དུས་རབས་བཅོ་བརྒྱད་པར་བཞེངས་པའི་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་བོད་ཡིག་རྡོ་རིང་ཡི་གེའི་སྐོར་གླེང་བ།

0
61

ནང་དོན་གནད་བསྡུས། བལ་ཡུལ་འཕགས་པ་ཤིང་ཀུན་གྱི་རང་བྱུང་མཆོད་རྟེན་ཆེན་མོ་ནི་བལ་ཡུལ་མཆོད་རྟེན་རྣམ་གསུམ་ལས་གཅིག་ཡིན་པ་དང་། བལ་པོའི་སྐད་དུ་དེ་ལ་སྭཡཾབྷུ་ནཱཐ་ཞེས་བརྗོད། མཆོད་རྟེན་གྱི་མདུན་ངོས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པར་འགྲོ་སའི་སྐས་འཛེགས་དང་མུརྟི་སངྒྲཱལྱ་ཏེ་སྐུ་འདྲའི་འགྲེམ་སྟོན་ཁང་གི་སྒོ་འགྲམ་དུ་དུས་རབས་བཅོ་བརྒྱད་པའི་བོད་ཡིག་གི་རྡོ་རིང་ཞིག་ཡོད། རྡོ་རིང་ཡི་གེའི་ནང་དོན་དུ་བོད་ཀྱི་བླ་ཆེན་ཁག་མང་པོས་འཕགས་པ་ཤིང་ཀུན་མཆོད་རྟེན་ཉམས་གསོ་ཇི་ལྟར་གནང་བའི་སྐོར་གསལ་བ་ན། དཔྱད་རྩོམ་འདིར་ཉམས་གསོའི་དུས་ཡུན། མི་སྣ། རྒྱབ་ལྗོངས་ལོ་རྒྱུས་བཅས་སྔོན་བྱོན་མཁས་པའི་རྣམ་ཐར་དང་ལོ་རྒྱུས་ལ་ཞིབ་པར་དཔྱད་དེ་བྲིས་ཡོད། 

གནད་ཚིག འཕགས་པ་ཤིང་ཀུན། ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུ། བལ་པོ་དང་གོརྵའི་རྒྱལ་པོ།

༄༅།། བལ་ཡུལ་འཕགས་པ་ཤིང་ཀུན་གྱི་རང་བྱུང་མཆོད་རྟེན་ཆེན་མོ་ནི་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཡ་གྱལ་ཞིག་དང་། དེ་ནི་བལ་པོའི་སྭཡཾབྷུ་ནཱཐ་ཞེས་བརྗོད། མཆོད་རྟེན་འདི་ནི་སྔོན་སངས་རྒྱས་གཙུག་གཏོར་གྱི་དུས་སུ་རྣམ་པ་ཤེལ་གྱི་མཆོད་རྟེན་ཁྲུ་གང་ཞིག་རང་བྱུང་དུ་འཁྲུངས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབས་ཀྱི་དུས་སུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རལ་གྲིས་རི་གཤགས་ནས་མཚོ་སྐམ་པར་གནང་བ་དང་། རྣམ་འདྲེན་དང་པོའི་སྐབས་སུ་རྒྱལ་པོ་ཙནྡ་དེ་བས་ཤེལ་གྱི་མཆོད་རྟེན་དེར་ས་དང་རྡོའི་མཆོད་རྟེན་བཞེངས་པ་སོགས་གནས་བཤད་མདོར་ཙམ་གྱིས་འཐུས་པར་བྱས་ནས། འདིར་གཙོ་བོ་མཆོད་རྟེན་དེར་བོད་ཀྱི་བླ་ཆེན་ཁག་མང་པོས་ཉམས་གསོའི་མཛད་པ་ལན་མང་བསྐྱངས་ཡོད་པ་ནི། དུས་རབས་བཅོ་ལྔ་པར་གཙང་སྨྱོན་ཧེ་