རོང་ཟོམ་ཆོས་ཀྱི་བཟང་པོའི་འཁྲུངས་འདས་ལོ་ཚིགས་ལ་བསྐྱར་དུ་དཔྱད་པ།

0
160

རོང་ཟོམ་ཆོས་ཀྱི་བཟང་པོའི་འཁྲུངས་འདས་ལོ་ཚིགས་ལ་བསྐྱར་དུ་དཔྱད་པ།
(ས་ཁམས་ཀྱི་བརྒྱུད་ལམ་དང་། སྐུ་སྐྱེའི་ཕྲེང་བ། ༡༠༤༠ ནས་ ༡༡༢༧ བར་གྱི་དུས་མཚམས་གཏན་འབེབས།)

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་སྐུ་ཚེའི་ལོ་ཚིགས་གཏན་འབེབས་བྱེད་ཕྱོགས་ཐད་ཀྱི་དོགས་གནད་རྣམས་ལོ་རྒྱུས་ཡིག་ཆ་ཕན་ཚུན་གཏུགས་ཏེ་དཔྱད་ཞིབ་བྱས་ཡོད། ལྷག་པར་དུ་རོང་ཟོམ་པ་བྱིས་པའི་དུས་སུ་ཇོ་བོ་རྗེ་ཨ་ཏི་ཤ་དང་མཇལ་ཚུལ་གྱི་བྱུང་བ་དེ། ཁོང་གི་དངོས་སློབ་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་གིས་མཛད་པའི་རྣམ་ཐར་མ་ཕྱི་དང་། 《དེབ་ཐེར་སྔོན་པོ་》སོགས་ཁུངས་བཙན་ཡིག་ཆའི་བརྒྱུད་རིམ་ལས་ལུང་རིགས་གཉིས་ཀྱི་སྒོ་ནས་བསྒྲུབས་ཏེ། ལོ་རྒྱུས་ཀྱི་བྱུང་བ་འདི་ཉིད་རོང་ཟོམ་པའི་འཁྲུངས་འདས་ལོ་ཚིགས་གཏན་ལ་འབེབས་པར་ཡིད་རྟོན་འོས་པའི་གཞི་འཛིན་ས་བརྟན་པོ་ཞིག་ཡིན་པའི་ལྟ་བ་བཏོན་ཡོད།

གནད་ཚིག རོང་ཟོམ་ཆོས་ཀྱི་བཟང་པོ། འཁྲུངས་འདས་ལོ་ཚིགས། ཇོ་བོ་རྗེ་ཨ་ཏི་ཤ། ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག དེབ་ཐེར་སྔོན་པོ། ལོ་རྒྱུས་དཔྱད་ཞིབ།

སྔོན་གླེང་།

ཀུན་མཁྱེན་རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོའི་སྐུ་ཚེའི་དུས་མཚམས་ནི། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་དུ་བཞེད་པ་མི་མཐུན་པ་ཆེན་པོ་བྱུང་བའི་དོགས་གནད་ཅིག་རེད། དེང་སང་ཡོངས་གྲགས་སུ་རོང་ཟོམ་པའི་འཁྲུངས་ལོ་སྤྱི་ལོ་༡༠༡༢ལོར་བཞེད་པ་དེས། ཁོང་ཉིད་བྱིས་པའི་གནས་སྐབས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་མཇལ་བའི་སྔོན་གྱི་རྣམ་ཐར་ཁུངས་མ་དག་དང་འགལ་བ་ཆེན་པོ་ཆགས་ཡོད། གལ་ཏེ་ཁོང་ཆུ་བྱི་༡༠༡༢ལོར་འཁྲུངས་ན་ཇོ་བོ་རྗེ་དབུས་གཙང་དུ་ཕེབས་སྐབས་དགུང་ལོ་༣༠ཙམ་ལོན་པའི་དར་མ་ཞིག་ཏུ་གྱུར་ཟིན་པས། བྱིས་པའི་ཚུལ་གྱིས་མཇལ་བའི་ལོ་རྒྱུས་དང་ཐོད་མི་ཐུག དེས་ན་དཔྱད་རྩོམ་འདིའི་ནང་དུ། ཇོ་བོ་རྗེ་མངའ་རིས་སྤུ་ཧྲེང་ནས་དབུས་གཙང་དུ་ཕེབས་པའི་ས་ཁམས་ཀྱི་བརྒྱུད་ལམ་དང་། དུས་རབས་བཅོ་ལྔ་པ་ནས་བཅུ་བདུན་པའི་བར་གྱི་མཁས་པ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ། རྗེ་བཙུན་ཀུན་དགའ་གྲོལ་མཆོག འཇམ་མགོན་ཨ་མེས་ཞབས་བཅས་ཀྱི་ཁུངས་བཙན་པོའི་གསུང་རྒྱུན་གཞི་ལ་བཞག དེ་ནས་རོང་ཟོམ་པའི་སྐུ་སྐྱེ་དེ་མ་ཐག་པར་གྲགས་པ་འབའ་རོམ་པ་དར་མ་དབང་ཕྱུག་ནི་རབ་བྱུང་གཉིས་པའི་མེ་ལུག་ཕྱི་ལོ་༡༡༢༧ལོར་[1]འཁྲུངས་པ་བཅས་གཅིག་ཏུ་སྦྲགས་ནས་དཔྱད་ཚེ། རོང་ཟོམ་པའི་སྐུ་ཚེའི་དུས་མཚམས་ནི་སྤྱི་ལོ་༡༠༤༠རྗེས་ཙམ་ལ་འཁྲུངས་པ་དང་། ༡༡༢༧ གྱི་སྔོན་དུ་ཞིང་ལ་གཤེགས་པ་ཡིན་པ་ཐག་གཅོད་གཙང་མ་བྱེད་ཐུབ་པ་བསྒྲུབ་པར་བྱའོ།།

