“ཡིན་”དང་“རེད་”ཅེས་པའི་ཚིག་འབྲུ་གཉིས་ལ་བསྐྱར་དུ་བརྟགས་པ།

0
184

ནང་དོན་གནད་བསྡུས། འདིར་ཁོ་བོས་གནའ་དེང་གི་གཞུང་ལུགས་མང་དག་ཅིག་དཔྱད་གཞིར་བཟུང་ནས། ཡིན་དང་རེད་ཅེས་པའི་ཚིག་འབྲུ་འདི་གཉིས་པོའི་འགོ་ཁུངས་འཚོལ་ཞིབ་བགྱིས་ཏེ། དུས་ནམ་ཞིག་ནས་བཀོལ་སྤྱོད་བྱས་མིན་དང་། དེ་དག་ཡུལ་སྐད་དང་ཡིག་སྐད་གང་ཡིན། མིང་ཚིག བྱ་ཚིག ཕྲད་རྣམ་དབྱེ་བཅས་གང་གི་ཁོགས་སུ་གཏོགས་མིན། ཡིན་དང་རེད་ཅེས་པའི་ཚིག་འབྲུ་གཉིས་ཀྱི་ཐུན་མིན་ངོ་བོའམ་ཁྱད་ཆོས། འཇུག་ཡུལ་ལ་བདག་གཞན་སོགས་ཀྱི་ཁྱད་པར་ཡོད་མེད། དེ་བཞིན་ཡུལ་ལ་འཇུག་པའི་ཚེ་དོན་སྟོན་ཚུལ་འདྲ་མིན་སོགས་ལ། གང་ཐུབ་ཀྱིས་དཔྱད་ཞིབ་བགྱིས་ནས་རང་གི་ལྟ་ཚུལ་དྲང་བརྗོད་བྱས་ཡོད།

བརྡ་ཆད་གཙོ་བོ། ཡིན། རེད། བསྐྱར་དུ་བརྟགས་པ།

སྔོན་གླེང་།

ཡིན་དང་། རེད་ཅེས་པའི་ཚིག་འབྲུ་འདི་གཉིས་ཀྱི་ངོ་བོ་དང་འཇུག་ཡུལ་སོགས་ལ་སྔོན་དང་དེང་གི་མཁས་པ་འགའ་རེས་འགྲེལ་བརྗོད་དང་། དཔྱད་བརྗོད་ཆེ་ལོང་ཙམ་རེ་བྱས་པ་མཐོང་མོད། དཔྱིས་ཕྱིན་པ་ཞིག་སུས་ཀྱང་མ་བྱས་ཐོག དཔྱད་བརྗོད་དེ་དག་ལའང་དོགས་སློང་དང་། ཟུར་སྣོན། གསལ་བཤད་སོགས་ཀྱང་དགོས་ངེས་སུ་མཐོང་། དེ་བས་ཀྱང་བོད་ཡིག་བོད་སྐད་ལ་རྒྱུས་མངའ་ཆེ་ཞིང་། བྱང་ཆ་ལྡན་པའི་མི་དག་ལ་མཚོན་ན། ཡིན་དང་རེད་ཀྱི་ཐ་སྙད་བཀོལ་སྤྱོད་ལ་དཀའ་ཚེགས་དང་ནོར་ཉེན་དེ་ཙམ་མེད་མོད། བོད་ཀྱི་སྐད་ཡིག་གསར་དུ་སྦྱོང་མཁན་གྱི་སློབ་མའམ་ཡང་ན་དེ་ལ་སློབ་མཁན་གྱི་དགེ་རྒན་ཞིག་གི་ངོས་ནས་ནི། བརྡ་ཡག་པོ་ཞིག་འཕྲོད་མི་ཐུབ་ས་དང་། བརྡ་གསལ་བོ་ཞིག་སྤྲད་མི་ཤེས་པའི་དཀའ་ཚེགས་ནི་ཆུང་ཆུང་ཞིག་གཏན་ནས་མིན། དཀའ་ཚེགས་འདི་ཐོལ་གྱིས་སེལ་བའི་ནུས་པ་ཞིག་ཁོ་བོ་ལྟ་བུར་ག་ལ་ཡོད་མོད། དཀའ་ཚེགས་འདི་ཡང་ཡང་མཐོང་ཞིང་། གནད་འདིར་བསམ་བློ་གང་མང་བཏང་མྱོང་བའི་ངོས་ནས། རང་གིས་བཤད་འདོད་པའི་སྐད་ཆ་འགའ་རེ་ཡོད་ཅིང་། གཞན་ལ་ཕན་སྲིད་པའི་སྣང་བ་ཞིག་ཀྱང་འཁྲུལ་སྣང་དུ་འདུག་པས། གནད་དོན་འགའ་ཤས་ཀྱི་ཐད་ནས་གླེང་བར་བྱའོ། །

དང་པོ།  ཡིན་དང་རེད་ཅེས་པའི་ཐ་སྙད་ཀྱི་འགོ་ཁུངས་འཚོལ་བ།

དེ་ཡང་དེང་གི་བོད་པའི་སྤྱི་ཚོགས་སམ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་ཞིག་ཡིན་ཕྱིན། ཡིན་དང་རེད་ ཅེས་པའི་ཐ་སྙད་འདི་གཉིས་ནི་མ་ཤེས་ཐབས་མེད་དང་། སྤྱོད་སྒོ་ཆེ་ཤོས་ཤིག་ཡིན་ན་ཡང་། སྔོན་ཆད་ཐ་སྙད་དེ་དག་སྤྱོད་ཀྱིན་ཡོད་མེད་དང་། དེ་དག་ཡུལ་སྐད་དང་ཡིག་སྐད་གང་ཡིན་བཅས་ལ་ཅུང་ཟད་དཔྱད་ན། དེ་ཡང་རྡོ་རྗེ་རྒྱལ་པོས་ནི། སྐད་རིགས་གང་ཡིན་རུང་། ལེགས་སྦྱར་རམ་ཡིག་སྐད་སོགས་རྣམ་པ་བཞིར་དབྱེ་རུང་ཚུལ་ལས། ཡིན་དང་རེད་སོགས་ནི། དབུས་གཙང་གི་ཡུལ་སྐད་ཡིན་པ་ལས་ཡིག་སྐད་མིན་པར་བཞེད་དེ། ཁོང་གིས་“དེའང་བོད་རིགས་འདུས་སྡོད་རྒྱ་ཆེ་བ་དབུས་གཙང་གི་སྐད་དེ་གཞིའམ་གཙོ་བོར་མ་བཟུང་ཐབས་མེད་བྱུང་བས་ཚིག་མཐའི་རྫོགས་ཚིག་དོར་ཏེ“ཡོད། རེད། ཡིན། མིན། བྱུང་། སོང་། བཞག”སོགས་མང་པོ་དེ་བྱུང་བ་རེད།”[1] ཅེས་དང་། ཡང་“དེ་བཞིན་ཡིག་སྐད་ལ་ དང་པོ་སླར་བསྡུའོ། །ལྟ་བུ་ལ་ཕལ་སྐད་དུ་སླར་བསྡུ་རེད་ཅེས་སམ་སླར་བསྡུ་ཡིན་ཞེས་དང་”[2] ཞེས་ཡིག་སྐད་དུ་རྫོགས་ཚིག་བཀོལ་སར་ཕལ་སྐད་དུ་ཡིན་དང་རེད་སོགས་བཀོལ་ཚུལ་གསུངས། དེ་ལྟར་ཡིན་མིན་ལ་དཔྱད་དགོས་པར་སྣང་སྟེ། ཡིན་ཞེས་པ་འདི་བཀའ་བསྟན་གཞུང་ལུགས་དང་སྔོན་གྱི་ཡིག་རྙིང་རྣམས་སུ་ཤིན་ཏུ་མང་པོ་ཐོན་པ་མ་ཟད། སུམ་རྟགས་གཉིས་སུའང་མང་དུ་གསལ་བས། རྫོགས་ཚིག་གོ་སོགས་དོར་ནས་ཡིན་སྦྱར་བའི་ངེས་པ་མེད་ཅིང་། སྐབས་མང་པོར་རྫོགས་ཚིག་གོ་སོགས་ཀྱི་དོད་དུ་ཡིན་སྦྱར་ན་འཐུས་རུང་། དེ་ལྟར་མི་འཐད་སའང་མང་ངོ་། །དེ་ཡང་ཡིན་ཞེས་པ་འདི་སྔོན་གྱི་ཡིག་རྙིང་སོགས་སུ་ཇི་ལྟར་གསལ་ཚུལ་མཚོན་ཙམ་བཀོད་ན། <<དབོན་ཞང་རྡོ་རིང་>>དུ། “འདྀ་ལྟར་ཉེ་ཞིང་གཉེན་པ་ཡྀན་ན། །དབོན་ཞང་གི་ཚུུལ་ཁོ་ན་ལྟར། །”ཞེས་དང་། “རྒྱ་དང་ལྟ་ཞིག །གཉེན་རྩེག་པ། །ཡུལ་ཁྱྀམ་ཚེས་ཡིན་པས། །”[3]ཞེས་ཐོན་པ་དང་།  ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་<<ཕུ་ནུའི་མདོ་>>ལས། “ནུ་ན་རེ། མྱིར་སྐྱེས་པ་ལ། གང་བདེ་ན་བདེ་བའི་མཆོག་ཡིན། །ཕུ་ན་རེ། སེམས་བདེ་ན་བདེ་བའྀ་མཆོག་ཡིན། །སེམས་མྱི་བདེ་ན། །གཞན་ཆི་བདེ་ཡྔ་[4]བདེ་བ་མ་ཡིནོ། །” [5] ཞེས་སོགས་མང་དུ་ཐོན་པར་མ་ཟད། ཡིནོ་ཞེས་ཡིན་ལ་རྫོགས་ཚིག་སྦྱར་བའང་མི་ཉུང་བ་ཞིག་སྣང་། དེ་བཞིན་<<སུམ་ཅུ་པ>>འི་རྩ་བ་ལས། “དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །”[6]ཞེས་དང་། “དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །”[7] ཞེས་སོགས་ཡིན་གྱི་སྒྲ་བཅུ་ཙམ་འབྱུང་ཞིང་། <<རྟགས་ཀྱི་འཇུག་པ་>>ལས་ཀྱང་། “ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །”[8]ཞེས་སོགས་འབྱུང་ལ། ཕྱིས་ཏེ་ཆོས་རྗེ་ས་པཎ་གྱི་<<བྱིས་པ་དག་ཡིག་>>ལྟ་བུ་ལའང། “ཀ་བ་ཀོ་བ་ཀ་རྐྱང་ཡིན། །”[9]ཞེས་སོགས་ཤིན་ཏུ་མང་པོ་འབྱུང་བས། ཡིན་ཞེས་པ་ནི་བོད་བཙན་པོའི་སྐབས་ནས་བོད་ཀྱི་སྐད་ལུགས་སུ་གྲུབ་ཅིང་། ད་ལྟའང་ཉམས་མེད་གོང་འཕེལ་དུ་ཡོད་པ་མ་ཟད་སུམ་རྟགས་ཀྱི་ཚིག་ཟུར་ནས་ཡང་དང་བསྐྱར་དུ་བྱུང་བས། ཡིག་སྐད་ཉིད་འཐད་ཀྱི། ཡུལ་ལུང་བྱེ་བྲག་པའི་ལུང་སྐད་དམ་ཕལ་སྐད་ཡིན་པ་མི་སེམས་སོ།།

འོན་ཀྱང་། རེད་ཅེས་པ་ནི་སུམ་རྟགས་ཀྱི་ཚིག་ཟུར་གང་ནས་ཀྱང་མི་ཐོན་ཞིང་། ཡིག་རྙིང་སོགས་སུའང་གོང་གི་ཡིན་ལྟར་མི་གསལ་ནའང་། གཏན་ནས་མི་སྤྱོད་པའམ་མེད་པ་ནི་ཡིན་མི་འདུག་སྟེ། <<སྒྲ་ཡི་བསྟན་བཅོས་རྒྱན་གྱི་མེ་ཏོག་>>ཏུ། “གྲུབ་པ་ལ་རེད་པ་དང་། འགྲོལ་བར་འགྲེལ་[10]བར་བསྒྱུར་བ་ལ་སོགས་པ་ཤིན་ཏུ་མང་པོ་ཡོད་དེ། རྒྱས་པར་ནི་གསུང་རབ་རྣམས་སུ་བལྟའོ། །” [11]ཞེས་རེད་པ་ནི་གྲུབ་པའི་བརྡ་རྙིང་ཡིན་པར་གསུངས་ཤིང་། <<ལི་ཤིའི་གུར་ཁང་>>དུའང། “གྲུབ་པ་ལ་རེད་པ་དང་། འགྲེལ་བ་ལ་འགྲོལ་བར་བསྒྱུར་བ་ལ་སོགས་པ་མང་སྟེ”[12] ཞེས་གོང་བཞིན་གསལ། གྲུབ་པའི་བརྡ་རྙིང་ལ་རེད་པ་ཡིན་པ་མ་ཟད། དེའི་ལྡོག་ཕྱོགས་མ་གྲུབ་པའི་བརྡ་རྙིང་ལ་མ་རེད་པ་ཡིན་པའང་གསལ་ཏེ། དབུས་པ་བློ་གསལ་གྱིས་<<བརྡ་གསར་རྙིང་གི་རྣམ་དབྱེ་>>ལས། “རེད་པ་ལ། གྲུབ་པ་ཟེར།”[13]ཞེས་དང་། “མ་རེད་པ། མ་གྲུབ་པ།”[14] ཞེས་གསུངས་པས་སོ། །

དེ་ནི་བཀས་བཅད་དང་པོའི་སྐབས་སུ་བསྒྱུར་བ་ཞིག་ཀྱང་ཡིན་འདུག་སྟེ། <<སྒྲ་ཡི་བསྟན་བཅོས་རྒྱན་གྱི་མེ་ཏོག་>>དེ་ཉིད་དུ། དེ་ལ་ཐོན་མི་སཾ་བྷ་ཊ་དང་། བཙད་པོ་ཁྲི་སྲོང་ལྡེ་བཙན་ཀྱི་དུས་ཀྱི་དང་པོར་བྱས་པའི་འགྱུར་རྣམས་ནི་དང་པོར་བྱས་པའི་བཀས་བཅད་ཀྱིས་བསྒྱུར་ཏེ་སངས་རྒྱས་ཕལ་མོ་ཆེ་དང་། ལུང་སྡེ་བཞི་དང་། མདོ་སྡེ་ཁ་ཅིག་དང་། ཤེར་ཕྱིན་མདོ་ཁ་ཅིག་སྟེ། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་རྣམས་སོ། །[15] ཞེས་གསུངས་ཤིང་གོང་གི་གྲུབ་པ་ལ་རེད་པ་དང་ཞེས་པ་འདིའི་སྐབས་ཀྱི་དཔེ་མཚོན་དུ་དྲངས་པས་སོ།།སྐབས་འདིར་<<ལི་ཤིའི་གུར་ཁང་>>དུ། “སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་རྣམས་སོ།།”[16] ཞེས་གསལ་ཞིང་། སུམ་བྷ་དོན་གྲུབ་ཚེ་རིང་གིས་བཅོམ་ལྡན་རིག་རལ་དང་སྐྱོགས་སྟོན་རྣམ་གཉིས་ཀྱི་ལུང་ཚིག་བསྲེས་ནས་དྲངས་ཏེ་“གཏན་ལ་ཕབ་པ་”[17]ཞེས་པ་གུག་རྟགས་( )ནང་བླུགས། གང་ལྟར་ཡང་འབབ་ས་གཅིག་ཏུ་སྣང་ངོ་། །

དེས་ན་རེད་ཅེས་པའི་བརྡ་ནི་སྔ་མ་སྔ་མའི་དུས་ནས་བོད་རང་གི་སྐད་ཐོག་ཏུ་ཡོད་འདུག་ནའང་། སྐད་གསར་བཅད་ཀྱིས་བསྒྱུར་བའམ། རྐྱེན་གང་རུང་ལ་བརྟེན་ནས་དུས་རབས་སམ་དུས་ཡུན་ངེས་ཅན་ཞིག་ལ་བཀོལ་སྤྱོད་དེ་ཙམ་མ་བྱས་པ་དང་། ཡང་ན་ཡིག་ཐོག་དེ་ཙམ་མ་འཁོད་པ་འདྲ་སྟེ། ལྕགས་ཐར་རྒྱལ་གྱིས། “སྤྱི་ལོ་དུས་རབས་བཅུ་བཞི་པའི་ནང་དུ་བྱུང་བའི་<<མི་ཉག་འཇམ་དབྱངས་གྲགས་པའི་རང་རྣམ་>>དུ། “ཁྱེད་ཡིན་པ་རེད་གསུངས་ནས་ཞེས་”སོགས་རེད་ཀྱི་བརྡ་ཐོན་པ་ལས། “གཙང་སྨྱོན་ཧེ་རུ་ཀའི་མི་ལ་རས་པའི་རྣམ་ཐར་དུ་རེད་ཅེས་པ་གཅིག་ཀྱང་མ་མཐོང་”[18]ཚུལ་གསུངས་ཤིང་། ཁོ་བོས་ཀྱང་དོ་སྣང་ཅི་འོང་བྱས་རུང་མཐོང་ཐོས་ཀྱི་ཡུལ་དུ་མ་བྱུང་།

འོ་ན་དེང་འདིར་རྒྱུན་སྤྱོད་ཆེ་བའི་རེད་ཅེས་པ་དང་སྔོན་གྲུབ་པའི་བརྡ་རྙིང་དུ་གསུངས་པའི་རེད་ཅེས་པ་གཉིས་བརྡ་དོན་གཅིག་གམ་ཐ་དད་གང་ཡིན་ཞེ་ན། <<བོད་རྒྱ་ཚིག་མཛོད་ཆེན་མོ་>>ལས། “(2) འགྲིག་པ་དང་། འགྲུབ་པ།” ཞེས་རེད་པ་ནི་འགྲིག་པའམ་འགྲུབ་པའི་དོན་དུ་འཇུག་པར་བཤད་ཅིང་། དེ་དག་གི་དཔེར་བརྗོད་དུ། “ད་རེད་པ་འདུག ཁོ་འཇམ་ཐིང་ངེར་ཉལ་འདུག ད་ཆང་རེད་སོང་འཐུང་གི་མིན། སྔོན་ལ་གྲ་སྒྲིག་མ་བྱས་པས་རེད་མི་འདུག”[19] ཅེས་བཀོད་ཅིང་། འདི་ཉིད་ཏག་ཏག་སྔོན་གྲུབ་པའི་བརྡ་རྙིང་དུ་རེད་པ་གསུངས་པའི་རེད་པའི་འཇུག་ཚུལ་ཡིན་པར་སྣང་སྟེ། ཚུལ་དེ་ལྟ་བུ་ནི་འཚོ་བའི་ཁྲོད་དུའང་ཤིན་ཏུ་སྤྱོད་པ། དཔེར་ན། ལས་དོན་གང་ཞིག་འགྲིགས་སོང་ངམ། གྲུབ་སོང་ངམ། རེད་སོང་ངམ་ཞེས་འདྲི་བར་བྱེད་ལ། ལན་དུ་ཡང་། འགྲིགས་སོང་། རེད་སོང་། གྲུབ་སོང་ཟེར་ཞིང་། སྐབས་མང་པོར་དེ་དག་གི་ནང་དོན་ལ་ཁྱད་པར་ཆེར་མེད་པ་ཡིན། འོན་ཀྱང་ཁོང་བཀྲ་ཤིས་རེད་ཅེས་པ་ལྟ་བུའི་རེད་ཅེས་པ་མིང་ཚིག་གང་གི་མཐའ་ཉིད་ལ་སྦྱར་བའི་ཚེ། གྲུབ་པའི་དོན་ཡོད་པ་མི་སྣང་ཞིང་། ལྕགས་ཐར་རྒྱལ་གྱིས་ཀྱང། “གནའ་བོའི་སྐད་ཆར་བདག་གཞན་གྱི་ཁྱད་པར་མི་འབྱེད་པར་ཡིན་དང་གོ་སོགས་ཀྱི་སྒྲ་སྦྱོར་གྱིན་ཡོད་པ་ལ། བར་སྐབས་ཤིག་ནས་རེད་ཅེས་པ་བརྗོད་དོན་གང་ཞིག་དེ་ལྟར་ཡིན་པ་གསལ་བྱེད་དུ་སྤྱད་དེ།” [20]ཞེས་གསུངས་པས། རྗོད་ཚུལ་དེ་ལྟ་བུ་ཞིག་སྔོན་དུས་སུ་ཡོད་མེད་ཀྱང་དཔྱད་རིགས་སོ། །ཡང་རྣམ་པ་གཅིག་ཏུ་དཔྱད་ན། འཇུ་མི་ཕམ་མཆོག་གིས། “ཡིན་ཡོད་སྒྲུབ་དང་མེད་མིན་དགག །དགག་སྒྲུབ་ཐ་སྙད་ཡན་ལག་བཞི། །”[21]ཞེས་གསུངས་པར་ལྟར།  ཡིན། ཡོད རེད་གསུམ་ནི། དགག་པའི་སྒྲ་མིན། མེད། མ་རེད། གསུམ་གྱི་ལྡོག་ཕྱོགས་ཀྱི་སྒྲུབ་པའི་སྒྲའི་གཙོ་བོར་ཡིན་པར་སྣང་ཞིང་། རྟགས་འཇུག་གི་ “དགག་སྒྲུབ་རྒྱན་དང་དུས་ལའང་འཇུག །”[22]ཅེས་པའི་སྒྲུབ་པའི་དོན་དང་དཔེར་བརྗོད་ལ་མཁས་པ་མང་པོ་གཡོལ་འདུག་ཅིང་། ཚེ་བརྟན་ཞབས་དྲུང་གིས་ “མུ་ཏིག་ཕྲེང་མཛེས་དང་གཙོས་རྟགས་འཇུག་ལས། སྒྲུབ་པ་དང་། ཞེས་ལོགས་སུ་བཀར་ན་ཡང་བདག་པོ་སྒྲུབ་པ་དང་། དགག་པའི་སྒྲུབ་པ་ཞེས་སྦྲེལ་ན་གཞུང་གི་དགོངས་པར་འགྲོའམ་སྙམ།”[23] ཞེས་ཐེ་ཚོམ་བྱས་པ་དང་། ཨ་ཀྱཱ་ཡོངས་འཛིན་སོགས་ཀྱིས་“ཆོས་དངོས་ལས་དང་བྱེད་པ་དང་། །”[24] ཞེས་པའི་སྐབས་རྣམ་དབྱེ་དང་པོ་བསྟན་པ་བཞེད་བཞིན་དུ་འོག་གི་སྒྲུབ་པའི་དཔེར་བརྗོད་ལ་“ཀ་བ་”[25] ཞེས་སོགས་འགོད་དགོས་བྱུང་མོད། དོན་དུ་གཞུང་དེའི་སྒྲུབ་པའི་ཕྲད་ནི་དགག་པའི་ལྡོག་ཕྱོགས་ཤིག་ཡིན་དགོས་པ་དགག་སྒྲུབ་རྒྱན་དང་ཅེས་པའི་ཚིག་འགྲོས་ལས་གྲུབ་ཅིང་། དེ་ནི། ཡིན། རེད། ཡོད་ལྟ་བུ་ལས་གཞན་འོས་མེད་ཅིང། འཆད་འགྱུར་ལྟར་སྨྲ་སྒོ་ལས་ཀྱང་། ཡིན་ཞེས་པ་སྒྲུབ་བྱེད་ཀྱི་སྒྲ་རུ་བསྟན་འདུག་པར་སྙམ་པས། དེ་ལྟར་ན་ཡིན་དང་རེད་དག་ལ་སྒྲུབ་པའི་ཐ་མི་དད་པའི་གྲུབ་པའི་དོན་ཞིག་ཀྱང་ཡོད་པ་མིན་ནམ་སྙམ་པས་དོགས་སློང་ཙམ་དུ་བཀོད་དོ། །

གཉིས་པ། བྱ་ཚིག་དང་མིང་ཚིག་སོགས་གང་གི་ཁོངས་སུ་གཏོགས་མིན།

དེ་ཡང་བྱ་ཚིག་དང་། མིང་ཚིག ཕྲད་རྣམ་དབྱེ་བཅས་གང་གི་ཁུངས་སུ་གཏོགས་སམ་ཞེ་ན། འདི་ལ་ཆེད་དུ་དཔྱད་བརྗོད་བྱས་པ་ཞིག་མཐོང་ལམ་དུ་མ་བྱུང་མོད། སྔོན་གྱི་གཞུང་དང་དེང་གི་དཔྱད་རྩོམ་ཁག་ཏུ། བྱ་ཚིག་གི་ཁོངས་སུ་གཏོགས་པ་དང། མིང་ཚིག་གི་ཁོངས་སུ་གཏོགས་པ། ཕྲད་རྣམ་དབྱེའི་ཁོངས་སུ་གཏོགས་པ་བཅས་འདོད་ཚུལ་མི་འདྲ་བ་གསུམ་ཙམ་བྱུང་བ་སྣང། དེ་ལ་སྔ་མ་ནི། དགེ་བཤེས་ཐུབ་བསྟན་སྦྱིན་པས། “འདིར་ཁོ་བོས་<<བརྡ་སྤྲོད་སྨྲ་སྒོའི་ལྡེ་མིག་>>ཏུ་མཇུག་བསྡུའི་ཚིག་དེ་རྣམས་ལ་“མཇུག་སྡུད་ཀྱི་བྱ་ཚིག་”ཅེས་པའི་ཐ་སྙད་གསར་དུ་བྱེད་ཅིང་།” [26]ཞེས་མཇུག་སྡུད་ཀྱི་བྱ་ཚིག་ཏུ་གསུངས་ཤིང་། དེ་ཡང་ཁོང་གིས་“མཁས་དབང་དགེ་བཤེས་ངག་དབང་བསམ་གཏན་ལགས་ནས་དེ་དག་(ཡིན། ཡོད། འདུག རེད) ལ་བྱ་ཚིག་རྗེས་མཐུན་པ་ལྟ་བུར་ངོས་འཛིན་བྱས་ན་དགེ་མཚན་ཆེ་བའི་དགོངས་འཆར་གནང་བ་དོན་ལ་གནས་པར་མཐོང་”[27]ཚུལ་གསུངས་པས་བྱ་ཚིག་དངོས་ནི་མི་བཞེད་པར་གསལ་ལོ། །