རུ་ཀ་(༡༤༥༢-༡༥༠༧)[1]དང་ལྷ་བཙུན་རིན་ཆེན་རྣམ་རྒྱལ་(༡༤༧༣-༡༥༥༧)། དུས་རབས་བཅུ་དྲུག་པར་བྱམས་པ་ཕུན་ཚོགས་(༡༥༠༠-༡༦༩༩)། དུས་རབས་བཅོ་བརྒྱད་པར་ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུ་(༡༦༩༨-༡༧༥༥)་དང་ཞྭ་དམར་པ་སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་མཚོ་(༡༧༤༢-༡༧༩༢)། དུས་རབས་བཅུ་དགུ་པར་རྟོག་ལྡན་ཤཱ་ཀྱ་ཤྲི་(༡༨༥༣-༡༩༡༩) དུས་རབས་ཉི་ཤུ་པར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་(༡༨༩༣-༡༩༥༩)བཅས་ཡིན། དེ་དག་ལས་དུས་རབས་བཅོ་བརྒྱད་པར་ཀཿ ཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་རང་བྱུང་མཆོད་རྟེན་དེར་ཉམས་གསོ་གནང་བའི་སྐོར་བོད་ཡིག་རྡོ་རིང་ཞིག་དེའི་དུས་སུ་བཞེངས་ཀྱང་། ལོ་ངོ་ཉི་བརྒྱ་ལྷག་གི་རྗེས་སུའང་ཡི་གེར་ནག་སུབ་མེད་ཅིང་། རྡོ་རིང་དེ་ཡང་ཆག་གྲུམ་མེད་པར་སྲོང་པོར་མཆོད་རྟེན་གྱི་མདུན་ངོས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པར་འགྲོ་སའི་སྐས་འཛེགས་ཀྱི་འགྲམ་དང་མུརྟི་སངྒྲཱལྱ་ཏེ་སྐུ་འདྲའི་འགྲེམས་སྟོན་ཁང་གི་སྒོ་འགྲམ་དུ་ཡོད་པ་དཔྱད་རྩོམ་འདིའི་འཆད་བྱ་གཙོ་བོ་ཡིན།

རྡོ་རིང་དེ་ནི་མདོག་སྔོ་སྐྱ། སྲབ་མཐུག་མཐོ་གང་དང་སོར་བཞི། མཐོ་ཚད་འདོམ་གང་དང་སོར་ལྔ། ཞེང་ཚད་འདོམ་ཕྱེད་དང་མཐོ་གང་། གུར་མགོའི་རྣམ་པ་ལ་མཐའ་ཤིང་ལོ་པ་ཏྲའི་རི་མོས་བརྒྱན་ཅིང་། ཀླད་དུ་རྣམ་བཅུ་དབང་ལྡན་དང་ཉི་ཟླའི་དཔེ་རིས་བརྐོས[2]། རྡོ་རིང་དེའི་ངོས་ཀྱི་ཡི་གེའི་བརྗོད་དོན་ནི་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་རིན་པོ་ཆེ་ལོ་བདུན་རིང་(༡༧༥༡-༡༧༥༨) ཉམས་གསོ་གནང་བའི་སྐོར་ཡིན། རྡོ་རིང་གི་འགོ་སྟོད་དུ་བལ་པོའི་ཡི་གེ་ཡིག་ཕྲེང་ཞེ་གསུམ་དང་བོད་ཡིག་དབུ་ཅན་ཡིག་ཕྲེང་ལྔ་བཅུ་མཆིས་པ་ལས། རྡོ་རིང་གི་བོད་ཡིག་མ་ཡིག་[3]དེ་སྤྱན་འབུལ་ཞུས་ན།

༡ བལ་ཡུལ་འཕགས་པ་ཤིང་ཀུན་དུ་ཡོད་པའི་བོད་ཡིག་རྡོ་རིང་།

༡) ཨོཾ་སྭཱསྟི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐཾད་ལ་ཕྱག་འཚལ་ལོ།། དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་ཚེ་དབང་ནོར་བུའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་དང་
༢) རྣམ་པ་ཐཾད་དུ་ཕྱག་འཚལ་ཞིང་སྐྱབསུ་མཆིའོ། །དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་ཐཾད་ཀྱི་ཕན་པ་དང་བདེ་བའི་རྩ་ལག་དམ་པར་གྱུར་པ་བ་ཡུལ་རང་བྱུང་གི་མཆོད་རྟེན་ཆེན་པོ་
༣) འཕགས་པ་ཤིང་ཀུན་ཞེས་བྱ་བ། ཚངས་པ་དང་དབང་པོ་སྲེད་མེད་ཀྱི་བུ་ལ་སོགས་པ་འཇིག་རྟེན་སྐྱོང་བའི་ལྷ་ཆེན་པོ་རྣམས་ཀྱིས་གཙུག་གི་ནོར་བུས་རི་མོར་བགྱིས་པའི་འོད་ཟེར་གྱི་པ་ཏྲས་ཀུན་ནས་མཛེས་
༤) པར་བྱས་པ། བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བྱ་བ་ལ་ངོམ་པ་མེད་པར་དད་པའི་ནོར་གྱིས་ཡང་དག་པར་ཕྱུག་པའི་སྐྱེས་དགུ་ཐད་ཀྱི་ལེགས་བྱས་ཟད་མི་ཤེས་པའི་རིན་པོ་ཆེའི་འབྱུང་གནས།
༥) གང་ལ་རེག་པའི་རླུང་གཞོན་གྱིས་ཕོག་པའི་སེམས་ཅན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ཀྱང་འཁོར་བའི་རྒྱ་མཚོ་ནས་བྱང་ཆུབ་རྣམ་པ་གསུཾ་གྱི་སྐམ་པར་གདོན་མི་ཟ་བར་འདྲེན་པའི་
༦) ལྕགས་ཀྱུ། གང་ཞིག་མཐོང་ཐོས་དྲན་རེག་ཏུ་གྱུར་པའི་ལུས་ཅན་ཐམས་ཅད་རྣཾ་གྲོལ་ཐར་པའི་དཔལ་ལ་ཉེ་བར་འགོད་པ་ཀུན་ནས་དོན་ཡོད་པའི་ཞགས་པ། འཇིག་རྟེན་འདི་ཉིད་དུའང་ཚེ་དང་རིཊ་རྒྱུད་དང་ནོར་ལ་
༧) སོགས་པ་དཔལ་འབྱོར་ཇི་ལྟར་འདོད་པའི་སྨོན་པ་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་བུཾ་པ་བཟང་པོ། །ས་གསུཾ་གྱི་སྐྱེ་དགུ་མ་ལུས་པའི་བསོད་ནམས་དམ་པའི་མཆོད་སྡོངས་ཆེན་པོ། །འཛམ་བུའི་གླིང་མཛེས་པར་བྱེད་པའི་
༨) རྒྱན་གཅིག་པུར་གྱུར་པ་འདི་ཉིད། སྙིགས་མ་རྣམས་ལྔའི་སྐྱོན་གྱིས་སྦག་པའི་རྩོད་དུས་ཀྱི་དྲི་མས་ཡོངས་སུ་གོགས་ཤིང་རྙིང་པར་གྱུར་པ་ན། མཁས་པ་དང་གྲུབ་པ་ཐཾད་ཀྱི་གཙུགི་རྒྱན་དུ་གྱུར་པ་རིག་པ་འཛིན་པ་ཡོངས་ཀྱི་འཁོར་ལོ་བསྒྱུར་
