དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཞིབ་འཇུག

ནང་དོན་གནད་བསྡུས རྩོམ་ཡིག་འདིའི་ནང་དུ་ཡིག་ངག་གཉིས་ཐོག་ཏུ་གསལ་བའི་གནས་ཚུལ་ཁག་གཞིར་བཞག་སྟེ། དགེ་འདུན་ཆོས་འཕེལ་གྱི་སྣང་བརྙན་ཇི་འདྲ་ཞིག་ཡིན་པ་དང་། ད་ལྟ་མཇལ་དུ་ཡོད་པའི་ཁོང་གི་སྐུ་པར་གང་དང་གང་བཞུགས་པ། སྐུ་པར་དེ་དག་གི་ཡོང་ཁུངས་དང་ལོ་རྒྱུས་སོགས་གསལ་པོར་བྲིས་ཏེ། རྩོད་གཞི་ཅན་གྱི་སྐུ་པར་རེ་ཟུང་ལ་དཔྱད་པ་བཏང་ཡོད་ལ། ད་དུང་ང་ཚོས་མཇལ་མྱོང་མེད་པའི་སྐུ་པར་ཡོད་མེད་གྱི་གནས་ཚུལ་ངོ་སྤྲོད་དང་། དམ་པ་འདིའི་སྐུ་པར་ལ་འཁྲུལ་བའི་པར་གཞན་གཉིས་ཀྱི་སྐོར་ལའང་གསལ་བཤད་བགྱིས་ཡོད།

གནད་ཚིག དགེ་འདུན་ཆོས་འཕེལ། རཀ་ར་རིན་པོ་ཆེ། ཧོར་ཁང་བསོད་ནམས་དཔལ་འབར། ཀ་ཤོད་སྲས། དགེ་སློང་ཇི་ཎོ་རཱ་སཱི། ཕེ་ནེ་མུ་ཁར་ཇི། དགེ་སློང་མཧེཎྜ། བཀྲ་ཤིས་སྒང་པ་འཕྲིན་ལས་སྟོབས་རྒྱས། ཁམས་མོ་པ་སངས་སྒྲོལ་མ།

གླེང་གཞི།

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པའི་ཚེས་ ༧ ཉིན་གྱི་ཕྱི་དྲོར། ཁོ་བོས་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་གི་ཚན་པ་རེ་ཟུང་ཡང་བསྐྱར་བཀླགས་རྗེས། དམ་པ་འདིའི་ལོ་རྒྱུས་སྐོར་ཞིག་ཕྱིར་དྲན་བྱས་པ་ཡིན། དེང་སང་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྐོར་བྲིས་པའི་དེབ་དང་རྩོམ་ཡིག བཅར་འདྲི་སོགས་ཀྱིས་མཚོན་པའི་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་ཤིག་ཡོད་པས། མཁྱེན་ལྡན་པ་ཞིག་གིས་དམ་པ་འདིའི་རྣམ་ཐར་གསར་པ་ཞིག་འབྲི་རྩོམ་གནང་ཐུབ་ན་ཅི་མ་རུང་སྙམ་སྟེ། སྔར་བཞིན་ཁོང་ལ་དགའ་ཞེན་གྱི་འདུན་པ་འགོག་མེད་དུ་སྐྱེས་པར་མ་ཟད།  སྐྱོ་གདུང་གི་ཚོར་བ་ཞིག་ཀྱང་དྲག་ཏུ་བརྡོལ་པར་གྱུར། སེམས་ཚོར་དེས་བསྐུལ་ཏེ‘‘དགེ་འདུན་ཆོས་འཕེལ’’ཞེས་པའི་རང་མོས་སྙན་ངག་ཅིག་ཀྱང་འཕྲལ་དུ་བྲིས་རྗེས། ཁོང་སྐུ་གཤེགས་ཁར་བསྒྲོན་པར་གྲགས་པའི་སྐུ་པར་དང་སྙན་ངག་གཉིས་ལྷན་གཅིག་ཏུ་ངོ་དེབ་ཏུ་སྤེལ་བར། ལར་ནས་སྐུ་པར་དེ་ནི་དམ་པ་ཁོང་མ་རེད་ཅེས་མཆན་བུ་རེ་ཟུང་བྲིས་ཡོད་པ་མཐོང་ཡང་། མིན་ལུགས་མིན་སྟངས་ཀྱི་རྒྱུ་མཚན་བྲིས་མི་འདུག ཁོ་བོར་ཡང་སྐུ་པར་འདི་དགེ་འདུན་ཆོས་འཕེལ་ཡིན་པའི་རྒྱུ་མཚན་ཞིབ་ཕྲ་ཞུ་རྒྱུ་མེད་པས། དོན་དངོས་སུ་སྐུ་པར་དེ་ནི་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཡིན་མིན་རྩད་གཅོད་བྱེད་འདོད་བྱུང་།

ཐོག་མར་བརྗོད་གཞི་འདི་ནི་གལ་འགངས་ཆེན་པོ་མིན་པ་དང་ལས་སླ་པོ་ཞིག་ཏུ་ཚོར་ནའང་། སྐུ་པར་འདིའི་སྐོར་གྱི་གནས་ཚུལ་ཁག་ཞིབ་པར་བཀླགས་རྗེས། བརྗོད་གཞི་འདི་ནི་གླེང་རིན་མེད་པ་དང་སླ་ཆོས་སུ་མཐོང་བའི་ཚོར་བ་བན་བུན་དེ་སྐད་ཅིག་ཏུ་ཡལ། དེར་བརྟེན། ཁོང་གི་སྐུ་པར་གཞན་དག་གི་ཡོངས་ཁུངས་དང་སྤྱི་ཚོགས་སུ་ཐོག་མར་འགྲེམ་མཁན་སུ་ཡིན་དང་འབྲེལ་བའི་སྐོར་ལའང་དོ་སྣང་སླེབས་ཏེ་འབད་པ་ཆེན་པོས་བཙལ་འཚོལ་བྱས་པའི་བརྒྱུད་རིམ་ནང་། དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཁག་ཅིག་སྤྱི་ཚོགས་ཁྲོད་དུ་དངོས་སུ་འགྲེམ་མཁན་གྱི་མི་སྣ་རེ་ཟུང་ལ་འབྲེལ་བ་བྱུང་བར་མ་ཟད། སྔར་གོ་ཐོས་བྱུང་མྱོང་མེད་པའི་གནས་ཚུལ་སྐོར་ཞིག་ཀྱང་རག་སོན་བྱུང་བས། ཁོ་བོས་ཡིག་ངག་གཉིས་ཐོག་ཏུ་ཡོད་པའི་སྐུ་པར་ཁག་གི་གནས་ཚུལ་ཁག་ཕན་ཚུན་དཔྱད་བསྡུར་བྱས་ཏེ་རྩོམ་ཡིག་འདི་འབྲི་བའི་ངལ་བར་ཞུགས་པ་ཡིན།

གཅིག དགེ་འདུན་ཆོས་འཕེལ་གྱི་སྐུ་པར།

དགེ་འདུན་ཆོས་འཕེལ་གྱི་ཞལ་སློབ་དང་གྲོགས་པོ་རྣམས་ཀྱིས་ཡིག་ངག་གཉིས་ཐོག་ནས་གསུངས་པའི་ལོ་རྒྱུས་ཁག་བཀླགས་ཚེ། ཁོང་གི་སྣང་བརྙན་ནི་རྟོག་སྒྲུང་འབྲི་མཁན་ཚོས་མི་སྣ་ཞིབ་འབྲི་བྱས་པ་ལྟར་དེ་འདྲའི་གསལ་པོ་ཞིག་མིན་མོད། རྒྱུ་ཆ་དེ་དག་ལས་ཁོང་ནི་སྐུ་གཟུགས་འབྲིང་ཙམ་དང་། སྐུ་ཤ་སྐམ་པོ། ཞལ་ན་འབྲུམ་ཤུལ་ཡོད་པ། སོ་ཞོ་ཤིན་ཏུ་དཀར་བའི་སྐྱེས་བུ་རྣམ་དཔྱོད་ཅན་ཞིག་ཡིན་པ་ཤེས་ཐུབ་པར་མ་ཟད། ད་དུང་ཁོང་གིས་ཕྱུ་པ་དང་ཞྭ་མོ་གྱོན་སྟངས། གསུང་མོལ་གནང་སྟངས། ཐ་ན་ཨ་རག་བཞེས་སྟངས་ཚུན་ཆད་ཀྱང་གསལ་པོར་རྟོགས་ཐུབ་པས་འདིར་དགོས་པ་མེད་སྙམ་དང་བཅས་མ་བྲིས་ཀྱང་། དམ་པ་འདིའི་སྐོར་ལ་དོ་སྣང་བྱེད་མཁན་ཚོར་མཚོན་ན། དགེ་འདུན་ཆོས་འཕེལ་ཞེས་པའི་མིང་འདི་ཐོས་ཚེ། ང་ཚོའི་མིག་ལམ་དུ་སྐུ་པར་རེ་ཟུང་ཁྲ་ལམ་མེར་མངོན་ཡོང་།

དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་ཡིག་ཆ་དང་ངག་རྒྱུན་སོགས་རྩད་གཅོད་ཀྱི་སླད་དུ། བོད་དང་རྒྱ་གར། ནུབ་ཕྱོགས་ཀྱི་རྒྱལ་ཁོངས་འདྲ་མིན་དུ་བཞུགས་པའི་ཁོང་གི་ཞལ་སློབ་མང་པོར་བཅར་འདྲི་བགྱིས་ཏེ་ཞིབ་འཇུག་གནང་མཁན་ནི་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་དང་། ལྕམ་སྐུ་བདེ་སྦྱིན་བཟང་མོ།(Heather Stoddard)  ཡུ་རོབ་པ་སྐུ་ཞབས་ལཱིག ཤེ་ཌི་ལེན (Luc Schaedler) རྣམ་པ་གསུམ་ཡིན་པར་འདོད། ཀིརྟི་སྤྲུལ་སྐུས་མཛད་པའི«དགེ་འདུན་ཆོས་འཕེལ་གྱི་རབ་བྱེད»དང་། «དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ»གཉིས་ཀྱི་ནང་དུ། རིན་པོ་ཆེས་དགེ་འདུན་ཆོས་འཕེལ་གྱི་སྐོར་འཚོལ་ཞིབ་གནང་བའི་བརྒྱུད་རིམ་ཁྲོད་དུ་སྐུ་པར་འགའ་རག་སོན་བྱུང་བའི་ལོ་རྒྱུས་འབྲི་རྩོམ་གནང་འདུག་མོད། ཁོང་གི་བརྩམས་ཆོས་དཔེ་དེབ་གཉིས་ཀྱི་ནང་དུ་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་གཉིས་ལས་བཀོད་མི་འདུག བདེ་སྦྱིན་བཟང་མོས་བརྩམས་པའི«ཨ་མདོའི་སྤྲང་ཀོག་ཏུ»ཡང་སྐུ་པར་གཉིས་ལས་མི་བཞུགས། དེ་བཞིན་དུ་ལཱིག ཤེ་ཌི་ལེན གྱི«བོད་ལ་དགོངས་བཞེད་གནང་བའི་ཡིད་བྱུང་བའི་གྲྭ་པ»ཞེས་པའི་ཡིག་ཚགས་ཤོག་གྲངས་ ༥༢༨ ཅན་ཞིག་ཡོད་པ་དེའི་ནང་དུའང་སྐུ་པར་གཉིས་ལས་སྤེལ་མེད་པར་བརྟགས་ན། ཁོང་རྣམ་པའི་ཕྱག་ཏུ་ཡང་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་རེ་ཟུང་ལས་ཐོབ་མེད་པར་སྙམ།

ད་ཕན་ཁོ་བོས་མཇལ་མྱོང་བའི་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཁག་ནི། ༡ དགེ་སློང་ཇི་ཎོ་རཱ་སཱི(Ji Norasa )དང་ལྷན་དུ་བཞུགས་པ་ཞིག ༢ ཁོང་དགུང་ལོ་སོ་གཉིས་སྟེང་བྷངྒ་ལའི་ཡུལ་ནས་བླངས་ཏེ་ཕ་ཡུལ་གྱི་ཨ་མ་ལ་བསྐུར་བའི་སྐུ་པར་ཞིག ༣  ཀཾ་བལ་ཀྲིཥྞ་ཨརོཌཱ(Kanwal Krishana Arora) དང་ཕེ་ནེ་མུ་ཁར་ཇི(Pheni Moukherji)གཉིས་དང་ལྷན་དུ་ཡོད་པ་ཞིག ༤ ཞྭ་ལུ་དགོན་པའི་མགྲོན་ཁང་དུ་པཎ་ཆེན་རཱ་ཧུལ་དང་མཉམ་དུ་བཞུགས་པ་ཞིག ༥ དགེ་འདུན་ཆོས་འཕེལ་གྱིས་སྤྱན་ཤེལ་དང་དབུ་ཞྭ་ཞིག་མནབས་ཏེ་བོད་ཀྱི་ཚོང་ཁང་ཞིག་ཏུ་ཁོང་གི་མཛའ་མོ་ཁམས་མོ་དང་མཉམ་དུ་ཡོད་པ་ཞིག ༦ དགེ་འདུན་ཆོས་འཕེལ་དང་དགེ་འདུན་པ་གཉིས་ཀྱིས་རྒྱ་དཔེ་ལ་གཟིགས་ཞིབ་གནང་བཞིན་པ་ཞིག ༧ སྤོས་ཁང་དགོན་པའི་ནང་དུ་པཎ་ཆེན་ཤཱཀྱ་ཤྲཱ་བྷ་དྲའི་ཅ་དངོས་ལ་རྟོག་ཞིབ་བྱེད་བཞིན་པ་ཞིག ༨ ཕེ་ནེ་མུ་ཁར་ཇི་དང་། ཀཾ་བལ། དགེ་འདུན་ཆོས་འཕེལ་སོགས་མི་བདུན་ཡོད་པ་ཞིག ༩ དགེ་འདུན་ཆོས་འཕེལ་གཙང་ཁུལ་དུ་བཞུགས་སྐབས་ཨ་མདོ་བ་འགའ་དང་མཉམ་དུ་བསྒྲོན་པ་ཞིག ༡༠ དགེ་སློང་ཀྲི པི མཉྫུཤྲི(T.P.N.Manjushri )དང་། དགེ་སློང་མཧེཎྜ(S.Mahinda)རྣམ་པ་གཉིས་ཀྱི་དཀྱིལ་དུ་བཞུགས་པ་ཞིག ༡༡ འབྲུག་གི་བཀྲ་ཤིས་སྒང་པ་འཕྲིན་ལས་སྟོབས་རྒྱས་དང་ལྷན་དུ་བཞུགས་པ་ཞིག ༡༢ རཀ་ར་ཐུབ་བསྟན་ཆོས་དར་དང་ལྷན་དུ་བཞུགས་པ་ཞིག ༡༣ དགེ་འདུན་ཆོས་འཕེལ་གྱིས་གམ་པ་ལི(རྒྱ་གར་གྱི་ཉལ་ཆས་ཤིག)ཞིག་དཀྲིས་ཏེ་བཞུགས་པ་ཞིག ༡༤ ཁོང་སྐུ་མ་གཤེགས་པའི་ཉིན་ཤས་ཀྱི་སྔོན་ལ་བསྒྲོན་པར་གྲགས་པའི་སྐུ་པར་བཅས་ཡིན་ནོ། །

དགེ་འདུན་ཆོས་འཕེལ་སྐུ་གཤེགས་རྗེས། ཁོང་གི་རྣམ་ཐར་འབྲི་རྩོམ་དང་གསུང་རྩོམ་སྤར་སྐྲུན་གནང་མཁན་མང་པོ་བྱུང་ཡོད་མོད། ཁོང་གི་སྐུ་པར་ངོ་མ་ཁག་སྤྱི་ཚོགས་ཁྲོད་དུ་ཁྱབ་འགོ་ཚུགས་དུས་ནི་མི་ལོ་ཉི་ཤུའི་གོང་ཙམ་ཡིན་པར་སྙམ། རཀ་ར་ཐུབ་བསྟན་ཆོས་དར་གྱིས་བརྩམས་ཤིང་། བོད་ཀྱི་དཔེ་མཛོད་ཁང་གིས་ཕྱི་ལོ་ ༡༩༨༠ ལོར་སྤར་སྐྲུན་བྱས་པའི«དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར»དང་། སྣར་སྐྱིད་ངག་དབང་དོན་གྲུབ་དང་བློ་བཟང་ནོར་བུ་སོགས་ཀྱིས་ཕྱི་ལོ་ ༡༩༨༦ ལོར་ཝ་ར་ཎཱ་སི་ནས་སྤར་སྐྲུན་བྱས་པའི«མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་བྱ་བ་བཞུགས་སོ།།»ཞེས་པའི་དེབ་གཉིས་ཀྱི་ནང་དུ་ཁོང་གི་སྐུ་པར་མཇལ་དུ་མེད་ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༡༩༨༨ ལོར་སྤར་སྐྲུན་བྱས་པའི«དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས»ཞེས་པ་དང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༡༩༩༠ ལོར་སྤར་སྐྲུན་བྱས་པའི«དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ»ཞེས་པའི་དེབ་གཉིས་ཀྱི་ནང་དུའང་། དགེ་འདུན་ཆོས་འཕེལ་སྐུ་གཤེགས་ཁར་བསྒྲོན་པའི་སྐུ་པར་ལ་བལྟས་ནས་བྲིས་པའི་རི་མོ་མི་འདྲ་བ་གཉིས་ཙམ་ལས་མེད། ཡང་གཅིག་བཤད་ན། ཕྱི་ལོ་ ༡༩༨༥ ལོར«ལྷ་ས་སྐྱིད་ཆུ»ཞེས་པའི་དུས་དེབ་ཏུའང་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཞིག་བཀོད་ཟིན་ཡོད་མོད། དེ་ཡང་རི་མོ་བྲིས་མ་ཞིག་ཡིན་ཚུལ་གཤམ་དུ་ཞུ་རྩིས་ཡོད།

དེ་ལྟ་མོད་ཀྱི། རྡོ་རྗེ་རྒྱལ་གྱིས་བརྩམས་ཏེ་ཕྱི་ལོ་ ༡༩༩༧ ལོར་སྤར་སྐྲུན་བྱས་པའི«འཛམ་གླིང་རིག་པའི་དཔའ་བོ་རྡོ་བྲག་དགེ་འདུན་ཆོས་འཕེལ་གྱི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བཅུད་ལེན»ཞེས་པའི་མདུན་ཤོག་ཏུ་དགེ་འདུན་ཆོས་འཕེལ་དགུང་ལོ་སོ་བཞི་སྟེང་གི་སྐུ་པར་དེ་སྤེལ་བ་ནས་བཟུང་སྟེ། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་དེ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཡོད། ཁོང་གི་སྐུ་པར་ནུབ་ཕྱོགས་སུ་གསལ་སྟོན་གནང་མཁན་ནི་བདེ་སྦྱིན་བཟང་མོ་ཡིན་ཏེ། ཕྱི་ལོ་ ༡༩༨༦ ལོར་སྤར་སྐྲུན་བྱས་པའི«ཨ་མདོའི་སྤྲང་ཀོག»ཏུ་ཁོང་གི་རི་མོ་སྐོར་ཞིག་དང་མཉམ་དུ་སྐུ་པར་གཉིས་བཀོད་ཡོད། རྒྱ་གར་ལ་མཚོན་ན་ཅུང་སྔ་སྟེ། ཕེ་ནེ་མུ་ཁར་ཇིའི་ཕྱག་རྗེས་ལ་བརྟེན་ནས་ལོ་རབས་དྲུག་ཅུ་པའི་ནང་དུ་རྒྱ་གར་གྱི་དུས་དེབ་ཅིག་ཏུ་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཁ་ཤས་སྤེལ་ཐུབ་པ་བྱུང་ཡོད།

གཉིས། དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཁག་གི་ཡོང་ཁུངས།

ཁོ་བོས་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཁག་གི་ཡོངས་ཁུངས་འཚོལ་ཞིབ་བགྱིས་པའི་བརྒྱུད་རིམ་ཁྲོད་དུ། སྐུ་པར་ཁག་ཅིག་འབྲེལ་ཡོད་ཀྱི་མི་སྣ་སྐོར་ཞིག་ལ་དྲི་བ་དྲིས་ཏེ་ལན་རྙེད་པར་གྱུར་པས། དེ་དག་གི་བརྒྱུད་རིམ་ཡང་ཟིན་ཐོའི་རྣམ་པའི་སྟེང་ནས་འབྲི་རྒྱུ་ཡིན།

༡ དགེ་འདུན་ཆོས་འཕེལ་དང་ཇི་ཎི་རཱ་སཱི།

དགེ་འདུན་ཆོས་འཕེལ་རྒྱ་གར་དུ་མ་ཕེབས་པའི་ཡར་སྔོན་དུ་བོད་ནས་སྐུ་པར་བསྒྲོན་ཡོད་པའི་ལོ་རྒྱུས་ཡིག་ཆ་དང་ངག་རྒྱུན་སོགས་གང་ཡང་མཐོང་ཐོས་སུ་མ་གྱུར་ཡང་། ད་ལྟ་སྤྱི་ཚོགས་ཁྲོད་དུ་ཡོངས་སུ་བཀྲམ་ཟིན་པའི་སྐུ་པར་ཁག་ལ་ཞིབ་འཇུག་བྱེད་སྐབས། དགེ་སློང་ཇི་ཎི་རཱ་སཱི་དང་ལྷན་དུ་ཡོད་པའི་སྐུ་པར་ཞིག་བཞུགས་པ་དེ་ནི་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཐོག་མ་ཡིན་པར་སྙམ།

ཁོ་བོས་སྐུ་པར་དེ་ནི་ཌེ་ཝིཌ་ཇེག་སཱན(David Jackson)གྱིས་བྲིས་པའི‘‘དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེའི་ལོ་རྒྱུས་ནང་དུ་མངོན་གསལ་དོད་པོ་མེད་པའི་བོད་རིག་པ་བ་སྟེ། བླ་མ་དཀར་པོ་ཐོག་མ་དང་ཁ་ལི་ཧྥོར་ནེ་ཡའི་བོད་ཀྱི་ས་ཆའི་ཁོ་ཚོའི་ཕུགས་བསམ”(The Elusive American Tibetologist in Gendun Chöphel’s Life : “The First White Lama” (Theos Bernard) and Their Dream of Tibetland, California)ཞེས་པའི་དཔྱད་རྩོམ་[1]དེའི་ནང་དུ་བེད་སྤྱོད་བྱས་འདུག དཔྱད་རྩོམ་དེའི་ནང་དུ་སྐུ་པར་དེ་དུས་ནམ་ཞིག་ཏུ་བླངས་པའི་གསལ་ཁ་བཏོད་མེད་ཀྱང་། སྐུ་པར་དེའི་ཡོང་ཁུངས་ནི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཟུར་པ་ཇོ་སྲས་བཀྲ་ཤིས་ཚེ་རིང་སྒེར་གྱི་གསོག་ཉར་ཡིག་མཛོད་ཡིན་ཞེས་བྲིས་འདུག དེར་བརྟེན། ཁོ་བོས་ཇོ་སྲས་ལ་ཡི་གེ་ཐེངས་འགའ་བཏང་ནས་སྐུ་པར་དེའི་ཡོང་ཁུངས་ཀྱི་སྐོར་ལ་གསལ་བཤད་ཕྲན་བུ་ཡོད་པའི་རེ་བ་ཞུས་མོད་ངལ་བ་འབྲས་མེད་དུ་གྱུར།

གང་ལྟར། དགེ་འདུན་ཆོས་འཕེལ་གྱི་གྲོགས་པོ་དགེ་སློང་ཇི་ཎི་རཱ་སཱི་ནི་ཕྱི་ལོ་ ༡༩༧༤ ལོར་འབྲས་ལྗོངས་རྒྱ་གར་གྱི་མངའ་ཁོངས་སུ་ཚུད་རྗེས་ཀྱི་བློན་ཆེན་དང་པོ་ཀ་ཛི་ལྷུན་གྲུབ་རྡོ་རྗེའི་གཅུང་པོ་པག་ཚེ་རིང་ཡིན་[2]པར་གྲགས་ཤིང་། ཕྱིས་སུ་གནས་བརྟན་སྡེ་བའི་དགེ་སློང་བསྒྲུབས་རྗེས་ཇི་ཎི་རཱ་སཱི་ཞེས་འབོད་པར་བཤད། དགེ་འདུན་ཆོས་འཕེལ་ཁོང་དང་འཕྲད་པའི་དུས་སྐབས་ནི་ཕྱི་ལོ་ ༡༩༣༥ ལོར་ཡིན་ཅིང་། དགེ་སློང་དེས་ཁོང་ལ་ཨིན་ཡིག་བསླབས་པར་མ་ཟད། བཞུགས་གནས་འཚོ་གོས་སོགས་ཀྱི་ཐད་ལ་ཡང་མཐུན་འགྱུར་རོགས་རམ་མཛད་ཡོད།

སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ལྟར་ན། ཁོང་ཀ་ཛི་ལྷུན་གྲུབ་རྡོ་རྗེ་ལ་མཇལ་འཕྲད་བྱུང་སྐབས། སྐུ་མཆེད་དེས་དགེ་འདུན་ཆོས་འཕེལ་དང་དགེ་སློང་ཇི་ཎི་རཱ་སཱི་རྣམ་གཉིས་ཀྱིས་སྤྱོད་འཇུག་ཆེན་མོ་ཨིན་བསྒྱུར་གནང་བ་དང་། འགྱུར་མ་དེ་རྡོར་གླིང་བོད་ཀྱི་གྲོང་གསེབ་ཀྱི་དགེ་སློང་དེའི་བཞུགས་གནས་སུ་ཡོད་ཚུལ་གསུངས་[3]འདུག་ལ། བདེ་སྦྱིན་བཟང་མོས་ཁོ་བོར་སྤྱོད་འཇུག་ཆེན་མོའི་འགྱུར་མ་དེའི་ཤོག་ངོས་རེ་ཟུང་བསྐུར་ཡོང་སྟེ། སྤྱོད་འཇུག་ཨིན་འགྱུར་མ་དེ་ནི་དགེ་འདུན་ཆོས་འཕེལ་དང་། དགེ་སློང་ཇི་ཎི་རཱ་སཱི། ཁུ་ནུ་བླ་མ་བསྟན་འཛིན་གསུམ་གྱིས་བསྒྱུར་བར་གསུངས་ཀྱང་། ཨ་རི་བ་བླ་མ་དཀར་པོས (Theos Bernard) དགེ་སློང་ཇི་ཎི་རཱ་སཱི་ལ་འཕྲིན་ཡིག་ཅིག་བསྐུར་བ་དེའི་ནང་དུ། ཁོང་གིས་ཨ་རིར་འཛུགས་འཆར་ཡོད་པའི་བོད་ཀྱི་རྩོམ་ཡིག་སློབ་གཉེར་ཁང་དུ་བོད་ཀྱི་བླ་མ་ཁ་ཤས་གདན་འདྲེན་ཞུ་རྩིས་ཡོད་པ་དང་། བཀའ་བསྟན་ཨིན་བསྒྱུར་ཐུབ་མཁན་གྱི་བོད་ཀྱི་བླ་མ་དང་དགེ་བཤེས་ཇི་སྙེད་ཅིག་ངོ་སྤྲོད་ཡོང་བའི་ལན་དུ། དགེ་སློང་དེས་དགེ་འདུན་ཆོས་འཕེལ་དང་དགེ་བཤེས་ཚེ་རིང་རྒྱལ་མཚན་གཉིས་ནི། ནང་ཆོས་དང་གསང་སྔགས་ལ་མཁས་དབང་དང་། ཁོང་གཉིས་ཀྱི་རོགས་རམ་ལ་བརྟེན་ནས་སྤྱོད་འཇུག་ཆེན་མོ་ཨིན་བསྒྱུར་ཟིན་ནས་སྤར་སྐྲུན་བྱེད་ལ་ཉེ་[4]བའི་སྐོར་འཁོད་ཡོད་པས། སྤྱོད་འཇུག་ཆེན་མོ་ཨིན་ཡིག་ཏུ་བསྒྱུར་མཁན་ནི་ཁོང་རྣམ་པ་གསུམ་ཡིན་འདུག

དགེ་འདུན་ཆོས་འཕེལ་གྱིས་རཱ་ཧུལ་ལ་བསྐུར་བའི་འཕྲིན་ཡིག་ཁག་ལ་བལྟས་ན། ཕྱི་ལོ་ ༡༩༣༥ ལོའི་གཡས་གཡོན་དུ་དགེ་འདུན་ཆོས་འཕེལ་དང་ཇི་ཎི་རཱ་སཱི་རྣམ་གཉིས་འབྲས་ལྗོངས་སུ་བཞུགས་ཏེ་ཕྱག་ལས་གནང་བཞིན་ཡོད་ལ། ཕྱི་ལོ་ ༡༩༣༦ ལོར་ཨ་རི་བ་བླ་མ་དཀར་པོ་རྡོ་རྗེ་གླིང་དུ་ཕྱིན་ཏེ་ཇི་ཎི་རཱ་སཱི་དང་དགེ་འདུན་ཆོས་འཕེལ་ལ་ཐོག་མར་ཐུག་འཕྲད་བྱུང་ཡོད་པར་མ་ཟད། ཁོང་གིས་ཆུང་མར་བསྐུར་བའི་འཕྲིན་ཡིག་ཏུ། དགེ་སློང་ཇི་ཎི་རཱ་སཱིའི་སྡོད་ཤག་ཏུ་དགེ་འདུན་ཆོས་འཕེལ་ལ་ཐུག་འཕྲད་བྱུང་སྟེ། ཁོང་ལ་ཤེས་ཡོན་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་བས་ཨ་རིར་གདན་འདྲེན་ཞུ་རྒྱུ་དང་། དེ་དང་མཉམ་དུ་མཐར་ཕྱིན་བྷ་བྷུ་ཡང་ཕེབས་ཐུབ་ན། ཁོང་ཚོ་གསུམ་གྱིས་དགེ་མཚན་ལྡན་པའི་ལས་གཞི་དེ་མགོ་འཛུགས་ཐུབ་པའི་རེ་བ་ཡོད་ཅིང་། ཁོང་ལ་དམིགས་བསལ་སྔགས་ཕྱོགས་ནས་རོགས་རམ་བྱེད་མཁན་ཞིག་དགོས་པས། དགེ་འདུན་ཆོས་འཕེལ་སྔགས་ཀྱི་སྐོར་ལ་ཧ་ཅང་བྱང་ཆུབ་པར་མ་ཟད། དེ་ལྟར་མེད་ཚེ་རོགས་རམ་བྱེད་ཐུབ་རྒྱུ་ཁག་པོ་རེད་[5]ཅེས་བྲིས་ཡོད།

དེ་བས། ཨ་རི་བ་བླ་མ་དཀར་པོ་ནི་དགེ་འདུན་ཆོས་འཕེལ་དང་དགེ་སློང་ཇི་ཎི་རཱ་སཱི་རྣམ་གཉིས་དང་ཐུག་འཕྲད་བྱུང་སྟེ། ཕན་ཚུན་རྒྱུས་ཡོད་ཅན་དུ་གྱུར་ཡོད་པར་མ་ཟད། ཁོང་ལ་པར་ཆས་ཤིག་ཀྱང་ཡོད་པས། སྐུ་པར་དེ་ནི་སྐབས་དེར་ཁོང་གིས་བསྒྲོན་པ་མིན་ནམ་སྙམ་མོ། །

༢ ཨ་མར་སྤྲིངས་པའི་སྐུ་པར།

དགེ་འདུན་ཆོས་འཕེལ་རང་ལོ་སོ་བཞིའི་སྟེང་རྒྱ་གར་ཤར་ཕྱོགས་བྷངྒ་ལའི་ཡུལ་དུ་བསྒྲོན་པའི་སྐུ་པར་དེ་ནི་ཕྱི་ལོ་ ༡༩༣༨ ལོར་རྒྱང་རིང་གི་སོ་སོའི་ཨ་མ་ལ་བསྐུར་བར་གྲགས་ཤིང་། ཕྱིས་སུ«དགེ་འདུན་ཆོས་འཕེལ་གྱི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བཅུད་ལེན»ཞེས་པའི་མདུན་ཤོག་ཏུ་བཀོད་ཡོད། དེབ་དེའི་ནང་དུ་དགེ་འདུན་ཆོས་འཕེལ་ཤར་ཕྱོགས་བྷངྒ་ལའི་ཡུལ་དུ་བཞུགས་རིང་ཁོང་གིས་སྐུ་པར་ཞིག་བསྒྲོན་ཏེ་འཁྲུངས་ཡུལ་ལ་ཕྱག་འཕྲིན་ཕྱག་བསྟར་མ་ཞིག་དང་ལྷན་དུ་སྤྲིངས་ཤིང་། སྐུ་པར་གྱི་རྒྱབ་ངོས་ན “ཨ་མ་ལ་སྤྲོད། དྷརྨ། བརྡྷན། ༧དགེ་འདུན་ཆོས་འཕེལ་རང་ལོ་སོ་བཞི་པའི་ཟླ་ཚེས་ལ་རྒྱ་གར་ཤར་ཕྱོགས་བྷངྒ་ལའི་ཡུལ་དུ་དཔར་བརྒྱབ་པ། + 936 ”ཅེས་དབུ་མེད་ཀྱི་ཕྱག་འཕྲིན་དངོས་བྲིས་མ་ཞིག་འདི་ལྟར་གནང་ཡོད་ལ། སྐུ་པར་དེ་ནི་བདེན་གཏམ་རྣ་བའི་བཅུད་ལེན་གྱི་དབུར་བཀོད་པ་དེ་ཡིན་[6]ཞེས་བྲིས་ཡོད།

རྡོ་རྗེ་རྒྱལ་གྱིས་ཕྱག་འཕྲིན་དེ་དང་སྐུ་པར་གཉིས་ཀྱི་ཡོང་ཁུངས་གསལ་བཤད་བགྱིས་མེད་ནའང་། སྐུ་པར་དེ་ནི་དགེ་འདུན་ཆོས་འཕེལ་གྱི་ཤུལ་ལུས་ནང་མི་ཚོའི་ལག་ནས་ང་ཚོར་ཐོབ་པ་ཞིག་མིན་ཏེ། ལོ་སུམ་ཅུ་ལྷག་གི་ཡར་སྔོན་དུ། ཞོ་ར་བསྟན་པ་དར་རྒྱས་ཀྱིས་མདོ་སྨད་དཔའ་ལུང་གི་ཨ་ཁུ་ཆོས་ཀོ་ཟེར་བ་ཞིག་གི་ལག་ཏུ་དགེ་འདུན་ཆོས་འཕེལ་གྱི་ཕྱག་འཕྲིན་དང་སྐུ་པར་སོགས་ཡོད་ཚུལ་གྱི་ངག་རྒྱུན་ཞིག་ཡོད་པ་ཐོས་པ་དེར་རྐྱེན་བྱས་ཏེ། ཁོང་གིས་ཟླ་ཕྱེད་ལྷག་གི་དུས་ཚོད་སྤྱད་དེ་བ་ཡན་ཕྱོགས་ཀྱི་གྲོང་ཚོ་མང་པོ་རྐང་ཐང་གིས་བཅད་མཐར་དཀར་སྐྱ་སྡེ་བའི་ཨ་ཁུ་ཆོས་ཀོ་ཚང་རྙེད་པ་དང་། ཁྱིམ་བདག་དེ་ཚང་ནས་དགེ་འདུན་ཆོས་འཕེལ་གྱི་ཕྱག་འཕྲིན་གཉིས་དང་སྐུ་པར་གཅིག་ལག་སོན་བྱུང་རྗེས། ཕྱག་འཕྲིན་ངོ་བཤུས་དང་སྐུ་པར་བསྐྱར་པར་བླངས་ཏེ། ཕྱིས་སུ་དམ་པ་དེའི་སྐུ་ཚེའི་ལོ་རྒྱུས་དང་གསུང་རྩོམ་ཁག་ལ་ཞིབ་འཇུག་བྱེད་མཁན་རྣམས་ལ་ཕངས་མེད་དུ་མཁོ་སྤྲོད་བྱས་ཤིང་། སྐབས་དེར་རྡོ་རྗེ་རྒྱལ་ལའང་བསྐྱར་པར་ཞིག་སྤྲད་པ་ཡིན་[7]གསུངས། ཞོ་ར་བསྟན་པ་དར་རྒྱས་ནི་དགེ་འདུན་ཆོས་འཕེལ་གྱི་གཅེན་མོའི་བུ་སྐལ་ཡིན་པ་དང་། ཁོང་གིས་དེང་སང་ཡང་སྐུ་པར་དེ་དང་ཕྱག་འཕྲིན་ངོ་མ་གཉིས་ཀ་ཁྱིམ་བདག་ཨ་ཁུ་ཆོས་ཀོ་ཚང་གི་ཤུལ་ལུས་ནང་མི་ཚོའི་ལག་ཏུ་ཡོད་པའི་གནས་ཚུལ་གསུངས་བྱུང་།

འོ་ན། དགེ་འདུན་ཆོས་འཕེལ་དང་ཨ་ཁུ་ཆོས་ཀོ་ཚང་གི་འབྲེལ་བ་ཅི་ཞིག་ཡིན་ནམ་ཞེ་ན། དགེ་འདུན་ཆོས་འཕེལ་གྱི་ཡབ་རླངས་རྒྱལ་པོ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ཡང་སྤྲུལ་རྙིང་མའི་རྣལ་འབྱོར་བ་ཆེན་པོ་རྡོ་རྗེ་རྒྱལ་མཚན་ནམ་ཨ་ལགས་རྒྱལ་པོ་ལ་མདོ་སྨད་གཙན་ཚ་དང་བ་ཡན་ཕྱོགས་སུ་ཡོན་བདག་མང་པོ་ཡོད་ཅིང་། ཨ་ཁུ་ཆོས་ཀོ་ཡང་ཡོན་བདག་དེ་དག་གི་ཁྲོད་ཀྱི་གཅིག་ཡིན། ཨ་ལགས་རྒྱལ་པོ་ཚང་སྔར་ནས་སྐུ་གཤེགས་ཟིན་ནའང་། བླ་མ་དང་ཡོན་བདག་གི་དམ་ཚིག་ལ་བརྟེན་ནས། སྐབས་རེར་ཁོང་བླ་མའི་རིག་མ་ཨ་ནེ་བ་རྡོའམ་པདྨ་སྐྱིད་ལ་ཐུག་འཕྲད་བྱེད་དུ་འགྲོ་ཡི་ཡོད་པ་དང་། ཉིན་ཞིག་ཞོ་འོང་དུ་བསྐྱོད་སྐབས། པདྨ་སྐྱིད་ཀྱི་ལག་ཏུ་དགེ་འདུན་ཆོས་འཕེལ་གྱི་ཕྱག་འཕྲིན་དང་སྐུ་པར་ཞིག་མདོ་སྨད་བྱ་ཁྱུང་གི་ཚོང་པ་ཞིག་བརྒྱུད་དེ་འབྱོར་ནས་ཡུན་རིང་མ་འགོར་བའི་སྐབས་ཤིག་ལ་ཁེལ་ཡོད་པས། ཨ་ཁུ་ཆོས་ཀོས་པདྨ་སྐྱིད་ལ་དགེ་འདུན་ཆོས་འཕེལ་གྱི་ཕྱག་འཕྲིན་གཉིས་དང་སྐུ་པར་དེ་རྟེན་སྐལ་དུ་བསླངས་ཏེ་ཁྱེར་བར་བཤད།

རྡོ་རྗེ་རྒྱལ་གྱིས་སྐུ་པར་དེ་དེབ་ཀྱི་མདུན་ཤོག་ཏུ་བཀོད་རྗེས། ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས་པའི«དགེ་འདུན་ཆོས་འཕེལ»དང་། «དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ»སོགས་ཀྱི་དེབ་ཀྱི་མདུན་ཤོག་ཏུའང་སྐུ་པར་དེ་བཀོད་ཡོད་པར་མ་ཟད། དེང་རབས་རི་མོ་བ་ཁག་ཅིག་གིས་སྐུ་པར་དེར་གཞིར་བཞག་སྟེ་རི་མོ་སྣ་ཚོགས་ཤིག་བྲིས་དང་འབྲི་བཞིན་པ་མཐོང་ལ། ཁོང་གི་སྐུ་པར་ཁག་ལས་འཕྲིན་ལས་རྒྱས་ཤོས་ནི་ཕལ་ཆེར་འདི་ཡིན་པར་སྙམ་མོ། །

 ༣ «ར་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ»རུ་གསལ་བའི་སྐུ་པར་ཁག་བཤད་པ།