དེ་དང་མཐུན་པར་<<དག་ཡིག་གསར་བསྒྲིགས་>>ལས་ཀྱང་། “ཡིན (ལས་ཚིག་རྗེས་མཐུན་པ)[28]” [29]ཞེས་དང་། “རེད། (ལས་ཚིག་རྗེས་མཐུན་པ)” [30]ཞེས་དེ་དག་ལ་ལས་ཚིག་རྗེས་མཐུན་པ་ཞེས་པའི་ཐ་སྙད་བྱེད་པས། ལས་ཚིག་གམ་བྱ་ཚིག་གི་ཁོངས་སུ་གཏོགས་དགོས་པར་སྙམ་མོད། རྗེས་མཐུན་པ་ཞེས་སྦྱོར་ཚུལ་ལས་ལས་ཚིག་དངོས་མི་འདོད་པ་འདྲའོ། །འོན་ཏེ་ཁོ་བོས་ནི་ཡིན་དང་རེད་གཉིས་བྱ་ཚིག་དང་འབྲེལ་བ་ཆེར་མ་མཐོང་ཞིང་འདྲ་བའང་མ་ཚོར་ལ། སྐབས་མང་པོར་དེ་དག་དང་དབྱིན་སྐད་ཀྱི་ am, is, are, སོགས་དང་སྦྱོར་ཚུལ་འདྲ་བ་ཡིན་འདུག་ནའང་། དེ་ཙམ་ནི་སླར་བསྡུའི་ཕྲད་གོ་སོགས་ཀྱང་འདྲ་བས་དེ་རྣམས་ཀྱང་བྱ་ཚིག་གི་ཁོངས་སུ་དྲང་དགོས་པར་འགྱུར་རོ་སྙམ་མོ། །

གཉིས་པ་མིང་ཚིག་ཏུ་འདོད་པ་ནི། འབྲུག་མཁར་རྒྱལ་ཞུ་བས། <<སྒྲུབ་བྱེད་ཀྱི་མིང་“ཡིན་”དང་“རེད་” གཉིས་ཀྱི་ཁྱད་པར་ལ་དཔྱད་པ།>>[31]ཞེས་རྩོམ་གྱི་འགོ་བརྗོད་དུ་བྲིས་ཤིང་། རྩོམ་ལུས་ཧྲིལ་པོའི་ནང་དུ་ཐ་སྙད་དེ་དག་ཡང་དང་བསྐྱར་དུ་བཀོལ་བས། ཡིན་དང་རེད་ཅེས་པ་གཉིས་སྒྲུབ་བྱེད་ཀྱི་མིང་དུ་འདོད་འདུག་པར་སྙམ། སྒྲུབ་བྱེད་ཀྱི་མིང་ཡིན་པའི་རྒྱུ་མཚན་དང་། དོགས་སློང་སོགས་ཅི་ཡང་བྱས་མི་འདུག་པས། ཁུངས་སམ་རིགས་པ་གང་ལ་བཅོལ་མིན་ནི་ཁོ་བོར་ལྐོག་ཏུ་གྱུར། པྲ་ཏི་དགེ་བཤེས་སོགས་བུམ་པའོ་ཞེས་པ་རྣམ་དབྱེ་དང་པོ་མིང་ཙམ་དུ་བཞེད་པ་དག་ལྟར་ན། བུམ་པ་ཡིན་དང་བུམ་པ་རེད་ཅེས་པའང་དེ་ལྟར་བཞེད་དགོས་པར་སྙམ་མོད། དེ་ཙམ་གྱིས་ཡིན་དང་རེད་དག་མིང་ཡིན་པར་བསྒྲུབ་ག་ལ་ནུས། སྤྱིར་ཡིན་ཞེས་པ་སྒྲུབ་བྱེད་ཀྱི་སྒྲར་འགྱུར་བ་ཁོ་བོ་ཡང་བསམས་ཏེ། <<སྨྲ་སྒོ་>>ལས། “ཡིན་དང་ངོ་བོ་བསྒྲུབ་པ་དང་། །”[32]ཞེས་ཡིན་ཞེས་པ་ཡིན་པར་བསྒྲུབ་པར་གསུངས་འདུག་པས་སོ། །འོན་ཏེ་དེ་ནི། “དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། །”[33]ཞེས་པ་དང་སྦྱར་དགོས་པས་མི་འཐད་དོ་སྙམ་སྲིད་ནའང་། ཡིན་པའི་ཕྱིར་ཞེས་པ་སྒྲུབ་བྱེད་ཀྱི་སྒྲར་འགྱུར་གྱི། ཡིན་ཞེས་པ་མི་འགྱུར་བའི་དབྱེ་མཚམས་དཀའ་བར་སྣང་བས་དཔྱད་པར་མཛོད་ཅིག གལ་ཏེ་སྒྲུབ་བྱེད་ཀྱི་སྒྲ་ཡིན་པར་བཤད་རུང་། མིང་ཚིག་གཉིས་སུ་ཕྱེ་བའི་མིང་གི་མཚན་ཉིད་ནི་མི་ཚང་བས། སྒྲུབ་བྱེད་ཀྱི་མིང་ཞེས་གདགས་སུ་མི་རུང་ངོ་སྙམ། །

གསུམ་པ་ཕྲད་དུ་འདོད་པ་ནི། དམུ་དགེ་བསམ་གཏན་གྱིས།  “བོད་སྐད་ལ་གསལ་བྱེད་ཀྱི་ཕྲད། ཡིན། རེད། ཅེས་པ་གཉིས་ཡོད། རྒྱ་སྐད་ལ་དེ་གཉིས་ཀའི་ཚབ་ཏུ། གཅིག་པུ་ལས་མེད།”[34] ཅེས་ཡིན་དང་རེད་གཉིས་ཀ་གསལ་བྱེད་ཀྱི་ཕྲད་དུ་གསུངས་པས། ཕྲད་རྣམ་དབྱེའི་ཁོངས་སུ་གཏོགས་དགོས་པ་དང་། དེ་བཞིན་དཔའ་རིས་སངས་རྒྱས་ཀྱིས་ཀྱང་། “ངེས་པར་བྱེད་པའི་རྫོགས་ཚིག་ཏུ་བདག་དང་བདག་གི་བ་ལ་ཡིན་དང་། གཞན་དང་གཞན་གྱི་བ་ལ་རེད་འཇུག་པ་མང་” [35]ཞེས་ངེས་པར་བྱེད་པའི་རྫོགས་ཚིག་ཏུ་གསུངས་པས་ཕྲད་རྣམ་དབྱེའི་ཚོགས་ཁོངས་སུ་གཏོགས་དགོས་པར་སྙམ། ཇི་ལྟར་ཡང་ཡིན་དང་རེད་སོ་སོར་རྗོད་པའི་ཚེ། བྱ་བའི་རྣམ་འགྱུར་ཅི་ཡང་མི་མངོན་པས་བྱ་ཚིག་མིན་ལ། དེ་དག་ཁོ་ནས་དོན་གྱི་ངོ་བོ་གང་ཡང་མི་བསྟན་པས་མིང་ཡང་མི་རུང་བས་ན། གསལ་བྱེད་ཀྱི་ཕྲད་དམ། རྫོགས་ཚིག་གམ། སྒྲུབ་པའི་ཕྲད་སོགས་མིང་ཅི་ཞིག་བཏགས་ཀྱང། ཕྲད་ཉིད་དུ་འཐད་པ་ཁོ་བོས་སེམས་སོ། །

དགེ་འདུན་ཆོས་འཕེལ་ཞུ་བས། “ཁྱབ་ཆེ་ས་ནས་བཤད་ན་ལུགས་འདི་གཉིས་ཀྱི་མི་མཐུན་ཕྱོགས་ནི་རྣམ་པའི་སྟེང་དུ་ཡོད་པ་ལས། དོན་གྱི་སྟེང་ནས་དབྱེ་འབྱེད་གསལ་བོ་བྱེད་ཐུབ་མེད།” [36]ཅེས་དམུ་དགེ་བསམ་གཏན་གྱིས་གསལ་བྱེད་ཀྱི་ཕྲད་དུ་བཞེད་པ་དང་། དཔའ་རིས་སངས་རྒྱས་ཀྱིས་ངེས་པར་བྱེད་པའི་རྫོགས་ཚིག་ཏུ་བཞེད་པ་གཉིས་ནི། བཞེད་པ་མི་མཐུན་ས་གཙོ་བོ་དེ་ཡིན་ཚུལ་བཤད་ནའང་། གསལ་བྱེད་ཀྱི་ཕྲད་ཡིན་ན་རྫོགས་ཚིག་མིན་དགོས་པའི་གནས་ལུགས་དང་། རྫོགས་ཚིག་ཡིན་ན་གསལ་བྱེད་དང་འགལ་དགོས་པའི་རྒྱུ་མཚན་ཆེར་མ་མཐོང་ཞིང་། ལྷག་ཏུ་དཔའ་རིས་སངས་རྒྱས་ཀྱིས། “ཨ་མདོའི་ཁ་སྐད་ལས་བྱ་བའི་དུས་གསལ་བྱེད་ཀྱི་རྫོགས་ཚིག་ཏུ། མ་འོངས་པ་ལ་རེད་དང་།” [37]ཞེས་རེད་ཅེས་པ་བྱ་བའི་དུས་གསལ་བྱེད་ཀྱི་རྫོགས་ཚིག་ཏུ་གསུངས་པས་ཀྱང་རྫོགས་ཚིག་དང་གསལ་བྱེད་གཉིས་འགལ་དགོས་པར་མི་སེམས་ལ། མིང་ཙམ་ལ་ནི་ཁྱད་པར་ཆེར་མེད་དེ། སླར་བསྡུ་ལ་རྫོགས་ཚིག་དང་ཟླ་སྡུད་ཀྱང་བརྗོད་པ་བཞིན་ནོ་སྙམ་མོད་དཔྱད་པར་བྱའོ།།

གསུམ་པ། ཐུན་མིན་གྱི་ངོ་བོའམ་ཁྱད་ཆོས་ཇི་ལྟར་ཡོད་མེད།

འོ་ན། ཤེས་བྱ་གང་དང་གང་ཡིན་རུང་རང་རང་གི་ངོ་བོའམ་མཚོན་བྱེད་ཀྱི་ཁྱད་ཆོས་རེ་ཡོད་པར་བརྟེན། ཡིན་དང་རེད་གཉིས་པོའི་ངོ་བོ་དང་ཁྱད་ཆོས་ཇི་ལྟ་བུ་ཡིན་ཞེ་ན། ཡུལ་དངོས་པོའམ་ཡུལ་ཅན་གང་ཟག་གང་ལ་འཇུག་པའི་ཚེ། གཙོ་བོ་བརྗོད་བྱའི་དོན་དེ་རེ་ཞིག་རྫོགས་པར་སྟོན་པའི་ཆ་ནས་རྫོགས་ཚིག་གི་ཁྱད་ཆོས་ལྡན་ཞིང་། རྫོགས་ཚིག་གོ་སོགས་ཀྱི་ཕྲད་ལས་ཀྱང་བརྗོད་བྱའི་དོན་དེ་ལྷག་ཏུ་གསལ་བར་བྱེད་པས། གསལ་བྱེད་ཀྱི་ཕྲད་དམིགས་བསལ་བ་ཞིག་གི་ཁྱད་ཆོས་ཀྱང་ལྡན་པར་སྙམ་སྟེ། དེ་ཡང་བཀྲ་ཤིས་སོ་ཞེས་རྫོགས་ཚིག་སླར་བསྡུའི་ཕྲད་སྦྱར་ཚེ། བཀྲ་ཤིས་རེད་དང་། ཡིན། ཡོད། འདུག་སོགས་སྐབས་བསྟུན་གྱི་གོ་བ་ཡོད་པས་བཀྲ་ཤིས་ཡིན་པ་ཚིག་དེ་ཙམ་གྱིས་གསལ་བར་བྱེད་མི་ནུས་ཀྱང་། བཀྲ་ཤིས་ཡིན་ཞེས་བརྗོད་ཚེ། རེད་དང་ཡོད་སོགས་ལ་འཁྲུལ་གཞི་མེད་པར་བཀྲ་ཤིས་ཡིན་པ་ཉིད་གསལ་བར་བྱེད་པས། སླར་བསྡུའི་ཕྲད་ལས་ཀྱང་གསལ་བྱེད་ཀྱི་ཁྱད་ཆོས་ལྷག་ཏུ་མངོན། དེ་བས་དམུ་དགེ་བསམ་གཏན་གྱིས་གསལ་བྱེད་ཀྱི་ཕྲད་དུ་གསུངས་པའང་གནད་འདི་ལྟ་བུར་དགོངས་པར་སེམས།

ཡང་རྫོགས་ཚིག་ཏུ་བཤད་ཀྱང་སླར་བསྡུའི་ཕྲད་དང་རྣམ་པ་ཀུན་ནས་མཐུན་པ་ནི་མ་ཡིན་ཏེ། ཡིན་དང་རེད་གཉིས་པོ་དེ། མིང་ཚིག་གམ་བརྗོད་པ་གང་གི་མཇུག་ཏུ་སྦྱར་བའི་ཚེ། དེ་གཉིས་སོ་སོས་དོན་སྟོན་ཚུལ་གྱི་ཁྱད་པར་ཆེ་ཞིང་། སྐབས་སྟོབས་ཀྱི་འཇུག་ཡུལ་ལའང་ཁྱད་པར་ཡོད་པ་དང་། དེ་དག་སོ་སོའི་མཇུག་ཏུ་སླར་བསྡུ་དང་ལ་དོན་སོགས་ཀྱི་ཕྲད་རྣམས་འཇུག་པ་ཡིན་རུང། སླར་བསྡུ་གོ་སོགས་ལ་དེ་ལྟར་མིན་པའི་ཁྱད་པར་སོགས་ཡོད། དེ་ཡང་མཇུག་ཏུ་སླར་བསྡུའི་ཕྲད་སྦྱར་བ། བཀྲ་ཤིས་ཡིན་ནོ།། དོན་གྲུབ་རེད་དོ།།ལྟ་བུ་སོགས་མང་དུ་སྣང་ཞིང་ལྷག་ཏུ་སྔོན་གྱི་ཡིན་རྙིང་རྣམས་སུ་ཡིན་ནོ་ཟེར་བ་ལྟ་བུ་ཤིན་ཏུ་མང་ངོ་། །

མཇུག་ཏུ་ལ་དོན་ནམ་ལ་སྒྲའི་ཕྲད་སྦྱར་བ། “ཨུདྤ་ལའང་ཡིན་ལ་སྔོན་པོ་ཡང་ཡིན་” [38]ཞེས་པ་ལྟ་བུ་སོགས་སོ།། འོན་ཏེ་ཡིན་དང་རེད་ཀྱི་མཇུག་ཏུ་ལ་དོན་ཀྱི་ཕྲད་སྦྱར་ཚེ། མཚམས་སྦྱོར་དང་སྡུད་པའི་སྒྲ་སོགས་འགྱུར་བ་ལས། རྣམ་དབྱེ་གཉིས་བཞི་སོགས་དོན་ལྔ་ལ་འཇུག་མིན་དཔྱད་རིགས་སོ། །དེ་བཞིན་མཇུག་ཏུ་ཨི་ལྡན་གྱི་ཕྲད་སྦྱར་བ། “བདག་ཅག་གི་སྐྱབས་ནི་སྟོན་པ་སངས་རྒྱས་ཡིན་གྱི་དྲག་པོ་སོགས་མ་ཡིན་ནོ།།” [39]ཞེས་པ་ལྟ་བུར་འཇུག་ཀྱང་དེ་ལྟར་འཇུག་པའི་ཚེ་རྣམ་དབྱེ་དྲུག་པ་དང་གསུམ་པ་དངོས་ནི་མི་འགྱུར་བར་སེམས་སོ། །གཞན་ཡང་རྒྱན་སྡུད། ལྷག་བཅས་སོགས་ཕྲད་གཞན་དབང་ཅན་དང་། ནི་སྒྲ། དང་སྒྲ་སོགས་ཕྲད་རང་དབང་ཅན་ཕལ་མོ་ཆེ། ཡིན་དང་རེད་ཀྱི་རྗེས་སུ་འཇུག་པས་སླར་སྡུའི་ཕྲད་གོ་སོགས་དང་མི་འདྲ་བའི་ཆ་ཡང་ཤིན་ཏུ་ཆེ་བར་སྣང་ངོ་། །

བཞི་པ། འཇུག་ཡུལ་གང་དང་གང་ལ་འཇུག་མིན།

འོ་ན་ཡིན་དང་རེད་གཉིས་པོ་དེ། འཇུག་ཡུལ་གང་དང་གང་ལ་འཇུག་གམ། དེ་གཉིས་འཇུག་ཡུལ་ལ་ཁྱད་པར་ཡོད་དམ་ཞེ་ན། འདི་ལ་ཁྱད་པར་ཡོད་པ་འདོད་པའི་ཕྱོགས་དང་། མེད་པ་འདོད་པའི་ཕྱོགས་གཉིས་སུ་སྣང་། དང་པོ་ལ་ཡང་ནང་གསེས་ཀྱི་དབྱེ་བ་མང་ཉུང་དང་འཇུག་ཚུལ་གྱི་ཁྱད་པར་ཅུང་མི་འདྲ་བ་བྱུང་སྟེ། དཔེར་ན། དཔའ་རིས་སངས་རྒྱས་ཀྱིས། “ཡིན་རེད་གཉིས་ཀའི་འཇུག་དོན་གཅིག་ཀྱང་འཇུག་ཡུལ་མི་གཅིག་སྟེ།”[40] ཞེས་དང།  “འཇུག་ཡུལ་ནི་རང་ཕྱོགས་ལ་ཡིན་དང་། གཞན་ཕྱོགས་ལ་རེད་འཇུག་པའོ། །”[41] ཞེས་ཡིན་དང་རེད་ཀྱི་ཁྱད་པར་ནི་འཇུག་ཡུལ་རང་གཞན་ནམ། བདག་དང་བདག་གི་བ་དང་གཞན་དང་གཞན་གྱི་བའི་སྟེང་ནས་འབྱེད་པ་དང་། དམུ་དགེ་བསམ་གཏན་གྱིས། “ཡིན་ཞེས་པའི་སྒྲ་ནི། རང་གཞན་གཉིས་ཀྱི་ནང་ནས་གཙོ་བོ་རང་ལ་འཇུག་པའི་གསལ་བྱེད་ཀྱི་ཕྲད་ཡིན་ཏེ། དཔེར་ན། ཁྱོད་སུ་ཡིན་ཞེས་དྲིས་ན། ང་ཕུན་ཚོགས་ཡིན་ཟེར་བ་ལྟ་བུ་ལས། ང་ཕུན་ཚོགས་རེད་ཟེར་སྲོལ་མེད།” [42]ཅེས་དང་། “རེད་ཅེས་པའི་ཕྲད་ནི། རང་གཞན་གཉིས་ཀྱི་ནང་ནས་གཙོ་བོ་གཞན་ལ་འཇུག་པའི་གསལ་བྱེད་ཀྱི་ཕྲད་ཡིན་ཏེ། དཔེར་ན། འདི་སུ་རེད་ཅེས་དྲིས་པ་ན། འདི་བཀྲ་ཤིས་རེད་ཟེར་བ་ལྟ་བུ་ལས། འདི་བཀྲ་ཤིས་ཡིན་ཟེར་སྲོལ་མེད།” [43]ཅེས་འཇུག་ཡུལ་བདག་གཞན་གྱི་ཁྱད་པར་ཡོད་པ་དང་། “ཡང་དངོས་པོ་དང་དོན་ལ་སྦྱར་ན། རང་གི་བློ་ངོར་ཐག་བཅད་ཅིང་དམ་བཅས་པའི་རྣམ་པ་སྟོན་པའི་ཕྱོགས་ལ་གཙོ་ཆེར་ཡིན་ཞེས་པ་འཇུག་སྟེ། དཔེར་ན། མྱུ་གུ་དེ་རྒྱུ་ལས་སྐྱེས་པ་ཡིན།” ཞེས་དང་། རང་གི་བློ་ངོར་ཐག་བཅད་ཅིང་དམ་བཅས་པའི་རྣམ་པ་སྟོན་པ་མིན་པར་གསལ་བྱེད་ཙམ་ལ་གཙོ་ཆེར་རེད་ཅེས་པ་འཇུག་སྟེ། དཔེར་ན། མྱུ་གུ་རྒྱུ་ལས་སྐྱེས་པ་རེད།” [44]ཅེས་ཡིན་དང་རེད་གཉིས་ནི། ཡུལ་ཅན་གང་ཟག་བདག་གཞན་ལ་འཇུག་མིན་གྱི་ཁྱད་པར་ཡོད་པ་དེ་ཙམ་མ་ཟད། ཡུལ་དངོས་པོའི་སྟེང་ནས་དོན་སྟོན་ཚུལ་གྱི་ཁྱད་པར་ཡོད་པའང་གསལ་བར་གསུངས་སོ།།

<<དག་ཡིག་གསར་བསྒྲིགས་>>ལས་ནི། “སྨྲ་བ་པོ་རང་དང་སྨྲ་ཡུལ་གྱི་དོན་ལ་ཡིན་འཇུག་སྟེ། དཔེར་ན། ང་ནི་བཟོ་པ་ཡིན།” ཞེས་དང་། “སྨྲ་བ་པོ་དང་སྨྲ་ཡུལ་ལས་གཞན་པའི་དོན་ལ་རེད་འཇུག་སྟེ་ཁོང་ནི་ཞིང་པ་རེད།” [45]ཅེས་སོགས་སྨྲ་བ་པོ་དང་སྨྲ་ཡུལ་ལ་འཇུག་མིན་གྱི་སྟེང་ནས་དེ་གཉིས་ཀྱི་ཁྱད་པར་འབྱེད་ཅིང་། འདིའི་སྨྲ་ཡུལ་ཞེས་པ་སྐྱེས་བུ་གཉིས་པ་སྟེ་ཁྱོད་ཅེས་པ་ལ་གོ་དགོས་པར་སྙམ་སྟེ། སྔ་མའི་དཔེར་བརྗོད་དུ། “ཁྱོད་འབྲོག་པ་ཡིན་ནམ། བྱིས་པ་འདི་ནི་ཁྱོད་ཀྱི་བྱིས་པ་ཡིན་ནམ།” ཞེས་སོགས་དང་། ཕྱི་མའི་དཔེར་བརྗོད་དུ།  “ཁོང་ནི་ཞིང་པ་རེད། བུ་མོ་འདི་ནི་ཁོའི་བུ་མོ་རེད།” [46]ཅེས་སོགས་འཇོག་ཚུལ་ལས་ཤེས། དེ་ལྟ་ན་ཁྱོད་ཅེས་པ་བདག་གཞན་གཉིས་ལས་གཞན་ཡིན་པས་སྔ་མའི་བཞེད་པ་དག་གི་ལྡོག་ཕྱོགས་སུ་སོང་བ་ཡིན་ནོ།།

ན་ག་སངས་རྒྱས་བསྟན་དར་དང་། དགེ་བཤེས་ཐུབ་བསྟན་སྦྱིན་པ་དག་གིས་ནི། སྐྱེས་བུ་དང་གཉིས་གསུམ་དང་སྦྱར་ནས་དེ་དག་གི་འཇུག་ཚུུལ་གྱི་ཁྱད་པར་བཤད་ཅིང་། ལྷག་པར་བྱ་བའི་དུས་འདས་མ་འོངས་ད་ལྟ་གསལ་བྱེད་དུ་འཇུག་ཚུལ་གྱི་ཁྱད་པར་ཅུང་ཞིབ་ཏུ་བཤད་པ་ནི་གཞན་དང་མི་འདྲ་བའི་ཁ་སྐོང་ཞིག་ཏུ་སེམས།[47] བདག་གཞན་དང་འབྲེལ་ནས་འཆད་ཚུལ་ནི་བོད་རང་གི་དང་། སྐྱེས་བུ་དང་གཉིས་གསུམ་གྱི་སྒོ་ནས་འཆད་ཚུལ་ནི་གཞན་གྱི་འཆད་ཚུལ་ནང་འདྲེན་བྱས་པ་ལས། ནང་དོན་ནི་སྐྱེས་བུ་དང་པོ་བདག་དང་ཕྱི་མ་གཉིས་གཞན་ཁོངས་སུ་འདུ་བས་འགལ་བ་ཡོད་པ་མི་སེམས་སོ།།

གཉིས་པ་སྟེ། ཡིན་དང་རེད་གཉིས་འཇུག་ཡུལ་ལ་ཁྱད་པར་མེད་པ་འདོད་པ་ནི། དགེ་འདུན་ཆོས་འཕེལ་ཞུ་བས། “དེ་ལྟར་ཡིན་དང་རེད་གཉིས་ཀྱི་ཁྱད་པར་འཇུག་ཡུལ་བདག་གཞན་གྱི་སྟེང་ན་མེད་ཚུལ་བརྗོད་ཟིན་པས། འོ་ན་དེ་གཉིས་ཀྱི་ཁྱད་པར་གང་ན་ཡོད། གང་གིས་འབྱེད་ཅེ་ན། ཕྲན་གྱིས་འདི་གཉིས་ཀྱི་ཁྱད་པར་ནི་དོན་གྱི་སྟེང་ན་གནས་ཤིང་། དོན་གྱི་བརྡ་སྤྲོད་ཚུལ་མི་འདྲ་བས་དེ་གཉིས་ཀྱི་ཁྱད་པར་སོ་སོར་བྱས་སོ་སྙམ།” [48]ཞེས་དེ་གཉིས་ཀྱི་ཁྱད་པར་ནི་འཇུག་ཡུལ་གྱི་སྟེང་དུ་མེད་པར། དོན་གྱི་བརྡ་སྤྲོད་ཚུལ་ལམ་དོན་སྟོན་ཚུལ་མི་འདྲ་བའི་སྒོ་ནས་ཡིན་ཚུལ་བཤད། རྡོ་རྗེ་རྒྱལ་པོས་ཀྱང། “དེབ་འདི་ཁྱོད་ཀྱི་རེད་ཅེས་དང་། དེབ་འདི་ཁྱོད་ཀྱི་ཡིན་གཉིས་ཀ་ཟེར། སྔ་མ་ནི་རེད་ཅེས་པ་དེ་ཁྱོད་རང་གི་ཡིན་པ་སྟོན་པའི་རྗོད་ཚུལ་དང་། ཕྱི་མ་ནི་ཡིན་ཞེས་བརྗོད་པ་པོ་དེས་ཁྱོད་ཅེས་པ་དེར་དམིགས་ནས་སྤྲད་པའམ་བཞག་པའི་རྗོད་ཚུལ་དང་།” [49]ཞེས་སོགས་ཡིན་དང་རེད་གཉིས་ཀ་འཇུག་པའི་དཔེར་བརྗོད་མང་དུ་བཀོད་ཚུལ་ལ་བརྟགས་ན། ཁོང་གིས་ཀྱང་དེ་གཉིས་ཀྱི་ཁྱད་པར་ནི་འཇུག་ཡུལ་གྱི་སྟེང་དུ་མེད་པར། དོན་སྟོན་ཚུལ་ལམ་དོན་གྱི་རྣམ་པ་གོ་བར་བྱེད་ཚུལ་མི་འདྲ་བའི་སྟེང་ནས་འབྱེད་ཀྱིན་ཡོད་དམ་སྙམ་མོ།།

དེ་ལྟར་ཡིན་དང་རེད་ཀྱི་ཁྱད་པར་འཇུག་ཡུལ་གྱི་སྟེང་ནས་མི་འབྱེད་པར་དོན་གྱི་རྣམ་པ་གོ་བར་བྱེད་ཚུལ་གྱི་སྟེང་ནས་བཤད་ན། བལྟས་ཚོད་དུ་མི་འཐད་པ་ལྟ་བུ་ཞིག་ཚོར་སྲིད་ནའང་། ཞིབ་ཏུ་དཔྱད་ཅིང་བསྡུར་བའི་ཚེ་ནི། ཀུན་ལ་མཉམ་པར་འཇུག་པ་ལས་བདག་གཞན་དང་སྐྱེས་བུ་དང་གཉིས་སོགས་ལ་འཇུག་མིན་གྱི་ཁྱད་ཤིན་ཏུ་དབྱེ་དཀའ་བར་སྣང་སྟེ། དཔེར་མཚོན་ཙམ་ཞུས་ན། ང་ཡིན་དང་ང་རེད་གཉིས་ཀ་ཟེར། ཚོགས་པའི་གྲལ་ནས་བཀྲ་ཤིས་སུ་ཡིན་ཞེས་དྲིས་ཚེ་ང་ཡིན་ཟེར། པར་རིས་ཞིག་ལ་མཛུབ་མོ་ཀེར་ནས་འདི་སུ་རེད་ཅེས་བརྗོད་ཚེ་ང་རེད་ཅེས་བརྗོད། ཡང་ཁྱོད་ཡིན་དང་ཁོ་ཡིན་གཉིས་ཀ་ཟེར། དཔེར་ན། དབང་མཐོ་བ་ཞིག་གིས་རང་འོག་གི་ལས་མི་གང་དེར་མིག་གཏད་ནས། ལས་བགོས་བྱེད་པའི་སྐབས་སོགས་སུ། དེ་རིང་ཟ་མ་ལས་མཁན་ཁྱོད་ཡིན། ཕོར་པ་འཁྲུད་མཁན་ཁོ་ཡིན་ཟེར་བ་ལྟ་བུའོ།། ཡང་དེ་ལས་ལྡོག་སྟེ་ཁྱོད་དང་ཁོ་གཉིས་ནམ་རྒྱུན་ལས་ཀ་བྱེད་སྟངས་ཤིག་ཡོད་པ་དེ་དྲན་གསོ་བའི་སྐབས་སོགས་སུ། དེ་རིང་ཟ་མ་ལས་མཁན་ཁྱོད་རེད། ཕོར་པ་འཁྲུད་མཁན་ཁོ་རེད་ཟེར་བ་ལྟ་བུའི་བརྗོད་ཚུལ་ཡང་ཡོད་པ་ཡིན་ནོ།།

དེ་བས་ཡིན་དང་རེད་ཀྱི་བཀོལ་སྤྱོད་བྱེད་སྟངས་ཙམ་ལས་ཀྱང་། དོན་གྱི་རྣམ་པ་གོ་བར་བྱེད་སྟངས་ཤིན་ཏུ་མང་པོ་ཞིག་བྱུང་བ་འདི་ལྟ་བུ་ནི་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་པར། བོད་རིག་པའི་མཁས་པ་དག་གིས་ཀྱང་བསྔགས་པར་བརྗོད་ཅིང་། དེ་དག་བཀོལ་སྤྱོད་བྱེད་སྟངས་ལས་སྐབས་དོན་གྱི་གོ་བ་སྣ་ཚོགས་ཡོད་པའི་རྐྱེན་གྱིས། བོད་ཀྱི་སྐད་ཡིག་ལ་རྒྱུས་མངའ་དང་། བྱང་ཆ་མེད་པ་རྣམས་ལ་ནོར་འཁྲུལ་འབྱུང་སླ་བའང་ཡིན་ནོ།།

གལ་ཏེ་འཇུག་ཡུལ་བདག་གཞན་སོགས་ལ་ཁྱད་པར་མེད་ན། གོང་གི་ཁྱད་པར་ཡོད་པ་བཞེད་པའི་མཁས་པ་རྣམས་ཀྱི་ལུགས་ཇི་ལྟར་ཡིན་སྙམ་ན། དམུ་དགེ་བསམ་གཏན་གྱིས། གཙོ་བོ་རང་ལ་འཇུག་པ་དང་གཙོ་བོ་གཞན་ལ་འཇུག་པ་ཞེས་གཙོ་བོའི་ཚིག་སྨོས་ཤིང་། དེའི་དོན་ཡང་དེ་ཉིད་དུ། “གཤེ་བ་དང་། ཀུ་རེ་དང་། ཚིག་རྒྱན་གབ་ཚིག་སོགས་ཀྱི་སྐབས་སུ་མ་ངེས་པར་སྦྱོར་ཚུལ་ཡོད་མོད། དེ་དག་ནི་དམིགས་བསལ་ཙམ་ལས་གཙོ་མི་ཆེ་བའི་དབང་གིས་གོང་དུ་གཙོ་ཆེར་ཞེས་སྨོས་པ་ཡིན་ནོ།།” ཞེས་དང་དེའི་དཔེ་བརྗོད་དུའང་“ང་འདི་ནི་མི་ཐབས་སྡུག་མི་ཁོ་ཆད་ཅིག་རེད། ཟེར་བ་ལྟ་བུའོ།།” [50]ཞེས་འཇུག་ཡུལ་བདག་གཞན་ལ་གཙོ་བོ་འཇུག་མིན་ཙམ་ལས་མཐའ་གཅིག་ཏུ་མ་ངེས་པར་གསུངས་པ་དང་། དཔའ་རིས་སངས་རྒྱས་ཀྱིས། རྟགས་འཇུག་སྐབས་ངེས་པ་ལྟ་བུར་གསུངས་ནའང་། སུམ་ཅུ་པའི་འགྲེལ་བའི་སྐབས། “བདག་དང་བདག་གི་བ་ལ་ཡིན་དང་། གཞན་དང་གཞན་གྱི་བ་ལ་རེད་འཇུག་པ་མང་”[51] ཞེས་མང་བའི་ཚིག་གསུངས་པས་གཙོ་ཆེ་ཆུང་ངམ་འཇུག་པ་མང་ཉུང་ཙམ་ལས་མཐའ་གཅིག་ཏུ་འཇུག་ཡུལ་སོ་སོར་ངེས་པའི་དོན་མིན་པ་གསལ་ལོ། །

ལྔ་པ། ཡུལ་ལ་འཇུག་པའི་ཚེ་དོན་གྱི་རྣམ་པ་ཇི་ལྟ་བུ་ཞིག་བསྟན་མིན།

ཡིན་དང་རེད་གཉིས་འཇུག་ཡུལ་བདག་གཞན་ལ་ཁྱད་པར་མེད་ཅིང་། དོན་སྟོན་ཚུལ་གྱི་སྒོ་ནས་ཁྱད་པར་ཡོད་ན། དེའི་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ནི་གོང་ཞུས་བཞིན་ཚིག་གི་སྦྱོལ་ཚུལ་སྣ་ཚོགས་ལས་དོན་གྱི་གོ་སྟངས་ཇི་སྙེད་ཅིག་འབྱུང་བའི་སྟབས་ཀྱིས། བོད་ཀྱི་སྐད་ཡིག་གི་རང་གཤིས་དང་། སྐད་ཡིག་དེའི་བཀོལ་སྤྱོད་ལ་རྒྱུས་ལོན་དང་བྱང་ཆ་མ་བྱུང་ཚེ། ཡིན་ཞེས་པས་དོན་འདི་ལྟར་བསྟན། རེད་ཅེས་པའི་དོན་དེ་ལྟར་ཡིན་ཞེས་ཚིག་རྡོག་འགའ་རེས་མཛུབ་མོས་རི་སྟོན་ནུས་རྒྱུ་ཞིག་ཡིན་པར་མི་སེམས་ནའང་། དོན་གྱི་རྣམ་པ་རགས་པ་ཙམ་ནི། སྔོན་བྱོན་མཁས་པ་དག་གི་ལུང་ལས་ཤེས་ནུས་ཏེ། སྔར་དྲངས་ཟིན་པ་བཞིན་མུ་དགེ་བསམ་གཏན་མཆོག་གིས། “དངོས་པོ་དང་དོན་ལ་སྦྱར་ན། རང་གི་བློ་ངོར་ཐག་བཅད་ཅིང་དམ་བཅས་པའི་རྣམ་པ་སྟོན་པའི་ཕྱོགས་ལ་གཙོ་ཆེར་ཡིན་ཞེས་པ་འཇུག་སྟེ།” [52]ཞེས་ཡིན་ནི་དངོས་པོ་གང་ལ་སྦྱར་ནས་བརྗོད་པའི་ཚེ། རྗོད་པ་པོ་རང་གི་བློ་ངོར་ཐག་བཅད་ཅིང་དམ་བཅས་པའི་རྣམ་པ་བསྟན་པ་དང་། “རང་གི་བློ་ངོར་ཐག་བཅད་ཅིང་དམ་བཅས་པའི་རྣམ་པ་སྟོན་པ་མིན་པར་གསལ་བྱེད་ཙམ་ལ་གཙོ་ཆེར་རེད་ཅེས་པ་འཇུག་སྟེ།” [53]ཞེས་རེད་ནི་དངོས་པོ་གང་ལ་སྦྱར་ནས་བརྗོད་པའི་ཚེ། ཡིན་དང་མི་འདྲ་བར་གཙོ་བོར་དོན་དེ་ཆོས་གང་ཞིག་ཡིན་པ་ལྟ་བུར་གསལ་བར་བྱེད་པ་ཙམ་དུ་གསུངས་སོ། །སྔ་མའི་དཔེར་བརྗོད་དུ། “མྱུ་གུ་རྒྱུ་ལས་སྐྱེས་པ་ཡིན།” ཞེས་དང་། ཕྱི་མའི་དཔེར་བརྗོད་དུ། “མྱུ་གུ་རྒྱུ་ལས་སྐྱེས་པ་རེད།” [54]ཅེས་བཀོད། དེ་ཡང་སྔ་མ་ནི་རྗོད་པ་པོས་མྱུ་གུ་དེ་ཉིད་རྒྱུ་ལས་སྐྱེས་པ་རང་གིས་ཤེས་ཤིང་ཐག་ཆོད་ནས་བརྗོད་ཚུལ་དང་། ཕྱི་མ་ནི་རྒྱུ་ལས་སྐྱེས་པ་རེད་ཅེས་གསལ་བཤད་ཙམ་གྱི་རྗོད་ཚུལ་ཞིག་ཡིན་པར་སྣང་།

<<དག་ཡིག་གསར་བསྒྲིགས་>>ལས། “ཡིན (ལས་ཚིག་རྗེས་མཐུན་པ)ནི་སྒྲ་ཅན་གྱི་ཚིག་སྦྱོར་གྱི་མཐར་ཡིན་དང་རེད་གང་རུང་སྦྱར་ན་ནི་སྒྲའི་སྔོན་རྗེས་ཀྱི་ཚིག་གི་བརྗོད་བྱ་གཉིས་དོན་གཅིག་ཡིན་པའམ་སྔོན་མ་ཕྱི་མར་གཏོགས་པའི་དོན་སྟོན་ཞིང་ ནི་སྒྲ་བསྡུས་ཀྱང་ཆོག” ཅེས་གསལ་ཞིང་། དེའི་དཔེར་བརྗོད་དུ། “ང་ནི་འབྲོག་པ་ཡིན་ཞེས་དང་། ཁྱོད་འབྲོག་པ་ཡིན་ནམ།” [55]ཞེས་སོགས་བཀོད། དེས་ན་ང་ནི་འབྲོག་པ་ཡིན་ཞེས་པའི་སྐབས་ཀྱི་ཡིན་ཞེས་པའི་སྒྲ་དེས་ནི་སྒྲའི་སྔོན་གྱི་ང་དེ་ཉིད་ནི་སྒྲའི་རྗེས་ཀྱི་འབྲོག་པ་ཞེས་པ་དང་དོན་གཅིག་པའམ་དེའི་ཁོངས་སུ་གཏོགས་པ་ལྟ་བུ་ཞིག་བསྟན་པ་དང་། དཔེར་བརྗོད་ཕྱི་མ་ནི་སྒྲ་བསྡུས་ཀྱང་ཆོག་པའི་དཔེ་རུ་སྣང་བས་དོན་སྟོན་ཚུལ་གོང་བཞིན་ནོ། །ཡང་དེ་ཉིད་ལས། “རེད།༡ (ལས་ཚིག་རྗེས་མཐུན་པ) ཐག་ཆོད་པའི་དོན་ལ་འཇུག་ཅིང་” ཅེས་རེད་ནི་ཡིན་དང་མི་འདྲ་བར་གང་ཞིག་གང་ཡིན་པ་ཐག་ཆོད་པའི་དོན་དུ་འཇུག་ཚུལ་བཤད་ལ། དེའི་དཔེ་བརྗོད་དུ། “མེ་ཏོག་དེ་དམར་པོ་རེད། ཤིང་འདི་ཙན་དན་རེད།” [56]ཅེས་སོགས་བཀོད་དོ།།

དེ་ལས་ཀྱང་དགེ་བཤེས་ཐུབ་བསྟན་སྦྱིན་པས། མིང་དང་མིང་ཚབ། ཁྱད་ཚིག་སོགས་ཀྱི་མཐར་ཡིན་དང་རེད་ཇི་ལྟར་སྦྱར་དགོས་མིན་དང་། དོན་སྟོན་ཚུལ་ཅུང་ཞིབ་པར་གསུངས་ཏེ། ཁོང་གིས་“སྤྱིར་སྐྱེས་བུའི་མིང་ཚབ་དོན་གྱི་ངོ་བོ་ཙམ་སྟོན་པ་བཀོད་ཡོད་ན། ང་བོད་པ་ཡིན། ང་ལོ་བཅོ་ལྔ་ཡིན། ཞེས་སོགས་མཇུག་སྡུད་ཀྱི་ཚིག་ ཡིན་ཞེས་བཀོད་དགོས་མོད། སྐབས་འགར་ནན་ཏན་གྱི་ཚུལ་དུ། ང་བོད་པ་རེད་ཅེས་ཀྱང་བརྗོད་ཆོག” [57]ཅེས་དང་། “གནས་ལུགས་ཀྱི་ངོ་བོ་བརྗོད་པའི་ཚེ་སྐྱེས་བུ་དང་པོ་དང་འབྲེལ་ནའང་། གཏམ་སྨྲ་བ་པོའི་གང་ཟག་རང་ཉིད་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པའི་གཟུགས་སུ་མ་བཀོད་པར། དཔེར་ན་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་གཟུགས་སུ་བཀོད་ཡོད་ན། དེ་ལ་མཇུག་སྡུད་ཀྱི་རེད། ཅེས་བཀོད་དགོས། འདི་ངའི་/ ང་ཚོའི་ཁང་པ་རེད། འདི་ཁྱོད་ཀྱི་/ ཁྱོད་ཚོའི་ཁང་པ་རེད།” [58]ཅེས་དང་། “སྐབས་འགར་ནན་ཏན་གྱི་ཚུལ་དུ། དཔེར་ན། དངོས་ཆས་བགོ་གཤའ་བྱེད་པའི་ཚེ། ལྕོག་ཙེ་འདི་ངའི་ཡིན། རྐུབ་བཏེགས་དེ་ཁྱེད་རང་གི་ཡིན།” [59]ཞེས་སོགས་བཀོད་ཅིང། ཁྱད་ཚིག་གི་མཐར་སྦྱར་བའི་ཚེ། “དོན་གང་དང་གང་ཡིན་རུང་། དེ་ལ་ཁྱད་ཚིག་སྦྱར་ཏེ་དེའི་ཁྱད་པར་བརྗོད་པ་ན། དངོས་མཐོང་དུ་གྲུབ་པའམ་ཡང་ན་མཐུན་སྣང་དུ་གྲུབ་པའི་ཁྱད་ཆོས་སྟོན་ན། མཇུག་སྡུད་ཀྱི་བྱ་ཚིག རེད། ཅེས་བཀོད། དཔེར་ན། མེ་ཏོག་དེ་དཀར་པོ་རེད། དེ་ཤིན་ཏུ་དཀོན་པོ་རེད།” [60]ཅེས་སོགས་བཀོད་པ་དང་། དེའི་ལྡོག་ཕྱོགས་ལ་གཙོ་བོ་འདུག་ཅེས་པ་འཇུག་ཚུལ་གསུངས་ཤིང་། དེ་དག་ཀུན་གྱིས་གནས་ལུགས་ཀྱི་ངོ་བོ་སྟོན་ཚུལ་ཡང་གསུངས་སོ། །

བྱ་བའི་གནས་སྐབས་གསལ་བྱེད་དུ་འཇུག་པའི་ཚེ་ནི། བྱ་བ་ལ་རིགས་མི་འདྲ་བ་ཡོད་པའི་དབང་གིས་ཡིན་དང་རེད་སོགས་འཇུག་ཚུལ་ཡང་མི་འདྲ་བ་མང་དུ་སྣང་ཞིང་། ཞིབ་ཏུ་བྲིས་ན་ཚིག་ཉོག་ཏུ་འགྱུར་ཉེན་ཆེ་བས་མཚོན་ཙམ་ཞུས་ན། ཡིན་དང་རེད་གཉིས་པོ་དེ་བྱ་ཚིག་གང་གི་མཐར་འཇུག་པའི་ཚེ། གཙོ་བོར་མ་འོངས་པ་དང་འདས་པ་གང་རུང་གསལ་བྱེད་དུ་འཇུག་པ་ལས། ད་ལྟ་བར་འཇུག་པ་ནི་ཤིན་ཏུ་ཉུང་བར་སྣང་། དེ་ཡང་བྱ་ཚིག་གི་མཇུག་ཏུ་ གི་ཡིན། རྒྱུ་ཡིན། གི་རེད། རྒྱུ་རེད་ ཅེས་སྦྱར་བའི་ཚེ། བྱ་བ་མ་འོངས་པ་གསལ་བྱེད་དུ་འགྱུར་ཏེ། དཔེར་ན། ང་ཡོང་གི་ཡིན། ཁོང་ཡོང་རྒྱུ་རེད། ལྟ་བུ་དང་། ཡང་གི་དང་རྒྱུ་མ་སྦྱར་རུང་ཆོག་སྟེ། དཔེར་ན། ཁྱོད་སང་ཉིན་ཁྲོམ་ལ་འགྲོ་ཡིན་ནམ་ཞེས་འདྲི་ལ། ང་འགྲོ་ཡིན་ཞེས་ལན་འདེབས་པ་ལྟ་བུའོ། །དེ་བཞིན་བྱ་ཚིག་གི་མཇུག་ཏུ། པ་ཡིན། པ་རེད་ཅེས་སྦྱར་ཚེ། བྱ་བ་འདས་པ་གསལ་བྱེད་དུ་འགྱུར་ཏེ། དཔེར་ན། ངས་སྦྱངས་པ་ཡིན། ཁོས་བསྒྲུབས་པ་རེད་ཅེས་པ་ལྟ་བུ་དང་། ཡང་ངས་བསྒྲུབས་ཡིན་དང་། ཁོས་སྦྱངས་རེད་ཅེས་ཀྱང་བརྗོད་རུང་བ་ཡིན་ཞིང་། ད་དུང་ཡིན་པ་རེད། ཡིན་ས་རེད། ཡིན་རྒྱུ་རེད། ཡིན་དང་ཡིན་ལྟ་བུ་སོགས་ཡིན་དང་རེད་གཉིས་ཀ་དང་སོ་སོར་བྱས་ནས་བརྗོད་ཚུལ་ཇི་སྙེད་ཅིག་ཡོད་པ་བཞིན། དོན་གྱི་རྣམ་པ་སྟོན་ཚུལ་ཏེ་གོ་བར་བྱེད་སྟངས་ཀྱང་དེ་སྙེད་ཅིག་ཡོད་པ་ཡིན་ནོ། །

མཇུག་བསྡུ་བའི་སྐད་ཆ།

ད་ནི་དེ་ཙམ་གྱིས་རེ་ཞིག་མཇུག་བསྡུ་བར་བྱ་སྟེ། བྱ་བ་འདི་འགོ་རྩོམ་དུས་ཀྱི་ཐོག་མའི་ཀུན་སློང་དང་། རེ་བ་ནི། དཔྱད་རྩོམ་འདི་བརྒྱུད་དེ། ཡིན་དང་རེད་ཅེས་པའི་ཚིག་འབྲུ་འདི་གཉིས་ཡུལ་ལ་འཇུག་ཚུལ་དང་། འཇུག་པའི་ཚེ་དོན་སྟོན་སྟངས་ཀྱི་ཁྱད་པར་སོགས་གནད་དོན་མང་པོ་ཞིག་གཙང་མ་བཟོ་རྒྱུ་དེ་ཡིན་མོད། བྱ་བ་དངོས་ལ་ཞུགས་པའི་བརྒྱུད་རིམ་ལས། དེ་ནི་དཔེར་བརྗོད་སྣ་ཚོགས་ཀྱི་སྟེང་ནས་ངེས་ཤེས་རྙེད་དགོས་པ་ཞིག་ཚོར་བ་ལས། འདི་ལྟར་མ་ཡིན། དེ་ལྟར་ཡིན་ནོ་ཞེས་པའི་སྡོམ་ཚིག་ཅིག་ཁོ་བོས་འགོད་ཐུབ་མ་སོང་། འོན་ཏེ། ཐ་སྙད་དེ་དག་གི་འགོ་ཁུངས་བཙལ་བ་ནས་བཟུང་། ས་བཅད་ཚན་པ་རེ་རེའི་ནང་དུ་གནད་དོན་འགའ་རེ་བསལ་ཅིང་། གནད་དོན་འགའ་རེ་སློང་ཐུབ་ཡོད་པའི་ཡིད་ཆེས་དང་རེ་བ་ཡང་བྱེད་བཞིན་ཡོད། གང་ལྟར་ང་ལ་མཚོན་ན་དེ་ཙམ་ཐུབ་པ་ཡང་། བོད་ཀྱི་རིག་གཞུང་ལ་ཕུལ་བའི་ལེགས་སྐྱེས་ཆུང་ཆུང་ཞིག་ཡིན་ལ། རང་གི་ཕྲག་ཐོག་ཏུ་བབས་པའི་འོས་འགན་ཞིག་བསྒྲུབས་ཡོད་བསམ་པའི་སྤོབས་པ་ཞིག་ཀྱང་ཡོད། དེ་ལྟ་ནའང་བྱ་བ་གང་ཞིག་ལེགས་གྲུབ་བྱུང་བ་ནི། རང་ཉིད་གཅིག་པོས་འཇོན་བཞག་པ་ཞིག་མིན་པ་བཞིན། ཁོ་བོའི་བྱ་བ་ཆུང་ངུ་འདིའི་རྒྱབ་ཏུའང་དཔེ་དེབ་དང་ཞུ་དག་གི་རོགས་གནང་མཁན་གྱིས་མཚོན་པའི་རོགས་ཕན་གནང་མཁན་གྱི་འབྲེལ་ཡོད་མང་དག་ཅིག་ཡོད་པ་ཀུན་ལ་ཐུགས་རྗེ་ཆེ་ཞུ། དེ་བས་མ་འགྲིགས་ས་དང་མ་འཐུས་སའང་ཅི་ནས་ཀྱང་མང་ངེས་སྟབས། སུ་དང་གང་གི་ཐུགས་ལ་མ་བདེ་སྤྱན་ལ་མ་མཛེས་པ་བྱུང་ཚེ། དེ་དང་དེ་ལ་ཁོ་བོས་ཀྱང་བཟོད་གསོལ་ཞུ་རྒྱུ་ལགས་སོ། །

དཔྱད་ཡིག་དང་ཞབས་མཆན། 

[1] རྡོ་རྗེ་རྒྱལ་པོ། <<སུམ་རྟགས་སྐོར་གྱི་དྲི་བ་དྲིས་ལན།>> རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༢་ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༧༩

[2] རྡོ་རྗེ་རྒྱལ་པོ། <<སུམ་རྟགས་སྐོར་གྱི་དྲི་བ་དྲིས་ལན།>>རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༢་ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༨༠

[3] དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི་<<དབོན་ཞང་རྡོ་རིང་དང་ཐང་བོད་བར་གྱི་འབྲེལ་བ། >>ཞེས་པའི་དེབ་ཏུ་རྡོ་རིང་ཡི་གེ་ཟུར་བཀོད་བྱས་འདུག་པ་ལས་བླངས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༧༥

[4] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་མང་པོས་གཞན་ཅི་བདེ་ཡང་ཞེས་ཡང་བྲིས་ནའང་མ་ཡིག་ཏུ་ཡྔ་འདི་ག་རང་གསལ་ཞིང་། གཞུང་དེར་ཡང་ཞེས་པར་ཡྔ་བྲིས་པ་གཞན་ཡང་འདུག་པས་དེ་ལྟར་བཞག་པའོ།།

[5] ཆབ་འགག་རྟ་མགྲིན་གྱིས་རྩོམ་སྒྲིག་བྱས། <<ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ།>>ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་མི་ཆོས་ཡིག་ཚངས་དང་དེའི་ཀློག་འགྲེལ་བློ་ལྡན་དགྱེས་པའི་བདུད་རྩིའི་བུམ་བཟང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢ (མ་ཕྱི་པར།)

[6] སློབ་དཔོན་ཐོན་མི། <<ལུང་དུ་སྟོན་པའི་རྩ་བ་སུམ་ཅུ་པ་ཞེས་བྱ་བ།>> བསྟན་འགྱུར་(དཔེ་བསྡུར་མ) སྣ་ཚོགས་༼ཅོ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༣༩༧

[7] སློབ་དཔོན་ཐོན་མི། <<ལུང་དུ་སྟོན་པའི་རྩ་བ་སུམ་ཅུ་པ་ཞེས་བྱ ་བ། >>དེབ་གཟུགས་སོགས་གོང་བཞིན། ཤོག་༣༩༨

[8] སློབ་དཔོན་ཐོན་མི། <<ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ། >> བསྟན་འགྱུར་(དཔེ་བསྡུར་མ) སྣ་ཚོགས་༼ཅོ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༤༠༣

[9] ས་པཎ་ཀུན་དགའ་རྒྱལ་མཚན། <<དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །>>དཔལ་ལྡན་ས་སྐྱ་པའི་གསུང་རབ་ཞིབ་འཇུག ༼པོད་གཉིས་པ༽ སུམ་རྟགས་དང་དག་ཡིག མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོར་པེ་ཅིང་དུ་དཔར་ཐེངས་དང་པོ་བཏབ། ཤོག་༢༡༥

[10] འདིར་འགྲོལ་བ་ལ་འགྲེལ་བར་བསྒྱུར་བ་ཞེས་གསལ་ནའང་། འགྲེལ་བ་ལ་འགྲོལ་བར་བསྒྱུར་བ་མིན་ནམ་སྙམ་སྟེ་ལི་ཤིའུ་གུར་ཁང་དུ་ཡང་དེ་བཞིན་གསལ་ལ། སྐབས་འདི་དག་ཏུ་ཚིག་ཕྱི་མ་དག་བརྡ་རྙིང་ཡིན་དགོས།

[11] བཅོམ་ལྡན་རིགས་པའི་རལ་གྲི། <<སྒྲ་ཡི་བསྟན་བཅོས་རྒྱན་གྱི་མེ་ཏོག>> བཅོམ་ལྡན་རིག་པའི་རལ་གྲིའི་གསུང་འབུམ།(ཆ) ཀྲོང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༥ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༩

[12] སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། <<བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་།>>མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོར་དཔར་ཐེངས་༢ པ་བཏབ། ཤོག་༢

[13] དབུས་པ་བློ་གསལ།<<བརྡ་གསར་རྙིང་གི་རྣམ་པར་དབྱེ་བ་དབུས་པ་བློ་གསལ་གྱིས་མཛད་པ་བཞུགས།>> དབུས་པ་བློ་གསལ་ཞབས་ཀྱི་གསུང་འབུམ་བཞུགས་སོ། ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༤༨

[14] དབུས་པ་བློ་གསལ། དེབ་གཟུགས་སོགས་གོང་བཞིན་ལ། ཤོག་༥༠ (བརྡ་སྤྲོད་ཕྱོགས་བསྒྲིགས་པོད་༢༥ ཅན་དེར། རེད་པ་ལ་གྲུབ་པ་ཟེར་ཞེས་དང་། མ་རེད་པ་མ་གྲུབ་པ་ཞེས་གསལ་བ་ལས་བར་དུ་ཤད་འཐེན་མི་འདུག)

[15] བཅོམ་ལྡན་རིགས་པའི་རལ་གྲི། <<སྒྲ་ཡི་བསྟན་བཅོས་རྒྱན་གྱི་མེ་ཏོག>> བཅོམ་ལྡན་རིག་པའི་རལ་གྲིའི་གསུང་འབུམ།(ཆ) ཀྲོང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༥ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༩

[16] སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། <<བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་།>>མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོར་དཔར་ཐེངས་༢ པ་བཏབ། ཤོག་༡

[17] སུམ་བྷ་དོན་གྲུབ་ཚེ་རིང་། <<གངས་ཅན་བོད་ཀྱི་ཡི་གེའི་བྱུང་འཕེལ་བརྗོད་པ་པུཎྚ་རི་ཀའི་ཕྲེང་བ། >> (སྨད་ཆ།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༠

[18] ལྕགས་ཐར་རྒྱལ། <<བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག>> མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོར་པེ་ཅིང་དུ་དཔར་ཐེངས་དང་པོ་བཏབ། ཤོག་༤༣༥

[19]  རྩོམ་སྒྲིག་པ་ཀྲང་དབྱི་སུན་སོགས།<<བོད་རྒྱ་ཚིག་མཛོད་ཆེན་མོ།>> སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༧༢༠ (རྒྱ་ཡིག་དང་ཤན་སྦྱར་ལས་བོད་ཡིག་བླངས)

[20] ལྕགས་ཐར་རྒྱལ། <<བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག>> མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོའི་ཟླ་༣ པར་དཔར་ཐེངས་དང་པོ་བཏབ། ཤོག་༤༣༥

[21] འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།<<མཁས་འཇུག་གི་སྡོམ་བྱང་བཞུགས་སོ། །>>མཁས་འཇུག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོར་དཔར་ཐེངས་གསུམ་པ་བཏབ། ཤོག་༥༠

[22] སློབ་དཔོན་ཐོན་མི། <<ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ། >> བསྟན་འགྱུར་(དཔེ་བསྡུར་མ) སྣ་ཚོགས་༼ཅོ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༤༠༤

[23] ཚེ་ཏན་ཞབས་དྲུང་།<<གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །>>ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ།  གླེགས་བམ་བཞི་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོར་པེ་ཅིང་དུ་དཔར་ཐེངས་དང་པོ་བཏབ། ཤོག་༣༠༦

[24] སློབ་དཔོན་ཐོན་མི། <<ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ། >> བསྟན་འགྱུར་(དཔེ་བསྡུར་མ) སྣ་ཚོགས་༼ཅོ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༤༠༥

[25] དབྱངས་ཅན་དགའ་བའི་བློ་གྲོས།<<རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ་ཞེས་བྱ་བ་བཞུགས་སོ།།>>ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ།།(སྨད་ཆ) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༢༠

[26] དགེ་བཤེས་ཐུབ་བསྟན་སྦྱིན་པ། <<བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག>> བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། ༢༠༡༠ ལོར་ལྡི་ལིར་དཔར་ཐེངས་དང་པོ་བཏབ། ཤོག་༡༤༤

[27] དགེ་བཤེས་ཐུབ་བསྟན་སྦྱིན་པ།<<བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག>> དེ་གཟུགས་གོང་བཞིན། ཤོག་ངོས་༡༤༣ཟུར་མཆན་དུ་གསལ།།

[28] དགེ་བཤེས་ཐུབ་བསྟན་སྦྱིན་པས་དག་ཡིག་གསར་བསྒྲིགས་སོགས་སུ་འདི་རྣམས་ལ་ཕྲད་རྗེས་མཐུན་པ་ཞེས་ཐ་སྙད་སྦྱར་འདུག་ཀྱང་འཐད་པར་མ་མཐོང་ཞེས་གསུངས་ནའང་། དག་ཡིག་གསར་བསྒྲིགས དག་བཅོས་མ་དང་   བཅས་པར་གོང་བཞིན་ལས་ཚིག་རྗེས་མཐུན་པ་ཞེས་པའི་ཐ་སྙད་འབྱུང་གི། ཕྲད་རྗེས་མཐུན་པ་ཞེས་པའི་ཐ་སྙད་མ་རྙེད།

[29] རྩོམ་སྒྲིག་འགན་འཁུར་པ་པདྨ་རྡོ་རྗེ། <<དག་ཡིག་གསར་བསྒྲིགས།>>མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་བཅོ་ལྔ་པ་བཏབ། ཤོག་༧༢༡

[30] རྩོམ་སྒྲིག་འགན་འཁུར་པ་པདྨ་རྡོ་རྗེ། <<དག་ཡིག་གསར་བསྒྲིགས།>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་བཅོ་ལྔ་པ་བཏབ། ཤོག་༧༥༤

[31] འབྲུག་མཁར་རྒྱལ། <<༄༅།སྒྲུབ་བྱེད་ཀྱི་མིང་“ཡིན་”དང་“རེད་”གཉིས་ཀྱི་ཁྱད་པར་ལ་དཔྱད་པ།>>བོད་ལྗོངས་ཞིབ་འཇུག ༢༠༡༤ ལོའི་དུས་དེབ་༤ པ། ༢༠༡༤ལོར་ལྷ་སར་པར་སྐྲུན་བྱས། ཤོག་༦༣

[32] པཎྜི་ཏ་དྲན་པ་ཡེ་ཤེས་གྲགས་པ།<<སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ།>> བསྟན་འགྱུར་(དཔེ་བསྡུར་མ) སྣ་ཚོགས་༼ལེ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༨༣༡

[33] པཎྜི་ཏ་དྲན་པ་ཡེ་ཤེས་གྲགས་པ།<<སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ།>> དཔེ་སྐྲུན་དང་ཤོག་གྲངས་སོགས་གོང་བཞིན།

[34] དམུ་དགེ་བསམ་གཏན།<< བོད་སྐད་དང་རྒྱ་སྐད་ཀྱི་ཁྱད་པར་མདོ་ཙམ་བཤད་པ།>>བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ།།(པོད་༡༨)སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༣༧༩ (མཚོ་སྔོན་མི་རིགས་དཔེ་ཁང་གིས་དཔར་དུ་བཏབ་པའི་ཁོང་གི་གསུང་འབུམ་པོད་དྲུག་ཏུ་གོང་གི་གསུང་ཚན་འདི་མ་རྙེད།)

[35] དཔའ་རིས་སངས་རྒྱས།<<བརྡ་སྤྲོད་གསལ་བྱེད་ངག་སྒྲོན།>>ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༣ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༩༤

[36] དགེ་འདུན་ཆོས་འཕེལ།<<“ཡིན་”དང་“རེད་”གཉིས་ལ་དཔྱད་པ།>>བོད་ཀྱི་བརྡ་སྤྲོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༢༧ (འདི་༡༩༩༤ ལོའི་མཚོ་སྔོན་སློབ་གསོའི་འདོན་ཐེངས་གསུམ་པའི་ནང་ཡོད་འདུག་ནའང་ལག་སོན་མ་བྱུང་།)

[37] དཔའ་རིས་སངས་རྒྱས།<<བརྡ་སྤྲོད་གསལ་བྱེད་ངག་སྒྲོན།>>ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༣ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༩༥

[38] པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ།<<བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པ་ཞེས་བྱ་བའི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་རྒྱན།>>བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༡ ལོར་དཔར་ཐེངས་གཉིས་པ་བཏབ། ཤོག་༣༨༣

[39] སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། <<ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། >> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་༣ པ་བཏབ། ཤོག་༦༧

[40] དཔའ་རིས་སངས་རྒྱས།<<བརྡ་སྤྲོད་གསལ་བྱེད་ངག་སྒྲོན།>>ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༣ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༣༠

[41] དཔའ་རིས་སངས་རྒྱས། དེབ་གཟུགས་དང་ཤོག་ངོས་སོགས་གོང་བཞིན་ནོ། །

[42] དམུ་དགེ་བསམ་གཏན།<<བརྡ་སྤྲོད་བློ་གསལ་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།>>དམུ་དགེ་བསམ་གཏན་རྒྱ་མཚོའི་གསུམ་འབུམ་པོད་ལྔ་པ་བཞུགས་སོ།། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོར་་དཔར་ཐེངས་དང་པོ་བཏབ། ཤོག་༡༦༦

[43] དམུ་དགེ་བསམ་གཏན། དེབ་གཟུགས་དང་ཤོག་ངོས་སོགས་གོང་བཞིན་ནོ།།

[44] དམུ་དགེ་བསམ་གཏན། དེབ་གཟུགས་སོགས་གོང་བཞིན་ལ། ཤོག་ངོས་༤༦༧

[45] རྩོམ་སྒྲིག་འགན་འཁུར་པ་པདྨ་རྡོ་རྗེ། <<དག་ཡིག་གསར་བསྒྲིགས། >>སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་བཅོ་ལྔ་པ་བཏབ། ཤོག་༧༢༡

[46] རྩོམ་སྒྲིག་འགན་འཁུར་པ་པདྨ་རྡོ་རྗེ། <<དག་ཡིག་གསར་བསྒྲིགས།>> སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་བཅོ་ལྔ་པ་བཏབ། ཤོག་༧༢༡

[47] དགེ་བཤེས་ཐུབ་བསྟན་སྦྱིན་པའི་<<བརྡ་སྤྲོད་སྨྲ་སྒོའི་ལྡེ་མིག་>>དང་། ན་ག་སངས་རྒྱས་བསྟན་དར།<<བོད་ཀྱི་བརྡ་སྤྲོད་ནག་ཊྀཀ>> གཉིས་སུ་གསལ།

[48] དགེ་འདུན་ཆོས་འཕེལ།<<“ཡིན་”དང་“རེད་”གཉིས་ལ་དཔྱད་པ།>> བོད་ཀྱི་བརྡ་སྤྲོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༡༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༢༧

[49] རྡོ་རྗེ་རྒྱལ་པོ། <<སུམ་རྟགས་སྐོར་གྱི་དྲི་བ་དྲིས་ལན།>> རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༢་ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༨༡

[50] དམུ་དགེ་བསམ་གཏན།<<བརྡ་སྤྲོད་བློ་གསལ་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།>>དམུ་དགེ་བསམ་གཏན་རྒྱ་མཚོའི་གསུམ་འབུམ་པོད་ལྔ་པ་བཞུགས་སོ།། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༤༦༨

[51] དཔའ་རིས་སངས་རྒྱས།<<བརྡ་སྤྲོད་གསལ་བྱེད་ངག་སྒྲོན།>>ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༣ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༩༤

[52] དམུ་དགེ་བསམ་གཏན། དེབ་གཟུགས་སོགས་གོང་བཞིན། ཤོག་༤༦༧

[53] དམུ་དགེ་བསམ་གཏན། དེབ་གཟུགས་སོགས་གོང་བཞིན། ཤོག་༤༦༧

[54] དམུ་དགེ་བསམ་གཏན། དེབ་གཟུགས་དང་ཤོག་ངོས་སོགས་གོང་བཞིན་ནོ།།

[55] རྩོམ་སྒྲིག་འགན་འཁུར་པ་པདྨ་རྡོ་རྗེ།<<དག་ཡིག་གསར་བསྒྲིགས།>>སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་བཅོ་ལྔ་པ་བཏབ། ཤོག་༧༢༡

[56]རྩོམ་སྒྲིག་འགན་འཁུར་པ་པདྨ་རྡོ་རྗེ།<< དག་ཡིག་གསར་བསྒྲིགས།>> དེབ་གཟུགས་སོགས་གོང་བཞིན། ཤོག་༧༥༤

[57] དགེ་བཤེས་ཐུབ་བསྟན་སྦྱིན་པ།<<བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག>> བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། སྤྱི་ལོ་ ༢༠༡༠ ལོར་ལྡི་ལིར་དཔར་ཐེངས་དང་པོ་བཏབ། ཤོག་༡༤༥

[58] ཐུབ་བསྟན་སྦྱིན་པ།<<བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག>> བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། སྤྱི་ལོ་ ༢༠༡༠ ལོར་ལྡི་ལིར་དཔར་ཐེངས་དང་པོ་བཏབ། ཤོག་༡༤༦

[59] ཐུབ་བསྟན་སྦྱིན་པ། དེབ་གཟུགས་དང་ཤོག་ངོས་གོང་བཞིན་ནོ།།

[60] ཐུབ་བསྟན་སྦྱིན་པ། དེབ་གཟུགས་དང་ཤོག་ངོས་གོང་བཞིན་ནོ།།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།(ལུང་འདྲེན་ཞུས་རིམ་ལྟར་བཀོད།)

༡༽ རྡོ་རྗེ་རྒྱལ་པོ། <<སུམ་རྟགས་སྐོར་གྱི་དྲི་བ་དྲིས་ལན།>> རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༢་ལོར་དཔར་ཐེངས་དང་པོ་བཏབ།

༢༽ དཀོན་མཆོག་ཚེ་བརྟན། <<དབོན་ཞང་རྡོ་རིང་དང་ཐང་བོད་བར་གྱི་འབྲེལ་བ། >>ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོར་དཔར་ཐེངས་དང་པོ་བཏབ།

༣༽ རྩོམ་སྒྲིག་པ་ཆབ་འགག་རྟ་མགྲིན། <<ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ།>> ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་མི་ཆོས་ཡིག་ཚངས་དང་དེའི་ཀློག་འགྲེལ་བློ་ལྡན་དགྱེས་པའི་བདུད་རྩིའི་བུམ་བཟང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་དང་པོ་བཏབ།

༤༽ སློབ་དཔོན་ཐོན་མི། <<ལུང་དུ་སྟོན་པའི་རྩ་བ་སུམ་ཅུ་པ་ཞེས་བྱ་བ།>> བསྟན་འགྱུར་(དཔེ་བསྡུར་མ) སྣ་ཚོགས་༼ཅོ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ།

༥༽ སློབ་དཔོན་ཐོན་མི། <<ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ། >> བསྟན་འགྱུར་(དཔེ་བསྡུར་མ) སྣ་ཚོགས་༼ཅོ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ།

༦༽ ས་པཎ་ཀུན་དགའ་རྒྱལ་མཚན། <<དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །>> དཔལ་ལྡན་ས་སྐྱ་པའི་གསུང་རབ་ཞིབ་འཇུག ༼པོད་གཉིས་པ༽ སུམ་རྟགས་དང་དག་ཡིག མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོར་དཔར་ཐེངས་དང་པོ་བཏབ།

༧༽ བཅོམ་ལྡན་རིགས་པའི་རལ་གྲི། <<སྒྲ་ཡི་བསྟན་བཅོས་རྒྱན་གྱི་མེ་ཏོག>> བཅོམ་ལྡན་རིག་པའི་རལ་གྲིའི་གསུང་འབུམ།(ཆ) ཀྲོང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༥ ལོར་དཔར་ཐེངས་དང་པོ་བཏབ།

 

༨༽ སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། <<བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་།>> མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོར་དཔར་ཐེངས་༢ པ་བཏབ།

༩༽ དབུས་པ་བློ་གསལ། <<བརྡ་གསར་རྙིང་གི་རྣམ་པར་དབྱེ་བ་དབུས་པ་བློ་གསལ་གྱིས་མཛད་པ་བཞུགས།>> དབུས་པ་བློ་གསལ་ཞབས་ཀྱི་གསུང་འབུམ་བཞུགས་སོ། ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་དང་པོ་བཏབ།

༡༠༽ སུམ་བྷ་དོན་གྲུབ་ཚེ་རིང་། <<གངས་ཅན་བོད་ཀྱི་ཡི་གེའི་བྱུང་འཕེལ་བརྗོད་པ་པུཎྚ་རི་ཀའི་ཕྲེང་བ། >> (སྨད་ཆ།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ ལོར་དཔར་ཐེངས་དང་པོ་བཏབ།

༡༡༽ ལྕགས་ཐར་རྒྱལ། <<བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག>> མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོར་པེ་ཅིང་དུ་དཔར་ཐེངས་དང་པོ་བཏབ།

༡༢༽ རྩོམ་སྒྲིབ་པ་ཀྲང་དབྱི་སུན་སོགས། <<བོད་རྒྱ་ཚིག་མཛོད་ཆེན་མོ།>> སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོར་པེ་ཅིང་དུ་དཔར་ཐེངས་དང་པོ་བཏབ།

༡༣༽ འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། <<མཁས་འཇུག་གི་སྡོམ་བྱང་བཞུགས་སོ། །>> མཁས་འཇུག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོར་དཔར་ཐེངས་གསུམ་པ་བཏབ།

༡༤༽ ཚེ་ཏན་ཞབས་དྲུང་།<<གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །>> ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ།  གླེགས་བམ་བཞི་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོར་པེ་ཅིང་དུ་དཔར་ཐེངས་དང་པོ་བཏབ།

༡༥༽ དབྱངས་ཅན་དགའ་བའི་བློ་གྲོས། <<རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ་ཞེས་བྱ་བ་བཞུགས་སོ།།>> ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ།།(སྨད་ཆ) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་དང་པོ་བཏབ།

༡༦༽ དགེ་བཤེས་ཐུབ་བསྟན་སྦྱིན་པ། <<བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག>> བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། ༢༠༡༠ ལོར་ལྡི་ལིར་དཔར་ཐེངས་དང་པོ་བཏབ།

༡༧༽ རྩོམ་སྒྲིག་འགན་འཁུར་པ་པདྨ་རྡོ་རྗེ། <<དག་ཡིག་གསར་བསྒྲིགས།>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་བཅོ་ལྔ་པ་བཏབ།

༡༨༽ འབྲུག་མཁར་རྒྱལ། <<༄༅།„སྒྲུབ་བྱེད་ཀྱི་མིང་“ཡིན་”དང་“རེད་”གཉིས་ཀྱི་ཁྱད་པར་ལ་དཔྱད་པ།>> བོད་ལྗོངས་ཞིབ་འཇུག ༢༠༡༤ ལོའི་དུས་དེབ་༤ པ། ༢༠༡༤ལོར་ལྷ་སར་བསྐྲུན།

༡༩༽ པཎྜི་ཏ་དྲན་པ་ཡེ་ཤེས་གྲགས་པ། <<སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ།>> བསྟན་འགྱུར་(དཔེ་བསྡུར་མ) སྣ་ཚོགས་༼ལེ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ།

༢༠༽ དམུ་དགེ་བསམ་གཏན། << བོད་སྐད་དང་རྒྱ་སྐད་ཀྱི་ཁྱད་པར་མདོ་ཙམ་བཤད་པ།>> བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ།།(པོད་༡༨)སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ།

༢༡༽ དཔའ་རིས་སངས་རྒྱས། <<བརྡ་སྤྲོད་གསལ་བྱེད་ངག་སྒྲོན།>> ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༣ ལོར་དཔར་ཐེངས་དང་པོ་བཏབ།

༢༢༽ དགེ་འདུན་ཆོས་འཕེལ། <<“ཡིན་”དང་“རེད་”གཉིས་ལ་དཔྱད་པ།>> བོད་ཀྱི་བརྡ་སྤྲོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ།

༢༣༽ བྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ། <<བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པ་ཞེས་བྱ་བའི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་རྒྱན།>> བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༡ ལོར་དཔར་ཐེངས་གཉིས་པ་བཏབ།

༢༤༽ སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། <<ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། >> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་༣ པ་བཏབ།

༢༥༽ དམུ་དགེ་བསམ་གཏན། <<བརྡ་སྤྲོད་བློ་གསལ་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།>> དམུ་དགེ་བསམ་གཏན་རྒྱ་མཚོའི་གསུམ་འབུམ་པོད་ལྔ་པ་བཞུགས་སོ།། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོར་དཔར་ཐེངས་དང་པོ་བཏབ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།