༩) བའི་དབང་ཕྱུག་དཔལ་རྡོ་རྗེ་ཚེ་དབང་ནོར་བུ་ཞེས་མཚན་ཉི་ཟླ་ལྟར་ས་སྟེང་ཐཾད་ན་ཡོངས་སུ་གྲགས་པའི་བ་དན་དཀར་པོ་ལྷབ་ལྷུབ་ཏུ་གཡོ་བ་དེ་ཉིད་ཀྱི་ཞལ་སྔ་ནས་སྟོན་ཟླ་འབུཾ་གྱི་སྣང་བ་ལྟར་དཀར་བའི་ལྷག་པའི་དགོངས་པས་རིས་མེད་
༡༠) པའི་བསྟན་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་བོད་ཡུལ་གྱི་སྐྱེ་དགུ་མ་ལུས་པ་དང༌། ལྷག་པར་ནེ་པཱ་ལ་ཡི་ལྗོངས་སུ་འཁོད་པའི་རྒྱལ་བློན་འབངས་དང་བཅས་པའི་སྐྱེ་འགྲོ་མཐའ་དག་ལ་ཕན་པ་དང་བདེ་བ་ཁོ་ནའི་ཆེད་དུ། བལ་ཡུལ་སམྦཏ་ཀྱི་
༡༡) ལོ། ༨༧༡རྒྱ་གར་འཕགས་པའི་ཡུལ་དུ་པྲ་ཛ་པ་ཏི་ཞེས་བྱ་བ། སྟོད་འགྲེལ་བོད་ཀྱི་སྐད་དུ་སྐྱེས་བདག །མ་ཧཱ་ཙི་ནའི་ཁབ་ཏུ་ཟིན་ཝུའི། དབང་ཐང་དང་བསྟུན་པ་ལྕགས་མོ་ལུགི་ལོ་རྒྱལ་གྱི་ཟླ་བའི་དུས་ཚེས་དགེ་བར་ཉམས་གསོས་
༡༢) མཛད་པའི་དབུ་བརྩམ་པའི་ཚེ་ལྷ་ཆེན་པོ་ཚོགས་ཀྱི་བདག་པོ་དང། གཞོན་ནུ་ཀརྟི་ཀ་གཉིས་ནས་རང་གཟུགས་དངོས་སུ་བསྟན་ཏེ་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ལ་ཤིན་ཏུ་གུས་པའི་བློས་མཆོད་རྟེན་ཆེན་པོའི་ཉམས་གསོས་
༡༣) སྒྲུབ་པ་འདིའི་གསེར་ལ་སོགས་ཡོ་བྱད་མཐའ་དག་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཕྲིས་བདག་ཅགི་བགྱིའོ་ཞེས་ཁས་བླངས་པ་དང་། དེ་བཞིན་དུ་ལྷ་ཆེན་པོ་བིཥྞུ་བྲམ་ཟེའི་གཟུགསུ་སྤྲུལ་པ་ཞིག་དངོས་སུ་བྱུང་ནས། ལྷ་ཡི་
༡༤) མཆོད་སྡོང་དང་མཚུངས་པའི་སྲོག་ཤིང་ཆེན་པོ་འདི་ཉིད་ཡོད་པ་འདྲེན་པར་མཛོད་ཅེས་བསྐུལ་བར་མཛད་པ་སོགས་ལྷ་ཆེན་པོ་རྣམས་ཀྱིས་འཕྲིས་ཡང་དག་པར་སྒྲུབ་པའི་རྟཻལ་ལ་བསྟན་ནས། རྒྱལ་བོ་ཆེན་པོ་ཤྲཱི་ཤྲཱི་ཛ་ཡ་པྲ་ཀ་ཤ་ནས་
༡༥) ཕུལ་དུ་བྱུང་བའི་ཞལ་བཞེས་གནང་བ་དང་། ཤྲཱི་ཤྲཱི་ཤྲཱི་གོརྵ་རྒྱལ་པོ་པྲིསྠི་ཎ་རཱ་ཡ་ནས་ཀྱང་སྲོག་ཤིང་ཕྲལ་དུ་འདྲེན་པར་དམ་བཅས་ནས་སྒྲུབ་པར་མཛད་མོད་ཀྱང་། བར་སྐབསུ་མང་ཡུལ་ལ་དྭགས་ལྗོངས་སུ་སྟོད་ཧོར་གྱི་དམགི་འཇིགས་པ་
༡༦) སྐྱོབས་པ་ལ་བྱོན་དགོས་བྱུང་བ་དང་། བོད་དང་བལ་མོན་གྱི་རྒྱལ་ཁག་རྣམས་ཀྱི་ཟླུམ་འཆིངས་གནང་དགོས་དང༌། གཟོ་རིག་པ་རྣམས་ཀྱང་རྒྱུ་སྙོམས་ཤིན་ཏུ་ཆེ་བ་སོགས་ཀྱིས་རིམ་འགྱངས་སུ་གྱུར་པའི་ཁར། བསྟན་འགྲོའི་བསོད་