ཕྱི་ལོ་གཅིག་སྟོང་དགུ་བརྒྱ་སུམ་ཅུ་སོ་གྲངས་ཀྱི་ནང་དུ། རྒྱ་གར་གྱི་པཎ་ཆེན་རཱ་ཧུལ་གྱིས་ལེགས་སྦྱར་གྱི་རྒྱ་དཔེ་ཁག་གི་མ་ཕྱི་འཚོལ་སྒྲུབ་ཆེད་དུ་བོད་དུ་སྐོར་སྐྱོད་ཐེངས་གསུམ་གནང་ཡོད། ཕྱི་ལོ་ ༡༩༣༤ ལོའི་སྐོར་སྐྱོད་ཐེངས་གཉིས་པའི་སྐབས་སུ། ཁོང་དགེ་འདུན་ཆོས་འཕེལ་ལ་ཐུག་སྟེ། ཕན་ཚུན་ངོ་ཤེས་ཤིང་འདྲིས་པོར་གྱུར། པཎ་ཆེན་རཱ་ཧུལ་གྱིས་དགེ་འདུན་ཆོས་འཕེལ་གྱི་རྣམ་དཔྱོད་ཀྱིས་གནའ་བོའི་རྒྱ་དཔེ་འཚོལ་ཞིབ་དང་། འདྲ་པར་དང་འབྲེལ་བའི་ཞིབ་འཇུག་གི་ལས་གཞི་ལ་ཕན་ཐོགས་ཡོད་པར་དགོངས་ཏེ། ཁོང་དང་མཉམ་དུ་ཕེབས་པར་གྲོས་བཏོན་ཅིང་། དགེ་འདུན་ཆོས་འཕེལ་ཡང་རྒྱ་གར་དུ་ཕེབས་འདོད་ཡོད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས། མཐར་ལྷ་སའི་བྱང་ཕྱོགས་ཀྱི་ནང་པའི་དགོན་པ་ཁག་ཏུ་ཕེབས་ཏེ་རྒྱ་དཔེ་འཚོལ་སྒྲུབ་གནང་རྗེས་རྒྱ་གར་དུ་བརྟོལ་ཅིང་། ལོ་ཤས་ཀྱི་རྗེས་སུ་ཡང་བསྐྱར་རྒྱ་དཔེ་འཚོལ་ཆེད་དུ་བོད་ལ་ཐེངས་གཅིག་ཕེབས་ཡོད།

པཎ་ཆེན་རཱ་ཧུལ་གྱིས་དགེ་འདུན་ཆོས་འཕེལ་ལ་བཀའ་དྲིན་རྗེས་དྲན་དུ་འབྲི་རྩོམ་གནང་བའི‘‘ངོས་ལ་བཀའ་དྲིན་ཆེ་བའི་གང་ཟག་རྣམས་ཀྱི་ཆེད’’ཅེས་པའི་རྩོམ་ཡིག་ཏུ། ཁོང་དགེ་འདུན་ཆོས་འཕེལ་དང་ཐུག་འཕྲད་གནང་བའི་ལོ་རྒྱུས་གསལ་མོད། སྐོར་སྐྱོད་གཉིས་པ་དང་གསུམ་པའི་གནས་ཚུལ་གོ་རིམ་མེད་པར་བྲིས་ཡོད་པས། ཁོང་དང་དགེ་འདུན་ཆོས་འཕེལ་སོགས་ཐེངས་གཉིས་ལ་རྒྱ་དཔེ་འཚོལ་སྒྲུབ་ཆེད་བོད་དུ་ཕེབས་པའི་ལོ་རྒྱུས་གསལ་ཁ་བཏོད་མེད། ཡང་། ཁོང་གིས་བྲིས་པའི«ངོས་རང་སྐོར་སྐྱོད་ཐེངས་གསུམ་པ»ཡི་ནང་དུ་དགེ་འདུན་ཆོས་འཕེལ་གྱི་མིང་ཐེངས་རེ་ཟུང་ཙམ་ལས་སྨྲས་མི་འདུག

གང་ལྟར་ཡང་། ཕྱི་ལོ་ ༡༩༣༨ ལོར་པཎ་ཆེན་རཱ་ཧུལ་གྱིས་བོད་ཀྱི་དགོན་སྡེ་ཁག་ཏུ་ཉར་ཚགས་བྱས་པའི་ལེགས་སྦྱར་སྐད་ཀྱི་རྩ་ཆེའི་དཔེ་རྙིང་རྣམས་རྒྱ་གར་དུ་འོར་འདྲེན་ཞུ་ཆེད། སྐབས་དེར་རྒྱ་གར་དུ་བཞུགས་པའི་དགེ་འདུན་ཆོས་འཕེལ་དང་། ཕེ་ནེ་མུ་ཁར་ཇི། སིངྒ་ལ་ནས་ཡིན་ཞིང་བོད་སྐད་ཤེས་པའི་རྒྱ་གར་བ་ཨ་བྷ་ཡ་སཾན། ཀཾ་བལ་ཀྲིཥྞ་ཨརོཌཱ་བཞི་ཁྲིད་དེ་ཡང་སྐྱར་ཞྭ་ལུ་དགོན་པ་དང་། ངོར་དགོན་པ།  བཀྲ་ཤིས་ལྷུན་པོ། རྒྱལ་རྩེ། ས་སྐྱ་སོགས་སུ་ཕེབས་པའི་ལོ་རྒྱུས«རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ»ཡི་ནང་དུ་གསལ་པོར་འཁོད་པ་དེ་ཡིན།

«རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ»ཡི་ནང་དུ། ཕྱི་ལོ་ ༡༩༣༨ ལོའི་ཟླ་ ༥ པའི་ཚེས་ ༤ ཉིན། ཁོང་ཚོས་དྲེལ་བཞོན་ནས་བོད་ཕྱོགས་སུ་ཕྱིན་ཞེས་པ་ལས་ཕྱིར་རྒྱ་གར་དུ་ག་དུས་ལོག་པའི་ཟླ་ཚེས་བྲིས་མེད་ཀྱང་། དེབ་ཀྱི་མཇུག་ཏུ་ཟླ་བ་མང་པོར་གཟུགས་པོ་མ་བཀྲུས་པར་སོར་གཅིག་ཙམ་གྱི་ཚི་དྲེག་ལུས་ལ་ཆགས་[8]ཞེས་བྲིས་ཡོད་པར་བརྟགས་ན། ཁོང་ཚོ་བོད་དུ་ཟླ་ཤས་རིང་ཉུལ་ཡོད་པར་སྙམ་ལ། དེབ་འདི་དང་། རཱ་ཧུལ་གྱི་རང་རྣམ«ངོས་ཀྱི་མི་ཚེའི་སྐོར་སྐྱོད»ཅེས་པ་དང་། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་གི་ལེའུ་དང་པོ་སོགས་བཀླགས་ཚེ། དུས་རབས་ཉི་ཤུ་པའི་སྟོད་ཀྱི་དབུས་གཙང་ཁུལ་གྱི་དགོན་རྙིང་ཁག་ཏུ་བཞུགས་པའི་རྒྱ་དཔེ་དང་། སྤྱི་ཚོགས་ཀྱི་གནས་བབ། ཡུལ་སྲོལ་གོམས་གཤིས་སོགས་རི་མོ་བཞིན་མིག་ལམ་དུ་གསལ་པོར་འཆར་ཐུབ་པ་ཞིག་འདུག

ད་ལྟ་མཇལ་དུ་ཡོད་པའི་དགེ་འདུན་ཆོས་འཕེལ་དང་ཀཾ་བལ་ཀྲིཥྞ་ཨརོཌཱ། ཕེ་ནེ་མུ་ཁར་ཇི་གསུམ་ལྷན་དུ་ཡོད་པའི་པར་དེ་དང་།  ཞྭ་ལུ་དགོན་པའི་མགྲོན་ཁང་དུ་པཎ་ཆེན་རཱ་ཧུལ་མཉམ་དུ་ཡོད་པའི་པར། སྤོས་ཁང་དགོན་པའི་ནང་ཨ་བྷ་ཡ་སང(Abhay Singh) དང་ལྷན་དུ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲའི་ཅ་དངོས་ལ་རྟོག་ཞིབ་བྱེད་སྐབས་ཀྱི་པར། དགེ་འདུན་ཆོས་འཕེལ་དང་གྲྭ་པ་གཉིས་ཀྱིས་རྒྱ་དཔེར་གཟིགས་ཞིབ་གནང་བཞིན་པའི་པར། དགེ་འདུན་ཆོས་འཕེལ་གྱིས་སྤྱན་ཤེལ་དང་དབུ་ཞྭ་ཞིག་བསྣམས་ཏེ་བོད་ཀྱི་ཚོང་ཁང་ཞིག་ཏུ་ཁོང་གི་མཛའ་མོ་ཁམས་མོ་དང་མཉམ་དུ་ཡོད་པའི་པར།  དགེ་འདུན་ཆོས་འཕེལ་གཙང་ཁུལ་དུ་བཞུགས་སྐབས་ཨ་མདོ་བ་དང་འགའ་དང་མཉམ་དུ་བསྒྲོན་པའི་པར།  གཞན་ཡང་ཕེ་ནེ་མུ་ཁར་ཇི་དང་། ཀཾ་བལ། དགེ་འདུན་ཆོས་འཕེལ་སོགས་མི་བདུན་ཡོད་པའི་པར་དེ་དག་ནི་ཕེ་ནེ་མུ་ཁར་ཇིས་རང་ཉིད་ཀྱི་པར་ཆས་སྤྱད་དེ་བསྒྲོན་པ་ཞིག་ཡིན་པ་གོར་མ་ཆག་ལ། རྒྱུ་མཚན་ནི་སྐུ་པར་རེ་རེའི་སྟེང་གི་དགེ་འདུན་ཆོས་འཕེལ་གྱི་ཕྱུ་པ་དང་འོག་འཇུག་སོགས་གཅིག་པ་རེད་འདུག

འོན་ཀྱང་། «རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ»ཡི་ནང་དུ། དགེ་འདུན་ཆོས་འཕེལ་གྱི་སྐུ་པར་བཞི་འཁོད་ཡོད་པ་ལས།  དགེ་འདུན་ཆོས་འཕེལ་དང་དགེ་འདུན་པ་ཞིག་གིས་རྒྱ་དཔེར་གཟིགས་ཞིབ་གནང་བཞིན་པའི་པར་དང་།  དགེ་འདུན་ཆོས་འཕེལ་གཙང་ཁུལ་དུ་བཞུགས་སྐབས་ཨ་མདོ་བ་དང་འགའ་དང་མཉམ་དུ་བསྒྲོན་པའི་པར། གཞན་ཡང་ཕེ་ནེ་མུ་ཁར་ཇི་དང་། ཀཾ་བལ། དགེ་འདུན་ཆོས་འཕེལ་སོགས་མི་བདུན་ཡོད་པའི་པར་དེ་དག་བཀོད་མི་འདུག་ཀྱང་། དེབ་གཞན་དང་གཞན་དུ་པར་འདི་དག་བཀོད་ཡོད་པ་དཔེར་ན། སྐུ་ཞབས་ལཱིག ཤེ་ཌི་ལེན་གྱི་ཡིག་ཚགས་ཁྲོད་དུ་དགེ་འདུན་ཆོས་འཕེལ་དང་དགེ་འདུན་པ་གཉིས་ཀྱི་པར་དེ་བཀོད་ཡོད་པར་མ་ཟད། སྐུ་པར་དེ་ནི་ས་སྐྱ་ནས་བསྒྲོན་ཚུལ་གསུངས་ཤིང་། «ཨ་མདོའི་སྤྲང་ཀོག»ཏུ་དགེ་འདུན་ཆོས་འཕེལ་སོགས་མི་བདུན་ཡོད་པའི་པར་དེ་བཀོད་ཡོད་མོད་འགྲེལ་བཤད་ཅི་ཡང་གནང་མེད། ཡང་།  «རྒྱལ་ཁམས་བསྐོར་བའི་རྒྱན་རིས»སུ་དགེ་འདུན་ཆོས་འཕེལ་གཙང་ཁུལ་དུ་བཞུགས་སྐབས་ཨ་མདོ་བ་འགའ་དང་མཉམ་དུ་བཞུགས་པའི་པར་དེ་སྤེལ་འདུག་ཀྱང་། པར་གྱི་ཡོང་ཁུངས་སོགས་ཅི་ཡང་བྲིས་མི་འདུག

«ངོས་རང་སྐོར་སྐྱོད་ཐེངས་གསུམ་པ»ཡི་ནང་དུ། པཎ་ཆེན་རིན་པོ་ཆེས་རང་དགོན་བཀྲ་ཤིས་ལྷུན་པོའི་ཤེས་ཡོན་གྱི་གནས་ཚད་གོང་མཐོར་གཏོང་ཆེད་ཨ་མདོ་ནས་མཁས་དབང་གསུམ་མམ་བཞི་གདན་འདྲེན་ཞུས་ཡོད་པ་དང་། ཁོང་དགོན་པ་དེར་ཕེབས་སྐབས་བསམ་བློ་དགེ་བཤེས་གཅིག་པུ་ལས་བཞུགས་མི་འདུག་[9]ཅེས་གསུངས་ཡོད་མོད། སྐབས་དེར་གནས་དེ་རུ་དགེ་འདུན་པ་མིན་པའི་ཨ་མདོ་བ་ཡང་ཡོད་ཤས་ཆེ་སྟེ། དགེ་འདུན་ཆོས་འཕེལ་དང་མཉམ་དུ་ཡོད་པ་དེ་དག་ནི་མི་སྐྱ་ཡིན་ལ། དཀྱིལ་གྱི་ལྟག་རྒྱབ་ཏུ་ཡོད་པ་ནི་མཐོ་རིམ་མི་སྣ་ཞིག་མིན་ནམ་སྙམ།

ད་ནི་ཕྱོགས་ངོས་གཞན་ཞིག་ནས་བཤད་ན། དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེའི་ནང་དུ། ཁོང་བུད་མེད་ཅིག་དང་མཉམ་དུ་བསྒྲོན་པའི་སྐུ་པར་གཅིག་རང་ཡོད་པ་ནི་ཁམས་མོ་པ་སངས་སྒྲོལ་མ་དང་ལྷན་དུ་བཞུགས་པ་དེ་ཡིན། ཁོང་མཛའ་མོ་དེར་ཅི་ལྟར་འཕྲད་པའི་གནས་ཚུལ་ཤེས་དཀའ་སེ་འདུག་མོད། དགེ་འདུན་ཆོས་འཕེལ་གྱིས་ཁམས་མོ་དེའི་མཛེས་སྡུག་སྙན་ངག་ཏུ་བྲིས་པའི་ནང་དོན་ནི་འདི་ལྟ་སྟེ། མོའི་སྐྲ་ལོ་མཐུག་པོ་ཕྱོགས་གཉིས་སུ་བསླས་པ་ནི་ཀླུ་རྒྱལ་ནག་པོར་དཔེ་མཚོན་དུ་བཞག་པ་དང་། མོའི་འགྲམ་པ་ནི་ཀསྨིར་གྱི་སྐྱེད་ཚལ་ནང་གི་ཀུ་ཤུ་ཆ་འགྲིག་གཅིག་དང་མཚུངས་ཤིང་། མིག་ཟུང་ནི་ཨེ་རན་གྱི་ཆང་བླུགས་སའི་སྣོད་ཆ་གཉིས་ལ་དཔེ་བཞག་ཡོད། སེ་བའི་མེ་ཏོག་དམར་པོའི་དབུས་སུ་མེ་ཏོག་དཀར་པོ་ཆུན་པོ་ཞིག་ལ་དྲི་ཞིམ་ཁྱབ་པའི་མཆུ་སྒྲོས་དེ་ནི་རྣམ་པར་མཛེས་ལ། མོའི་མགྲིན་པ་དང་རྐེད་པ་ཕྲ་བར་བལྟས་ནས། ཨེ་རན་གྱི་སྒྱུ་རྩལ་པས་ཆང་གི་ཤེལ་དམ་བཟོས་པའི་རྣམ་པ་འདུག་[10]ཚུལ་བྲིས་ཡོད།

ཕེ་ནེ་མུ་ཁར་ཇིས་དགེ་འདུན་ཆོས་འཕེལ་གྱིས་ཁམས་མོ་དེ་བྲིས་པའི་ཚོན་ལྡན་རི་མོ་ནི་སྒེག་ཉམས་ཆེ་བས། ཆུ་ཚོད་མང་པོར་བལྟས་ཀྱང་ལྟ་འདོད་ཚིམ་རྒྱུ་མེད་སྐོར་གསུངས་ཤིང་། དགེ་འདུན་ཆོས་འཕེལ་གྱིས་པར་པ་དེར་མཛེས་མ་དེའི་མཛེས་སྡུག་གིས་མྱོས་ནས་རང་གི་རྩ་ཆེའི་སྡོམ་པ་རྩ་མེད་དུ་གྱུར་སོང་ཞེས་གསལ་བཤད་གནང་ཡོད་མོད། ཁོ་བོས་བདེ་སྦྱིན་བཟང་མོར་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅར་འདྲི་ཞིག་བགྱིས་པ་དེའི་ནང་དུ། ཁོང་གི་སྡོམ་པའི་ལྕགས་སྒྲོག་དེ་ལྷ་སའི་བར་སྐོར་གླིང་དུ་བག་ལེབ་འཚོང་མཁན་གྱི་ཨ་མདོའི་གཞོན་ནུ་མ་ཞིག་གི་རྩ་ནས་ཆད་ཚུལ་གསུངས་བྱུང་ལ། གང་ལྟར། ཕྱིས་སུ་ཁོང་དང་འཆོར་སྒེག་སྙེམས་པའི་ཁམས་མོ་དེ་གཉིས་ཀྱི་འབྲེལ་བ་རྒྱུན་རིང་དུ་གནས་ཐུབ་མེད་པར་མངོན།

མདོར་ན། «རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ»ཡི་བོད་འགྱུར་བྱེད་པོ་ཇོ་ལེབ་ཆོས་འཕེལ་གྱིས་བོད་འགྱུར་དེའི་ནང་དུ་བཀོད་པའི་འདྲ་པར་ཁག་བཞི་ནི། ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་གྱི་ཧིན་རྡིའི་དུས་དེབ་གྲགས་ཅན«དབྱངས་ཅན་མ»ཡི་སྟེང་དུ་མ་དཔེ་དང་མཉམ་དུ་ཡོད་པ་དག་བསྐྱར་པར་བླངས་ནས་བཀོད་པ་ཡིན་[11]ཞེས་གསུངས་བྱུང་། སྐུ་ཞབས་ལཱིག ཤེ་ཌི་ལེན་གྱི་ཡིག་ཚགས་ཁྲོད་དུའང་དུས་དེབ་དེའི་ཤོག་ངོས་རེ་ཟུང་སྤེལ་ཡོད་ནའང་། སྐུ་པར་ཡོད་པའི་ཤོག་ངོས་གཅིག་ཀྱང་བཀོད་གནང་མི་འདུག

༤ སིངྒ་ལ་ནས་བསྒྲོན་པའི་སྐུ་པར།

དགེ་སློང་ཀྲི པི མཉྫུཤྲི་དང་། དགེ་འདུན་ཆོས་འཕེལ། དགེ་སློང་མཧེཎྜ་རྣམ་པ་གསུམ་ལྷན་དུ་ཡོད་པའི་སྐུ་པར་འདི་ནི་ཐོག་མར«ཨ་མདོའི་སྤྲང་ཀོག»ཏུ་བཀོད་པ་མཐོང་ཞིང་། ཕྱིས་སུ«དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ»དང་། «སིངྒ་ལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི»གཉིས་ཀྱི་ནང་དུའང་བཀོད་འདུག འོན་ཀྱང་། དེབ་དེ་གཉིས་ཀྱི་སྐུ་པར་གྱི་ཡོང་ཁུངས་ནི«ཨ་མདོའི་སྤྲང་ཀོག»ཡིན་ཚུལ་བྲིས་ཡོད་ཀྱང་། ཁོ་བོས་བདེ་སྦྱིན་བཟང་མོར་ཡིག་འབྲེལ་བགྱིས་ཏེ་སྐུ་པར་དེའི་ཐོག་མའི་ཡོང་ཁུངས་དང་འབྲེལ་བའི་སྐོར་ལ་དྲི་བ་ཐེངས་འགར་བཏང་ཡང་། ཁོ་མོས་ལོ་རྒྱུས་དང་ངག་རྒྱུན་གྱི་རྒྱུ་ཆ་བསྡུ་རུབ་བྱེད་མགོ་ཚུགས་པའི་དུས་ནི་ལོ་རབས་བདུན་ཅུ་པའི་ནང་ཡིན་པ་དང་། ད་བར་མི་སྣ་བརྒྱ་ཕྲག་ལ་ཐུག་འཕྲད་བྱུང་ཡོད་པས། ད་ལྟ་སྐུ་པར་དེ་དག་སུ་ཞིག་བརྒྱུད་ནས་ཐོབ་པ་དྲན་དཀའ་བར་འདུག་[12]ཟེར།

དེ་ལྟ་ནའང་། སྐུ་པར་དེ་ནི་དགེ་འདུན་ཆོས་འཕེལ་སིངྒ་ལའི་ཡུལ་དུ་བཞུགས་སྐབས་བསྒྲོན་པ་ཞིག་སྟེ། པར་དེའི་སྟེང་གི་གཡས་སུ་བཞུགས་པའི་མི་སྣ་ནི་ཀྲི པི ཨན མཛྙུ་ཤྲི་དང་། གཡོན་དུ་བཞུགས་མཁན་ནི་ཨཱེསཱེ མཧེཎྜ་རྣམ་གཉིས་རེད། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་ཨཱེསཱེ མཧེཎྜའམ་སྤེན་པ་དོན་གྲུབ་ཀྱི་སྐོར་ལ་ཞིབ་འཇུག་གནང་སྟེ«སིངྒ་ལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི»ཞེས་པའི་དེབ་ཅིག་བརྩམས་པ་དེའི་ནང་ཁོང་གི་སྐོར་ཞིབ་པར་གསལ་བས་འདིར་རྒྱས་བཤད་བྱེད་དགོས་མེད་མོད། སྤེན་པ་དོན་གྲུབ་ནི་འབྲས་ལྗོངས་སུ་འཁྲུངས་པའི་བོད་རིགས་འཁྲུལ་མེད་ཅིག་ཡིན་ཞིང་། དགུང་ལོ་བཅུ་གསུམ་སྟེང་སིངྒ་ལར་ཕེབས་ཤིང་ཡུལ་དེ་ནས་མཛད་འཕྲིན་ཉི་འོད་བཞིན་དུ་རྒྱས་ཏེ་སྐུ་གཤེགས་ཡོད་པ་རེད། དགེ་སློང་སེར་པོ་ ཀྲི པི ཨན མཛྙུ་ཤྲི་ནི་སྣུམ་མཚོན་རི་མོ་པ་གྲགས་ཅན་ཞིག་ཡིན་ཅིང་། དགེ་སློང་མཧེཎྜ་དང་མཛའ་གཅུགས་ཀྱི་གྲོགས་པོ་ཡིན་པར་མ་ཟད། སྐབས་རེར་ཁོང་མཧེཎྜའི་དགོན་པར་ཟླ་ཤས་རིང་བཞུགས་ཏེ་དགོན་པ་དེའི་ནང་རི་མོ་འགྲེམས་སྟོན་བགྱིས་སྐོར་ཡང་གསར་ཤོག་ཅིག་ཏུ་བཀོད་འདུག་[13]ཅེས་གསུངས་ཤིང་། བདེ་སྦྱིན་བཟང་མོས་ཀྱང་དགེ་འདུན་ཆོས་འཕེལ་གྱི་རི་མོའི་ཤུགས་རྐྱེན་དགེ་སློང་སེར་པོ་ལ་ཐེབས་ཚུལ་གྱི་གནས་ཚུལ་ཐོར་རེ་བ་ཞིག་ཀྱང་བྲིས་ཡོད་པ་མཐོང་།

དགེ་འདུན་ཆོས་འཕེལ་སིངྒ་ལའི་ཡུལ་དུ་ཕེབས་པའི་དུས་ཚོད་ནི་གཏམ་རྒྱུད་གསེར་ཐང་དུ་གསལ་པོར་བྲིས་ཡོད་དེ། ཉ་པའི་གྲོང་རྣམས་སུ་བསྡད་པས་ལོ་བཞི་བཅུའི་བར་མ་ཤེས་པའི་ཆུའི་རྐྱལ་ཡང་ལེགས་པར་ལོབས་[14]ཞེས་དང་། སིངྒ་ལའི་ཡུལ་དུ་ལོ་གཅིག་དང་ཞག་ཤས་བསྡད་[15]ཅེས་ཀྱང་གསུངས་པར་བརྟགས་ན། དགེ་འདུན་ཆོས་འཕེལ་སིངྒ་ལར་བཞུགས་དུས་ཀྱི་ལོ་ཚིགས་ནི་ཕྱི་ལོ་ ༡༩༤༢ དང་༡༩༤༣ ལོར་ཁེལ་བས། གོང་གི་སྐུ་པར་དེ་ཡང་སྐབས་དེ་ཤེད་དུ་བསྒྲོན་པ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། ཡང་གཅིག་བཤད་ན། ཉན་ཐོས་ཀྱི་སྡེ་སྣོད་གཙོ་བོར་དར་བའི་སིངྒ་ལའི་གླིང་དུ། ཡུལ་མི་ཚོས་བཀུར་བསྟི་བྱེད་ཆེད་དགེ་བསྙེན་ཞིག་ཡིན་པའི་ཟོལ་གྱིས་རས་དཀར་གྱི་གོས་ཤིག་གྱོན་པའི་ལོ་རྒྱུས་ཡོད་པར་གྲགས་པས། སྐབས་དེར་བསྒྲོན་པའི་སྐུ་པར་དེའི་སྟེང་དུའང་དགེ་འདུན་ཆོས་འཕེལ་གྱིས་དར་གོས་ཤིག་བཞེས་ཡོད་པར་སྙམ་མོ། །

ཡང་གཅིག་བཤད་ན། དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་དུ་སིངྒ་ལར་ཕེབས་པའི་སྐོར་གསལ་པོར་བྲིས་ཡོད་ནའང་། སྐབས་དེར་སིངྒ་ལར་མཚན་སྙན་འབར་བཞིན་པའི་མཧེཎྜའི་སྐོར་ལ་ཚིག་དུམ་ཙམ་ཡང་མ་བྲིས་པའི་རྒྱབ་ལྗོངས་ལ་ད་དུང་སུས་ཀྱང་འཁྲུན་ཐག་གཅོད་ཐུབ་ཀྱི་མེད་པས། འདིའི་སྐོར་མུ་མཐུད་དུ་ཞིབ་འཇུག་བྱེད་དགོས་པར་སྣང་།

༥ འབྲུག་ཡུལ་དུ་བསྒྲོན་པའི་སྐུ་པར།

དགེ་འདུན་ཆོས་འཕེལ་དང་འབྲུག་གི་བཀྲ་ཤིས་སྒང་པ་འཕྲིན་ལས་སྟོབས་རྒྱས་གཉིས་ལྷན་བཞུགས་ཀྱི་སྐུ་པར་འདི་ནི། ཁོང་རྒྱ་གར་དུ་སྔ་རྗེས་གཉིས་སུ་ཕེབས་པའི་ཕྱི་མ་རང་ཡུལ་གངས་ཅན་ལྗོངས་སུ་ཕེབས་སྐབས་འབྲུག་ཡུལ་ནས་ཕྱི་ལོ་ ༡༩༤༥ ལོར་བསྒྲོན་པ་ཞིག་རེད་ལ། འཇུ་བསྟན་སྐྱོང་གིས་བྲིས་པའི‘‘དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་སྐོར’’ཞེས་པའི་རྩོམ་ཡིག་ཏུ་ཁོང་གཉིས་ཀྱི་འབྲེལ་བའི་སྐོར་དང་། དགེ་འདུན་ཆོས་འཕེལ་གྱིས་འབྲུག་ཡུལ་དུ་རེ་ཞིག་ཕྱག་ལས་ག་རེ་གནང་བའི་སྐོར་གྱི་གནས་ཚུལ་ཐར་ཐོར་རེ་གསལ།

«དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ»ཡི་ནང་དུ། བོད་རབ་ལོ་ ༩༢༡ དང་། ལྕགས་ཡོས་ཟླ་ ༡༠ པའི་ཚེས་ ༢ ། ཕྱི་ལོ་ ༡༩༤༧ པའི་ནང་ལྷོ་འབྲུག་བརྒྱུད་བོད་དུ་ཕེབས་ལོ་དེ་གའི་ནང་བོད་གཞུང་ནས་དོན་གནད་ཅི་ཞིག་གི་ཆེད་དོ་དམ་བཙོན་འཇུག་གནང་[16]ཞེས« གསར་འགྱུར་མེ་ལོང»གི་ཚིག་དུམ་ཞིག་དྲངས་པར་བལྟས་ན། དགེ་འདུན་ཆོས་འཕེལ་བོད་དུ་ཕེབས་ལོ་ ༡༩༤༧ ཡིན་ལ། «གསར་འགྱུར་མེ་ལོང»གི་འདོན་ཐེངས་དེ་ལག་ཏུ་མ་ཐོབ་ཀྱང་།  ཀ་ཤོད་པའི་ལོ་རྒྱུས་ཀྱི་དེབ་དེའི་ནང་དུ་ཕྱི་ལོ་ ༡༩༤༥ ལོར་ཡང་། རཀ་ར་རིན་པོ་ཆེས་ཕལ་ཆེར་ཕྱི་ལོ་ ༡༩༤༤ ལོའི་བོད་ཟླ་ལྔ་པའི་ནང་ཡིན་པར་གསུངས་པས། དགེ་འདུན་ཆོས་འཕེལ་བོད་དུ་ཕྱིར་ལོག་གནང་བའི་ལོ་ཚིགས་ཀྱི་སྐོར་ལ་བཞེད་པ་མི་མཐུན་པས། འདིའི་སྐོར་རྩོམ་ཡིག་གཞན་ཞིག་ཏུ་ཞིབ་ཕྲ་ཞུ་རྩིས་ཡོད།  སྐབས་འདིར་འཇུ་བསྟན་སྐྱོང་གིས་བྲིས་པའི་ལོ་ཚིགས་གཞིར་བཞག་ཡོད།

བཀྲ་ཤིས་སྒང་པ་འཕྲིན་ལས་སྟོབས་རྒྱས་ནི་དགེ་འདུན་ཆོས་འཕེལ་གྱི་གྲོགས་པོ་ཡིན་ཅིང་། ཕྱི་ལོ་ ༡༨༩༡ ནས་ ༡༩༥༢ ལོའི་བར་འབྲུག་ཡུལ་ཤར་ཕྱོགས་ཀྱི་མི་དཔོན་སྐད་གྲགས་ཆེ་ཤོས་ཤིག་ཡིན་པར་མ་ཟད། དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཧ་ཅང་ཟབ་པའི་མི་དྲག་ཅིག་ཀྱང་ཡིན་པར་བཤད། ཁོང་དང་ཐོག་བོད་དུ་ཕེབས་སྐབས་༧གོང་ས་བཅུ་གསུམ་པ་ཆེན་པོས་དམིགས་བསལ་སྣེ་ལེན་གནང་བ་དང་། མཐོང་གཟིགས་རྒྱ་ཆེན་པོས་ཁོང་གླིང་གེ་སར་གྱི་སྤྲུལ་བ་ཡིན་པར་གསུང་གནང་བ་དང༌་། གཟིམ་ཁང་དུ་ཡོད་པའི་གེ་སར་གྱི་ཞལ་ཐང་ཡང་བཀྲ་ཤིས་སྒང་པར་ཕུལ་བ་ཡིན་ལ། དེ་བཞིན་སྒང་པས་ཇོ་བོར་གསེར་མཆོད་དང་གདན་ས་གསུམ་ལ་འགྱེད་ཆེན་བཏང་[17]༌སྐོར་ཡང་གསལ་ལོ། །

དེ་ལྟ་ནའང་། ཕྱི་ལོ་ ༡༩༤༦ ལོར་བཀྲ་ཤིས་སྒང་པ་བོད་དུ་ཕེབས་སྐབས། དགེ་འདུན་ཆོས་འཕེལ་བཙོན་འཇུག་བགྱིས་ཡོད་པས་སླར་ཡང་རྣམ་པ་གཉིས་ཕན་ཚུན་མཇལ་སྐལ་བྱུང་མེད།

ལོ་ཤས་ཀྱི་སྔོན་ལ། དགེ་འདུན་ཆོས་འཕེལ་དང་བཀྲ་ཤིས་སྒང་པ་འཕྲིན་ལས་སྟོབས་རྒྱས་གཉིས་ཀྱི་སྐུ་པར་འདི་སྤྱི་ཚོགས་ཁྲོད་དུ་ཁྱབ་སྐབས། ལར་ནས་དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་ལོ་རྒྱུས་ཁོང་གི་གསུང་རྩོམ་ཁྲོད་དུ་གསལ་པོར་འཁོད་མེད་པར་བསྙད་དེ་རྫུན་མ་ཡིན་པའི་གླེང་སློང་བྱུང་ཡང་། འཇུ་བསྟན་སྐྱོང་གིས་སྐུ་པར་དེ་ནི་ཕྱི་ལོ་ ༢༠༠༦ ལོར་འབྲུག་ཡུལ་དུ་བསྐྱོད་སྐབས་དྲག་ཤོས་སྲས་མོ་ཀརྨ་གཡང་འཛོམས་ཀྱི་ཕྱག་ནས་རྙེད་སོན་བྱུང་སྟེ་བསྐྱར་པར་བརྒྱབ་པ་དང་། ཕྱིས་སུ་ཆོལ་གསུམ་བོད་ཀྱི་རྩོམ་སྒྲིག་ཁང་གིས་ཚོགས་འདུ་ཞིག་བསྐངས་སྐབས། ཚོགས་ཆེན་དེར་ཞུགས་པའི་སྐུ་མགྲོན་རྣམ་པར་ལག་རྟགས་ཀྱི་ཚུལ་དུ་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཟུར་དུ་དྲས་ཏེ་བསྐྱར་པར་མང་པོ་བརྒྱབ་ནས་བཀྲམ་པ་ཡིན་[18]གསུངས།

དེས་ན། དེང་སང་མཇལ་དུ་ཡོད་པའི་དགེ་འདུན་ཆོས་འཕེལ་དང་འབྲུག་གི་བཀྲ་ཤིས་སྒང་པ་འཕྲིན་ལས་སྟོབས་རྒྱས་གཉིས་ལྷན་བཞུགས་ཀྱི་སྐུ་པར་གཅིག་དང་། དགེ་འདུན་ཆོས་འཕེལ་སྐུ་རྐྱང་ངང་ཡར་བཞེངས་ཏེ་ཡོད་པའི་སྐུ་པར་མི་འདྲ་བ་གཉིས་ཡོད་པའི་རྒྱུ་མཚན་ཡང་ཞོར་ནས་རྟོགས་ཐུབ།

༦ དགེ་འདུན་ཆོས་འཕེལ་དང་རཀ་ར་ཐུབ་བསྟན་ཆོས་དར།

དགེ་འདུན་ཆོས་འཕེལ་དང་རཀ་ར་ཐུབ་བསྟན་ཆོས་དར་གྱི་སྐུ་པར་དེ་ནི«རྒྱལ་ཁམས་བསྐོར་བའི་རྒྱན་རིས»ཞེས་པའི་དེབ་ཏུ། དགེ་འདུན་ཆོས་འཕེལ་བཙོན་དུ་མ་སོང་བའི་སྔོན་ཏེ། ཕྱི་ལོ་ ༡༩༤༥ ལོའི་སྨད་དང་། ཕྱི་ལོ་ ༡༩༤༦ ལོའི་སྟོད་གང་རུང་ཞིག་ཏུ་བསྒྲོན་པར་སེམས་[19]ཞེས་བྲིས་འདུག་ལ། རཀ་ར་རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་ཨིན་ཡིག་ཏུ་བྲིས་པའི་དྲྭ་ཚིགས་ཤིག་ཏུ་ཕྱི་ལོ་ ༡༩༤༩ ལོའི་སྐུ་པར་ཞིག་ཡིན་[20]ཚུལ་དང་། འཇམ་དབྱངས་ནོར་བུས་བྲིས་པའི‘‘སྙན་ངག་པ། སྒྱུ་རྩལ་བ། མཁས་དབང་། དགེ་རྒན། ཐུགས་མོས་མེད་པའི་རིན་པོ་ཆེ’’ཞེས་པའི་རྩོམ་ཡིག་ཏུ་ཕྱི་ལོ་ ༡༩༤༦ ཙམ་ལ་བསྒྲོན་པར་གསུངས་ཡོད།[21]

སྐུ་པར་འདི་ནི«རྒྱལ་ཁམས་བསྐོར་བའི་རྒྱན་རིས»དང་། ཕྱི་ལོ་ ༢༠༠༣ ལོའི་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་རྩོམ་རིག་དངོས་གཞི་འཛིན་གྲྭས་བསྒྲིགས་པའི་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་ཕྱོགས་བསྒྲིགས་ཀྱི་དེབ་ཏུའང་བཀོད་ཡོད་ནའང་། སྐུ་པར་འདི་ལ་རིགས་མི་འདྲ་བ་གཉིས་ཡོད་ཅིང་། ཞིབ་པར་མཇལ་ན་དེ་གཉིས་ཉིན་གཅིག་ལ་བསྒྲོན་པ་འདྲ་ཡང་རྒྱབ་ངོས་ཀྱི་ཡུལ་ལྗོངས་གཅིག་མཚུངས་མིན།  འཇམ་དབྱངས་ནོར་བུས་རྒྱབ་ངོས་པོ་ཏཱ་ལ་ཡིན་པའི་སྐུ་པར་དེ་ནི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་བླངས་པ་ཞིག་མིན་པར། ལྷ་སའི་མཐིལ་གྱི་པར་ཁང་ཞིག་ཏུ་བླངས་པའི་དགོངས་ཚུལ་བཏོན་[22]བྱུང་།

རྡོ་རྗེ་དབང་ཕྱུག་ལྟར་ན། རཀ་ར་རིན་པོ་ཆེས་ཁོང་ལ་བསྐུར་ཡོང་བའི་རི་མོ་དང་། ཐང་ག སྐུ་པར་བཅས་ཀྱི་ཁྲོད་དུ་སྐུ་པར་དེ་ཡོད་ཅིང་། དེའི་རྒྱབ་ཡིག་ཏུ་འགྲེལ་བཤད་ཅིག་བྲིས་ཡོད་པའི་ནང་དུ། རཀ་རའི་ཟུར་དུ་ཡོད་པའི་སྐྱེས་བུ(དཔུང་བ་ཙམ་ལས་མི་མཐོང་།)དེ་ནི་བཀྲས་མཐོང་བསོད་ནམས་སྟོབས་འབྱོར་ཡིན་ཚུལ་བྲིས་འདུག་[23]གསུངས། བཀྲས་མཐོང་བསོད་ནམས་སྟོབས་འབྱོར་ནི་རཀ་རའི་གཅེན་པོ་ཡིན་ལ། འཇམ་དབྱངས་ནོར་བུས་རཀ་ར་རིན་པོ་ཆེ་རྒྱུད་སྨད་གྲྭ་ཚང་དུ་བསླབ་པ་སློབ་གཉེར་གནང་སྐབས། ཁོང་གིས་དགེ་འདུན་ཆོས་འཕེལ་གྱི་དྲུང་ནས་བོད་ཀྱི་སྙན་སུམ་དང་རྩོམ་རིག་སོགས་ཀྱི་སློབ་ཚན་ལའང་ཐོས་བསམ་བྱེད་མགོ་བཙུགས་ཏེ། ཁོང་གཉིས་ངོ་ཤེས་རྒྱུས་ཡོད་དུ་གྱུར། སྐབས་དེར་དགེ་འདུན་ཆོས་འཕེལ་ནི་རྒྱུད་སྨད་གྲྭ་ཚང་དང་ཐག་ཉེ་བའི་བར་བསྐོར་བྱང་མཐའ་རྒྱུད་ཀྱི་སྒོ་མང་ཁང་གསར་ཐོག་བརྩེགས་ཀྱི་ཁང་པ་ཆུང་ངུ་ཞིག་ནང་བཞུགས་ཡོད། བཀྲས་མཐོང་གཟིམ་ཤག་གི་བཟའ་དཔོན་རག་རའི་གཅེན་པོ་སྐུ་ངོ་བསོད་ནམས་སྟོབས་འབྱོར་དང་དགེ་འདུན་ཆོས་འཕེལ་ནི་བློས་ཐུབ་གྲོགས་པོ་ཡིན་པར་མ་ཟད་མཆོད་ཆང་བཞེས་རོགས་ཀྱང་རེད་[24]གསུངས།

དགེ་འདུན་ཆོས་འཕེལ་རྒྱ་གར་དུ་མ་ཕེབས་པའི་ཡར་སྔོན་ཙམ་ནས་བཟུང་། བཀྲས་མཐོང་བསོད་ནམས་སྟོབས་འབྱོར་དང་ཁོང་གཉིས་ངོ་ཤེས་ཡིན་ཞིང་། སྐབས་དེར་རཀ་ར་སྤུན་མཆེད་ཟུང་གི་སྲིང་མོ་བློ་གྲོས་ལྷ་དབང་གིས་དགེ་འདུན་ཆོས་འཕེལ་མཇལ་བའི་མཐོང་སྣང་ཞིག་གསུངས་ཡོད་པ་འདི་ལྟར། སྐབས་དེར་དགེ་འདུན་ཆོས་འཕེལ་གྱིས་གྲྭ་ཆས་གྱོན་མེད་པས་སྐྱ་སར་བབ་པ་འདྲ་ཞིང་། བལ་ཐག་ཕྱུ་པ་སྔོ་ནག་ཅིག་ལུག་ལུག་བྱས་ཏེ་གྱོན་པར་མ་ཟད། མགོ་སྐྲ་ཐུང་ཞིང་ཨ་ར་བཞར་མེད་ལ། ངོ་གདོང་སྐམ་ཞིང་སྐྱོ་ཉམས་དང་བཅས་ཏེ་སྐྱིད་མདོག་མེད་པའི་རྣམ་འགྱུར་སྟོན། ཁོང་ལ་ཞི་དུལ་གྱི་གཤིས་རྒྱུད་བཟང་པོ་ཞིག་འདུག་ཅིང་། གཟུགས་གཞི་མཐོ་བོ་མེད་པར་འབྲིང་ཙམ་དང་། གསུང་སྐད་འཇམ་ཞིང་འུར་ཤོབ་བཅོས་ཟོལ་ཅི་ཡང་མེད་[25]པའི་སྐྱེས་བུ་ཞིག་རེད་ཟེར།

གང་ལྟར། རཀ་ར་རིན་པོ་ཆེའི་བུ་བཀྲས་མཐོང་དབང་པོས་སྐུ་པར་དེ་ནི་ཐོག་མར་ལཱིག ཤེ་ཌི་ལེན་ལ་ཐོབ་ཡོད་པ་དང་། ཁོང་གིས‘‘ཡིད་བྱུང་བའི་གྲྭ་པ’’ཞེས་པའི་གློག་བརྙན་དེ་སྤར་སྐྲུན་བྱེད་སྐབས་ཨུ་རུ་སུར་ཕྱིན་ཏེ། དེ་གར་ཡོད་པའི་རྗོར་རྗི་རོལ་རིག་(ཨིན་ཡིག་གི་མིང)གི་ཤུལ་རྫས་དངོས་པོ་ཉར་མཁན་ཞིག་བརྒྱུད་ནས་རག་སོན་བྱུང་ཡོད་པ་དང་། དེ་ནས་ཉིན་ཞིག་ཁོང་སུད་སིར་རྟེན་གཞི་བྱས་པའི་རཀ་རའི་ཁྱིམ་གཞིས་སུ་ཕེབས་ཏེ་དགེ་འདུན་ཆོས་འཕེལ་གྱི་མཉམ་དུ་ཡོད་པའི་གང་ཟག་དེ་སུ་ཡིན་རྩད་གཅོད་བྱེད་སྐབས། ངའི་པ་ལགས་ཀྱིས་དེ་ནི་ཁོང་ཡིན་ཚུལ་གསུངས་པའི་གནས་ཚུལ་སྙིང་རྗེ་མོ་ཞིག་བྱུང་བ་རེད་[26]གསུངས་བྱུང་།

དེར་མ་ཟད། བཀྲས་མཐོང་བསྟན་འཛིན་དབང་པོ་ལྟར་ན། སྐུ་པར་དེ་གཉིས་ལས་ཚོན་ཁྲ་ཅན་དེ་ལྷ་སའི་རཀ་རའི་གཞིས་ཀ་ཡིན་ཅིང་། ཚོན་ཁྲ་ནག་པོ་ཅན་དེ་ཕྱིས་སུ་བཟོ་བཅོས་བརྒྱབ་པ་དང་། དེ་ཡང་ལཱིག ཤེ་ཌི་ལེན་གྱི་གྲོགས་པོ་ཞིག་ཡིན་ཚུལ་གསུངས། འོན་ཀྱང་།  སྐུ་པར་དེ་ག་དུས་བསྒྲོན་པའི་ལོ་ཚིགས་ལ་ཐུགས་རྒྱུས་མི་འདུག

འོ་ན། རོལ་རིག་གི་ལག་ཏུ་སྐུ་པར་དེ་ཅིའི་ཕྱིར་ཐོབ་མིན་ནི་དྲི་བ་ཞིག་རེད་ལ། དགེ་འདུན་ཆོས་འཕེལ་བོད་དུ་ལོག་རྗེས། ཁོང་དང་རོལ་རིག་དང་། པཎ་ཆེན་རཱ་ཧུལ། བྷ་བུ་མཐར་ཕྱིན་སོགས་ཀྱི་བར་ལ་ཡིག་འབྲེལ་ཡོད་པས། དགེ་འདུན་ཆོས་འཕེལ་གྱིས་བསྐུར་ཡོད་སྲིད་པ་ཞིག་རེད།

དྲི་བ་དེའི་ཆེད་དུ། བཀྲས་མཐོང་བསྟན་འཛིན་དབང་པོའི་རོགས་རམ་འོག་ལཱིག ཤེ་ཌི་ལེན་ལ་འབྲེལ་བ་ཞུས་མོད། སྔར་གྱི་གློག་འཕྲིན་དང་ཁ་པར་སོགས་བརྗེས་འདུག་པས། ཐེངས་འདིར་དྲི་བ་འདྲི་མ་ཐུབ་ཀྱང་། ཁོང་ལ་འདྲི་དགོས་པའི་དྲི་བ་ནི། གློག་བརྙན་བཟོ་སྐྲུན་པ་དེའི་ལག་ཏུ་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་གཞན་ཡོད་མེད་དང་། ཁོང་ཨུ་རུ་སུར་ཕེབས་ཡོད་ན་དགེ་འདུན་ཆོས་འཕེལ་དང་རོལ་རིག་གཉིས་ཀྱིས་མཛད་པར་གྲགས་པའི་སྟོང་ཉིད་སྐོར་གྱི་དཔེ་དེབ་དེའི་སྐོར་ཤེས་རྟོགས་བྱུང་ཡོད་མེད་སོགས་ཀྱི་སྐོར་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། ཕྱི་ལོ་ ༡༩༥༨ ལོར་རྗོར་རྗི་རོལ་རིག་ཨུ་རུ་སུར་ཕྱིར་ལོག་ཕེབས་ཁར། ཁོང་གིས་ཉར་ཚགས་བྱས་པའི་དེབ་དང་དངོས་རྫས་ཡོད་ཚད་ཁྱེར་བའི་ལོ་རྒྱུས་ཡོད་པ་རེད།

༧ སྐུ་པར་གཞན་ཞིག

དགེ་འདུན་ཆོས་འཕེལ་གྱིས་ཀམ་པ་ལི་ཞིག་དཀྲིས་ཏེ་བཞུགས་པའི་སྐུ་པར་དེ་ནི«དྲང་བདེན་གྱིས་བསླུས་པའི་སློང་མོ་བ»ཞེས་པའི་དེབ་དང་། ཨ་རི་བ་ཌོ་ནོལད་ ལོ་ཕེ་ཛིས(Donald S. Lopez, Jr)ཨིན་ཡིག་ཏུ་བསྒྱུར་པའི་དགེ་འདུན་ཆོས་འཕེལ་གྱི་སྙན་དེབ་ཀྱི་མདུན་ཤོག་སོགས་སུ་བཀོད་ཡོད་ཅིང་། ཕར་བལྟས་ཚོད་ལ། ཁོང་རྒྱ་གར་ནས་བོད་དུ་ཕྱིར་ལོག་ཕེབས་རྗེས་བསྒྲོན་པའི་སྐུ་པར་ཞིག་ཡིན་པ་འདྲ་མོད། ཡིན་ནའང་སྐྱེས་བུ་སུ་ཞིག་གིས་བསྒྲོན་མིན་ཤེས་རྟོགས་དཀའ་བར་འདུག ‘‘དགེ་འདུན་ཆོས་འཕེལ། བོད་ཀྱི་རང་དབང་བསམ་བློ་བ’’ཞེས་པའི་རྩོམ་ཡིག་[27]ཏུ་སྐུ་པར་དེ་ནི་ཕྱི་ལོ་ ༡༩༤༩ ལོར་བསྒྲོན་པ་རེད་ཅེས་བྲིས་པ་མཐོང་།

 

བདེ་སྦྱིན་བཟང་མོས་གསུང་དོན་ལྟར་ན། ཕྱི་ལོ་ ༡༩༩༠ ལོར་ལྷ་སའི་བར་སྐོར་གྱི་ཁྲོམ་གཟིགས་སྒང་དུ། ཕ་ཡུལ་རེབ་གོང་ནས་ཡིན་པའི་སྔགས་པ་བཀྲ་ཤིས་ཞུ་བ་ཞིག་གིས་ཐུགས་བརྩེ་བ་ཆེན་པོའི་ངང་ནས་མིག་ཆུའི་ཕྲེང་ཐག་ལྷུག་ལྷུག་འབབ་བཞིན་མོ་ལ་སྤྲད་སོང་གསུངས། དགེ་འདུན་ཆོས་འཕེལ་དང་སྔགས་པ་བཀྲ་ཤིས་གཉིས་ཀྱི་འབྲེལ་བ་ཅི་ཞིག་ཡིན་མིན་གྱི་དྲི་བ་དྲིས་ཀྱང་། ཁོ་མོས་གསར་དུ་འབྲི་བཞིན་པའི་དགེ་འདུན་ཆོས་འཕེལ་གྱི་དེབ་ཏུ་སྐུ་པར་དེའི་ལོ་རྒྱུས་བྲིས་ཡོད་སྐོར་གསུངས་ཏེ་གནས་ཚུལ་གཞན་ཅི་ཡང་གསུངས་མ་སོང་། ཡིན་ནའང་། སྐུ་པར་འདི་སྤྱི་ཚོགས་ཁྲོད་དུ་འགྲེམ་མཁན་ཐོག་མ་ནི་ལྕམ་སྐུ་མོ་རང་ཡིན།

གནས་ཚུལ་འདི་ལ་རྐྱེན་བྱས་ཏེ། ཁོ་བོས་རེབ་གོང་གི་སྔགས་རྒན་ངོ་ཤེས་རེ་ཟུང་ལ་སྔགས་པ་དེའི་སྐོར་ལ་སྐད་ཆ་དྲིས་པར། ཞོ་ར་བསྟན་པ་དར་རྒྱས་གྱིས་སྔགས་པ་བཀྲ་ཤིས་ཞུ་བ་ནི་རེབ་གོང་རྒྱལ་པོ་ཆུ་ཀྱཱའི་སྙིང་དཀར་བཀྲ་ཤིས་ཡིན་ལ། ཁོང་ནི་ཨ་ལགས་རྒྱལ་པོ་རིག་འཛིན་དཔལ་ལྡན་བཀྲ་ཤིས་སྐུ་ཕྲེང་དང་པོའི་ཁྱིམ་རྒྱུད་ཀྱི་མི་ཡིན་པ་དང་། དགེ་འདུན་ཆོས་འཕེལ་གྱི་ཡབ་ནི་ཨ་ལགས་རྒྱལ་པོ་སྐུ་ཕྲེང་གསུམ་པ་རེད། སྙིང་དཀར་བཀྲ་ཤིས་ཚང་ནི་བླ་མ་ཆེན་པོ་དེའི་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བདག་ཡིན་སྟབས། དགེ་འདུན་ཆོས་འཕེལ་ཚང་ལའང་འབྲེལ་ལམ་ཟབ་མོ་ཡོད་པ་རེད་[28]གསུངས། གཞན་ཡང་། དགེ་འདུན་ཆོས་འཕེལ་གྱི་སྐུ་ཚ་གཡུང་དྲུང་རྒྱལ་གྱིས་ངོ་སྤྲོད་གནང་བར་བརྟེན་ནས། སྔགས་པ་ཁོང་དང་ཧོར་ཁང་སྲས། རག་རའི་ཁྱིམ་རྒྱུད་བཅས་ཀྱི་བར་ལའང་འབྲེལ་བ་བྱུང་སྟེ། རིམ་བཞིན་ཁོང་ཚོ་ཐུགས་འདྲིས་གྲོགས་པོར་གྱུར་ཡོད་པ་སོགས་ལ་གཞིགས་ན། སྔགས་པ་བཀྲ་ཤིས་ཀྱི་ལག་ཏུ་སྐུ་པར་དེ་ཧོར་ཁང་སྲས་དང་རཀ་ར་ཚང་གང་རུང་ཞིག་བརྒྱུད་ནས་ཐོབ་ཡོད་སྲིད་ཀྱང་། ཧོར་ཁང་སྲས་ཀྱིས་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་དང་སྐུ་པར་གཞན་མེར་བསྲེགས་པའི་གནས་ཚུལ་འོག་ཏུ་ཞུ་རྒྱུ་ཡིན།

གསུམ། དགེ་འདུན་ཆོས་འཕེལ་གྱི་སྐུ་པར་མཐའ་མ།

 དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཁག་ཅིག་གི་ཡོང་ཁུངས་གནས་ཚུལ་རྣམས་བརྗོད་ཟིན་པས། ད་ནི་སྐུ་པར་མཐའ་མའི་སྐོར་ཞུ་རྒྱུ་ཡིན།

༡ སྐྱོ་ལྷང་ལྷང་གི་སྐུ་པར།

དགེ་འདུན་ཆོས་འཕེལ་སྐུ་གཤེགས་ཁར་བསྒྲོན་པའི་སྐུ་པར་དེའི་རི་མོ་ཐོག་མ་ནི། ཕྱི་ལོ་ ༡༩༨༥ ལོར་སྤར་སྐྲུན་བྱས་པའི«ལྷ་ས་སྐྱིད་ཆུ»ཞེས་པའི་དེབ་ཕྲེང་དང་པོའི་ནང་དུ་བཀོད་ཡོད་ཅིང་། ཕྱིས་སུ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་ཕྱག་ཏུའང་སོན་ཏེ་ཁོང་གིས་བྲིས་པའི‘‘མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས’’ཞེས་པའི་རྩོམ་ཡིག་དང་མཉམ་དུ་ཕྱི་ལོ་ ༡༩༩༦ ལོར་སྤར་སྐྲུན་བྱས་པའི«ཀྲུང་གོའི་བོད་ལྗོངས»ཞེས་པའི་དུས་དེབ་ཏུ་བཀོད་[29]ཡོད་པ་རེད། དེར་བརྟགས་ན། དགེ་འདུན་ཆོས་འཕེལ་གྱི་སྐུ་པར་གྱི་རི་མོ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཁྱབ་སྤེལ་བྱུང་བའི་དུས་ཚོད་ནི་ཕལ་ཆེར་ལོ་རབས་བརྒྱད་ཅུ་པའི་ནང་ཡིན་པར་སྙམ།

དགེ་འདུན་ཆོས་འཕེལ་སྐུ་གཤེགས་ཁར་བསྒྲོན་པའི་སྐུ་པར་ལ་གཟིགས་ཏེ་སེམས་ཚོར་ཡིག་ཐོག་ཏུ་བྲིས་པའང་ཡོད་དེ། སྒོ་ཤེས་རབ་རྒྱ་མཚོས་དེ་ནི་དགེ་ཆོས་ཀྱི་སྐུ་པར་མཐའ་མ་ཡིན་ཚུལ་གོ་བ་ནས། པར་འདི་ལ་དུངས་པའང་དམིགས་བསལ་བ་ཞིག་ཆགས་བྱུང་། སྐབས་དང་སྐབས་སུ། ངས་སྐུ་པར་འདི་ལ་ཡང་ཡང་བལྟས་པ་ཡིན། སེམས་མ་སྐྱིད་དུས་ལྷག་ཏུ་ཉིན་རེར་ཐེངས་འགའ་རེར་བལྟས་པ་ཡིན། ལན་རེར། ལྟ་བཞིན་ལྟ་བཞིན་རང་ཉིད་ཀྱང་སྐུ་པར་སྟེང་གི་མལ་ཁྲིའི་གམ་དུ་འབྱོར་སོང་བ་ལྟ་བུའི་འཁྲུལ་སྣང་སྐྱེ་བར་མ་ཟད། འཁྲུལ་སྣང་གི་འཇིག་རྟེན་དེ་ནས། དགེ་ཆོས་མཆོག་གི་སྐྱོ་མདངས་འདྲེས་མའི་ཞལ་བརྡ་ཡང་རྣ་བར་ལྷུང་འོང་བ་འདྲ་བས། བྲང་ཁོག་འཁྱག་སོབ་སོབ་བྱེད། མགྲིན་པ་ཡང་ཡང་བརྣང་བར་འགྱུར་[30]ཅེས་གསུངས།

སྐུ་ཞབས་མེ་ལྕེས་ཀྱང་དགེ་ཆོས་སྐུ་གཤེགས་ཁར་བསྐྱོན་པའི་སྐུ་ཤ་སྐམ་རིད་དུ་གྱུར་འདུག་པའི་སྐུ་པར་དེ་ལ་མཇལ་ཐེངས་རེ་རེར། བདག་གི་སེམས་ཁོང་དུ་སྡུག་བསྔལ་གྱི་ན་བུན་སྟུག་པོ་ཞིག་རང་ཤུགས་སུ་འཐིབ་འོངས་ཤིང་། ཁོང་འཇིག་རྟེན་མི་ཡུལ་དང་ཞལ་གྱེས་དུས་རེ་ཆད་དང་སྐྱོ་སྡུག བློ་ཕམ་དང་ཡི་མུག་གི་ངང་ནས‘ལན་མེད་པའི་འདྲི་རྟགས་དུ་མ་ལས་གྲུབ་པའི། ལྕགས་ཐག་རིང་པོ་ཞིག་དྲུད་དེ་ས་སྒང་གི་གངས་ཐིག་མཐོ་ཤོས་ལས། དལ་བུར་བཞུད’ (འཇུ་སྐལ་བཟང་གི་ཚིག)སོང་བ་རྟོགས་ཐུབ། འཛམ་གླིང་ན་དཀོན་པའི་བེེཌཱུརྱའི་བུམ་པ་ཞིག་འདི་ལྟར་བོད་རང་གིས་རྡོ་ལ་བརྡབས་པ་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ནག་ཉེས་ཤིག་རེད་ལ། བོད་རང་ལ་མཚོན་ནའང་གྱོང་གུད་ཆེན་པོ་ཞིག་རེད་པས་འུ་ཅག་གིས་ད་ལྟ་ངེས་པར་དུ་འགྱོད་བཤགས་བྱེད་རན་པས་མི་ཚད་འཕྱི་འདུག་གོ་[31]ཅེས་གསུངས་འདུག

བོད་ཀྱི་སྤྱི་ཚོགས་ཁྲོད་དུ་སེམས་འགུལ་སྟེར་བའི་སྐུ་པར་དེ་ནི་དགེ་འདུན་ཆོས་འཕེལ་མ་རེད་ཅེས་གླེང་སློང་བྱེད་མཁན་བྱུང་ཡོད་མོད། འོན་ཀྱང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༢ པའི་ཚེས་ ༡༩ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དབུས་སྐད་སྡེ་ཚན་གྱི་གསར་འགོད་པ་ཞིག་གིས་ཀ་ཤོད་པའི་སྲས་འཇམ་དབྱངས་ཆོས་རྒྱལ་ལ་བཅར་འདྲི་ཞིག་བགྱིས་ཡོད་པ་དེའི་ནང་དུ། ཀ་ཤོད་སྲས་ཀྱིས་སྐུ་པར་དེ་ནི་དགེ་འདུན་ཆོས་འཕེལ་ཡིན་པ་དང་། རྩོམ་པ་པོ་གླང་མདུན་དཔལ་འབྱོར་གྱིས་དངོས་སུ་བསྐུར་ཡོང་བའི་རྒྱབ་གཉེར་ཡི་གེ་ཡོད་སྐོར་གསུངས་པར་མ་ཟད། ཁོང་གིས་བརྩམས་པའི«ཀ་ཤོད་པ་ཆོས་རྒྱལ་ཉི་མ་དོན་གྲུབ་ཀྱིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པའི་ཞབས་ཞུའི་སྐབས་ཀྱི་བོད་ཀྱི་བརྗོད་དུ་མི་ལང་བའི་ལོ་རྒྱུས»ཞེས་པའི་དེབ་ཏུའང་སྐུ་པར་དེའི་སྐོར་གསལ་བཤད་གནང་ཡོད།

 ༢ སྐུ་པར་གྱི་བྱུང་རིམ།

ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་གྱིས་ཉིན་ཞིག་སྐུ་ཞོགས་[32]དགེ་འདུན་ཆོས་འཕེལ་ལགས་ནས་གཅེན་པོ་ཚེ་བརྟན་དོན་འགྲུབ་ལགས་གཟིམ་ཆུང་དུ་གདན་ཞུ་གནང་ནས་ཕེབས་སྐབས། ཁོང་སྐུ་ཁམས་བདེ་ཤག་ཤག་མིན་ཀྱང་ཐུགས་སྤྲོ་སྣང་ཆེ་བའི་ངང་ནས་རྒྱུན་ལྡན་ལྟར་བཞུགས་ཤིང་། ཁོང་གིས་ཞབས་སྟེགས་ཀྱི་སྟེང་ནས་དབུ་མཐོན་པོར་བཏེགས་ནས་ཕྱག་ཟུང་གིས་ཞབས་སྟེགས་ཀྱི་རྐང་པར་འཇུས་ཏེ་ཨིན་སྐད་ཀྱི་ལམ་ནས་ངའི་གཅེན་པོར‘‘now I want to see what death is like’’(ད་ནི་ངས་འཆི་བ་ནི་ཅི་འདྲ་ཞིག་ཡིན་པ་མཐོང་འདོད་འདུག)’’ཅེས་གསུངས་སྐབས། ངའི་གཅེན་པོས་དེ་ནི་ཁོས་རྒྱུན་དུ་བཞེས་རག་བཞེས་སྐབས་ཆང་དམ་བཅག་ནས་ཀུ་རེ་རྩེ་བ་ལྟར་རེད་བསམས་ཏེ་ཁོང་ལ་བཞེས་རག(whisky)ཕུལ་ཞིང་། དེ་ནས་སྐུ་ཞོགས་ཀྱི་ཐུགས་རེ་ལྟར་གཡོག་པོ་ཁྱིམ་དུ་བཏང་སྟེ་པར་ཆས་བླངས་ནས་པར་བསྒྲོན་པ་རེད། གཅེན་པོ་ཕྱིར་ལོག་ཁར། སྐུ་ཞོགས་དགེ་འདུན་ཆོས་འཕེལ་གྱིས་ཁོང་ལ་བོད་ཀྱི་སྐྱེས་ཆེན་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་ལི་མ་ཆུང་ཆུང་ཞིག་གནང་བ་དང་། བོད་ཀྱི་སྐྱེས་ཆེན་དེས‘‘དོན་གྲུབ། ཁྱོད་ཀྱིས་དྲན་རྟེན་དུ་ཉར་རོགས།’’ཞེས་གསུངས་འདུག

ཡབ་དང་གཅེན་པོ་གཉིས་ཀྱི་ཐུགས་ཕམ་དགོས་པ་ཞིག་ལ། སྐུ་ཞོགས་དགེ་འདུན་ཆོས་འཕེལ་མཆོག་ནི་སྐྱེས་སྟོབས་ཀྱི་ཤེས་རབ་འབར་ཞིང་ཐུན་མོང་མ་ཡིན་པའི་མཁྱེན་དཔྱོད་ལྡན་པའི་མཁས་དབང་ཞིག་ཡིན་པ་དང་། ཁོང་དགུང་གྲངས་ཞེ་དགུའི་ཐོག་འཇིག་རྟེན་འདི་དང་ཁ་བྲལ་བ་རེད། དེར་བརྟེན། ཡབ་དང་གཅེན་པོ་གཉིས་ཀྱིས་ད་གཟོད་ཁོང་གིས་འཆི་བ་ནི་ཅི་འདྲ་ཞིག་ཡིན་པ་མཐོང་འདོད་འདུག་ཅེས་པའི་གོ་དོན་དང་། ཁོང་གིས་ངའི་གཅེན་པོར་སྐུ་པར་ཅིའི་ཕྱིར་བསྒྲོན་དུ་བཅུག་པ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དྲན་རྟེན་དུ་ཕུལ་བ་དེ་དག་ནི་ཁོང་ལ་ཐོན་ཕྱག་འབུལ་བའི་ཚུལ་དུ་མཛད་པ་རྟོགས་ཡོད།[33]

ད་དུང་། ཕྱི་ལོ་༡༩༨༥ ལོར«ལྷ་ས་སྐྱིད་ཆུ»དུས་དེབ་ཀྱི་རྩོམ་སྒྲིག་འགན་འཛིན་གྱིས་་ཚེ་བརྟན་དོན་འགྲུབ་ལ་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་དེ་ལ་བརྟེན་ནས་རི་མོ་ཞིག་འབྲི་དགོས་པའི་རེ་བ་བཏོན་པ་དང་། ཁོང་གིས་དོན་གྲུབ་ཀྱི་མིང་ཐོག་ནས་རི་མོ་དེ་དུས་དེབ་དེའི་འདོན་ཐེངས་དང་པོའི་སྟེང་དུ་སྤར་སྐྲུན་བྱས། ཕྱིས་སུ་མི་རྣམས་ཀྱིས་ཁོང་གི་རི་མོ་ཤིན་ཏུ་ལེགས་པོ་དེ་བསྐྱར་བཟོ་བྱས་ཏེ་འགྲེལ་བཤད་གང་ཡང་མེད་པར་སྤར་སྐྲུན་འགྲེམས་སྤེལ་བྱས་པ་དང་། རི་མོ་དེ་ཧ་ཅང་ལེགས་པོ་ཡོད་པས་མི་རྣམས་ཀྱིས་སྐུ་པར་ཡིན་པར་ཡིད་ཆེས་བྱས་པས། སྐབས་དེའི་རྩོམ་སྒྲིག་པ་གཙོ་བོ་གླང་མདུན་དཔལ་འབྱོར་གྱིས་དཔང་རྟགས་ཡི་གེ་ཞིག་འབྲི་དགོས་བྱུང་ཡོད་[34]ཅེས་བྲིས་འདུག

རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་གྱི་དཔང་རྟགས་ཡི་གེ་དེ་ཡང་འདིར་དྲངས་ན།

དཔང་ཡིག

གྲོང་ཁྱེར་ལྷ་སའི་རིག་རྩལ་མཐུན་ཚོགས་ཀྱིས་གཉེར་བའི«ལྷ་ས་སྐྱིད་ཆུ»དུས་དེབ་ཀྱིས་ ༡༩༨༥ ལོའི་དེབ་དང་པོའི་ཐོག་སྤེལ་བའི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་སྐུ་པར་དེ་ནི་ཀ་ཟུར་དཀོན་ཅོག་སྲི་ཐར་ལགས་ཀྱིས་ཁོ་རང་གི་ཡབ་དམ་པ་ཀ་ཟུར་ཚེ་བརྟན་དོན་འགྲུབ་ལགས་ཀྱིས་བསྒྲོན་པའི་སྐུ་པར་མཐའ་མ་དེར་དཔེ་བལྟས་ནས་རི་མོ་བྲིས་པ་ཞིག་ཡིན་པ་དང་། སྐུ་པར་འབྲི་མཁན་གྱི་སྨྱུག་མིང་དུ་དོན་འགྲུབ་ཅེས་བཀོད་པ་རེད།

སྐབས་དེའི་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་། རྩོམ་སྒྲིག་འགན་འཁུར་བ་གཙོ་བོ་གླང་མདུན་དཔལ་འབྱོར་གྱིས། སྤྱི་ལོ་ ༢༠༡༠ ལོའི་ཟླ་དང་པོའི་ཚེས་༡༣ཉིན་ལ།

ཞེས་བྲིས་ཡོད་ཅིང་། དཔང་རྟགས་ཡི་གེ་ནི་དབུ་མེད་བྲིས་མ་ཞིག་རེད་ལ། དེབ་ཀྱི་ཟུར་མཆན་དུ་སྤེལ་འདུག

ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་གྱིས་བྲིས་པའི་དེབ་དེའི་ནང་དུ་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་སྐོར་ལ་ཚན་པ་གསུམ་ཡོད་དེ། ༡ དགེ་འདུན་ཆོས་འཕེལ་དང་ཀ་ཤོད་པ་ཞེས་པ་དང་། ༢ ཀ་ཤོད་པས་དགེ་འདུན་ཆོས་འཕེལ་སྲུང་སྐྱོབ་བྱས་པ། ༣ སྐུ་ཞོགས་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་བཅས་ཚན་པ་གསུམ་འདུག དོན་ཚན་འདི་གསུམ་ཞིབ་པར་བཀླགས་ན། ཁོང་གིས་ནན་ཏན་ཆེན་པོའི་སྒོ་ནས་རང་གི་ཡབ་དམ་པ་ཀ་ཤོད་ཆོས་རྒྱལ་ཉི་མ་དོན་གྲུབ་ཀྱིས་དགེ་འདུན་ཆོས་འཕེལ་ལ་ཐུགས་དམ་གྲོགས་དན་མཛད་ཡོད་པ་ལས་དམ་པ་དེར་མ་ཉེས་ཁ་གཡོག་གི་སྡུག་སྦྱོར་མནར་གཅོད་བཏང་མེད་ཚུལ་བསྒྲུབས་འདུག་ལ། སྐུ་པར་དེ་ནི་དགེ་འདུན་ཆོས་འཕེལ་དང་ཁོང་གི་གཅེན་པོ་གཉིས་ཀྱི་འབྲེལ་ལམ་ཡག་པོ་མཚོན་པ་རྒྱུ་མཚན་དུ་དྲངས་ཡོད་པར་མ་ཟད། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ལབ་གླེང་ཆེ་བའི་ཀ་ཤོད་པའི་ཁྱིམ་རྒྱུད་དཀར་འདོན་བྱེད་སྤྱད་ཀྱི་ལག་ཆ་ལྟ་བུར་སྤྱད་འདུག་སྙམ།

ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་གྱིས་དཔང་རྟགས་དང་བཅས་ཏེ། ཁོང་གི་གཅེན་པོས་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་དེ་ཉིད་བསྒྲོན་ཚུལ་སོགས་བྲིས་ཡོད་པ་དེ་དག་བདེན་པ་མ་རེད་ཅེས་བསྙོན་འདིང་མི་ནུས་མོད། དགེ་འདུན་ཆོས་འཕེལ་དགོངས་པ་མ་རྫོགས་པའི་སྔོན་ལ། ཁོང་དང་མཉམ་དུ་ཧོར་ཁང་བསོད་ནམས་དཔལ་འབར་དང་། ཨ་མདོ་བྱམས་པ། གོ་འཇོ་བླ་ཆུང་ཤེས་རབ་རྒྱ་མཚོ། ཚེ་བརྟན་གཡུ་སྒྲོན་སོགས་ཡོད་སྐོར་འབྲེལ་ཡོད་ཀྱི་ཡིག་ཆ་དང་བཅར་འདྲི་སོགས་སུ་གསལ་བར་མ་ཟད། ཁོང་རྣམ་པས་ཀ་ཟུར་ཚེ་བརྟན་དོན་འགྲུབ་ཀྱིས་སྐུ་པར་དེ་ལྟ་བུ་ཞིག་བསྒྲོན་པའི་ལོ་རྒྱུས་གང་དུའང་གསུངས་མི་འདུག གཞན་ཡང་། སྣར་སྐྱིད་ངག་དབང་དོན་གྲུབ་ཀྱིས་དགེ་འདུན་ཆོས་འཕེལ་དང་ཀ་ཟུར་ཚེ་བརྟན་དོན་འགྲུབ་གཉིས་འབྲེལ་ལམ་ཡག་པོ་མེད་ཚུལ་[35]གསུངས་པས། གལ་སྲིད་དེ་བདེན་པ་ཡིན་ཚེ། དགེ་འདུན་ཆོས་འཕེལ་གྱིས་ངེས་པར་དུ་ཀ་ཤོད་པའི་སྲས་འབོད་དོན་མེད་ལ། རྒྱུ་མཚན་ནི་ཧོར་ཁང་ཚང་ལའང་པར་ལེན་འཕྲུལ་ཆས་ཤིག་ཡོད་པ་མ་ཡིན་ནམ།

༣ པར་པ་སུ་ཡིན་ནམ།

ཧོར་ཁང་བསོད་ནམས་དཔལ་འབར་གྱིས«མཁས་མཆོག་དགེ་འདུན་ཆོས་འཕེལ་གྱི་རྟོགས་པ་བརྗོད་པ་དག་པའི་སྣང་བ་ཞེས་བྱ་བ»ཡི་ནང་དུ་འདི་ལྟར་བྲིས་ཡོད་དེ། དགེ་འདུན་ཆོས་འཕེལ་གྱིས་ང་ཁྱོད་ཀྱི་ནང་དུ་ཉིན་གཅིག་ཡོང་སྟེ་ལྷོད་པོར་སྡོད་ཀྱི་ཡིན་གསུངས་ཏེ། ཉིན་ཞིག་ཁོ་བོའི་ཁྱིམ་དུ་ཕེབས་ནས་སྐུ་ལྷོད་པོར་བཞུགས་པ་དང་། མཉེས་ཚུལ་ཡང་ཡང་སྟོན་གནང་མཛད་ཅིང་། ང་ཚོས་དེ་ཉིན་སྐུ་པར་ཞིག་ཀྱང་སྒྲོན་[36]ཞེས་གསལ་བར་མ་ཟད། ཁོང་གི་སྲས་བྱམས་པ་བསྟན་དར་གྱིས་ཆབ་མདོ་བཅིངས་འགྲོལ་བཏང་རྗེས། ངའི་ནང་མི་དེར་ལོ་གཅིག་ལྷག་བསྡད་དེ་ཕྱི་ལོ་ ༡༩༥༡ ཡི་བོད་ཟླ་གསུམ་པར་ཕྱིར་ལྷ་སར་ལོག ང་ཚོ་ལྷ་སར་འབྱོར་ཚར་རྗེས་དགེ་འདུན་ཆོས་འཕེལ་ཉིན་ཞིག་གི་ཞོགས་པ་སྔ་བོར་ཧོར་ཁང་ཁང་པར་སླེབས་སོང་། ཁོང་གིས་གྲོགས་པོ་ཞིག་མཉམ་དུ་ཁྲིད་འདུག ཁོང་གིས་ཁོག་སྟོད་དུ་སྟོད་གོས་ཤིག་གྱོན་ཡོད་པའི་སྟེང་རྒྱ་གར་གྱི་ཚོན་མདོག་སྣ་མང་ཅན་གྱི་སྟོད་འགེབ་གཟན་རྙིང་པ་ཞིག་བསྒྲིལ་ཞིང་། ཁོང་གི་ཞལ་རས་ལ་བལྟ་དུས་སྙུང་གི་ཡོད་པའི་རྟགས་ཤིག་མངོན། སྐབས་དེར་ལོ་བདུན་བརྒྱད་ཅིག་ཡིན་པ་ཡོད། ངའི་ཨ་ཕས་ཁོང་ཚོ་མཉམ་དུ་ལུས་སེམས་ལྷོད་དལ་གྱིས་ཉིན་གང་བསྐྱལ་སོང་། ཉིན་གུང་ཞལ་ལག་གྲུབ་རྗེས་ཧོར་ཁང་གཟིམ་ཤག་ཏུ་ང་ཚོ་མཉམ་དུ་འདྲ་པར་ཞིག་བསྒྲོན་པ་ཡིན། ངའི་ཨ་ཕ་ཡིས་རིག་གནས་གསར་བརྗེའི་བར་ཉར་ནས་བསྡད། དེ་ནས་ཁོང་ལ་གཅར་རྡུང་བྱེད་སྐབས། ངའི་ནང་མི་ཡིས་འདྲ་པར་དེ་ཉར་མ་ཕོད་པར་མེ་ལ་བསྲེགས། དེར་ངའི་ཨ་ཕ་བློ་ཕམ་ཆེན་པོ་སྐྱེས་ཡོད་[37]ཅེས་གསུངས་ཡོད།

ཡང་། ལཱིག ཤེ་ཌི་ལེན་གྱིས་ཧོར་ཁང་སྲས་ལ་བཅར་འདྲི་ཞིག་བགྱིས་པའི་ནང་དུའང་། གོང་གི་གནས་ཚུལ་སྐོར་ཞིག་ཇི་བཞིན་དུ་གསུངས་འདུག་མོད། འོན་ཀྱང་བཅར་འདྲི་དེའི་ནང་དུ་གནས་ཚུལ་གསར་པ་རེ་ཟུང་ཡོད་པ་ནི། ཉིན་དེར་དགེ་འདུན་ཆོས་འཕེལ་གྱི་དབུ་སྐྲ་བཞར་མེད་པར་རིང་བ་དང་། ཁོང་གི་ཡབ་དམ་པས་བླངས་པའི་སྐུ་པར་དེ་ནི་དགེ་འདུན་ཆོས་འཕེལ་སྐུ་མ་གཤེགས་པའི་སྔོན་གྱི་སྐུ་པར་མཐའ་མ་རེད་[38]ཅེས་གསུངས་འདུག ཡིན་ནའང་། ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་གྱིས་ཁོང་གི་གཅེན་པོས་བསྒྲོན་པ་དེ་ནི་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་མཐའ་མ་རེད་ཅེས་གསུངས་ཡོད་པས། དོན་དངོས་སུ་སྐུ་དྲག་གི་སྲས་སྐུ་ཞབས་འདི་གཉིས་ཀྱི་གསུང་གང་ཞིག་བདེན་པ་དང་གང་ཞིག་རྫུན་མ་ཡིན་པའི་བརྡར་ཤ་གཅོད་དཀའ་སེ་འདུག དེ་ལ་རྒྱུ་མཚན་ཡོད་དེ། དགེ་འདུན་ཆོས་འཕེལ་སྐུ་གཤེགས་ཁར་དབུ་སྐྲ་རིང་པོ་ཡོད་ཚེ། ཀ་ཤོད་སྲས་ཚེ་བརྟན་དོན་འགྲུབ་ཀྱིས་བསྒྲོན་པའི་སྐུ་པར་དེར་དབུ་སྐྲ་རིང་པོ་ཡོད་པ་མི་མཐོང་བས། དོན་དངོས་སུ་སྐུ་པར་དེ་ནི་དགེ་འདུན་ཆོས་འཕེལ་སྐུ་གཤེགས་ཁར་བསྒྲོན་པ་ཞིག་ཨེ་ཡིན་སྙམ།

འོན་ཀྱང་། ཕྱི་ལོ་ ༡༩༨༥ ལོར«ལྷ་ས་སྐྱིད་ཆུ»ཞེས་པའི་དེབ་ཕྲེང་དང་པོའི་ནང་དུ། དགེ་འདུན་ཆོས་འཕེལ་གྱི་སྐུ་པར་རི་མོར་བྲིས་པ་ཞིག་ཡོད་པ་དེ་སྤེལ་རྗེས། སྐུ་པར་དེ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཁྱབ་བརྡལ་དུ་ཕྱིན་ཡོད་པས། ཧོར་ཁང་བྱམས་པ་བསྟན་དར་གྱིས་སྐུ་པར་བྲིས་མ་དེ་མཇལ་ཡོད་ངེས་ལ། གལ་སྲིད་ཀ་ཤོད་པའི་སྲས་ཀྱིས་བསྒྲོན་པ་ཞིག་མིན་ཚེ། ཁོང་གིས་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་ཚོགས་འདུ་དང་བཅར་འདྲི་སོགས་ཀྱི་གོ་སྐབས་དང་བསྟུན་ནས་གསལ་བཤད་གནང་ཡོད་སྲིད་མོད། འོན་ཀྱང་། སྐུ་པར་དེའི་སྐོར་ལ་དགག་སྒྲུབ་དང་དོགས་སློང་ཟུར་ཙམ་ཡང་གནང་མེད། དེས་ན། དེང་སང་མཇལ་དུ་ཡོད་པའི་སྐུ་པར་དེ་ནི་རེ་ཞིག་ཀ་ཤོད་པའི་སྲས་ཀྱིས་བསྒྲོན་པར་ཆ་འཇོག་མི་བྱེད་ཐུ་མེད་རེད།

དེ་ལྟ་ནའང་། དགེ་འདུན་ཆོས་འཕེལ་གྱི་སྐུ་པར་དེར་རིགས་མི་འདྲ་བ་གཉིས་ཡོད་པར་མཐོང་ལ། གཅིག་དེ་པར་པས་ཁོང་གི་མདུན་ནས་བླངས་པ་དང་། ཅིག་ཤོས་དེ་ཟུར་དུ་བླངས་པ་ཞིག་ཡིན་པར་འདོད། སྐུ་པར་མི་འདྲ་བ་དེ་གཉིས་ཀྱི་སྟེང་གི་དགེ་འདུན་ཆོས་འཕེལ་གྱིས་བཞེས་པའི་ཆས་གོས་གཅིག་མཚུངས་སུ་མཐོང་བས། སྐུ་པར་གཞན་པ་དེ་ནི་རི་མོ་མཁན་ཞིག་གི་པིར་རྩེ་ནས་ཐོན་པ་མིན་ཚེ། ཉིན་གཅིག་དུས་གཅིག་ཏུ་བསྒྲོན་མིན་ལ་སོམ་ཉི་བྱེད་དགོས་དོན་མི་འདུག་ལ། ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་གྱིས་བྲིས་པའི་དེབ་ཏུ་དགེ་འདུན་ཆོས་འཕེལ་གྱི་མདུན་ནས་བླངས་པའི་སྐུ་པར་དེ་བཀོད་ཡོད།

སྐབས་འདིར་ང་ཚོར་དྲི་བ་ཞིག་ཡོད་པ་ནི། དགེ་འདུན་ཆོས་འཕེལ་གྱིས་རང་ཉིད་སྐྱོ་སྡུག་དང་ཡི་ཆད་ཀྱིས་དྲག་ཏུ་མནར་ཞིང་། ཁ་སྟབས་སྐྱོ་ཐག་ཆོད་པའི་དུས་ངན་དེ་འདྲ་ཞིག་ལ་འདྲ་པར་ཞིག་གིས་ཅི་བྱེད་དམ་ཞེ་ན།  བློ་བཟང་བསམ་གཏན་གྱིས་གསུང་དོན། དགེ་འདུན་ཆོས་འཕེལ་དང་ཁང་ཚན་གཅིག་པའི་དཔལ་ལྡན་ཀླུ་སྒྲུབ་ཁོང་ལ་མཇལ་དུ་ཕེབས་སྐབས། དགེ་འདུན་ཆོས་འཕེལ་གྱིས་མི་ཞིག་སྐད་བཏང་སྟེ་ཁོག་སྨད་ཀམ་པ་ལ་ཞིག་གིས་དཀྲུས་ཤིང་ཁོག་སྟོད་དམར་ཧྲེང་དུ་བུད་དེ་པར་ལེན་གྱིན་ཡོད་པས་རྒྱུ་མཚན་ཅི་ཡིན་དྲིས་པར། དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་ཡིན་ན་མི་ཞིག་གི་འཆི་ཁའི་པར་ཡིན་བཤད་ན་སྐད་གྲགས་ཆེ་ཚུལ་ཡོད་[39]པ་རེད་གསུངས་འདུག མདོར་ན། དགེ་འདུན་ཆོས་འཕེལ་དང་རྒྱུས་ཡོད་ཀྱི་མི་སྣ་ཁག་གི་གསུང་དུམ་ཁག་ཕར་སློག་ཚུར་སློག་བྱས་ཚེ། ཁོང་གིས་གཞན་ལ་རེ་སྐུལ་ཞུས་ཏེ་འདྲ་པར་བླངས་པ་གསལ་པོ་རེད།

བཞི། དགེ་འདུན་ཆོས་འཕེལ་གྱི་སྐུ་པར་གཞན་ཡོད་དམ།

བདེ་སྦྱིན་བཟང་མོའི«ཨ་མདོའི་སྤྲང་ཀོག»ཏུ། པར་པ་ཕེ་ནེ་མུ་ཁར་ཇི་ཡིས་དགེ་འདུན་ཆོས་འཕེལ་གྱིས་ཁོང་གི་སྙིང་དུ་སྡུག་པའི་མཛའ་མོ་ཁམས་མོ་དེའི་སྣང་བརྙན་རི་མོར་འབྲི་སྐབས་འདྲ་པར་ཁ་ཤས་བསྒྲོན་པའི་གནས་ཚུལ་བཀོད་ཡོད་[40]ལ། སྐྱབས་རྗེ་ཀིརྟི་རིན་པོ་ཆེས་ཕེ་ནེ་མུ་ཁར་ཇིའི་ཤུལ་ལུས་ནང་མི་དག་ཡུན་རིང་པོར་འཚོལ་ཞིབ་གནང་མཐར། ཁོང་ཚོ་ལྡི་ལིར་ཡོད་པ་དང་། ནང་མི་ཚོའི་ལག་ཏུ་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཡོད་པ་མཁྱེན་རྟོགས་བྱུང་ཡོད་ནའང་། དངུལ་གྲངས་འབོར་ཆེན་མེད་ན་སྐུ་པར་སྟོན་རྒྱུ་མིན་ཚུལ་སོགས་བཤད་པར་བརྟེན་ནས། སྐུ་པར་དེ་དག་ལག་སོན་བྱུང་མེད།

ཡང་། རིན་པོ་ཆེས་པཎ་ཆེན་རཱ་ཧུལ་གྱི་ནང་མི་དག་ཀྱང་རྩད་གཅོད་གནང་བའི་འབྲས་བུར།  རཱ་ཧུལ་གྱི་སྐུ་ཚེ་མཐའ་མའི་བཟའ་ཟླ་བལ་ཡུལ་མི་རིགས་ཡིན་པ་མཚན་ལ་ཀཱ་མ་ལ(པདྨ)ཟེར་བ་དེའི་ཁྱིམ་ཚང་རྒྱ་གར་གྱི་རྒྱལ་སར་ཡོད་པ་མཁྱེན་རྟོགས་བྱུང་སྟེ། པདྨའི་ལག་ནས་དགེ་འདུན་ཆོས་འཕེལ་གྱི་ཕྱག་འཕྲིན་ཕྱག་བསྟར་མའི་ཡི་གེ་དང་སྐུ་པར་སོགས་རག་སོན་བྱུང་ཡོད་པར་མ་ཟད། སྐུ་པར་དང་ཡི་གེ་ཆ་ཚང་གི་མཇུག་ཏུ་དགེ་འདུན་ཆོས་འཕེལ་གྱི་ས་ཡིག་དང་ཚེས་གྲངས་ཞིབ་ཆ་འཁོད་འདུག་[41]ཅེས་གསུངས་ཡོད། སྐབས་དེར་སྐྱབས་རྗེ་ཀིརྟི་རིན་པོ་ཆེས་དྷ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་སྒྲུབ་བཞིན་ཡོད་ལ། ཁོང་གིས་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་ཡིག་ཆ་དང་པར་རིས་སོགས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཕུལ་སྐོར་འབྲི་རྩོམ་གནང་ཡོད།

དེར་བརྟེན།  ཁོ་བོས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལ་བརྗོད་གཞི་འདི་འབྲེལ་གྱི་འཕྲིན་ཡིག་འགའ་ཕུལ་ཏེ། དགེ་འདུན་ཆོས་འཕེལ་སྐོར་གྱི་དཔྱད་གཞིའི་རྒྱུ་ཆ་གང་ཡོད་གསལ་བཤད་ཡོང་པའི་རེ་བ་ཞུས་ཀྱང་། ངེས་སྟོན་པ་མཆོག་གིས་ལས་རོགས་མངགས་ཏེ་པར་རིས་བཙལ་ཡང་གང་ཡང་རག་སོན་མ་བྱུང་བའི་ཡིག་ལན་འབྱོར། དེས་ན། སྔར་སྐྱབས་རྗེ་ཀིརྟི་རིན་པོ་ཆེས་དཔེ་མཛོད་ཁང་དེར་ཕུལ་བའི་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་དང་རི་མོ་དེ་དག་ད་ལྟ་གང་དུ་ཡོད་མེད་རྩད་གཅོད་བྱེད་དགོས་པར་འདོད།

ཡང་། ཀིརྟི་རིན་པོ་ཆེས་དགེ་འདུན་བཟོད་པར་བཅར་འདྲི་བགྱིས་པའི་ནང་དུའང་། དགེ་འདུན་ཆོས་འཕེལ་དགོངས་པ་རྫོགས་པའི་ཉིན་མོར། སྐུ་དྲག་ཚོས་པར་བརྒྱབ་ཡོད་པར་མ་ཟད། སྤྱན་ཟུང་བཙུམས་བསྡད་པ་ཞིག་གི་སྐུ་པར་དེ་མཇལ་མྱོང་བར་མ་ཟད་། ཁོང་ལ་སྐུ་པར་དེ་རག་ནས་ཚོང་ཟོང་གི་དེབ་ཅིག་གི་ནང་དུ་བཅུག་ནས་རྒྱ་ལྕོག་གི་ཤུར་ལྕོག་ནང་དུ་བཅུག་ཡོད་ཀྱང་། ཕྱིས་སུ་སྐུ་པར་དེ་བརླགས་[42]ཡོད་ཚུལ་གསུངས་འདུག་ལ། སྣར་སྐྱིད་ངག་དབང་དོན་གྲུབ་ཀྱིས་ཀྱང་དགེ་འདུན་ཆོས་འཕེལ་གྱི་ཕྱག་ཏུ་ཁོང་དགུང་ལོ་ཆུང་དུས་ཀྱི་སྐུ་པར་ཞིག་དང་། གསེར་གླིང་ལ་བཞུགས་དུས་ཀྱི་སྐུ་པར་གཅིག་སྟེ་ཁྱོན་བསྡོམས་བཞི་ཡོད་[43]པ་མཇལ་བའི་ལོ་རྒྱུས་གསུངས་འདུག ད་དུང་། ཚེ་བརྟན་གཡུ་སྒྲོན་གྱིས་དགེ་འདུན་ཆོས་འཕེལ་བཙོན་ཁང་དུ་ཡོད་པའི་སྐབས་ཀྱི་དབུ་སྐྲ་རིང་པོ་ཅན་གྱི་སྐུ་པར་ཞིག་ཡོད་པར་མ་ཟད། ཀ་ཤོད་སྲས་ཀྱིས་དེ་གཡར་ནས་ཕྱིར་མ་སྤྲད་པའི་སྐོར་ཡང་གསུངས་པ་སོགས་ལ་བརྟགས་ན། ད་དུང་ང་ཚོས་མཇལ་མྱོང་མེད་པའི་སྐུ་པར་གཞན་པ་ཁག་མང་པོ་ཞིག་ཀྱང་ཡོད་པ་གདོན་མི་ཟའོ། །

ཡང་གཅིག་བཤད་ན། དགེ་འདུན་ཆོས་འཕེལ་དང་འབྲེལ་བ་ཡོད་པའི་ཨ་རི་བ་ཧོར་གཙང་བསྟན་འཕེལ( Griebenow)དང་། རྗོལ་རྗི་རོལ་རིག ཨ་རི་བ་བླ་མ་དཀར་པོ། ཕེ་ནེ་མུ་ཁར་ཇི་སོགས་ཀྱི་ཤུལ་ལུས་དངོས་རྫས་དག་གི་ཁྲོད་དུ། ད་དུང་ཁོང་གི་སྐུ་པར་གསར་པ་རེ་ཡོད་མི་སྲིད་པ་མིན་པས། མུ་མཐུད་དུ་རྩད་གཅོད་བྱེད་དགོས་སོ། །

ལྔ།  དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ལ་འཁྲུལ་བ།

ལོ་ཤས་ཀྱི་སྔོན་ལ། བོད་ནང་གི་དྲྭ་ཚིགས་[44]ཤིག་ཏུ། པར་འདི་ནི་ཕྱི་ལོ་ ༡༩༤༦ ལོར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་གི་ཡི་གེ་རྣམས་ཤོག་ཐོག་ཏུ་འབྲི་བཞིན་པ་རེད་ཅེས་བྲིས་འདུག་པས། དོན་དངོས་སུ་པར་པ་སུ་ཡིན་མིན་ལ་དོ་སྣང་བྱུང་སྟེ་བཙལ་འཚོལ་བྱེད་སྐབས། དེ་ནི་ཨིན་ཇིའི་རྒྱབ་ཁབ་ཀྱི་ཕྱི་སྲིད་ལས་དོན་པ་དང་བོད་རིག་པ་བ་སྐུ་ཞབས་རེ་ཆར་ཌི་སོན(Hugh Richardson )ཡིན་པ་རྟོགས། རྡོ་རིང་ངོས་ཀྱི་ཡིག་འབྲུ་བཤུ་མཁན་ནི་དགེ་འདུན་ཆོས་འཕེལ་ཡིན་པའི་གསལ་ཁ་བྱས་པ་མ་མཐོང་མོད། ཕྱི་ལོ་ ༡༩༤༦ ལོར་རེ་ཆར་ཌི་སོན་ལྷ་སར་ཡོད་ལ། དགེ་འདུན་ཆོས་འཕེལ་ལ་འབྲེལ་བ་བྱུང་ཡོད། ཕྱི་ལོ་༡༩༤༦ ལོར་དགེ་འདུན་ཆོས་འཕེལ་གྱིས་སྐར་ཆུང་རྡོ་རིང་རྙེད་ཡོད་པ་དང་དེའི་སྟེང་གི་ཡི་གེ་དག་ངོ་བཤུས་གནང་བ་ཡོངས་གྲགས་ཡིན། ཁོང་གིས་བཙོན་ནས་ཧོར་ཁང་ལ་བསྐུར་བའི་ཕྱག་འཕྲིན་ཞིག་ཡོད་པ་དེའི་ནང་དུའང་རྡོ་རིང་འདི་ལ་གཙིགས་ཆེན་གནང་ཡོད་པར་མ་ཟད། ཧོར་ཁང་གིས་ཁོང་གི་བཀའ་གསུང་ལྟར་རྡོ་རིང་གི་ཡི་གེའི་འབྲུ་འགྲེལ་ཞིག་ཀྱང་མཛད་ཡོད།

སྔར་རེ་ཆར་ཌི་སོན་གྱིས་བླངས་པའི་འདྲ་པར་ཁག་གི་པར་མཛོད་ལ་ལྟ་སྐབས། པར་འདི་རེ་ཆར་ཌི་སོན་གྱི་འདྲ་པར་བརྩམས་ཆོས་ཁྲོད་དུ་རྙེད་བྱུང་ལ། པར་འདི་དང་ཆ་འདྲ་བ་གཞན་ཞིག་ཀྱང་ཡོད་པ་མཐོང་། གང་ལྟར་པར་འདི་ནི་ཕྱི་ལོ་ ༡༩༤༨ ལོར་བླངས་པའི་ཟླ་ཚེས་བྲིས་འདུག་པས། སྐབས་དེར་དགེ་འདུན་ཆོས་འཕེལ་བཙོན་ཁང་དུ་བཞུགས་ཡོད་སྟབས། པར་སྟེང་གི་མི་དེ་ནི་དམ་པ་ཁོང་མིན་པ་གསལ་པོ་རེད། ལར་ནས་ཧོར་ཁང་བསོད་ནམས་དཔའ་འབར་ལགས་རེད་གསུངས་མོད། དེ་ལ་ཁུངས་བཙུན་གྱི་ཡིག་ཆ་མི་འདུག ཕྱོགས་གཞན་ནས་བཤད་ན། ཕྱི་ལོ་ ༡༩༤༦ ལོར་དགེ་འདུན་ཆོས་འཕེལ་དང་ཧོར་ཁང་རྣམ་པ་གཉིས་སྐར་ཆུང་རྡོ་རིང་ལ་མཇལ་བའི་ལོ་རྒྱུས་ཡོད་པར་མ་ཟད། ཁོང་གིས་བརྩམས་པའི‘‘སྐར་ཆུང་རྡོ་རིང་ལ་རགས་ཙམ་དཔྱད་པ’’ཞེས་པའི་རྩོམ་ཡིག་ཏུ། རབ་བྱུང་༡༦ པའི་མེ་ཁྱི་ ༡༩༤༦ ཟླ་ ༢ པའི་ཚེས་ ༥ ཉིན་ར་མ་སྒང་དུ་སངས་རྒྱས་དགོན་ཞེས་པའི་བཙུན་མའི་དགོན་འཁྲིས་ཀྱི་བྱེ་མའི་དཀྱིལ་དུ་བཙུགས་པའི་སྐར་ཆུང་རྡོ་རིང་སྟེང་གི་ཡི་གེ་ངོ་མ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཕྲན་གཉིས་ནས་བསྡུས་[45]ཞེས་གསལ།

ཧོར་ཁང་བསོད་ནམས་དཔལ་འབར་དང་རེ་ཆར་ཌི་སོན་རྣམ་གཉིས་མཉམ་ཕེབས་ཀྱིས་རྡོ་རིང་ལ་མཇལ་བའི་ལོ་རྒྱུས་ཡོད་པ་མ་ཤེས་ནའང་། ཨིན་ཡིག་གི་དྲྭ་ཚིགས་ཤིག་ཏུ་པར་འདི་ལ་འགྲེལ་བཤད་ཅིག་ཡོད་པ་འདི་ལྟར། ‘‘རེ་ཆར་ཌི་སོན་གྱི་འཆར་བཀོད་འོག་ཁོང་གི་ཕྱག་རོགས་ཤིག་གིས་རྡོ་རིང་གི་ཡི་གེ་ཕབ་བཤུ་གནང་གི་ཡོད་པ་རེད[46]“ཅེས་གསལ། རེ་ཆར་ཌི་སོན་བོད་དུ་ལོ་ངོ་ཉི་ཤུ་ལྷག་བཞུགས་ཤིང་། ཁོང་བོད་ཀྱི་རྡོ་རིང་གི་སྐོར་ལའང་དོ་སྣང་བྱུང་སྟེ་འདྲ་པར་མང་པོ་བླངས་འདུག

«ཨ་མདོའི་སྤྲང་ཀོག»ཅེས་པའི་དེབ་ཀྱི་མདུན་ཤོག་ཏུ་པར་འདི་བཞག་ཡོད་པས། དེབ་དེའི་བྱེད་པོ་བདེ་སྦྱིན་བཟང་མོས་ཀྱང་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ལ་འཁྲུལ་བ་གང་ཡིན་ཆ་མ་འཚལ།

ཡང་། «རྒྱལ་ཁམས་བསྐོར་བའི་རྒྱན་རིས»ཀྱི་ནང་དུ། ཡོངས་འཛིན་རྣམ་པ་གཉིས་ལྷན་བཞུགས་ཀྱི་སྐུ་པར་ཞིག་ཡོད་པ་དེར་འགྲེལ་བཤད་ཅིག་བརྒྱབ་ཡོད་པ་འདི་ལྟར། མཁས་དབང་དགེ་འདུན་ཆོས་འཕེལ་དང་། ཁྲི་བྱང་རིན་པོ་ཆེ། གླིང་རིན་པོ་ཆེ་རྣམས་རེད་ཅེས་སྤེལ་གྱིན་འདུག་ལ། ཁོ་བོས་ཀྱང་པར་མང་པོ་དང་བསྡུར་ནས་ཞིབ་ཏུ་བལྟས་པས། ཁྲི་བྱང་ཡིན་པ་གཏན་ཁེལ་བྱེད་ཆོག་མོད། དགེ་འདུན་ཆོས་འཕེལ་ནི་ཐེངས་རེར་ཡིན་ཡིན་འདྲ་ལ། སྐབས་རེར་མིན་མིན་འདྲ་བས་ཐག་ཆོད་དཀའ་ལ། གླིང་རིན་པོ་ཆེ་ཡང་དེ་བཞིན་ནོ[47]ཞེས་བྲིས་ཡོད་ཀྱང་། ཁྲི་བྱང་རིན་པོ་ཆེ་དང་གླིང་རིན་པོ་རྣམ་གཉིས་ཀྱི་ལྷན་དུ་ཡོད་པ་ནི་དགེ་འདུན་ཆོས་འཕེལ་མ་ཡིན་ནོ། ། ཁུངས་ལྡན་གྱི་སྒྲུབ་བྱེད་ཅི་ཡོད་ཅེ་ན། ༧གོང་ས་༧སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གིས་མཛད་པའི«འཇམ་མགོན་༧རྒྱལ་བའི་༧རྒྱལ་ཚབ་༧སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོའི་མཛད་རྣམ་མདོ་ཙམ་བརྗོད་པ་བཞུགས་སོ»ཞེས་པའི་ནང་དུ་འབྲེལ་ཡོད་ཀྱི་སྐུ་པར་ཁག་ཅིག་བཞུགས་པ་དག་གི་ཁྲོད་དུ་སྐུ་པར་འདི་ཡོད་ཅིང་། འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་འབུམ་སྡེ་ལར་ས་གནས་རྒྱ་གར་དཔོན་རིགས་ནས་སྣེ་ལེན་ཞུས་པ། ༧སྐྱབས་རྗེ་རྣམ་གཉིས་དང་། བྲག་གཡབ་ཧོ་ཐོག་ཐུ་བཅས་སྐབས་དེར་ན་བཟའ་ཕྱོགས་ཆས་བཞེས་ཡོད་པ། གསུང་བསྒྱུར་ཀ་ཇི་བསོད་ནམས་སྟོབས་རྒྱལ་བཅས་[48]ཡིན་པའི་འགྲེལ་བཤད་གནང་ཡོད་པས། དགེ་འདུན་ཆོས་འཕེལ་ནི་བྲག་གཡབ་སྐྱབས་མགོན་ལ་ནོར་ཡོད། བྲག་གཡབ་སྐྱབས་མགོན་ད་དུང་ཡང་རྗར་མན་དུ་སྐུ་འཚོ་བཞུགས་སུ་ཡོད་ལ། ཁོང་གིས་ སྔ་མོ་སྤྱི་ཚོགས་རྙིང་པའི་སྐབས་སུ་མདོ་ཁམས་བྲག་གཡབ་ཀྱི་བླ་དཔོན་ཟུང་དུ་སྦྲེལ་བའི་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་༧སྐྱབས་མགོན“ཧོ་ཐོག་ཐུ” དང་། “ནོ་མོན་ཧན”ཞེས་བོད་ཀྱི་བླ་ཆེན་མཚན་གནས་ཆེ་གྲས་ཤིག་གི་ཁྲི་ཐོག་ལ་དབང་མེད་དུ་བསྐོས་པ་འདི་སྐུ་ཕྲེང་མཐའ་མར་བརྩིས་ཏེ། གཞན་ལ་མིག་དཔེ་བཟང་པོ་སྟོན་ཆེད་འབྱུང་འགྱུར་བྲག་གཡབ་༧སྐྱབས་མགོན་དེའི་ཡང་སྲིད་སྤྲུལ་སྐུ་རྩད་གཅོད་བྱ་རྒྱུའི་ལམ་སྲོལ་མཚམས་བཞག་པ་ཡིན་ཟེར་ནས་ཁ་གསལ་པོ་བྱས་ཏེ་ཞུ་རྒྱུའི་འོས་བབས་མཐོང་གིན་འདུག་ལ། དེ་ང་རང་གི་ལས་འགན་ལའང་བརྩི་བཞིན་ཡོད་[49]གསུངས་ཏེ། ཁོང་ནི་སྤྲུལ་སྐུའི་ལམ་ལུགས་ལ་ཐུགས་མོས་མེད་མཁན་གྱི་སྤྲུལ་སྐུ་ཞིག་ཡིན།

མཇུག་བསྡུ་བའི་གཏམ།

ང་ཚོས་དགེ་འདུན་ཆོས་འཕེལ་ནི་ཁྱད་དུ་འཕགས་པའི་མཁས་པ་ཞིག་ལ་ངོས་འཛིན་བྱེད་དོན་ནི། ཁོང་གི་རྣམ་དཔྱོད་དང་། གསར་བཏོད། རྩོམ་རྩལ་སོགས་ཀྱི་ཆ་ནས་ཡིན་མོད། དམ་པ་འདི་ལ་དགའ་ཞེན་ཡོད་པའི་རྣམ་འགྱུར་སྟོན་ཆེད། བོད་མི་ཤེས་ཡོན་པ་ཚོས་ཁོང་གི་སྐུ་པར་ཁག་ཐང་གའི་ཚུལ་དུ་རང་ཁྱིམ་དུ་འགེལ་བ་དང་། སྒྱུ་རྩལ་པ་དག་གིས་སྐུ་པར་ལ་བལྟས་ནས་རི་མོ་འབྲི་བ་སོགས་བློ་ཡུལ་ལས་འདས་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད།

ད་ཐེངས་ཁོ་བོས་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཁག་འཚོལ་ཞིབ་བགྱིས་པའི་བརྒྱུད་རིམ་ཁྲོད་དུ། ཡིག་ངག་གཉིས་ཐོག་ཏུ་ཡོད་པའི་རྒྱུ་ཆ་རྣམས་བེད་སྤྱོད་བྱས་པའི་ལེགས་ཚོགས་ལ་བརྟེན་ནས། ད་ལྟ་དངོས་སུ་མཇལ་དུ་ཡོད་པའི་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ ༡༥ བཞུགས་པ་དེ་དག་ཡུལ་ལུང་གང་དུ་བསྒྲོན་པ་དང་། གང་ཟག་སུ་དང་སུའི་མཉམ་དུ་བསྒྲོན་པའི་གནས་ཚུལ་རྣམས་ཤེས་རྟོགས་བྱུང་ཡོད་པར་མ་ཟད། སྐུ་པར་དེ་དག་སྤྱི་ཚོགས་ཁྲོད་དུ་ཇི་ལྟར་བྱས་ཏེ་ཁྱབ་སྤེལ་བྱུང་བ་དང་། རྩོད་གཞི་ཅན་གྱི་སྐུ་པར་རེ་ཟུང་གི་སྐོར་ལའང་ཞིབ་མོར་དཔྱད་དེ་འཁྲུན་ཐག་བཅད་ཡོད་པའི་ཁུལ་ཡིན།

འོན་ཀྱང་། དགེ་འདུན་ཆོས་འཕེལ་གྱི་སྐུ་པར་རེ་ཟུང་ད་དུང་ཡང་གང་ཟག་སུས་བསྒྲོན་པ་དང་གནས་ཡུལ་གང་དུ་བླངས་པའི་གནས་ཚུལ་རྟོགས་དཀའ་བར་འདུག ད་ལྟ་ང་ཚོས་མཇལ་ཡུལ་དུ་ཡོད་པའི་སྐུ་པར་ ༡༥ ནི་ཁོང་གི་ཞལ་སློབ་དང་། ཆོས་གྲོགས། གྲོགས་པོ། མཛའ་མོ་སོགས་ཀྱི་ལྷན་དུ་བསྒྲོན་ཡོད་ཅིང་། སྐུ་པར་དེ་དག་ཀྱང་སྐུ་པར་ངོ་མ་ཁག་བསྐྱར་པར་བླངས་པ་ཡིན་པ་ལས་ངོ་མ་མིན།། སྐུ་པར་ཁག་ཅིག་མཛེས་བཟོ་དང་། བཅད་གཏུབ་བྱས་ཡོད་པ་སོགས་ཀྱི་རྐྱེན་པས་གང་ཞིག་རྙིང་པ་དང་གང་ཞིག་གསར་པ་ཡིན་མིན་ཡང་མི་ཤེས་པར་བྱས་འདུག གང་ལྟར། ད་ལྟ་སྐུ་པར་ངོ་མའི་བདག་པོ་ཕལ་མོ་ཆེ་ཡང་གྲོངས་ཟིན་པས། སྔར་གྱི་སྦྱིན་ཤོག་ཁག་འཐོབ་ཁག་པོ་ཡིན་པར་མ་ཟད། གཅིག་བྱས་ན་ད་ལྟ་རྩ་བརླག་ཏུ་གྱུར་ཡོད་སྲིད། མ་འོངས་པར་ང་ཚོས་མཇལ་མྱོང་མེད་པའི་སྐུ་པར་རེ་ཟུང་ག་ཤེད་ཅིག་ནས་མངོན་ཡོང་ཚེ། ངེད་ཀྱིས་སླར་ཡང་རྩོམ་ཡིག་འདིར་ཁ་གསབ་བྱེད་འདུན་ཡོད་ཅེས་ཞུ་འདོད་བྱུང་།

དཔྱད་ཡིག་དང་ཞབས་མཆན། 

[1] Jackson, David. 2022. The Elusive American Tibetologist in Gendun Chöphel’s Life : “The First White Lama” (Theos Bernard) and Their Dream of Tibetland, California. Revue d’Etudes Tibétaines. July: 194–264.

[2] སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། ༢༠༡༧ ཤོག་གྲངས་ ༨༧ ནས ༨༨ བར་གསལ།

[3] དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན། ༢༠༠༣ འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་ནས་འགྲེམས་སྤེལ་བྱས། ཤོག་གྲངས་ ༢༡ ན་གསལ།

[4] ཨ་རི་བ་བླ་མ་དཀར་པོ། ༧ རྒྱལ་ཚབ་ཀྱི་ཐུགས་རེ་དང་དགེ་ཆོས་ཀྱི་རྨི་ལམ། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། ཡུན་ནན་མི་རིགས་སྒྱུ་རྩལ་པར་སྐྲུན་ཁང་། ༢༠༢༩ ཤོག་གྲངས་༢༤༩ ན་གསལ།

[5] ཨ་རི་བ་བླ་མ་དཀར་པོ། ༧ རྒྱལ་ཚབ་ཀྱི་ཐུགས་རེ་དང་དགེ་ཆོས་ཀྱི་རྨི་ལམ། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། ཡུན་ནན་མི་རིགས་སྒྱུ་རྩལ་པར་སྐྲུན་ཁང་། ༢༠༢༩ ཤོག་གྲངས་ ༢༤༨ ན་གསལ།

[6] དགེ་འདུན་ཆོས་འཕེལ་གྱི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བཅུད་ལེན། རྡོ་རྗེ་རྒྱལ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧  ཤོག་གྲངས་ ༥༡ ན་གསལ།

[7] ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པའི་ཚེས་ ༡༧ ཉིན། ཁོ་བོས་ཞོ་ར་བསྟན་པ་དར་རྒྱས་ལ་ངོ་དེབ་བརྒྱུད་ནས་དྲི་བ་དྲིས།

[8] རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ།  ཕེ་ནེ་མུ་ཁར་ཇིས་བརྩམས། ཇོ་ལེབ་ཆོས་འཕེལ་གྱིས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༦ ཤོག་གྲངས་ ༢༡༨ ན་གསལ།

[9] ངོས་ཀྱི་བོད་ནང་སྐོར་སྐྱོད་ཐེངས་གསུམ་པ། རཱཧུལ་སཱཾཀྲི་ཏྱཱཡན། བསོད་ནམས་རྒྱ་མཚོས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༤ ཤོག་གྲངས་ ༢ ན་གསལ།

[10] རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ།  ཕེ་ནེ་མུ་ཁར་ཇིས་བརྩམས། ཇོ་ལེབ་ཆོས་འཕེལ་གྱིས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༦ ཤོག་གྲངས་ ༢༡༨ ན་གསལ།

[11] ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པའི་ཚེས་ ༢༦ཉིན། ཁོ་བོས་ཇོ་ལེབ་ཆོས་འཕེལ་ལ་ངོ་དེབ་བརྒྱུད་ནས་དྲི་བ་དྲིས།

[12] ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པའི་ཚེས་ ༢༦ ཉིན། ཁོ་བོས་བདེ་སྦྱིན་བཟང་མོར་ WhatsApp བརྒྱུད་ནས་དྲི་བ་དྲིས།

[13] སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། ༢༠༡༧ ཤོག་གྲངས་ ༢༢༡ ན་གསལ།

[14] དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་ཕྱོགས་བསྒྲིགས། སྨད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་ ༧༢ ན་གསལ།

[15] དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་ཕྱོགས་བསྒྲིགས། སྨད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་ ༧༢ ན་གསལ།

[16] དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན། ༢༠༠༣ འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་ནས་འགྲེམས་སྤེལ་བྱས། ཤོག་གྲངས་ ༧༤ ན་གསལ།

[17] མཁན་པོ་འཇུ་བསྟན་སྐྱོང་གིས་བྲིས་པའི‘‘དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་སྐོར’’ཞེས་པའི་རྩོམ་ཡིག་དེ་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༧ པའི་ཚེས་ ༢༧ ཉིན་ཁ་བརྡ་དྲྭ་ཚིགས་སུ་སྤེལ་འདུག

[18] ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པའི་ཚེས་ ༢༢ ཉིན། ཁོ་བོས་མཁན་པོ་འཇུ་བསྟན་སྐྱོང་ལ་ངོ་དེབ་བརྒྱུད་ནས་དྲི་བ་དྲིས།

[19] རྒྱལ་ཁམས་བསྐོར་བའི་རྒྱན་རིས། རྩོམ་སྒྲིག་པ་དུང་དཀར་མཁྱེན་རབ། ཀྲུང་གོའི་ཞི་མཐུན་དཔེ་སྐྲུན་ཁང་། ཤོག་གྲངས་ ༡༧༣ ན་གསལ།

[20] https://fr.wikipedia.org/wiki/Rakra_Tethong_Rinpoch%C3%A9

[21] Norbu, Jamyang. 2013. Poet, Artist, Scholar, Teacher and Reluctant Rimpoche. Available at: https://www.jamyangnorbu.com/blog/2013/06/26/poet-artist-scholar-teacher-and-reluctant-rimpoche/ (Accessed: 20 October 2024)

[22] ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པའི་ཚེས་ ༢༦ཉིན། ཁོ་བོས་འཇམ་དབྱངས་ནོར་བུར་ངོ་དེབ་བརྒྱུད་ནས་གླེང་མོལ་བྱས།

[23] ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པའི་ཚེས་ ༢༦ཉིན། ཁོ་བོས་རྡོ་རྗེ་དབང་ཕྱུག་ལ་ WhatsApp བརྒྱུད་དེ་གླེང་མོལ་བྱས།

[24] Norbu, Jamyang. 2013. Poet, Artist, Scholar, Teacher and Reluctant Rimpoche. Available at: https://www.jamyangnorbu.com/blog/2013/06/26/poet-artist-scholar-teacher-and-reluctant-rimpoche/ (Accessed: 20 October 2024)

[25] དགེ་འདུན་ཆོས་འཕེལ། བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ། ཕྱོགས་སྒྲིག་པ། པདྨ་འབུམ། རླངས་ཚང་བསོད་ནམས་རྡོ་རྗེ། ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་། ༢༠༡༩ ཤོག་གྲངས་ ༦༣ ན་གསལ།

[26] ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༠ པའི་ཚེས་ ༣ ཉིན། བཀྲས་མཐོང་བསྟན་འཛིན་དབང་པོས་ WhatsApp བརྒྱུད་ནས་གསུངས།

[27] Boyd, Ryan. n.d. Gendün Chöphel: The Legendary Tibetan Free Thinker. Available:  https://www.evolveandascend.com/blog/gendun-chophel-the-legendary-tibetan-free-thinker (Accessed: 20 October 2024).

[28] ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༠ པའི་ཚེས་ ༠༦ ཉིན། ཁོ་བོས་ཞོ་ར་བསྟན་པ་དར་རྒྱས་ལ་ངོ་དེབ་བརྒྱུད་ནས་དྲི་བ་དྲིས།

[29] ཀྲུང་གོའི་བོད་ལྗོངས། ༡༩༩༦ ལོའི་དེབ་བཞི་པ། ཤོག་གྲངས་ ༤༩ ན་གསལ།

[30] དཔྱད་འཚོལ་དང་ལྟ་འཚོལ། སྒོ་ཤེས་རབ་རྒྱ་མཚོ། རྩོམ་པ་པོ་དཔེ་སྐྲུན་ཁང་། པེ་ཅིན། ༢༠༡༤ ཤོག་གྲངས་ ༢༦༨ ན་གསལ།

[31] དགེ་ཆོས་རྒྱང་མཇལ། མེ་ལྕེ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ ཤོག་གྲངས་༡༤ ན་གསལ།

[32] ཀ་ཤོད་ཚང་གིས་སྐུ་ཞོགས་དགེ་འདུན་ཆོས་འཕེལ་ཞེས་འབོད་གསུངས།

[33] In the service of the 13th and the 14the Dalai lamas, Sonam, untold stories of Tibet.  Jamyang Choegyal Kasho, 2015. TIBETHAUS, Page: 140-141

[34] In the service of the 13th and the 14the Dalai lamas, Sonam, untold stories of Tibet. Jamyang Choegyal Kasho, 2015. TIBETHAUS, Page: 142.

[35] དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན། ༢༠༠༣ འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་ནས་འགྲེམས་སྤེལ་བྱས། ཤོག་གྲངས་ ༢༡ ན་གསལ།

[36] ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ ཤོག་གྲངས་ ༥༦༤ ན་གསལ།

[37] དགེ་འདུན་ཆོས་འཕེལ། བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ། རྩོམ་སྒྲིག་པ། པདྨ་འབུམ་དང་རླངས་ཚང་བསོད་ནམས་རྡོ་རྗེ། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༡༩ ཤོག་གྲངས་ ༧༠ དང་ ༧༡ བར་གསལ།

[38] སྐུ་ཞབས་ལཱིག ཤེ་ཌི་ལེན་གྱིས་ཧོར་ཁང་སྲས་ལ་བཅར་འདྲི་བྱས་པའི་ PDF རྣམ་པ་ཅན་དེའི་ཤོག་གྲངས་༧ ན་གསལ།

[39] སྐུ་ཞབས་ལཱིག ཤེ་ཌི་ལེན་གྱིས་བློ་བཟང་བསམ་གཏན་ལ་བཅར་འདྲི་བྱས་པའི་ PDF རྣམ་པ་ཅན་དེའི་ཤོག་གྲངས་ ༤ ན་གསལ།

[40] Le mendiant de l’Amdo.  Heather STODDARD. Université de Paris X, 92001 NANTERRE. P, 196

[41] དགེ་འདུན་ཆོས་འཕེལ་གྱི་རབ་བྱེད། ཀིརྟི་བློ་བཟང་བསྟན་འཛིན། བོད་ཀྱི་དཔེ་མཛོད་ཁང་། ༡༩༨༣ ཤོག་གྲངས་ ༢༩༤ ན་གསལ།

[42] དགེ་འདུན་ཆོས་འཕེལ་གྱི་རབ་བྱེད། ཀིརྟི་བློ་བཟང་བསྟན་འཛིན། བོད་ཀྱི་དཔེ་མཛོད་ཁང་། ༡༩༨༣ ཤོག་གྲངས་ ༢༤༠ ནས ༢༤༡ བར་གསལ།

[43] དགེ་འདུན་ཆོས་འཕེལ་གྱི་རབ་བྱེད། ཀིརྟི་བློ་བཟང་བསྟན་འཛིན། བོད་ཀྱི་དཔེ་མཛོད་ཁང་། ༡༩༨༣ ཤོག་གྲངས་ ༢༧༢ ན་གསལ།

[44] དྲྭ་ཚིགས་འདི་ཉེ་ཆར་སྒོ་བརྒྱབ་འདུག དབུས་གཙང་དྲྭ་ཚིགས་སུའང་། ‘‘ལོ་ཤས་ནང་དུ་སྐབས་དེའི་ལྷ་སྡོད་དབྱིན་ཇིའི་གཞུང་ཚབ་སྔ་རྗེས་སོ་སོ་ནས་རྡོ་རིང་གི་པར་བླངས་པ་ཁག་དེང་གི་ལོ་རྒྱུས་དཔྱད་བརྗོད་པ་རེ་ཟུང་ནས་པར་དེ་མི་འདིས་བཏབ་པ་རེད་ཅེས་མ་དག་རྒྱུན་འབྱམས་ཀྱི་རྩོམ་ཡིག་ཁ་ཤས་སྤེལ་བ་མཐོང་ཐོས་སུ་གྱུར’’ཅེས་བྲིས་ཏེ་ངོ་སྤྲོད་ཅིག་བགྱིས་ཡོད་པར་བརྟགས་ན། པར་འདི་སུས་བླངས་མིན་ལ་བཤད་ཚུལ་གཞན་ཡང་ཡོད་པར་སྙམ།

[45] ཧོར་ཁང་བསོད་ནམས་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ ཤོག་གྲངས་ ༣༣༤  ན་གསལ།

[46] https://picryl.com/topics/photographs+by+hugh+edward+richardson

[47] རྒྱལ་ཁམས་བསྐོར་བའི་རྒྱན་རིས། རྩོམ་སྒྲིག་པ་དུང་དཀར་མཁྱེན་རབ། ཀྲུང་གོའི་ཞི་མཐུན་དཔེ་སྐྲུན་ཁང་། ཤོག་གྲངས་ ༡༧༤ ན་གསལ།

[48] འཇམ་མགོན་༧རྒྱལ་བའི་༧རྒྱལ་ཚབ་༧སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོའི་མཛད་རྣམ་མདོ་ཙམ་བརྗོད་པ་བཞུགས་སོ།། ༧གོང་ས་༧སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག ཡོངས་འཛིན་གླིང་བླ་བྲང་ནས་སྤར་སྐྲུན་ཞུས། ༢༠༠༩ ཤོག་གྲངས་ ༤༣༧ ན་གསལ།

[49] https://tibettimes.net/2016/12/08/153342/

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།