༡ ཡིག་ཆ་ཁུངས་མ་དག་ལ་ཞིབ་འཇུག་དང་བྱིས་པའི་གནས་སྐབས་ཀྱི་དཔྱད་པ།

རོང་ཟོམ་ཆོས་ཀྱི་བཟང་པོ་མཆོག་གི་འཁྲུངས་ལོ་གཏན་ལ་འབེབས་པ་ལ། ལོ་བཞི་བརྒྱ་ལྷག་གི་གོང་ནས་བརྩམས་པའི་བོད་ཀྱི་ལོ་རྒྱུས་ཁུངས་མ་དག་ལ་གཏུགས་དགོས། དེ་དག་ཀྱང་། རོང་ཟོམ་པ་ཆེན་པོའི་དངོས་སློབ་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་གིས་བརྩམས་པའི་རོང་ཟོམ་རྣམ་ཐར་ལྟ་བུ་ལ་ཁུངས་བཅོལ་ཡོད་ཐོག་རང་རང་གི་ས་ནས་གནས་ཚུལ་རྒྱས་པས་ཟུར་བརྒྱན་ཡོད། རྗེ་བཙུན་ཀུན་དགའ་གྲོལ་མཆོག་ (༡༥༠༧–༡༥༦༦) གི་《ཕྱི་ནང་གསང་གསུམ་གྱི་རྣམ་ཐར》[2] ལས། ཇོ་བོ་རྗེ་ཨ་ཏི་ཤ་དང་རོང་ཟོམ་པ་གཉིས་ཐོག་མར་མཇལ་བའི་ཚེ། རོང་ཟོམ་པ་ནི་ནར་སོན་ཟིན་པའི་སྐྱེས་བུ་ཞིག་མ་ཡིན་པར། “མའི་པང་པར་ཁྱེའུ་དེ་ཁྱེར་ནས་མཇལ་བ་དང་” ཞེས་དང་། ཨ་མས་ཇོ་བོ་ལ། “བདག་གི་བུ་འདི་སྐྱེས་ཙམ་ན་བརྗོད་པའི་སྒོ་རྣམ་གྲངས་དུ་མའི་སྨྲ་བ་ལྷུར་ལེན་པའི་དབང་ལས་ཡིད་སྐྲག་པའི་གནས་ཡོངས་སུ་བསྐྱེད་ཅིང་། དེ་ལས་འགའ་ཞིག་ནི་སྨྲ་བ་དེ་དག་རྒྱ་གར་གྱི་སྐད་དུ་ཆོས་ཀྱི་ཚིག་བརྗོད་པའོ་” ཞེས་ཞུས་པ་གསལ། ཚིག་འདི་དག་གིས་སྐབས་དེར་རོང་ཟོམ་པ་སྐུ་ན་ཕྲ་བའི་ཁྱེའུ་འམ་བྱིས་པ་ཆུང་ཆུང་ཞིག་ཡིན་པ་མངོན་སུམ་དུ་གྲུབ། དེ་ལས་ཀྱང་གལ་ཆེ་བ་ནི། ཇོ་བོ་རྗེས་བྱིས་པ་དེ་ཉིད་ཕྱག་གི་མཐིལ་གྱིས་བཟུང་ནས་ལེགས་པར་སྦྱར་བའི་སྐད་དེ་རྒྱ་སྐད་ཀྱིས་ “ཀི་ན་ཧོ་”[3] ཞེས་དྲི་བ་གནང་བར། བྱིས་པས་ “ཐགས་ཐོགས་མེད་པར་ལན་རྗེས་སུ་བཏབ་པས” ཇོ་བོ་རྗེ་ཉིད་ཀྱིས་ལུང་བསྟན་པ་ནི། “རྒྱ་གར་གྱི་ཨཱ་ཙརྱ་ནག་པོ་ཞབས་ཆེན་པོ་སྤྱོད་པ་པ་དེ་ཉིད་ཚེ་འཕོས་པ་བྱིས་པ་འདི་ཡིན་ཏེ། ཁོ་བོས་འདི་དང་ཆོས་ཀྱི་གཏམ་བྱ་བ་ག་ལ་ནུས་ཞེས་ངེས་པར་གསུང་སྐད་དོ།།” ཞེས་པ་དེ་རེད། གནས་ཚུལ་འདི་ཉིད་ལོ་བཞི་བརྒྱའི་གོང་གི་འཇམ་མགོན་ཨ་མྱེས་ཞབས་ (༡༥༩༧–༡༦༥༩) ཀྱི་《དཔལ་དུས་ཀྱི་འཁོར་ལོའི་ཆོས་འབྱུང་ངོ་མཚར་དད་པའི་ཤིང་རྟ་》[4]ལས། “དེ་ནས་བོད་ཟལ་མོ་གངས་ཀྱི་ར་བ་འདིར་རོང་ཟོམ་ཆོས་བཟང་དུ་སྐྱེ་བ་བླངས་ནས། ཇོ་བོ་རྗེ་ལྷ་ཅིག་གིས་རོང་ཆེན་གྱི་ཆུ་ཚན་ཁར། རྒྱ་གར་གྱི་ཨཱ་ཙརྱ་ནག་པོའི་ཞབས་ཚེ་འཕོས་པ་འདི་ཡིན་ཞེས་ངོས་བཟུང་ཞིང་” ཞེས་འབྱུང་བ་དང་། དེ་ལས་ཀྱང་སྔ་བ་སྤྱི་ལོ་ ༡༤༧༨ ལོར་བརྩམས་གྲུབ་པའི་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ (༡༣༩༢–༡༤༨༡) གྱི་《དེབ་ཐེར་སྔོན་པོ》[5]ལས། ཇོ་བོའི་ཞལ་ནས། “རྒྱ་གར་གྱི་ཨཱཙརྱ་ནག་པོ་ཞབས་སྤྱོད་པ་པ་དེ་ཉིད་ཚེ་འཕོས་པ་ཇོ་བོ་འདི་ཁོ་ན་ཡིན་ཏེ། ཁོ་བོས་འདི་དང་ཆོས་ཀྱི་གཏམ་ག་ལ་ཐུབ་ཅེས་ངེས་པར་གསུང་སྐད” ཅེས་འཁོད་པ་འདིས་ཇོ་བོ་རྗེས་རོང་ཟོམ་པ་དེ་ཉིད་གྲུབ་ཆེན་ནག་པོ་སྤྱོད་པའི་སྤྲུལ་སྐུར་ངོས་འཛིན་མཛད་པ་དེ་བཤད་ཡམ་ཙམ་མ་ཡིན་པར། བོད་ཀྱི་ལོ་རྒྱུས་ཡིག་ཆ་སྔ་ཤོས་དག་གི་ཐོག་ནས་གྲུབ་པའི་ཚད་མར་གྲུབ་པ་ལགས་སོ།།

༢ ས་ཁམས་རིག་པའི་འགྲུལ་ལམ་དང་འཁྲུངས་ལོ་གཏན་ལ་དབབ་པ།

རང་རེས་རྣམ་ཐར་གྱི་ལུང་ཚིག་ལས་རོང་ཟོམ་པ་བྱིས་པ་ཡིན་པ་གསལ་པོར་རྟོགས་པ་ན། དེ་ཉིད་དུས་ནམ་ཞིག་དང་ས་ཆ་གང་དུ་བྱུང་བ་ས་ཁམས་རིག་པའི་ལམ་ནས་དཔྱད་དགོས། ཀུན་དགའ་གྲོལ་མཆོག་གི་རྣམ་ཐར་ལས་རོང་ཟོམ་པ་དང་ཇོ་བོ་རྗེ་མཇལ་འཛོམ་གནང་ས་ནི་”གཙང་རུ་ལག་སྨད་ཀྱི་སྣར་ལུང་རོང་གི་ཆུ་ཚན་ཁར་”ཡིན་པར་གསུངས། དེང་སང་གི་ས་བབ་ལྟར་ན་འཁྲུངས་ཡུལ་ས་ཁུལ་འདི་ནི་གཞིས་ཀ་རྩེ་ས་ཁུལ་རིན་སྤུངས་རྫོང་གི་ཁོངས་སུ་གཏོགས་པ་ཡིན། ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་གྱི་བཞུགས་ལོའི་རྩིས་གཞི་ལ་གཞིགས་ན། 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》[6]ལས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཉིད་ཀྱིས་མཛད་པའི་རྣམ་ཐར་གྱི་སྡོམ་དུ་ “ཆུ་ཕོ་རྟ་ལ་ཁ་བ་ཅན་དུ་བྱོན། །ཟླ་བ་དགུ་རུ་མངའ་རིས་སྟོད་དུ་བཞུགས། །ལོ་གཅིག་ཟླ་བ་གསུམ་དུ་གཙང་རྣམས་འགྲིམས། །” ཞེས་གསུངས་པ་དང་། ཡང་རྣམ་ཐར་གྱི་ཤོག་ངོས་ ༡༤༣ ལས། “དེ་ནས་མར་གཙང་རོང་ནས་བྱོན་དུས།… དེ་ལྟར་གཙང་ཕྱོགས་ལ་ལོ་གཅིག་ཟླ་བ་གསུམ་ཙམ་བཞུགས་” ཞེས་འབྱུང་། ལོ་ཚིགས་ཀྱི་དངོས་ཡོད་གནས་བབ་ནི། 《དུང་དཀར་ཚིག་མཛོད་ཆེན་མོ》[7]ལས། ནག་ཚོ་ལོ་ཙཱ་བའི་《ལམ་ཡིག་》གི་ཁུངས་བཙན་པོ་གཞིར་བཟུང་ནས། “ལྕགས་འབྲུག། སྤྱི་ལོ༡༠༤༠ ནག་ཚོ་ལོ་ཙཱ་བའི་ལམ་ཡིག་ལས་ཇོ་བོ་རྗེ་བལ་ཡུལ་ནས་མངའ་རིས་སུ་ཕེབས་པར་གསུངས་པ་ཁུངས་བསྟན” ཞེས་གསུངས་པ་ལྟར་རེད། དེས་ན་ ༡༠༤༠ (ལྕགས་འབྲུག) ལོར་མངའ་རིས་སུ་ཕེབས་པ་གཞིར་བཟུང་ན། འབྲོམ་སྟོན་པའི་གསུང་ལྟར་མངའ་རིས་སུ་བཞུགས་རྗེས། མར་གཙང་རོང་གི་ཕྱོགས་སུ་ཕེབས་ནས་གཙང་གི་གནས་རྣམས་འགྲིམས་པའི་དུས་ཚོད་ནི་སྤྱི་ལོ་ ༡༠༤༢ ལོའི་སྟོད་ནས་༡༠༤༣ལོའི་སྨད་ཀྱི་བར་ཏག་ཏག་འཁེལ་གྱི་ཡོད། ས་ཁྲའི་བབས་ལྟར་ནའང་། མངའ་རིས་སྤུ་ཧྲང་ནས་དབུས་ཕྱོགས་སུ་ཕེབས་པའི་གཞུང་ལམ་ནི་གཙང་གི་ས་ཁུལ་བརྒྱུད་དགོས་ཤིང་། ཁྱད་པར་དུ་རིན་སྤུངས་ས་ཁུལ་ཏེ་གནའ་བོའི་ “རུ་ལག་སྨད་ཀྱི་རོང་” འདི་ཉིད་བརྒྱུད་དགོས་པ་ནི་ས་ཁམས་ཀྱི་ཆགས་ཚུལ་རེད། མཇལ་འཕྲད་འདི་ ༡༠༤༢/༡༠༤༣ ལོའི་མར་ཕེབས་ལམ་བར་དུ་བྱུང་བ་ཉག་ཅིག་ཏུ་གྲུབ། གལ་ཏེ་དུས་ཚོད་དེར་རོང་ཟོམ་པ་ལོ་གཉིས་ནས་གསུམ་ཙམ་ལོན་པའི་བྱིས་པ་[8]ཞིག་ཡིན་ན། ཁོང་གི་འཁྲུངས་ལོ་ཡང་ཇོ་བོ་རྗེ་མངའ་རིས་སུ་ཕྱག་ཕེབས་པའི་དུས་ཡས་མས་སྟེ་སྤྱི་ལོ་༡༠༤༠ལོ་ཙམ་ཡས་མས་ཡིན་པ་ས་ཁམས་ཀྱི་བརྒྱུད་ལམ་དང་དུང་དཀར་ལོ་ཚིགས་གཉིས་ཀ་ཐོད་ཐུག་པ་ལས་ར་སྤྲོད་བརྟན་པོ་བྱེད་ཐུབ་བོ།།

༣ བྱིས་པའི་དུས་སུ་ཇོ་བོ་རྗེ་དང་མཇལ་ཚུལ་གྱི་ལོ་རྒྱུས་ཁུངས་བཙན་པའི་སྒྲུབ་བྱེད།

ཀུན་མཁྱེན་རོང་ཟོམ་ཆེན་པོའི་སྐུ་ཚེའི་ལོ་ཚིགས་དང་ལོ་རྒྱུས་ཀྱི་གནད་དོན་ལ་དཔྱད་སྐབས། ཁོང་གི་རྣམ་ཐར་གྱི་འབྱུང་ཁུངས་རྩ་བ་གང་ལ་གཏུགས་པ་དེ་ཉིད་ལ་བཙན་ས་བཟུང་སྟེ་དཔྱད་དགོས་པ་ནི་ཤིན་ཏུ་གལ་ཆེ། དེ་ཡང་རོང་ཟོམ་པའི་རྣམ་ཐར་གྱི་ཁུངས་གཙོ་བོ་ནི་ཁོང་གི་དངོས་སློབ་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་གིས་མཛད་པ་དེ་ཉིད་ཡིན་ལ། 《དེབ་ཐེར་སྔོན་པོ་》རུ་རོང་ཟོམ་པའི་སྐོར་འཁོད་པ་རྣམས་ཀྱང་ཡོལ་དགེ་བསྙེན་གྱིས་མཛད་པའི་རྣམ་ཐར་དང་[9]། གཡག་རྡོ་རྗེ་འཛིན་པ་ནས་བརྒྱུད་པའི་ཞལ་རྒྱུན་[10]ལས་བྱུང་བ་ཡིན་ཚུལ་གསལ་པོར་འཁོད་ཡོད།

འདིར་དོ་སྣང་བྱེད་དགོས་པ་ཞིག་ནི། རོང་ཟོམ་པ་བྱིས་པའི་དུས་སུ་ཇོ་བོ་རྗེ་ཨ་ཏི་ཤ་དང་མཇལ་ཚུལ་གྱི་ལོ་རྒྱུས་དེ་ཉིད་ཁུངས་དག་ཡིན་པའི་སྒྲུབ་བྱེད་གཏིང་ཟབ་ཅིག་ཡོད་པ་ནི། ཡོལ་དགེ་བསྙེན་གྱིས་རྣམ་ཐར་འདི་ཉིད་རོང་ཟོམ་པའི་སྐུ་ཚེའི་སྨད་དམ་གཤེགས་མ་ཐག་པའི་སྐབས་ཤིག་ལ་བརྩམས་པ་གང་ལྟར་ཡང་། བྱུང་བ་དེ་དག་དང་དུས་ཡུན་རིང་པོར་མ་སོང་བའི་སྐབས་ཡིན་པས་རེད། དེའི་ཚེ་ན་བོད་གངས་ཅན་གྱི་ལྗོངས་སུ་ཇོ་བོ་རྗེའི་དངོས་སློབ་དང་། དེ་དག་གི་སློབ་མ་མཁས་པ་མང་པོ་བཞུགས་ཤིང་ཁྱབ་ཡོད་པས། གལ་ཏེ་མཇལ་ཁ་ཞུས་པའི་གནས་ཚུལ་དེ་དངོས་བདེན་མིན་ན། སྐབས་དེའི་ཤེས་ཡོན་པའི་སྤྱི་ཚོགས་ཁྲོད་ཁུངས་མེད་དུ་གྱུར་ནས་དགག་པ་ཆེན་པོ་ཕོག་ངེས་པ་ལས་དོན་དངོས་ལྟར་གནས་མི་ཐུབ་པ་རེད།

དེས་ན་ལོ་རྒྱུས་ཀྱི་ཁུངས་བཙན་པོ་དང་དཔྱད་ཞིབ་ཀྱི་དག་ཐེར་ལ་མཉེས་པའི་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ལྟ་བུ་ཞིག་གིས་ཀྱང་། དོགས་གནད་ཅན་གྱི་ལོ་རྒྱུས་འདི་འདྲ་རང་གི་ལོ་རྒྱུས་ཡིག་ཆ་《དེབ་ཐེར་སྔོན་པོ་》རུ་འགོད་མི་སྲིད་པ་ཞིག་རེད། རྒྱུ་མཚན་འདི་དག་ལ་གཞིགས་ན། རོང་ཟོམ་པ་བྱིས་པའི་དུས་སུ་ཇོ་བོ་རྗེ་དང་མཇལ་བའི་བྱུང་བ་འདི་ནི་ཁོང་གི་རྣམ་ཐར་ལོ་ཚིགས་གཏན་ལ་འབེབས་པའི་སྐབས་སུ། ཡིད་རྟོན་ཧ་ཅང་འོས་པའི་གཞི་འཛིན་ས་གསེར་གྱི་ས་གཞི་ལྟ་བུ་ཞིག་ཏུ་གྲུབ་པ་ཡིན།

༤ འདས་ལོའི་དུས་མཚམས་མཐའ་མ། འབའ་རོམ་པའི་སྐུ་སྐྱེའི་ཕྲེང་བ་ལས་འཕྲོས་པའི་དཔྱད་པ།

རོང་ཟོམ་ཆོས་ཀྱི་བཟང་པོ་མཆོག་གི་འདས་ལོའི་དུས་མཚམས་གཏན་ལ་འབེབས་པ་ལ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་《ཕྱི་ནང་གསང་གསུམ་གྱི་རྣམ་ཐར》[11]ལས། ཁོང་ཉིད་ཀྱི་སྐྱེས་རབས་བརྗོད་པའི་སྐབས་སུ། སློབ་དཔོན་ནག་པོ་སྤྱོད་པ་དང་། དེ་ནས་ «རོང་ཟོམ་ཆོས་ཀྱི་བཟང་པོ། འབབ་རོང་པ་དར་མ་དབང་ཕྱུག» ཅེས་སྐུ་སྐྱེའི་ཕྲེང་བ་རིམ་པར་བྱུང་ཚུལ་གསལ་པོར་བཀོད་ཡོད། ལོ་རྒྱུས་ཀྱི་གོ་རིམ་འདི་ལས་རོང་ཟོམ་ཆོས་ཀྱི་བཟང་པོའི་རྗེས་ཐོག་དེ་མ་ཐག་པའི་སྐུ་སྐྱེ་ནི་བཀའ་བརྒྱུད་པའི་གྲུབ་ཐོབ་ཆེན་པོ་འབའ་རོམ་པ་(འབབ་རོང་པ)དར་མ་དབང་ཕྱུག་ཉིད་ཡིན་པ་གྲུབ། འབའ་རོམ་པ་དར་མ་དབང་ཕྱུག་མཆོག་ནི་ སྤྱི་ལོ་ ༡༡༢༧ (མེ་ཡོས་) ལོར་སྐུ་འཁྲུངས་པ་ཡིན་པར་ཡོངས་སུ་གྲགས། སྤྲུལ་པའི་སྐུའི་སྐྱེ་ཕྲེང་གི་རྣམ་གཞག་གི་གཏན་ཚིགས་ལྟར་ན། སྐུ་སྐྱེ་སྔ་མ་དེ་ཉིད་ཞིང་ལ་མ་གཤེགས་པའི་སྔོན་དུ་སྐུ་སྐྱེ་ཕྱི་མ་འཁྲུངས་ཚུལ་གྱི་གོ་རིམ་མེད་པས། རོང་ཟོམ་ཆོས་ཀྱི་བཟང་པོ་མཆོག་ནི་སྤྱི་ལོ་༡༡༢༧ལོར་འབའ་རོམ་པ་མ་འཁྲུངས་པའི་སྔོན་དུ་ངེས་པར་དུ་ཞིང་ལ་གཤེགས་ཟིན་པ་ཤེས་ཐུབ། འདི་ལྟར་འཁྲུངས་ལོ་ ༡༠༤༠་ལོའི་རྗེས་དང་འདས་ལོ་ ༡༡༢༧ གྱི་སྔོན་དུ་བཞག་ཚེ། རོང་ཟོམ་པའི་སྐུ་ཚེའི་བཞུགས་ཡུན་ནི་ལོ་ ༨༠ གྱ་གྲངས་ཙམ་ཆགས་ཀྱི་ཡོད་པས་སྤྱིར་བཏང་གི་མི་ཞིག་གི་ཚེ་ཚད་ཡིན་པས་འཆད་བདེ། འདི་ནི་ཕྱིས་ཀྱི་བསྟན་རྩིས་སྨྲ་བ་འགས་དགུང་ལོ་ ༡༡༩ བཞུགས་པར་བཤད་པའི་ལོ་རྒྱུས་ཀྱི་འགལ་བའི་ཆ་དེ་སེལ་བར་རྒྱུ་མཚན་ལྡན་པའི་རྩིས་ཤིག་ཆགས་ཡོད། དེས་ན་ཁོང་གི་འདས་ལོའི་དུས་མཚམས་མཐའ་མ་ནི་སྤྱི་ལོ་༡༡༢༧ གྱི་སྔོན་དུ་ཡིན་པ་གཏན་ཁེལ་བྱེད་ཐུབ་པ་ལགས་སོ།།

མཇུག་བསྡུ་བའི་གཏམ།

ཞེ་ཆེན་རྒྱལ་ཚབ་(༡༨༧༡-༡༩༢༦)ཀྱིས་རོང་ཟོམ་པར་བསྔགས་པ་《དགེ་ལེགས་རྒྱ་མཚོའི་སྤྲིན་ཕུང་》ལས།་[12] “འཕགས་ཡུལ་མཁས་མང་གཙུག་གི་ཅོད་པཎ་མཚུངས་མེད་དཔལ་ལྡན་ཨ་ཏི་ཤས།། སྲིད་ན་ཟླ་བྲལ་བསྔགས་བརྗོད་མནྡཱ་ར་ཡི་ཆར་གྱིས་མཆོད་མཛད་ན། །” ཞེས་གསུངས་པ་ལྟར། ཇོ་བོ་རྗེ་ཉིད་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་སའི་བོད་གངས་ཅན་གྱི་མཁས་པའི་གཙུག་རྒྱན་རོང་ཟོམ་ཆོས་ཀྱི་བཟང་པོའི་ལོ་ཚིགས་ནི། དཔྱད་རྩོམ་འདིའི་ནང་བཏོན་པའི་ཇོ་བོ་རྗེའི་ཕེབས་ལམ་གྱི་ས་ཁམས་དང་། བྱིས་པའི་གནས་སྐབས་ཀྱི་སྤྲུལ་སྐུར་ངོས་འཛིན། མཐར་སྐུ་སྐྱེ་འབའ་རོམ་པ་དར་མ་དབང་ཕྱུག་༡༡༢༧ལོར་འཁྲུངས་པའི་ལོ་ཚིགས་བཅས་གཅིག་ལ་གཅིག་འབྲེལ་གྱི་རྒྱུན་ཐག་གཅིག་ལ་བརྒྱུས་ཚེ། རོང་ཟོམ་ཆོས་ཀྱི་བཟང་པོའི་སྐུ་ཚེའི་དུས་མཚམས་ནི་སྤྱི་ལོ་ ༡༠༤༠ ནས་ ༡༡༢༧ གྱི་བར་དུ་ཡིན་པ་ནི་བོད་ཀྱི་ལོ་རྒྱུས་རིག་པའི་ནང་དོན་དངོས་ལ་གསལ་ཁ་དང་ཁུངས་སྐྱེལ་བཙན་པོ་སྦྱིན་ཐུབ་པ་ཞིག་བྱུང་ཡོད།

དཔྱད་ཡིག་དང་ཞབས་མཆན། 

[1] དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་འབྱུང་གསལ་བའི་སྒྲོན་མེ་དང་། ཀེ་ཏ་ཀའི་ཕྲེང་བ་བཞུགས་སོ།། ཚངས་གསར་བློ་གྲོས་རིན་ཆེན་དང་། ཨ་བརྟན་ཕུན་ཚོགས། ༢༠༡༠ དྷི་ལི།

[2](༢༠༠༥ ལོའི་མི་རིགས་དཔེ་སྐྲུན་ཁང་པར། ཤོག་ངོས་ ༤༩༣)

[3] ཀི་ན་ཧོ་ཞེས་པ་དེ་དེང་སང་གི་ཧིན་དྷི་སྐད་དུ་ཀྱཱ་ཧེ་སྟེ་དོན་ནི། གང་རེད་དམ། ཅི་ཞིག་རེད། ཅི་ཞིག་མ་རེད་དམ། ཞེས་པའི་དོན་ཡིན།

[4](གསུང་འབུམ་པོད་ ན། ལྡེབས་ངོས་ ༤༩༢)

[5]བླ་རུང་གཞུང་ལས་དོ་དམ་ཁང་ནས་འགྲེམ་སྤེལ་བྱས་པ། (ཤོག་ངོས་ ༢༠༣)

[6]༢༠༡༤ ལོའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། (ཤོག་ངོས་ ༡–༢)

[7](ཤོག་ངོས་ ༢༢༦༨)

[8]བྱིས་པའི་སྐད་ཆ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལྟར་ན། ལོ་གཅིག་ནས་ལོ་གཉིས་བར་ལ་མིང་ཚིག་རེ་རེ་ནས་བཤད་ཤེས་པ་དང་། ལོ་གཉིས་ནས་གསུམ་གྱི་བར་ལ་ཚིག་དུམ་སྦྲེལ་ནས་སྐད་ཆ་རྒྱུན་ཆགས་སུ་བཤད་འགོ་ཚུགས་པ་མ་ཟད། རང་དབང་གི་བསམ་བློ་དང་མཚར་སྣང་ཆེན་པོ་སྐྱེས་ཏེ་སྐད་ཆ་རྒྱུན་ཆད་མེད་པར་བཤད་ནས་ཁ་བཙུམ་རྒྱུ་ཁག་པོ་ཆགས་པའི་དུས་སྐབས་ཤིག་རེད།

[9]བླ་རུང་གཞུང་ལས་དོ་དམ་ཁང་ནས་འགྲེམ་སྤེལ་བྱས་པ། (ཤོག་ངོས་ ༢༠༧)

[10]བླ་རུང་གཞུང་ལས་དོ་དམ་ཁང་ནས་འགྲེམ་སྤེལ་བྱས་པ། (ཤོག་ངོས་ ༢༠༩)

[11](ཤོག་ངོས་ ༤༩༣)

[12] ཞེ་ཆེན་རྒྱལ་ཚབ་ཀྱི་གསུང་འབུམ་པོད་ཁ་པ། ལྡེབས་གྲངས་༡༧༩

དཔྱད་གཞིའི་ཡིག་ཆའི་ཐོ་གཞུང་།

ཀུན་དགའ་གྲོལ་མཆོག 《རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར》 པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥། [BDRC: MW21617

ངག་དབང་ཀུན་དགའ་བསོད་ནམས། (འཇམ་མགོན་ཨ་མྱེས་ཞབས) 《དཔལ་དུས་ཀྱི་འཁོར་ལོའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་དད་པའི་ཤིང་རྟ་》 གསུང་འབུམ་པོད་ ༼ན༽། [Adarsha App: ANK118 / Volume: ༼ན༽, Page: 12-1line1~12-626line6]

གཞོན་ནུ་དཔལ། (འགོས་ལོ་ཙཱ་བ) 《དེབ་ཐེར་སྔོན་པོ》 ༡༤༧༨ ལོར་བརྩམས་གྲུབ། བླ་རུང་གཞུང་ལས་དོ་དམ་ཁང་ནས་འགྲེམ་སྤེལ་བྱས། [BDRC: MW3CN3380]

འགྱུར་མེད་པདྨ་རྣམ་རྒྱལ། (ཞེ་ཆེན་རྒྱལ་ཚབ།) 《གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་མཁས་པ་ཆེན་པོ་རོང་ཟོམ་པ་ཆོས་ཀྱི་བཟང་པོ་ལ་བསྔགས་པ་དགེ་ལེགས་རྒྱ་མཚོའི་སྤྲིན་ཕུང་》 གསུང་འབུམ་པོད་ ༼ཁ༽། བསྟོད་ཚོགས། [BDRC: MW3916_5C52A]

བློ་བཟང་འཕྲིན་ལས། (དུང་དཀར་རིན་པོ་ཆེ) 《དུང་དཀར་ཚིག་མཛོད་ཆེན་མོ》 ལོ་ཚིགས་དྭངས་ཤེལ་མེ་ལོང་། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢།

འཇམ་དབྱངས་དཔལ་ལྡན་རྒྱ་མཚོ། (ཤཱཀྱའི་དགེ་སློང) 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》 ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤། [BDRC: MW1KG25578]

ཚངས་གསར་བློ་གྲོས་རིན་ཆེན་དང་། ཨ་བརྟན་ཕུན་ཚོགས། 《 དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་འབྱུང་གསལ་བའི་སྒྲོན་མེ་དང་། ཀེ་ཏ་ཀའི་ཕྲེང་བ་བཞུགས་སོ།།》ཝ་ཎ་བཛྲ་བིདྱ་དཔེ་མཛོད་ཁང་། [BDRC: MW4CZ294738]

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།