༡༧) ནམས་དམན་པའི་དབང་གིས་རྗེ་དེ་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནས་ཤིན་ཏུ་བྱ་དཀའ་བའི་གནསུ་གྱུར་མོད་ཀྱང་བལ་མོན་གྱི་རྒྱལ་ཁག་རྣམས་ལ་སྐྱིད་གྲོང་དུ་ཆིབས་བསྒྱུར་གནང་སྐབས་སུ་འབྱུང་འགྱུར་གསལ་བར་
༡༨) གཟིགས་པའི་རྡོ་རྗེའི་བཀའ་ལུང་རྣམས་ལས། ད་ཆ་བདག་རང་ངོས་སུ་སླེབས་པ་ཞིག་མི་འབྱུང་རུང༌། བདག་གི་སློབ་མ་བཛྲཱ་ཅརྱ་ཞིག་དང༌། སློབ་མའི་གཙོ་བོ་རྒྱལ་བ་ཡབ་སྲས་ལྔ་བོ་རྣམས་ནས་ཞིག་གསོ་མཐར་ཕྱིན་
༡༩) གནང་ཚུལ་ཕེབས་པ་བཞིན་རྗེ་བཙུན་འབྲུག་པ་རིན་པོ་ཆེ་ནས་བླ་མའི་དམ་ཚིག་ལ་དགོངས་པའི་ཐུགས་བསྐྱེད་ཕུལ་དུ་བྱུང་བའི་གཞལ་དུ་མེད་པའི་ཐུགས་རྗེའི་རྒྱབ་གཉེར་བཀའ་དྲིན་ཆེ་བ་དང་མཆོད་དཔོན་བསྟན་འཛིན་རྡོ་རྗེ་
༢༠) སོག་ཞབས་རིམ་པ་མཐུ་བོ་རྣམས་ནས་རྗེ་དེ་ཉིད་ཀྱི་དགོངས་པ་ཡང་དག་པར་བསྐང་བའི་སླད་དུ་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་ཁུར་ཆེན་པོ་ཕྲག་པ་ལ་ཐོག་ནས། ལུས་དང་སྲོག་ལ་ལྟོས་པ་མེད་པས་བརྩོན་
༢༡) འགྲུས་དྲག་པོས་ལུས་ངག་གི་དཀའ་བ་བརྒྱ་ཕྲག་དུ་མ་དང་དུ་བླང་ནས། ༢རྗེ་དེ་ཉིད་ཀྱི་དགོངས་བཞེད་ཞལ་བཀོད་ཇི་ལྟར་གནང་བ་བཞིན་དུ་ལོ་ངོ་བདུན་སོང་བ་འབྲུ་མང་ཞེས་བྱ་བ་ས་ཕོ་སྟག་གི་ལོ་ཞལ་དང་པོར་ཤར་
༢༢) བའི་ཚེ། ༢ འགྲོ་བའི་མགོན་པོ་འབྲུག་པ་རིན་པོ་ཆེ་ནས་སྐྱིད་གྲོང་ནས་བྱིན་རླབས་དགོངས་པ་གཏད་ཅིང། ༢ དཔའ་བོ་རིན་པོ་ཆེ་རྡོ་རྗེ་གཙུག་ལགས་དགའ་བའི་དབང་པོའི་ཞལ་ལྔ་ནས་རབ་ཏུ་གནས་པ་བཀྲ་
༢༣) ཤིས་བྱིན་འབེབས་ཀྱི་ཆོ་ག་ཡང་དག་པར་དཀའ་དྲིན་ཀྱང་ཏེ་རབ་གནས་ཀྱི་མཐར་ཐུག་པར་ཡོངས་རྫོགས་པར་འགྲུབ་པ་དེ་ཉིད་ལ་སྔར་གྱི་ཟང་དང་གསེར་རྙིང་པ་རྣམས་ཀྱང་སྦྱིན་བདག་བསོད་ནམས་འཕེལ་
༢༤) བའི་སླད་དུ་ལྡབ་སྐྱོར་དུ་བྱས་ཤིང་སྐུ་རྒྱུའི་ཟང་གསར་རྙིང་སྡོམ་པར་དྷ་ནི་སྟོང་ཕྲག་གཅིག་དང་སུཾ་བརྒྱ་བརྒྱད་བཅུ་གྱ་གཉིས་ལ་བཞུ་ཆད་སོགས་བཏོན་ཏེ་བཟོས་གྲུབ་ནས་དྷ་ནི་སྟོང་ཕྲག་གཅིག་དང་ཉིས་བརྒྱ་ལྔ་བཅུ་
༢༥) ང་བརྒྱད་སོང་ཞིང་། བྲེ་ཡི་ཕྱོགས་བཞི་ཧ་ལཾ་པ་ཊ་བཞི་ཆོས་འཁོར་བཅུ་གསུཾ་གདུགས་ཏོག་བཅས་པར་གསེར་ཏོ་ལ་སྟོང་ཕྲག་གཉིས་དང་བཞི་བཅུ་ཞེ་ལྔ་མཱ་ས་དྲུག་བཅས་པར་གཞུ་ཆད་སོགས་བཏོན་པའི་གསེར་
༢༦) གཙོ་མ་ཏོ་ལ་སྟོང་ཕྲག་གཅིག་དང་དགུ་བརྒྱ་གསུམ་བཅུ་སོ་གཅིག་མཱ་ས་དྲུག་བྱུང་བའི་མཁར་གསེར་རྙིང་གཙོ་མ་ཏོ་ལ་གྱ་དགུ་དང༌། མཱ་ས་བཅུ་བཅས་བསྣན་པའི་ཁྱོན་བསྡོམས་གཞུ་ཆད་སྟོན་པའི་གསེར་གཙོ་མ་
༢༧) སྟོང་ཕྲག་གཉིས་དང་ཉི་ཤུ་གཅིག་མཱ་ས་བཞི་བཅས་སོང་ཞིང༌། དེ་ཕྱིན་ཞིག་གསོས་འདི་ཉིད་དབུ་བརྩམ་ནས་རབ་གནས་ལེག་འབུལ་གྱི་མཐར་ཐུག་པ་གྲུབ་པའི་བར་དུ། ཤྲཱི་ཤྲཱི་མ་ཧཱ་ར་ཛ་ལས་བྱེད་མགོ་མི་རྣམས་
༢༨) དང་བཟོ་རིག་པ་སོ་སོར་གནང་ཆ། སྐུ་རིམ་མཆོད་འབུལ་གྱི་རྒྱུ་དངོས་ལས་བྱེད་ཀྱི་ཁ་ཙ་གཏོང་དགོས། དེ་མཚུངས་སྲོག་ཤིང་འདྲེན་པའི་སླད་དུ་གོརྵ་རྒྱལ་བློན་ལས་བྱེད་མི་མང་བཅས་པར་ཞུ་བསྟོན་གནང་སྐྱེས། ཁ་
༢༩) ཙ་ལེགས་འབུལ་སོགས་མདོར་ན་མཆོད་བརྟེན་ཆེན་པོའི་ཕྱག་ལས་འདི་ཉིད་ཁོ་ནར་སོང་བའི་ཆས་དངོས་ལ་གོང་གསལ་སྐུ་རྒྱུའི་གསེར་དང་བཅས་པ་ཁྱོན་བསྡོམས་པར་གསེར་ཏོ་ལ་སྟོང་ཕྲག་གསུམ་དང་གསུམ་བརྒྱ་བཞི་བཅུ་ཞེ་
༣༠) བཞི་མ་ས་བཅུ་ཐཾས་པ། དངུལ་ས་ཧི་ངོ་སྟོང་ཕྲག་བཞི་དང་བདུན་བརྒྱ་བདུན་བཅུ་དོན་ལྔ། རྒྱ་དངུལ་མདར་ཎི་ཕྱེད་གཉིས། རང་བྱུང་མདར་ཎི་གཉིས། བལ་ཊཾ་འགྲོ་ཕེར་ངོ་ཐོག་ཁྲི་ཕྲག་གཅིག་དང་སྟོང་ཕྲག་བཞི་བརྒྱ་དང་དྲུག་
༣༡) བྱུང་བ་དེ་ཡི་ཁར། ཁ་དག། གོས་ཆེན་ཁ་འཐོར། དར་རས་རྣམས་ཁྲུག། ཇ་མར། ཚྭ་འབྲུ་ཆ་ཀྲུམ་སོག་ཡུལ་དུས་རིན་ཐང་བལ་ཊཾ་དུ་ཕབས་པ་བཅས་བསྡོམས་པར་ཁྲི་ཕྲག་བཞི་དང་སྟོང་ཕྲག་གསུམ་དྲུག་བརྒྱ་སུམ་བཅུ་
༣༢) སོ་དགུ་རག་བརྩིས་དང་དེར་བརྩིས་སུ་མ་ཐེབ་པའི་རྟ་ཁྲ་སྤུས་ལེགས་ཤས་ཆེའི་རྟ་དྲུག་བཅུ་རེ་བདུན། གོས་ཆེན་ཡུག་ཉེར་གཅིག་གུམ་གུམ་དངུལ་སྟོང་གི་རིན་ཡོད་ངེས་བཅས་སོང་བ་འདི་དག་ཀྱང་རྗེ་བཙུན་རིག་པ་
༣༣) འཛིན་དབང་དེ་ཉིད་ནས་སྐུ་ཚེའི་རིང་མཆོག་ཤེས་ཡིད་བཞིན་ནོར་བུའི་གཏེར་ཆེན་པོའི། ངེས་འབྱུང་ཞེན་ལོག་གི་བང་མཛོད་ཡོངསུ་ཁེང་པས། གསོལ་ཆས་ཕྲེན་བུ་ཙམ་ལས་ནོར་རྫས་དངོས་པོའི་འབུལ་ནོར་ཡེ་
༣༤) ནས་མི་བཞེས་པར་བྱ་གཏང་གི་རྣམ་མཐར་གཙང་མར་སྐྱོང་བའི་མཛད་པ་མཆོག་དམན་ཡོངས་ཀྱི་དགོངས་ལམ་དུ་མངའ་བ་ལྟར་ལེགས་མོད་ནའང་། མཆོད་རྟེན་གྱི་ཕྱག་ལས་འདི་བཞིན་དབུ་བརྩམས་ནས་འཇུག་ཡོངས་སུ་
༣༥) གྲུབ་པའི་བར་དུ་སྟོད་སྨད་ས་ཕྱོགས་ཡུལ་རིག་སོ་སོ་ནས། དད་པའི་ནོར་གྱི་ཕྱུག་པའི་སྦྱིན་བདག་རྣམས་ནས་ཇི་ལྟར་ཕུལ་བའི་རྫས་དངོས་ཡོ་བྱད་ཆེ་འཕྲ་མཐའདག་ཆུས་ཟོས་སུ་མ་སོང་བར། ཇི་ལྟར་རྒྱ་མཚོ་ཆེ་
༣༦) ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་སྐམས་བར་དུ་དེ་མི་བསྐམ། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་མཛད། །ཞེས་ཕན་ཡོན་ཇི་ལྟར་གསུང་པ་བཞིན། །འདས་པ་དང་མ་བྱོན་པ་དང་། ད་
༣༧) ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནམ་མཁའ་ལྟར་འདུས་མ་བྱས་ཤིང་ལྷུན་གྱི་གྲུབ་པའི། དངོས་པོ་མེད་བཞིན་དུ་དངོས་ཀུན་གྱི་བདག་ཉིད་དུ་གྱུར་པ། གཟུགས་མེད་པའི་གཟུགས་
༣༨) བཟང་པོ་ཕྲ་རག་གྱི་བསྡུལ་ལས་འདས་པ་འགྱུར་བ་མེད་པའི་བདག་དམ་པ། གཙང་བ་བདེ་བ། རྟག་པའི་
ཕ་རོལ་ཏུ་ཕྱིན་པ་བསམ་གྱི་མི་ཁྱབ་པའི་ཆོས་ཀྱི་དབྱིངས།སེམས་ཅན་ཐམས་ཅད་བརྒྱུད་ལ་ཡེ་འདོད་
༣༩) མ་ནས་ཡོངས་གྲུབ་ཏུ་བཞུགས་མོད་ཀྱང༌། སོ་སོ་སྐྱེ་བོ་རྣམས་ལ་ཤིན་ཏུ་ལྐོག་གྱུར་གྱི་གནས་བརྟག་པར་དཀའ་བ་ཉིད་དུ་གྱུར་བ་ནས། དེ་དག་ལ་ཕན་པ་དང་བདེ་བའི་གོ་འཕང་དམ་པ་རྩོལ་བའི་སླད་དུ་
༤༠) གཟུགས་ཀྱི་སྐུ་མཆོད་རྟེན་གྱི་རྣམ་པ་འདི་ཉིད་ལ་བཀུར་བསྟི་དང་རིམ་འགྲོར་བྱ་བའི་མཆེད་ཁོ་ནར་འགྲོ་བར་བྱ་བའི་ལོ་རྒྱུས་རིམ་ཙམ་བརྗོད་པ་སྟེ། སངས་རྒྱས་པར་གཞན་དུ་འབྲིས་ཉིད་ལས་རྟོགས་པར་
༤༡) བྱ་དགོས་ལ། ཚུལ་འདི་ལྟ་བུ་ཡང་འཇིག་རྟེན་འདིར་སྣང་བརྙན་པར་གྲགས་པ་དང༌། གཞན་ལ་འགྲན་འདོད་ཀྱི་རློམས་སེམས་དང་ཆེ་འདོད་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་དགོས་པའང་མ་ལགས་
༤༢) ཤིང། འཇིག་རྟེན་ཕ་རོལ་ཏུ་འཁོར་ལོ་བསