་པོ་སློབ་དཔོན་”ཞེས་འབོད་སྲོལ་མང་དུ་ཡོད། ལྷ་བླ་མ་ཡེ་ཤེས་འོད་འདི་བ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་རྒྱུད་དུ་ལུང་བསྟན་ཡོད་དེ། འཇམ་དཔལ་རྩ་རྒྱུད་ལས། “ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པ། །རྒྱལ་པོ་ལྷ་ཡི་བླ་མ་ཞེས། །ཤཱཀྱ་ཡིས་ནི་རིགས་ལས་འཁྲུངས། །དེ་ཡང་སྔགས་ཀྱི་དོན་བསྒྲུབས་སྟེ། །ཆོས་དང་ལོངས་སྤྱོད་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་པ། །མི་ཡི་བདག་པོས་དེའང་འགྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱེད། །”[1]ཅེས་དང་། སྙིང་རྗེ་པད་དཀར་ཆེ་བ་ལས། “ ཀུན་དགའ་བོ། ང་འདས་པའི་དུས་ན་མ་འོངས་པ་ན། བྱང་ཕྱོགས་ཀྱི་བརྒྱུད་ཁ་བ་ཅན་གྱི་ཡུལ་སྤོས་ཀྱི་ངད་ལྡན་པའི་འགྲམ་དུ། དགེ་སློང་ཡེ་ཤེས་འོད་ཞེས་བྱ་བ་བྱུང་སྟེ། དེ་ནི་མང་དུ་ཐོས་ཤིང་”ཞེས་སོགས་གསུངས་ཡོད།
པུ་ཧྲངས་ནི་སྔོན་སྐྱིད་ལྡེ་ཉི་མ་མགོན་གྱི་སྲིད་ཀྱི་ལྟེ་གནས་ཏེ་མངའ་རིས་སྐོར་གསུམ་གྱི་གྲས་སུ་གཏོགས་ཤིང་། ད་ལྟ་སྤུ་ཧྲེང་རྫོང་གི་གནས་དེར་ངོས་འཛིན། ཆུ་བོ་རྨ་བྱ་ཁ་འབབ་ཀྱི་རྒྱུད་དུ་གནས་ཡོད། བོད་ཀྱི་ཡིག་རྙིང་དང་ཆོས་འབྱུང་ཁག་ཏུ་“སྤུ་རངས་”དང་“སྤུ་རང་”དང་“སྤུ་ཧྲེངས་”དང་“སྤུ་ཧྲེང་”དང་“པུ་རངས་”དང་“པུ་རོང་”དང་“པུ་ཧྲེངས་”བཅས་མིང་གི་འབྲི་ཚུལ་སྣ་ཚོགས་བྱུང་ཡོད།
འཁོར་རེ་ལ་སྲས་གཉིས་འཁྲུངས་པའི་ཆེ་བ་ལྷ་ལྡེ་བཀྲ་ཤིས་བཙན་དང་། ཆུང་བ་ལྷ་སྲས་ཨུ་དྷ་རཱ་ཛཱ་སྟེ་དགུང་ལོ་བཅུ་བཞི་པ་ལ་དགུང་དུ་གཤེགས་ཞེས་ཉི་མའི་རིགས་ཀྱི་རྒྱལ་རབས་ལས་བཤད། ལྷ་ལྡེ་བཀྲ་ཤིས་བཙན་ལ་སྲས་ཆེ་བ་འོད་ལྡེ་བཙན་དང་། འབྲིང་པ་བཀྲ་ཤིས་འོད། ཆུང་བ་ཡོངས་སྲོང་ལྡེ་གསུམ་འཁྲུངས། ཆུང་བ་ཡོངས་སྲོང་ལྡེ་རབ་ཏུ་བྱུང་བའི་མཚན་ལ་ཞི་བ་འོད་ཟེར། མངའ་རིས་རྒྱལ་རབས་དང་ཉི་མའི་རིགས་ཀྱི་རྒྱལ་རབས་བཅས་སུ་འོད་ལྡེ་བཙན་ཆེ་བ་དང་། འབྲིང་བ་བྱང་ཆུབ་འོད། ཆུང་བ་ཞི་བ་འོད་དུ་བགྲང་ཡོད། མཚན་ཟུར་ནས་འབོད་སྲོལ་ལ། “ཕོ་བྲང་”དང་“ཞི་བ་འོད་”དང་“ཕོ་བྲང་ཞི་བ་འོད་”དང་“སྒྲ་བསྒྱུར་གྱི་ལོ་ཙཱ་པ་ཆེན་པོ་དཔལ་ལྷ་བཙན་པོ་ཤཱཀྱའི་དགེ་སློང་ལྷ་བླ་མ་”དང་“བོད་ཀྱི་ལྷ་བཙན་པོ་དགེ་སློང་བླ་མ་”དང་“དཔལ་ལྷ་བཙན་པོ་བཙུན་པ་”སོགས་འབོད་སྲོལ་སྣ་ཚོགས་ཡོད། ཁོང་ནི་ལྷ་བཙན་པོའི་རྒྱལ་རབས་ཀྱི་གདུང་རྒྱུད་ཁྲོད་དུ་འཁྲུངས་པའི་ལོ་ཙཱ་བ་སྐད་གྲགས་ཅན་ཞིག་ཡིན།
ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཁམས་སུ་བཀྲམ་པའི་ཆོས་ལོག་སུན་འབྱིན་གྱི་བཀའ་ཤོག་ལས། “འོ་སྐོལ་མི་མཇེད་ལྷོ་ཡི་འཛམ་གླིང་འདིར། །སྟོན་པ་ཤྰཀྱ་ཐུབ་པ་སྐུ་བལྟམས་ཏེ། །བརྒྱད་ཁྲི་བཞི་སྟོང་ཉོན་མོངས་གཉེན་པོ་རུ། །སྡེ་སྣོད་གསུམ་དང་བརྒྱད་ཁྲི་བཞི་སྟོང་གསུངས། །ཞེས་པ་ནས་བདེན་པ་གཉིས་ཀྱིས་འགྲོ་བའི་དོན་མཛད་ཅིང་། །ཕྱི་ནང་ཆོས་རྣམས་སྟོང་པའི་ངོ་བོར་མཁྱེན། །ཕ་རོལ་ཕྱིན་རྣམས་རིམ་གྱིས་རྫོགས་མཛད་པ། །བླ་ན་མེད་པའི་ཐེག་པར་སྟོན་པས་གསུངས། །གྲོང་ན་གནས་པའི་མཁན་པོ་སྔགས་པ་རྣམས། །ཐེག་པ་དེ་གསུམ་གང་དང་འབྲེལ་མེད་པར། །ངེད་ཅག་ཐེག་ཆེན་ཡིན་ཞེས་ཟེར་བ་ནི། །ཐེག་པ་ཆེན་པོའི་ཚུལ་སྤྱོད་གཏན་མེད་པར། །ཐེག་པ་ཆེན་པོ་ཡིན་ཞེས་ཟེར་བ་ནི། །སྤྲང་པོ་རྒྱལ་བོ་ཡིན་ཞེས་ཟེར་བ་འདྲ། །”[2]ཞེས་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་སྟེ་བདེན་གཉིས་ཀྱི་ཆོས་ཀྱི་རྣམ་བཞག་རྒྱས་པར་གསུངས་པའི་སྒོ་ནས་འགྲོ་བའི་དོན་མཛད་ཅིང་། ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིན་དུ་གསུངས་པ་དང་། སྦྱིན་པ་དང་ཚུལ་ཁྲིམས་སོགས་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་རིམ་གྱིས་ཉམས་སུ་བླངས་པ་ལ་བརྟེན་ནས་བྱང་ཆུབ་མངོན་པར་མཛད་དགོས་པར་ཐེག་པ་ཆེན་པོའི་ཆོས་རྣམས་སྟོན་པ་སངས་རྒྱས་ཀྱིས་གསུངས་དང་། བོད་དུ་གྲོང་ན་གནས་པ་སྟེ་ཁྱིམ་ན་གནས་པའི་མཁན་པོ་དང་སྔགས་པ་རྣམས་ཀྱིས་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ། ཐེག་པ་ཆེན་པོའི་ཆོས་དེ་གསུམ་དང་འབྲེལ་བ་མེད་པའི་ཆོས་ལོག་ཅིག་ལ་ཞུགས་ནས། ངེད་ཅག་ནི་ཐེག་པ་ཆེན་པོ་བ་ཡིན་ཞེས་དོན་གྱི་ཐེག་པ་ཆེན་པོའི་ཚུལ་ལུགས་དང་སྤྱོད་ལམ་གཏན་ནས་མེད་པར་ངེད་ཅག་ནི་ཐེག་པ་ཆེན་པོ་ཡིན་ཞེས་ཟེར་བ་ནི། དཔེར་ན། སྤྲང་བོ་ཞིག་གིས་ང་ནི་རྒྱལ་པོ་ཆེན་པོ་ཞིག་ཡིན་ཞེས་ཟེར་བ་དང་འདྲ་ཞེས་བར་བཤད། ཡང་བཀའ་ཤོག་ལས། “ཐེག་ཆེན་མིན་པར་ཐེག་ཆེན་ཁས་འཆེ་བ། །བོང་བུས་སེང་གེའི་པགས་པ་གྱོན་པ་འདྲ། །”ཞེས་བོད་ཀྱི་སྔགས་པ་རྣམས་ཐེག་པ་ཆེན་པོ་བ་མ་ཡིན་བཞིན་དུ་ང་ནི་ཐེག་པ་ཆེན་པོ་བ་ཡིན་ཞེས་ཟེར་བ་ནི་བོང་བུས་སེང་གེ་པགས་པ་གྱོན་ནས་ང་ནི་སེང་གེ་ཡིན་ཟེར་བ་དང་འདྲ་བར་བཤད། ཡང་བཀའ་ཤོག་ལས། “འདོད་ལྔ་བུད་མེད་རྫབ་ལས་མ་ཐར་བར། །ཆོས་ཀྱི་སྐུ་ཡིན་ཟེར་བ་ཡ་མཚན་ཆེ། །”ཞེས་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་ཡོན་ལྔ་དང་། བུད་མེད་ཀྱི་གཟུགས་ལ་ཆགས་པའི་འདབ་རྫབ་ལས་མ་ཐར་བར་ཆོས་སྐུ་ཡིན་ཟེར་བ་ནི་ཡ་མཚན་ཆེ་སྟེ་ཤིན་ཏུ་སྨད་པའི་གནས་སོ་ཞེས་བཤད།
གཉིས་པ། དུས་རབས་བཅུ་གཅིག་པའི་ནང་འབན་འཇི་བ་དང་ཨར་ཚོ་བན་ངྷེ་བཅོ་བརྒྱད་དང་མུ་སྟེགས་ཤམ་ཐབས་སྔོན་པོ་ཅན་དང་ཨ་ཙ་ར་དམར་པོ་སོགས་ཀྱིས་བོད་དུ་ཆོས་ལོག་སྣ་ཚོགས་སྤེལ་བ།
ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བཀྲམ་པའི་བཀའ་ཤོག་ལས། “མི་དགེ་བཅུ་སྤྱོད་ཁྱི་ཕག་བརྟུལ་ཞུགས་ཅན། །མུ་སྟེགས་འབན་འཇི་བ་ཡི་ཆོས་སྤྱོད་མཁན། །”ཞེས་མི་དགེ་བ་བཅུ་ལ་བག་མེད་དུ་སྤྱོད་པའི་ཁྱི་དང་ཕག་པའི་བརྟུལ་ཞུགས་ཅན་མུ་སྟེགས་འབན་འཇི་བ་ཡི་ཆོས་སྤྱོད་མཁན་ཏེ། དེ་དུས་བོད་སྟོད་ཁུལ་དུ་ཆོས་པར་རློམ་པའི་ཨར་ཚོ་བན་ངྷེ་བཅོ་བརྒྱད་དང་མུ་སྟེགས་ཤམ་ཐབས་སྔོན་པོ་ཅན་དང་ཨ་ཙ་ར་དམར་པོ་ཞེས་པ་སོགས་བྱུང་ནས་སྦྱོར་སྒྲོལ་ཞེས་སྔགས་འཇོལ་ཉོག་དུ་སྤྱད་པ་མང་དུ་བྱུང་བ་ལ་ཟེར། འབན་འཇི་བ་ཞེས་པ་སྦ་བཞེད་ཞབས་བཏགས་མ་ལས། “གཙུག་ལག་ཁང་ཐམས་ཅད་ཀྱི་ལྡེ་མིག་ནི་བཙུན་གཟུགས་གཙུག་ཕུད་ཅན། ཤམ་ཐབས་གོང་བ་ཅན་གྱོན་པ་དགྲ་བཅོམ་དུ་མིང་བཏགས་པས་འཛིན། འགའ་རེའི་ལྡེ་མིག་སྔགས་པ་དབུ་སྐྲ་ལྕང་ལོ་བྲེགས་ཏེ་སྤྱོད་པ་འབན་པོར་སྤྱོད་པའི་གོས་ཕུ་ཐུང་མགོ་ཞབས་བཟློག་ནས་བཏགས་པ། འབན་འཛི་བར་གྲགས་པས་འཛིན།[3]” ཞེས་དང་། བཀའ་ཤོག་འདིའི་ནང་གི་འབན་འཇི་བ་དང་། སྦ་བཞེད་ནང་གི་འབན་འཛི་བ་འདི་གཉིས་ཡི་གེ་འབྲི་ཚུལ་མི་འདྲ་བ་ཙམ་ལས་དོན་གཅིག །ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་དེར། ཨར་ཚོ་བན་ངྷེ་བཅོ་བརྒྱད་ལ་སོགས་པས་སྐྱེ་བོ་མཚོན་གྱིས་གསོད་པ་དང་། ཤ་ཆང་དང་བུད་མེད་ལ་བག་མེད་དུ་སྤྱོད་པའི་ཆོས་ལོག་སྟེ། ཆོས་ཐམས་ཅད་སྟོང་བ་ཉིད་དེ་ཅི་ཡང་མ་གྲུབ་པའི་ལྟ་བ་འཛིན་པ། རྭ་ཅོ་ནག་པོའི་ནང་ཁོག་ཏུ་ལག་པ་བཏང་པ་དང་ཁུག་མ་ནག་པོའི་ནང་དུ་ལག་པ་བཏང་བ་དང་ཁྱད་པར་མེད་པར་སྨྲ་བར་བཤད། རྒྱལ་དབང་ལྔ་བས་མཛད་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། “དུས་སྐབས་དེ་དག་ཏུ་རྔ་ལ་ཞོན་ནས་ནམ་མཁའ་ལ་འཕུར་ཐུབ་པའི་རྫུ་འཕྲུལ་ཅན་ཨར་མོ་བན་ངྷེ་བཅོ་བརྒྱད་སོགས་ཀྱི་ལུགས་འཛིན་དུ་མས་སྐྱེ་བོ་མཚོན་གྱིས་གསོད་པ་དང་། ཤ་ཆང་བུད་མེད་ལ་བག་མེད་དུ་སྤྱོད་པ་”[4]ཞེས་སོགས་གསུངས་ཡོད། མུ་སྟེགས་འབན་འཇི་བ་ཡི་ཆོས་སྤྱོད་མཁན་དེ་དག་གིས་ངེད་ཅག་སངས་རྒྱས་ཡིན་ཞེས་ཟེར་བ་ནི་དེ་དག་བདུད་ཀྱིས་བསླུས་པའམ་ཡང་ན་སྨྱོན་པ་ཁོ་ན་ཡིན་པར་བཤད།
དེ་སྔ་དུས་རབས་བརྒྱད་པའི་ནང་དུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གསང་སྔགས་རྫོགས་པ་ཆེན་པོའི་ཆོས་འདི་དག་བོད་དུ་གཏན་ནས་སྤེལ་མི་ཆོག་པའི་བཀག་རྒྱ་གནང་ནས་དམ་བསྒྲགས་མཛད་ཡོད། གསང་སྔགས་ཀྱི་ཆོས་སྐོར་ཡིན་ན་ཆོས་ཀྱི་མདུན་ས་ཞེས་པའི་གྲྭར་ཕུལ་ནས། བཙན་པོས་ཆོག་མཆན་དགོངས་འཁྲོལ་བྱུང་ན་ད་གཟོད་བོད་སྐད་དུ་སྒྱུར་བ་དང་། བསྒྱུར་བའི་ནང་དོན་སོགས་ལ་ཞིབ་ཕྲའི་གཏན་འབེབས་གནང་ཡོད་པ་དང་། ཆོས་ཀྱང་གཞུང་ཕྱོགས་ནས་གདན་དྲངས་པའི་པནྜི་ཏ་རབ་ཏུ་བྱུང་བ་དང་བོད་ཀྱི་ལོ་ཙཱ་བ་མཁས་པས་གཏན་འབེབས་བྱས་པ་ལས་གཞན། ཡོངས་ཁུངས་མི་གསལ་བ་དང་ཐེ་ཚོམ་དོགས་གཞི་ཅན་གྱི་རིགས་ལ་འཇུག་མི་ཆོག་པའི་བཀའ་སྩལ་ཡོད་དེ། སྦ་བཞེད་ལས། “ཆོས་ནི་རྟོགས་པ་དཀའ་ཞིང་ཟབ་པར་གྱུར་པས། རྒྱ་གར་གྱི་མཁས་པ་རབ་ཏུ་བྱུང་བར་གྲགས་པ། རྒྱལ་པོས་སྤྱན་དྲངས་ཏེ་ཡོན་བདག་བྱས། ལོ་ཙྪ་བ་མཁས་པས་གཏན་ལ་ཕབ་པའི་ཆོས་དེ་ལ་འཇུག་པར་བྱའོ། །རྒྱལ་པོས་ཡོན་བདག་མ་བྱས། ལོ་ཙྪ་བ་མཁས་པས་གཏན་ལ་མ་ཕབ་པའི་ཆོས་དེ་ལ་འཇུག་པར་མི་བྱའོ། །”[5]ཞེས་སོགས་གསུངས་ཡོད། ལྷ་ལུང་དཔལ་རྡོར་གྱིས་དར་མ་འུ་དུམ་བཙན་བཀྲོངས་རྗེས་བོད་བཙན་པོའི་རྒྱལ་རབས་ཀྱི་གདུང་རྒྱུད་ཀྱིས་བོད་འབངས་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་ནི་མེད་པས། རྒྱལ་ཁྲིམས་དང་ཆོས་ཁྲིམས་གང་ཡང་མེད་པར་གྱུར་བ་ལ་གོ །གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས་ལས། “དེ་ཡང་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས། རྒྱལ་ཁམས་འཁྲུགས་པའི་རྐྱེན་གྱིས་གདུང་རབས་ལྔ་པ་ཞིག་ནས། ལོ་བརྒྱ་དང་བཞི་བཅུ་རྩ་དྲུག་གི་བར་དུ་སྟོད་མངའ་རིས་འདིར། གཙུག་ལག་ནི་བོན། གཤིན་ནི་ནག་པོ། གསོན་པོ་རྣམས་ལོག་ཆོས་སྤྱོད་ཅིང་། གཤིན་པོ་རྣམས་དུར་དུ་འགྲུབ། གཤིན་པོ་སྡིག་རྫོང་འདེབས་ཏེ། དཀོན་མཆོག་གི་སྐྱབས་དང་བྲལ་ཞིང་། ཆོས་ཀྱི་ཕོངས་པའི་དུས་སུ་ཞེས་”[6] སོགས་གསུངས་པ་དང་། དེ་དུས་ཆོས་པར་མིང་འཛིན་པ་འགས་རང་འདོད་དང་ཁེ་འདོད་སྙན་གྲགས་སོགས་ཁོ་ནར་དམིགས་པའི་སྐྱེ་བོ་འགའ་ཤས་ཀྱིས། རྫོགས་པ་ཆེན་པོ་དང་གསང་སྔགས་ཀྱི་གཞུང་གི་ཐ་སྙད་འགའ་རེ་ལ་ཁ་གཡར་ནས་ཆོས་ལོག་སྣ་ཚོགས་སྤེལ་ཏེ། སྔགས་ཀྱི་ལྟ་གྲུབ་འཛིན་པ་ཕལ་ཆེར་གྱིས་གསང་སྔགས་རྒྱུད་སྡེའི་འཆད་ཉན་དང་ནང་གི་རྣལ་འབྱོར་སྒྲུབ་པ་ལ་མི་གཞོལ་བར། རང་གི་འཚོ་རྟེན་གྱི་ཆེད་དུ་གྲོང་ཆོག་ཁོ་ན་བྱས་ནས་རང་གི་འཚོ་ཐབས་རོལ་བ། ཡང་སྔགས་པ་འགའ་ཞིག་གིས་རྒྱུད་ཚིག་རང་གི་བློ་ལ་ཡོད་པ་རྣམས་ཡི་གེར་བྲིས་པར། བར་བར་གྱི་ཚིག་བརྗེད་ནས་མ་ཤེས་པ་རྣམས་ལ་རང་གིས་བློ་བཟོའི་བསླད་བཅུག་སྟེ་བརྡ་ཆད་ཁ་ནས་གང་ཐོན་སྦྱར། ལ་ལས་རྒྱུད་ཀྱི་མིང་བཏགས་པའི་རྟོག་བཟོའི་ཡི་གེ་གྲོང་ཚིག་འབའ་ཞིག་གང་འདོད་དུ་བྲིས། ཡང་ལ་ལས་རང་གི་ཆུང་མ་ལ་ཁྱོད་ཀྱིས་ང་ལ་ཆང་ཞིམ་པོ་བཟོས་དང་། ངས་རྒྱུད་པོ་ཏི་ལོངས་པ་ཞིག་རྩོམ་པ་ཡིན་ཟེར་བའང་བྱུང་། དེ་དག་གི་དབང་གིས་བསྟན་པ་རྣམ་དག་ཅིག་འཛིན་པ་ཉུང་ཞིང་ཆོས་ལོག་སྤྱོད་པ་མང་དུ་བྱུང་ཡོད།
དེ་སྔ་བཙན་པོ་ཁྲི་སོང་ལྡེ་བཙན་གྱི་དུས་སུ་བོད་དུ་གསང་སྔགས་ཀྱི་ཆོས་ལུགས་དར་བའི་སྐབས་དེར། རྒྱ་གར་དང་བལ་བོ་སོགས་ནས་ཕྱི་རོལ་བའི་ངན་སྔགས་དང་ཕྲ་མེན་གྱི་རིགས་སྣ་ཚོགས་ཀྱང་བོད་ཀྱི་སྤྱི་ཚོགས་ནང་དུ་དར་ནས་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ་ནི། 《དབའ་བཞེད་》ལས། “དེའི་ཚེ་བཙན་པོ་ནི་ཕོ་བྲང་བྲག་དམར་ན་བཞུགས་ཏེ། མཁན་པོས་བཙན་པོའི་སྤྱན་སྔར་མཇལ་ཞིང་ཕྱག་འཚལ་བའི་ཕོ་ཉ་བརྫངས་ཏེ་སྙན་དུ་གདས་ནས་མཁན་པོ་ད་ལྟ་ཁོ་ན་མཇལ་བ་རུ་ཅི་ལགས་གཏོལ་མ་མཆིས་ཏེ། ར་ས་པེ་ཧར་དུ་ཅུང་(ཞིག་)བཞུགས་སུ་གསོལ་(ཏེ)། ལྷོ་བལ་གྱི་ངན་སྔགས་དང་ཕྲ་མེན་དག་ཡོད་པར་ཐུགས་འཕྲིག་བཞེས་ནས། ཞང་བློན་ཆེན་པོ་སྦྲང་རྒྱལ་སྦྲ་ལུགས་གཟིགས་དང་། སེང་འགོ་ལྷ་ལུང་གཟིགས་དང་། འབའ་སང་ཤི་དང་གསུམ་ལ་བཀའ་སྩལ་པ། བློན་པོ་ཁྱེད་གསུམ་ར་ས་པེ་ཧར་དུ་སོང་ལ། ཨ་ཙརྱ་བོ་དྷི་ས་ཏྭའི་ཞལ་སྔར་ཕྱག་འཚལ་ཞིང་མཇལ་ནས། ལྷོ་བལ་གྱི་ངན་སྔགས་དང་ཕྲ་མེན་ལྟ་བུ་ཡོད་དཾ་མེད་ཐུགས་འཕྲིག་བཞེས་དགོས་སམ་མི་དགོས། ཁྱེད་ཀྱིས་རྟོགས་ཤིག་ཅེས་བཀའ་སྩལ་།” [7] ཞེས་འབྱུང་བ་ལྟར། ཞང་བློན་ཆེན་པོ་དེ་གསུམ་གྱིས་ཚོང་འདུས་སུ་ཁ་ཆེ་དང་ཡང་ལུའི་ལོ་ཙཱ་བ་བཙལ་བ་ལས། ཁ་ཆེ་ཨ་ན་ཏ་རྙེད་ནས་དེས་ལོ་ཙཱ་བྱས་པ་ལ་བརྟེན་ནས་དགུང་ཟླ་གཉིས་ཀྱི་རིང་བརྟག་ཅིང་ཉམས་སད་པས། མཐར་རྒྱལ་བློན་རྣམས་ཡིད་ཆེས་ནས་ཕོ་བྲང་དུ་སྤྱན་དྲངས་པའི་ཚུལ་སོགས་འབྱུང་བས། བཙན་པོ་ཁྲི་སོང་ལྡེ་བཙན་གྱི་སྐབས་སུ་བོད་དུ་ལྷོ་བལ་གྱི་ངན་སྔགས་དང་ཕྲ་མེན་གྱི་རིགས་སྣ་ཚོགས་ཤིག་དར་བཞིན་ཡོད་པ་ཡང་གསལ།
ཡང་བཙན་པོ་ཁྲི་ལྡེ་སོང་བཙན་ཕོ་བྲང་འོན་ཅང་དོ་ན་བཞུགས་པ་རྟ་ཡི་ལོ་སྟེ། ཆུ་རྟ་(སྤྱི་ལོ་802)དང་ཤིང་རྟ་(སྤྱི་ལོ་814)གང་རུང་ལ་ལོ་ཙཱ་བ་མང་པོ་ལྷན་འཛོམས་ཀྱིས་གཏན་འབེབས་བྱས་པའི་ཡིག་ཆ་གལ་ཆེན་སྒྲ་སྦྱོར་བམ་པོ་གཉིས་པ་ལས། “སྔགས་ཀྱི་རྒྱུད་རྣམས་གཞུང་གིས་ཀྱང་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་པར་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོ་ངག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱིས། ཕྱིན་ཆད་གཟུངས་སྔགས་དང་བླ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་། །”[8] ཞེས་འབྱུང་བ་འདི་ལས་ང་ཚོས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་བོད་དུ་གསང་སྔགས་ཀྱི་ཚིག་ལ་སྒྲ་ཇི་བཞིན་དུ་སྤྱོད་པ་དང་། རྒྱུད་གཞུང་དག་ཀྱང་རང་དགར་བོད་སྐད་དུ་བསྒྱུར་ནས། གསང་སྔགས་འཆོལ་བར་སྤྱོད་པའི་དུས་སྐབས་ཤིག་བྱུང་བ་ཤེས་ཐུབ་པ་དང་། དེ་འདྲའི་གནས་ཚུལ་ལ་དམིགས་ནས་བཙན་པོས་སླར་ཡང་བཀས་བཅད་ཀྱིས་གཏན་ལ་ཕབ་སྟེ་དཀར་ཆག་གི་བླ་ཐབས་སུ་བསྣན་པ་ཡིན་ནོ། །
ཡང་བཀའ་ཤོག་ལས། “ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ། །ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར། །དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་ལྟར་གྱུར། །སྒྲོལ་བ་དར་བས་ར་ལུག་ཉལ་ཐག་གཅོད། །”ཅེས་གསུངས་པ་ལྟར། ལྟ་བ་ནི་ཕྱིན་ཅི་ལོག་གི་ལྟ་བ་སྟེ་ཕྱི་རོལ་པའི་ལྟ་བ་ལ་ཞུགས་ནས། མིང་ལ་ཆོས་པའམ་མཁན་པོ་གང་རུང་གི་མིང་བཏགས་ནས། སྔགས་ལོག་སྟེ་སྡིག་པ་ལ་ཆོས་ལྟར་སྤྱོད་པ་དེ་ལ་སྔགས་ལོག་ཟེར་བའི་ཆོས་ལོག་མང་པོ་བོད་དུ་དར་བར་བྱས་པ་དེའི་དབང་གིས་རྒྱལ་ཁམས་ཕུང་བར་གྱུར་བ་སྟེ། སྒྲོལ་བ་དར་བ་ཞེས་པ་མཆོད་སྦྱིན་གྱི་ཆེད་དུ་སྒོ་ཟོག་རྟ་དང་ར་ལུག་དང་བ་གླང་སོགས་སེམས་ཅན་སྣ་ཚོགས་མང་པོ་གསད་ནས་དམར་མཆོད་བྱེད་པ་བོད་ཁམས་སུ་དར་བས། བོད་ཀྱི་ཕྱུགས་ལས་ཐོན་སྐྱེད་དང་དཔལ་འབྱོར་ལ་གནོད་པ་ཆེན་པོ་བསྐྱལ་བ་རེད། སྒྲོལ་བ་ཞེས་པའི་མཆོད་སྦྱིན་གྱི་ཆོ་ག་འདི་ནི། ཕྱི་རོལ་བ་སྟེ་བྲམ་ཟེ་ཆོས་ལུགས་གྱི་ཉམས་ལེན་བྱེད་ས་གཙོ་བོ་ཞིག་ཡིན་ཏེ། ཁོ་ཚོས་རྟ་དང་བ་ལང་དང་། ར་ལུག་དང་རྔ་མོང་དང་། བྱ་དང་རི་དྭགས་དང་མི་ལ་སོགས་པའི་སེམས་ཅན་གྱི་སྲོག་བཅད་ནས་མཆོད་སྦྱིན་གྱི་རྫས་སུ་བྱས་ཏེ། ལྷ་ལ་མཆོད་འབུལ་དང་སློང་བ་ལ་སྦྱིན་པ་གཏོང་བར་བྱེད་པ་སོགས་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། “གཞན་དག་རང་དོན་མཆོད་སྦྱིན་ལ།།གཞན་གྱི་སྲོག་གི་སྦྱིན་སྲེག་བྱེད། །གཞན་གྱི་དོན་དུ་ཁྱོད་གཅིག་པུ། །རང་གི་སྲོག་གིས་སྦྱིན་སྲེག་མཛད། །”[9] ཅེས་གསུངས་པ་ལྟར། ཕྱི་རོལ་བ་སྟེ་བྲམ་ཟེ་ཆོས་ལུགས་པ་རྣམས་ཀྱིས་མཆོད་སྦྱིན་ནི། མཐོ་རིས་དང་ཚངས་པ་ལྟ་བུའི་གོ་འཕང་ཐོབ་པའི་ཆེད་དང་ངན་འགྲོ་ལས་གྲོལ་བའི་ཐར་བ་ཙམ་ཞིག་སྒྲུབ་པའི་ཐབས་སུ། རིག་བྱེད་ཀྱི་གཞུང་ལས་བཤད་པའི་ཕྱུགས་ཀྱི་མཆོད་སྦྱིན་དང་ཁུར་བས་མཆོད་སྦྱིན་བྱས་པ་སོགས་ཡིན་ཏེ། ཕྱུགས་ཀྱི་མཆོད་སྦྱིན་སྐབས། མེ་ལ་སྐྱེས་བུ་དང་། རྟ་དང་བ་ལང་དང་ར་སོགས་བསྲེག་ཅིང་བསད་པར་བྱའོ། །ཡང་ན་དེ་དག་དབུགས་བསུབ་ལ་གསད་པར་བྱ་སྟེ་སེམས་མེད་པར་བྱའོ། །རྟ་དག་གི་མཆོད་སྦྱིན་ལ་རྟ་རེ་རེ་ལ་ཁབ་ལྔ་བརྒྱ་ལྔ་བརྒྱ་བཙུགས་པ་བཞིན་དུ་ཟུར་གཟེར་དང་ལྡན་པར་བྱས་ནས་སྦྱིན་སྲེག་བྱའོ། །ཞེས་ཟེར་བ་དང་། རཱ་མ་ཎའི་རྟོགས་རྗོད་ལས། “མི་རྗེ་ཤིང་རྟ་བཅུ་པ་དབང་ཕྱུག་ཆེ། །ཆོས་ལ་མཁས་ཤིང་གཟི་བྱིན་བླ་ན་འཕགས། །ཡིན་ཡང་རིགས་རྒྱུད་སྐྱོང་བའི་སྲས་བྲལ་བས། །མྱ་ངན་ཁུར་གྱིས་ཡིད་ལ་གདུང་བ་བྱིན། །མི་དབང་ཆེན་པོས་ཡང་ཡང་བསམ་པའི་མཐར། །རྟ་གཙང་མཆོད་སྦྱིན་བྱས་ན་བུ་འདོད་པའི། །རེ་བ་འགྲུབ་པས་བརྩོན་པར་བྱ་འོ་ཞེས། །ཡིད་ལ་ཀུན་རྟོག་རི་མོ་དེ་ལྟར་ཤར། །[10]” ཞེས་རང་གི་ཡིད་ཀྱི་འདོད་པའི་དོན་འགྲུབ་པའི་ཕྱིར་རྟ་ཡི་མཆོད་སྦྱིན་བྱས་ན་འགྲུབ་པར་བཤད་པ་དང་། རྒྱལ་པོ་ཞིག་གིས་རྟ་གཙང་མཆོད་སྦྱིན་ཐེངས་བརྒྱ་བྱས་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་གོ་གནས་ཀྱང་འཕྲོག་ནུས་པར་བཤད།
ཁུར་བས་མཆོད་སྦྱིན་བྱེད་ཚུལ་ཡང་མ་དང་བུ་སྲིང་སོགས་ལྷན་ཅིག་གཅེར་བུར་ཕྱུང་ནས་ཕྱུགས་བཞིན་རྐང་བཞི་ས་ལ་བཙུགས་ཏེ་རྩ་ཟ་བ་ལྟར་དང་། མངལ་སྒོར་ལྕེས་ལྡེག་པ། བཤང་སྒོར་སྣོམ་པ། འཁྲིག་པ་ལྷུག་པར་སྤྱོད་པ་སོགས་བ་གླང་གི་བརྟུལ་ཞུགས་འཛིན་པའི་ཆོ་ག་དེ་ལྟ་བུ་མཆོད་སྦྱིན་དུ་འདོད་ཅིང་། དེ་འདྲའི་མཆོད་སྦྱིན་མེད་པར་མཐོ་རིས་དང་ཚངས་པའི་གོ་འཕང་གང་ཡང་མི་ཐོབ་པོ་ཞེས་ཟེར་རོ། །བྲམ་ཟེ་ཆོས་ལུགས་པ་རྣམས་ཀྱིས་ནམ་རྒྱུན་ལོ་ངོ་ལྔ་རེ་མཚམས་ནས་སེམས་ཅན་སྲོག་ཆགས་མང་པོ་བསད་ནས་རང་གི་ལྷ་ལ་དམར་མཆོད་བྱེད་པའི་ལུགས་སྲོལ་འདི་སྔོན་ནས་ད་ལྟའི་བར་མཚམས་ཆད་མྱོང་མེད་མོད། ཡིན་ནའང་ད་ལྟ་རྒྱ་གར་སྲིད་གཞུང་གིས་ལུགས་སྲོལ་འདི་ལ་ངོ་རྒོལ་བྱས་ཏེ། བྲམ་ཟེ་ཆོས་ལུགས་པ་རྣམས་ཀྱིས་སེམས་ཅན་སྲོག་ཆགས་ཁྲི་ཕྲག་འབུམ་ཕྲག་མང་པོ་བསད་ནས་དམར་མཆོད་བྱེད་མི་ཆོག་པའི་བཀག་རྒྱ་བསྡམས་ཡོད། ཡིན་ནའང་ད་ལྟ་སེམས་ཅན་སྲོག་ཆགས་ཉུང་ངུ་རེ་བསད་ནས་དམར་མཆོད་བྱེད་བཞིན་ཡོད། 2019ལོར་རྒྱ་གར་ལུང་པ་ཞིག་གི་མུ་སྟེགས་ཆོས་ལུགས་པས་བུ་མོ་ཞིག་གསོན་པོར་མེ་ལ་བསྲེགས་ནས་དམར་མཆོད་བྱས་སྟབས། ཉེ་འཁོར་གྱི་ཡུལ་ལུང་མང་པོའི་མང་ཚོགས་རྣམས་ཀྱིས་དེ་ལ་ངོ་རྒོལ་གྱི་ཁྲོམ་སྐོར་རྒྱ་ཆེན་པོ་བྱས། དེ་བས་སྦྱོར་སྒྲོལ་གྱི་ཆོས་སྟེ་མི་གསོན་པོར་བསད་ནས་དམར་མཆོད་བྱེད་པའི་ལུགས་སྲོལ་འདི། རྒྱ་གར་དུ་མུ་སྟེགས་ཆོས་ལུགས་པ་རྣམས་ཀྱིས་ད་ལྟའང་སྤེལ་བཞིན་ཡོད་པ་ཤེས་ཐུབ། ལྷག་པར་དུ་ད་ལྟའང་བལ་བོའི་ལུང་པ་ཞིག་ཏུ་མུ་སྟེགས་བྲམ་ཟེ་ཆོས་ལུགས་པ་རྣམས་ཀྱིས་ལོ་ངོ་ལྔ་རེ་མཚམས་ནས་སེམས་ཅན་སྲོག་ཆགས་ཁྲི་བཞི་བཅུ་ནས་ལྔ་བཅུ་ལྷག་བསད་ནས་རང་གི་ལྷ་ལ་དམར་མཆོད་བྱེད་བཞིན་ཡོད། དམར་མཆོད་ཀྱི་ལས་འདི་ནི་ང་ཚོའི་མིག་གིས་མཐོང་བ་ཙམ་གྱིས་ཤིན་ཏུ་འཇིགས་སུ་རུང་པ་ཞིག་རེད། ཉེ་སྔོན་པེ་ཅིན་ཏུ་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་སྟེང་ནས་བདག་གིས་བལ་བོའི་མཁས་པ་མི་བཅུ་གཅིག་ཕེབས་ཡོད་པ་ལ་འདིའི་སྐོར་གྱི་བགྲོ་གླེང་བྱས་མྱོང་། ཁོ་ཚོས་བཤད་པར། ད་ལྟ་བལ་བོའི་རྒྱལ་ཁབ་སྲིད་གཞུང་ནས་ལུགས་སྲོལ་འདི་ལ་ངོ་རྒོལ་བྱེད་བཞིན་ཡོད་ནའང་ད་དུང་འགོག་ཐབས་མི་འདུག་ཟེར།
བོད་ཀྱི་ཆོས་སྲིད་ཟུང་འབྲེལ་དུ་དྲངས་པ་“《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གཏེར་མ་》ལྷ་སའི་པར་རྙིང་ཞིག་འདུག་པ་དེར་འཁོད་པ་ལྟར་ན། ཆོས་ལུགས་འདིས་(བོན་ཆོས་)ལོ་རེའི་སྟོན་ཀའི་དུས་སུ་ཤྭ་ཕོ་རུ་རྐྱང་ཞེས་ཤྭ་བ་ཕོ་མང་པོ་དུས་གཅིག་ཏུ་སྐེ་བཅད་ནས་བསད་པའི་ཤ་ཁྲག་གི་མཆོད་པ་འབུལ་བ་དང་། དགུན་ཁའི་དུས་སུ་བོན་ལྷ་དམར་མཆོད་ཅེས་གཡག་ལུག་ར་སོགས་ཕོ་ཕྱུགས་སྟོང་ཕྲག་གསུམ་རེ་ལོངས་པའི་སྐེ་དུས་གཅིག་ཏུ་བཅད་ནས་བསད་པ་དང་། འབྲི་ལུག་ར་སོགས་མོ་ཕྱུགས་སྟོང་ཕྲག་གཅིག་རེ་ལོངས་པའི་ཡན་ལག་རྣམས་གསོན་པོར་ལྷུ་ལག་ཕྲལ་ནས་བསད་པའི་ཤ་ཁྲག་གི་དམར་མཆོད། དཔྱིད་ཀའི་དུས་སུ་ཡུ་མོའི་བྱིན་འབྲེག་ཟེར་བ་ཤྭ་བ་ཡུ་མོ་བཞིའི་རྐང་ལག་ལྷུ་ལག་ཕྲལ་ནས་བསད་པའི་ཤ་ཁྲག་གི་དམར་མཆོད། དབྱར་ཁའི་དུས་སུ་བོན་སྟོན་བསངས་མཆོད་ཟེར་ནས་ཤིང་སྣ་དང་འབྲུ་སྣའི་བསངས་གཏོང་བ་བཅས་བྱེད་ཀྱི་ཡོད་པ་མ་ཟད། མི་ལ་ན་ཚ་བྱུང་བའི་སྐབས་སུ་སྲོག་བླུས་སྤུས་འགྱེད་ཟེར་བ། གོང་བཞིན་མི་སོ་སོའི་དཔལ་འབྱོར་ཆེ་ཆུང་ལ་གཞིགས་པའི་སེམས་ཅན་ཕོ་ཕྱུགས་དང་། མོ་ཕྱུགས་སྟོང་ཕྲག་གསུམ་ནས་མ་མཐར་ཡང་རེ་རེ་ལས་མ་བྱུང་ཡང་བསད་ནས་དམར་མཆོད་འབུལ་གྱིན་ཡོད་པ་དང་། མི་ཤི་རྗེས་འདྲེ་འདུལ་ཟེར་བ་བྱེད་སྐབས་ཀྱང་གོང་ལྟར་སེམས་ཅན་བསད་ནས་དམར་མཆོད་འབུལ་དགོས་ཀྱི་ཡོད་པ། ད་དུང་གཡང་སྒྲུབ་བྱེད་པ་དང་། མདོས་རྒྱག་པ། གླུད་གཏོང་བ། མོ་རྒྱག་པ། པྲ་ཕབ་པ། གསོན་པོ་དང་གཤིན་པོའི་རྩིས་རྒྱག་པ་སོགས་བྱེད་པར་བརྟེན། སེམས་ཅན་བསད་པའི་དམར་མཆོད་གཞི་རྒྱ་ཆེན་པོ་དེས། བོད་ཀྱི་འབྲོག་ལས་ཐོན་སྐྱེད་ལ་གནོད་སྐྱོན་ཚབས་ཆེན་ཡོང་གི་ཡོད།”[11]ཞེས་གསུངས་པ་དང་། སྒྲོལ་བ་ཞེས་སེམས་ཅན་སྲོག་ཆགས་བགྲང་ལས་འདས་པ་དང་མི་ལ་སོགས་པ་གསོན་པོར་བསད་ནས་དམར་མཆོད་བྱེད་པའི་ལུགས་སྲོལ་འདི། དང་ཐོག་རྒྱ་གར་བྲམ་ཟེ་ཆོས་ལུགས་ཀྱི་དད་མོས་བྱེད་པའི་ཆོ་ག་དེ་བོད་དུ་དར་བ་ཞིག་རེད། དུས་རབས་བཅུ་པ་དང་བཅུ་གཅིག་པའི་དུས་སུ་བོད་ཀྱི་ཡུལ་ལུང་ཀུན་ཏུ་རྒྱ་ཆེན་པོ་དར་བས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དངོས་སུ་བཀག་པའོ། །
ཡང་བཀའ་ཤོག་ལས། “སྦྱོར་བ་དར་བས་མི་རིགས་འཆོལ་བར་འདྲེས། །”ཞེས་པ་བཀའ་གདམས་ཆོས་འབྱུང་ལས། “བོད་འདིར་བསྟན་པའི་འཕེལ་འགྲིབ་ཤིན་ཏུ་མང་བར་བྱུང་། ཁྱད་པར་དུ་ཨ་ཙརྱ་དམར་པོ་བྱ་བས་གསང་སྔགས་ཐེག་པའི་སྒོར་བྱ་བ་བསྒྱུར་ནས་རབ་ཏུ་བྱུང་བ་ཐམས་ཅད་ཕབ་སྟེ་སེར་ཁྱིམ་བྱས། ཤམ་ཐབས་སྔོན་པོ་ཅན་བྱ་བ་ཅིག་བྱུང་ནས་ཀྱང་སྦྱོར་བ་དང་སྒྲོལ་བ་བྱ་བའི་ཆོས་ལོག་སྣ་ཚོགས་བསྟན་ནས། བསྟན་པ་འགྲིབ་པ་ལ་ཐུག་པ་བྱུང་།” [12] ཞེས་འབྱུང་བ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “ཨ་ཙ་ར་དམར་པོ་ཞེས་བྱ་བས་གསང་སྔགས་ཐིག་ལེའི་སྐོར་བཤད་ནས་རབ་བྱུང་བ་ཕལ་ཆེར་སེར་ཁྱིམ་ལ་བཀོད། ཕྱི་རོལ་པ་ལགས་སམ་ཤམ་ཐབས་སྔོན་པོ་ཅན་བྱ་བས་སྦྱོར་དགྲོལ་གྱི་ཆོས་བསྟན།”[13] ཞེས་སོགས་འབྱུང་། སྦྱོར་བ་ནི་ཕོ་མོ་འཁྲུགས་ཐབས་ཏེ། སྔགས་ཀྱི་ཉམས་ལེན་བྱེད་པར་ཁ་གཡར་ནས་བུད་མེད་གང་ཡིན་ལ་ཆགས་སྤྱོད་བྱེད་པ་རེད། དེ་ནི་པཎྜི་ཏ་ཤམ་ཐབ་སྔོན་པོ་ཅན་དང་ཨཱ་ཙརྱ་དམར་པོ་བཅས་ཀྱིས་གསང་སྔགས་ཀྱི་ཆགས་སྤྱོད་གྱི་གཞུང་མང་པོ་བོད་ལ་བསྒྱུར་བས། བོད་ཁམས་སུ་དགེ་འདུན་པ་རྣམས་ལ་ཆགས་སྤྱོད་ཀྱི་ལམ་དར། དེ་ནི་དུས་རབས་བཅུ་པ་ནས་བོད་དུ་དར་བའི་སྔགས་ཀྱི་ཉམས་ལེན་བྱེད་སྟངས་ཤིག་ཡིན། ད་དུང་དེ་དུས་རྒྱ་གར་དང་བལ་ཡུལ་གྱི་བྲམ་ཟེ་ཆོས་ལུགས་པ་ཨཱ་ཙརྱ་རྣམས་ནང་པའི་ཆོས་པར་བརྫུས་ཏེ་བོད་དུ་གསེར་འཚོལ་བ་དང་རྙེད་པ་འཚོལ་བའི་མི་སྡོམ་འཁྱམ་པོ་མང་པོ་བོད་དུ་བྱུང་བ་དང་། བོད་མི་རྣམས་ཀྱིས་ཕྱི་ནང་དང་བདེན་བརྫུན་གྱི་དབྱེ་འབྱེད་མ་ཤེས་པར་ཆོས་ལོག་སྤེལ་མཁན་དེ་དག་གི་རྗེས་སུ་འབྲངས་ནས། གསང་སྔགས་ཆོས་ལོག་དེ་དག་གི་ཉམས་ལེན་དང་བྱ་སྤྱོད་ཡ་མ་ཟུང་སྣ་ཚོགས་སྤེལ་བ་རེར། དེ་སྔ་དུས་རབས་བརྒྱད་པའི་ནང་བོད་བཙན་པོའི་རྒྱལ་རབས་སྐབས་སུ། བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་སྔགས་སྤྱི་དང་ཁྱད་པར་དུ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་བོད་པ་རྣམས་ཀྱིས་སྤྱོད་དུ་རུང་མི་རུང་གི་རྩོད་གཞི་མང་པོ་བྱུང་བ་དང་། མཇུག་མཐར་བཙན་པོའི་བཀས་བཅད་དེ་ཕོ་བྲང་ནས་བཀའ་ལུང་ཆོག་མཆན་ཐོབ་ཚེ། ལོ་ཙཱ་བ་རྣམས་ཀྱིས་གསང་སྔགས་ཀྱི་རྒྱུད་དེ་དག་བོད་སྐད་དུ་བསྒྱུར་བ་དང་ཉམས་ལེན་བྱེད་པ་མ་གཏོགས། དེ་མིན་རང་ཉིད་གང་འདོད་ཀྱིས་གསང་སྔགས་བསྒྱུར་བ་དང་སྤྱད་པ་བྱེད་མི་ཆོག་པར་བཀག་རྒྱ་མཛད་པ་སྒྲ་སྦྱོར་བམ་གཉིས་སོགས་ལས་བཤད།
ཕྱིས་སུ་དུས་རབས་བཅུ་པའི་ནང་《མ་ཧ་ཡོ་གའི་རྒྱུད་》དང་ 《གསང་བ་སྙིང་པོའི་རྒྱུད་》བྱ་བ་འདི་དག་བོད་དུ་དར་ནས། སྐབས་དེར་སྔགས་པ་རྣམས་གྱིས་རྒྱུད་དེ་དག་ཉམས་ལེན་བྱེད་སའི་གཞུང་རྨང་གཞི་ཞིག་ཏུ་གྱུར་ཡོད་པ་རེད། ལྷག་པར་དུ་《གསང་བ་སྙིང་པོའི་རྒྱུད་》འདི་ཉིད་ཕྱིས་སུ་རྙིང་མ་པ་དག་གིས་རྙིང་མའི་མདོ་རྒྱུད་སེམས་གསུམ་ཞེས་པའི་གྲས་སུ་ཡོད་པའི་རྒྱུད་འཕྲུལ་རྣམས་ཀྱི་གཙོ་བོར་འདོད། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱུད་གཞུང་དེ་མ་དག་པར་ངོས་འཛིན་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱུད་དེའི་ནང་དུ་“སྦྱོར་བ་”དང་“སྒྲོལ་བ”སོགས་ཀྱི་ལྟ་སྤྱོད་མང་དུ་བཤད་ཡོད་པ་དང་། 《གསང་བ་སྙིང་པོའི་རྒྱུད་》བྱ་བ་དེའི་ལེའུ་བཅུ་གཅིག་པའི་ནང་སྦྱོར་སྒྲོལ་ཚོགས་གསུམ་གྱི་ཆོ་གའི་ཉམས་ལེན་སྐོར་རྒྱུད་གཞན་ལས་རྒྱས་པར་བཤད་ཡོད། དེ་བས་རྒྱུད་དེ་དག་ལ་ཁུངས་བཙན་པོ་མེད་པར་རྒྱུད་རྫུན་མ་སྟེ་ཕྱི་རོལ་བའི་ཆོས་ལོག་ཡིན་པར་བཤད། སྐབས་དེར་ཆོས་དེ་སྤེལ་མཁན་གྱི་སྔགས་པ་རྣམས་ཀྱིས་ཆོས་ཀྱི་ཡོན་གྱི་ཆེད་དུ་མང་ཚོགས་ཀྱི་ལག་ནས་སྒོ་ཕྱུགས་མང་པོ་དང་ཅ་དངོས་སྣ་མང་ཅི་རིགས་ལེན་པ་དང་། བུད་མེད་དག་ཁྱོ་ག་ཡོད་མེད་ལ་མ་བལྟོས་པར་གསང་སྔགས་ཀྱི་ཐིག་ལེ་ཉམས་ལེན་བྱེད་པར་ཁ་གཡར་ནས། གང་འདོད་དུ་བུད་མེད་རྣམས་ལ་ཆགས་སྤྱོད་དང་རང་གི་བདག་མོར་འཛིན་པ་བཅས་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། ཁྱིམ་གྱི་བཟའ་ཟླ་བར་བཅས་ལ་བཟའ་འཐོར་དང་སྤྱི་ཚོགས་སྟེང་འགལ་ཟླ་སྣ་ཚོགས་བཟོས་ཏེ་སྤྱི་ཚོགས་དང་བཟའ་ཟླའི་བར་གཏོར་བརླག་ཚབས་ཆེན་བཟོས་པ་རེད། སྐབས་དེར་ངག་རྒྱུན་ལ་སྔགས་པ་རེ་ལ་སྔགས་མ་བརྒྱ། མཁན་པོ་རེ་ལ་སྔགས་མ་སྟོང་ཞེས་པ་བསྡུས་ནས་གསང་སྔགས་ཀྱི་ཐིག་ལེ་མཉམ་སྦྱོར་བྱེད་པའི་ཆགས་སྤྱོད་གང་འདོད་དུ་བྱེད་པ་དར།
ཡང་བཀའ་ཤོག་ལས། “སྨན་སྒྲུབ་དར་བས་ནད་པས་གསོ་རྐྱེན་ཆད། །བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་། །”ཞེས་པ་ནི་སྨན་སྒྲུབ་བྱེད་པ་ཡིན་ཞེས་ཤ་ལྔ་དང་བདུད་རྩི་ལྔ་དང་སྨན་བཟང་པོ་རྣམས་བསགས་ནས་གསང་སྔགས་ཀྱི་མཆོད་རྫས་སུ་ཕུལ་ནས་དངོས་གྲུབ་སྒྲུབ་པ་དང་། བདུད་རྩི་རིལ་བུ་སྒྲུབ་པ་སོགས་བྱས་ནས་སྨན་བཟང་པོའི་རྒྱུ་ཆ་རྣམས་དེའི་ཕྱོགས་སུ་བཏང་པས། ནད་པ་ལ་ནད་གསོ་བའི་སྨན་མེད་པས་ན་ནད་པའི་གསོ་རྐྱེན་ཆད་པ་དང་། བམ་སྒྲུབ་ཅེས་བ་རོ་ལངས་གསེར་སྒྲུབ་ཅེས་མི་རོ་ཡོན་ཏན་ཚང་བ་ཞིག་རྙེད་ན་དེ་ལས་དངོས་གྲུབ་སྒྲུབ་ཏེ། རབ་མཆོག་གི་དངོས་གྲུབ་བརྙེས་ན་མི་རོ་དེ་ལ་བརྟེན་ནས་དག་ཞིང་དུ་བསྒྲོད་ནུས་པར་འདོད་པ་དང་། ཐ་མ་མི་རོ་དེ་ཡང་གསེར་དུ་བསྒྱུར་པའི་དངོས་གྲུབ་འབྱུང་བར་འདོད་པས་མི་རོ་ལ་མཆོད་པ་ལས་དུར་མཆོད་མི་བྱེད་པའི་སྲོལ་དར་བ་རེད། མི་རོ་ལ་བསྟེན་ནས་དངོས་གྲུབ་སྒྲུབ་པ་འདི་ནི་བྲམ་ཟེའི་ཆོས་ལུགས་ཁོ་ན་ཡིན་ཏེ། རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་ནང་དུ་མི་རོ་ལ་བསྟེན་ནས་དངོས་གྲུབ་སྒྲུབ་པའི་སྐོར་གྱི་སྔགས་དང་ཆོ་ག་མང་དུ་ཡོད།
ཡང་བཀའ་ཤོག་ལས། “མཆོད་སྒྲུབ་དར་བས་མི་ལ་གསོན་སྒྲོལ་བྱུང་། །”ཞེས་པ་མཆོད་སྒྲུབ་བམ་ཚོགས་སྒྲུབ་ཞེས་སྐྱེ་བོ་གཟུགས་མཛེས་ཤིང་ཡོན་ཏན་ཚང་བ་ཞིག་རྙེད་ན། དེ་ལས་རང་ཉིད་ལ་དངོས་གྲུབ་འབྱུང་བར་འདོད་ནས་སྐྱེ་བོ་དེ་དངོས་སུ་གསད་དེ། དེའི་རོ་ལ་རོ་སྒྲུབ་བྱེད་པའི་གསོན་སྒྲོལ་བྱེད་པ་བྱུང་། དེ་བས་མཆོད་སྒྲུབ་ཞེས་པ་འདི་ནི་མི་གསོན་པོར་ཁོ་ན་སྒྲོལ་བ་ཡིན་གྱི་གཤིན་པོ་ལ་བསྒྲལ་རྒྱུ་མེད་པས་ལྷ་བླ་མའི་སྐབས་སུ་གསང་སྔགས་ལ་བསྙད་པའི་སྤྱོད་ཚུལ་ངན་པ་དེ་འདྲ་བྱུང་བ་རེད། ཏཱ་ར་ན་ཐས་མཛད་པའི་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་ཅེས་པ་ལག་བྲིས་མ་ལས། “བྱང་ཆུབ་རྒྱ་མཚོ་དང་ཆོས་རྒྱལ་རྒྱ་མཚོ་གཉིས་ཀྱིས་གོག་རྡོ་རྗེ་ཀུན་ཐུབ་ཁྲིད་དེ་མྱང་སྨད་པ་སྣམ་དུ་ཕེབས་ཚེ། ཨར་ཚོ་བན་དེ་བཅོ་བརྒྱད་ཀྱི་ཁོང་དཔོན་གཡོག་གསུམ་བཟུང་། དེ་སྐབས་སྦྱོར་སྒྲོལ་དར་བས་མཁའ་འགྲོའི་མཆོད་རྫས་བྱེད་ཟེར་ནས་རྐང་ལག་ཕུར་པས་བརྒྱངས་པས་གཅེན་གྱིས་བརྡ་སྐད་ཐེངས་གསུམ་བསྒྲགས། གཅུང་པོས་ཕུར་པས་ཁྲབ་ཤོན་བྱས། ཐམས་ཅད་བརྒྱལ་རྨོངས་རེངས་ལ་སོགས་པའི་རྫུ་འཕྲུལ་བསྟན།” ཞེས་སོགས་དང་། དུས་སྐབས་དེར་བོད་ཀྱི་སྤྱི་ཚོགས་ནང་དུ་ཁྲིམས་མེད་པའི་དབང་གིས་བྱ་སྤྱོད་སྣ་ཚོགས་ཧ་ཅང་འཕེལ་རྒྱས་བྱུང་བ་རེད། ལུགས་སྲོལ་འདི་ད་ལྟ་ཡོད་མེད་མ་ཤེས་ཀྱང་དུས་རབས་ཉི་ཤུ་པའི་ཡར་སྔོན་དུ་དབུས་གཙང་གི་ས་ཁུལ་ཁ་ཤས་སུ་ད་དུང་ཡོད་པར་བཤད། ཡང་བཀའ་ཤོག་ལས། “སྲིན་པོ་ཤ་ཟ་མཆོད་པས་མི་ནད་ཕྱུགས་ནད་བྱུང་། །”ཞེས་པ་སྲིན་པོ་ཤ་ཟའི་རིགས་ཀྱི་འབྱུང་པོ་དང་ཐེའུ་རང་དང་། སྲུང་མ་འདྲ་མིན་སྣ་ཚོགས་དང་གཞི་བདག་དང་། ལྷ་ཀླུ་འདྲེ་གསུམ་སོགས་ལ་མཆོད་པ་བྱེད་པ་དར་བས། མི་ལ་ནད་ཚ་དང་ཕྱུགས་ལ་གོད་ཁ་དང་ཕྱུགས་ནད་སྣ་ཚོགས་བྱུང་བར་བཤད།ཡང་བཀའ་ཤོག་ལས། མེ་བསུར་དུད་པ་བཏང་བས་ཡུལ་གྱི་ལྷ་ཀླུ་འཕུངས། །དེ་ལྟར་སྤྱོད་པ་ཐེག་ཆེན་ཡིན་ནམ་ཅི། །ཞེས་ཡུལ་ལྷ་གཞི་བདག་ལ་མཆོད་པའི་བསང་གཏོང་སྐབས་བསང་གི་སྟེང་དུ་ར་ལུག་སོགས་ཀྱི་ཤ་ཁྲག་བཞག་ནས་དམར་མཆོད་བྱས་པས་ཡུལ་ལྷ་གཞི་བདག་རྣམས་འཕུང་བར་བྱས་པ་བཅས་ཀྱི་སྤྱོད་པ་འདི་དག་ནི་ཐེག་པ་ཆེན་པོའི་ཆོས་ཡིན་མ་ཡིན་པར་བཤད། ཡང་བཀའ་ཤོག་ལས། “ཁྱེད་ཅག་གྲོང་གི་མཁན་པོ་སྔགས་པའི་སྤྱོད་ཚུལ་འདི། །རྒྱལ་ཁམས་གཞན་དུ་ཐོས་ན་གཞན་དག་ངོ་མཚར་རྒྱུ། །ངེད་ཅག་སངས་རྒྱས་ཡིན་ནོ་ཟེར་བའི་སྤྱོད་པ་ནི། །ལས་ཀྱི་སྲིན་པོ་བས་ནི་སྙིང་རྗེ་ཆུང་། །ཁྲ་དང་སྤྱང་ཀུ་བས་ནི་ཤ་དད་ཆེ། །བོང་རེངས་གླང་རེངས་བས་ནི་འདོད་ཆགས་ཆེ། །ཁང་རུལ་སྦུར་གོག་བས་ནི་སྐྱུར་དད་ཆེ། །ཁྱི་དང་ཕག་པ་བས་ནི་གཙང་བཙོག་ཆུང་། །གཙང་མ་ལྷ་ཡི་རིགས་ལ་དྲི་ཆེན་དང་། །དྲི་ཆུ་ཁ་ཆུ་ཁྲག་གིས་མཆོད་ཕུལ་བས། །རོ་མྱགས་འདམ་དུ་སྐྱེ་བ་སྙིང་རེ་རྗེ། །”ཞེས་ཁྱོད་ཅག་གྲོང་ན་གནས་པའི་མཁན་པོ་སྔགས་པ་རྣམས་ཀྱི་སྤྱོད་ཚུལ་ངན་པ་འདི་དག་ནི། རྒྱལ་ཁམས་གཞན་གྱི་མིས་མཐོང་བ་དང་ཐོས་ན་དེ་དག་ཧང་སངས་ནས་ངོ་མཚར་སྐྱེས་པ་དང་། ད་དུང་གྲོང་སྔགས་མཁན་པོ་ཁྱོད་ཅག་རྣམས་ཀྱིས་ངེད་ཅག་སངས་རྒྱས་ཡིན་ནོ་ཟེར་བའི་སྤྱོད་པ་ངན་པ་འདི་འདྲ་བ་ནི། དོན་ལ་ལས་ཀྱི་དབང་གིས་སྲིན་པོར་སྐྱེས་བ་རྣམས་ལས་ཀྱང་སྙིང་རྗེ་ཆུང་བ་དང་། བྱ་ཁྲ་དང་། སྤྱང་ཀུ་དང་། གཅན་གཟན་བས་ནི་ཤ་དང་ཁྲག་ལ་རྔམས་པ་ཆེ་བ། བོང་རེངས་གླང་རེངས་སྟེ་བོང་གསེབ་དང་གླང་གསེབ་ལས་ཀྱང་འདོད་ཆགས་ཆེ་བ་དང་། ཁང་རུལ་སྦུར་གོག་ལས་ཀྱང་སྐྱུར་རིགས་ལ་དགའ་བ་དང་། མི་གཙང་བའི་ཁྲོད་ན་འདུག་པའི་ཁྱི་དང་ཕག་པ་ལས་ཀྱང་གཙང་བཙོག་མེད་པ། གཙང་མ་ལྷ་ཡི་རིགས་ལ་དྲི་ཆེན་དྲི་ཆུང་སྟེ་གཅིན་སྐྱག་དང་ཁ་ཆུ་དང་ཁྲག་གིས་མཆོད་པ་ཕུལ་བས། གྲོང་སྔགས་མཁན་པོ་ཁྱོད་ཅག་རྣམས་མ་འོངས་པར་དམྱལ་པ་རོ་མྱགས་ཀྱི་འདམ་དུ་སྐྱེ་བར་འགྱུར་བ་སྙིང་རེ་རྗེ་ཞེས་གསུངས་པ་དང་།
ཡང་བཀའ་ཤོག་ལས། “སྡེ་སྣོད་གསུམ་གྱི་ཆོས་ལ་སྐུར་བཏབ་པས། །མནར་མེད་དམྱལ་བར་སྐྱེ་བ་སྙིང་རེ་རྗེ། །སྒྲོལ་བས་སྲོག་ཆགས་བསད་པའི་རྣམ་སྨིན་གྱིས། །ལས་ཀྱི་སྲིན་པོར་སྐྱེ་བ་སྙིང་རེ་རྗེ། །སྦྱོར་བས་འདོད་ཆགས་དར་བའི་རྣམ་སྨིན་གྱིས། །མངལ་གྱི་སྲིན་འབུར་སྐྱེ་བ་སྙིང་རེ་རྗེ། །ཤ་ཁྲག་གཅིན་གྱིས་དཀོན་མཆོག་གསུམ་མཆོད་ཅིང། །ལྡེམ་དགོངས་མི་ཤེས་དྲང་ཐད་ཆོས་སྤྱོད་པ། །གནོད་སྦྱིན་སྲིན་པོར་སྐྱེའོ་ཐེག་ཆེན་པ། །”ཞེས་གྲོང་སྔགས་མཁན་པོ་ཁྱོད་ཅག་རྣམས་ཀྱིས་སངས་རྒྱས་ཀྱིས་དངོས་སུ་གསུངས་པའི་བཀའ་སྡེ་སྣོད་གསུམ་ལ་དངོས་སུ་སྐུར་བ་བཏབ་པ་ལས་བྱུང་བའི་རྣམ་སྨིན་གྱིས་དམྱལ་བ་མནར་མེད་དུ་སྐྱེ་བར་འགྱུར་བ་སྙིང་རེ་རྗེ་ཞེས་པ་དང་། སྒྲོལ་བ་སྟེ་མི་དང་སྲོག་ཆགས་སྣ་ཚོགས་བསད་པའི་རྣམ་སྨིན་གྱིས། ལས་ཀྱི་དབང་གིས་མ་འོངས་པར་སྲིན་པོར་སྐྱེ་བར་འགྱུར་བས་གྲོང་སྔགས་མཁན་པོ་ཁྱོད་ཅག་རྣམས་སྙིང་རེ་རྗེ་ཞེས་དང་། བུད་མེད་ལ་ཡིད་ཤིན་ཏུ་ཆགས་པའི་སྦྱོར་བས་འདོད་ཆགས་ཀྱི་རྣམ་སྨིན་གྱིས། ཁྱོད་ཅག་མ་འོངས་པར་བུད་མེད་ཀྱི་མངལ་གྱི་སྲིན་འབུ་རུ་སྐྱེ་བར་འགྱུར་བ་སྙིང་རེ་རྗེ་ཞེས་དང་། སེམས་ཅན་གྱི་ཤ་དང་ཁྲག་དང་གཅིན་གྱིས་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་ཅིང་། ལྡེམ་དགོངས་ཏེ་རྒྱལ་བའི་གསུངས་རབ་ལ་དྲང་ངེས་ཀྱི་དབྱེ་བ་མི་ཤེས་པར་དྲང་བའི་དོན་གྱི་ཆོས་རྣམས། སྒྲ་ཇི་བཞིན་པར་ཐད་ཀར་གོ་བ་ཕྱིན་ཅི་ལོག་ཏུ་བླངས་ནས་ཆོས་ལོག་སྤྱོད་པ་ཁྱོད་རྣམས་ཕྱི་མར་གནོད་སྦྱིན་སྲིན་པོའི་རིགས་སུ་སྐྱེའོ་གྲོང་སྔགས་མཁན་པོ་ཚོ་ཞེས་པ་དང་། ཁྱོད་ཚོས་ལུས་ངག་གི་སྤྱོད་པ་འདི་དག་གིས་འཚང་རྒྱ་ངེས་ན། རྔོན་པ་ཉ་པ་དང་། ཤན་པ་སྟེ་སྐམ་ལུག་སོགས་བཤའ་མཁན། སྨད་འཚོང་མ་ལ་སོགས་པ་ཐམས་ཅད་གཅིག་ཀྱང་མ་ལུས་པར་བྱང་ཆུབ་ཐོབ་པར་ངེས་ཏེ་འཚང་རྒྱ་བར་ངེས་སོ་ཞེས་དེ་འདྲ་གཏན་ནས་མི་སྲིད་པའོ་ཞེས་གསུངས། དེ་ལྟར་པུ་ཧྲངས་ཀྱི་རྒྱལ་པོ་ལྷ་བླ་མས་བོད་ཀྱིས་བོད་ཀྱི་སྤྱི་ཚོགས་ཡོངས་ལ་ཐུགས་འཁུར་ཚད་མེད་གནང་ནས་ཆོས་ལོག་སུན་འབྱིན་གྱི་བཀའ་ཤོག་གསུངས་ནས་བོད་ཀྱི་ཡུལ་ཁམས་སོ་སོར་འགྲེམས་སྤེལ་གནང་ནའང་། བོད་མི་རྨོངས་ཞེན་ཆེ་བ་དང་ལྟ་བ་མཁྲེགས་འཛིན་མཁན་རྣམས་ལ་ཕན་ཐོགས་ཆེན་པོ་མ་བྱུང་པ་ནི། ཐུབ་བཀྭན་གྲུབ་མཐའ་ལས། “ལྷ་བླ་མ་ཡེ་ཤེས་འོད་དང་། ཕོ་བྲང་ཞི་བ་འོད་དང་ལོ་ཆེན་རིན་བཟང་སོགས་ཀྱིས་ཆོས་ལོག་སུན་འབྱིན་གྱི་ཡི་གེ་བྲིས་ནས་བཀྲམ་པས་ཀྱང་མ་ཕན་”[14]ཞེས་པར་བལྟས་ན། དེ་སྔ་ལྷ་ལུང་དཔལ་རྡོར་གྱིས་བོད་བཙན་པོས་རྒྱལ་རབས་རྨང་ནས་གཏོར་ཏེ་མཇུག་རྫོགས་པར་བྱས་ཡོད་སྟབས། བོད་ཀྱི་སྤྱི་ཚོགས་ནི་ཕྱོགས་ཡོངས་ནས་འཐོར་བཤིག་ཏུ་གནས་ཡོད་པས། སྐབས་དེར་བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་དང་རྒྱལ་ཁྲིམས་བཙན་པོ་ཞིག་མེད་པའི་དབང་གིས། ལྷ་བླ་མ་ཡེ་ཤེས་འོད་དང་། ཕོ་བྲང་ཞི་བ་འོད་དང་ལོ་ཆེན་རིན་བཟང་སོགས་ཀྱིས་ཆོས་ལོག་སུན་འབྱིན་དང་སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག་ཡི་གེ་བྲིས་ནས་བཀྲམ་ཀྱང་ཕན་ནུས་ཆེར་མ་བྱུང་དང་། ལོ་ཙཱ་པ་ཆེན་པོ་རིན་ཆེན་བཟང་པོས་མཛད་པའི་ཆོས་ལོག་སུན་འབྱིན་གྱི་ཡི་གེ་དེ་ནི། ད་ལྟ་བོད་ཕྱི་ནང་གང་དུ་འབད་པས་བཙལ་ཀྱང་ལག་སོན་མ་བྱུང་མོད། ཉེ་བའི་ལོ་འགའི་སྔོན་དུ་དེ་སྔ་རྒྱལ་དབང་ལྔ་པས་ཉར་ཚགས་གནང་བའི་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་ནས། སྔགས་ལོག་སུན་འབྱིན་གྱི་ཡིག་ཆ་དེ་གསར་དུ་རྙེད་པ་དང་། མཚན་བྱང་ལ་《སྔགས་ལོག་སུན་འབྱིན་ལོ་ཆེན་རིན་བཟང་གིས་མཛད་པ་》ཞེས་བཀོད་འདུག །འདི་ལ་ཁྱོན་བསྡོམས་སྣེ་རིང་ཤོག་ལྡེབ་བརྒྱ་དང་བཞི་ཡོད་པ་དང་ཡི་གེ་དབུ་མེད་ཀྱིས་བྲིས་ཡོད། རྗེས་མར་བོད་རིག་པ་སྨྲ་བ་རྣམས་ལ་ཞབས་འདེགས་ཀྱི་ཚུལ་དུ་པར་སྐྲུན་གནང་སྟེ་གཟིགས་འབུལ་དུ་གནང་རྒྱུར་བཀའ་དྲིན་ཆེ་ཞུ་བ་ལགས། ཅེས་བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་དུ་ཆོས་ལོག་སྣ་ཚོགས་དར་བ་ལ་དཔྱད་པ་ཅེས་པའི་དཔྱད་རྩོམ་འདི་ནི་ལོ་ངོ་དུ་མའི་རིང་ལ་དཔྱད་གཞིའི་ཡིག་ཆ་དུ་མ་བསགས་ནས་ཞིབ་ཏུ་དཔྱད་དེ་བྲིས་པ་ལགས་སོ།།
དཔྱད་ཡིག་དང་ཞབས་མཆན།
[1] འཇམ་དཔལ་རྩ་རྒྱུད་ཀྱི་ལུང་འདི་ལྟར་ན་ལྷ་བླ་མ་ཡེ་ཤེས་འོད་དགུང་ལོ་བརྒྱད་ཅུར་བཞུགས་པར་གསུངས་ཡོད་ཀྱང་། གུ་གེ་པཎྜི་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་ལྟར་ན་དགུང་ལོ་དོན་གཉིས་ལ་བཞུགས་པར་བཤད།
[2] 《ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཁམས་སུ་སྩལ་བའི་བཀའ་ཤོག།》 སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་དགག་ལན་ངེས་དོན་འབྲུག་སྒྲར་དྲངས་པ་ལས་བཤུས། ལག་བྲིས་མའི་ཤོག་ངོས་89-92པར་གསལ།
《དགག་ལན་ངེས་དོན་འབྲུག་སྒྲ།》སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་བརྩམས། P 181-186 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1997.
[3] 《སྦ་བཞེད་ཞབས་བཏགས་མ།》 ཤོག་ངོས་202བར་གསལ། སྦ་གསལ་སྣང་གིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990-10. ཡང་《དཔའ་བཞེད་ཞབས་བཏགས་མ་》ཤོག་ངོས་251བར་གསལ། སྦ་གསལ་སྣང་གིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010-11.
[4]《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབངས།》རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 1988. P.81
[5]《སྦ་བཞེད།》སྦ་གསལ་སྣང་གིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012. P.148—149
[6]གདུང་རབས་ལྔ་པ་ཞིག་ནས་ཞེས་པ། 1.རྒྱལ་པོ་དར་མ་ཨུ་དུམ་བཙན་དང་། 2.འོད་སྲུངས། 3.མངའ་བདག་དཔལ་འཁོར་བཙན། 4.སྐྱིད་ལྡེ་ཉི་མ་མགོན། 5.བཀྲ་ཤིས་མགོན་བཅས་ཀྱི་རིང་ལ་གོ །གཙུག་ལག་ནི་བོན་ཞེས་པ་མངའ་རིས་ཀྱི་སའི་ཆ་ལ་ལར་གཙུག་ལག་ཁང་ནི་བོན་གྱིས་འཛིན་པ་དང་། གཤིན་ནི་ནག་པོ་ཞེས་པ་བོན་ལ་གོ། གསོན་པོ་རྣམས་ལོག་ཆོས་སྤྱོད་ཅིང་། གཤིན་པོ་རྣམས་དུར་དུ་འགྲུབ་ཞེས་པ་དེ་དུས་མི་ཤི་བའི་རྗེས་སུ་ས་འོག་ཏུ་སེམས་ཅན་གསོན་སྦས་བྱས་ཏེ་སྡིག་པའི་ཆོས་ལོག་སྤྱོད་པ་སྟེ་གཤིན་པོར་སྡིག་རྫོང་འདེབས་པ་བྱུང་བ་ལ་ཟེར། གཤིན་པོར་སྡིག་རྫོང་འདེབས་པ་ཞེས་པ་སེམས་ཅན་མང་པོ་གསད་ནས་གཤིན་པོ་ལ་དམིགས་པའི་དགེ་བ་བསྒྲུབ་པ་ལ་ཟེར།
[7]《དབའ་བཞེད།》 དབའ་གསལ་སྣང་གིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012.
[8]《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ།》ཤོག་ངོས་73པར་གསལ། མི་རིགས་དཔེ་སྐྲུན་ཁང་། 2012.
[9] 《བསྟན་འགྱུར་དཔེ་བསྡུར་མ་》དེབ། 1. བསྟོད་ཚོགས། ཤོག་ངོས་5པར་གསལ།
[10] 《རཱ་མ་ཎའི་རྟོགས་བརྗོད། སྡེ་ཚན་དང་པོ། གཞོན་ནུའི་སྡེ།》ཤོག་ངོས་44པར་གསལ། དྲང་སྲོང་གྲོག་མཁར་གྱིས་བརྩམས། ཨོ་རྒྱན་གྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2017-11.
[11] མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་པོད་《ང་》བའི་ཤོག་ངོས་12—13པར་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བཏོན། 2004.
[12]《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ།》ཤོག་ངོས་73པར་གསལ། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011.
[13]《ཆོས་འབྱུང་མཁས་པའི་དགའ་སྟོན།》ཤོག་ངོས་343པར་གསལ། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 2017.
[14] 《ཐུབ་བཀྭན་གྲུབ་མཐའ།》 ཤོག་ངོས་84པར་གསལ། ཐུབ་བཀྭན་ཆོས་ཀྱི་ཉི་མས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1984.
– – – – –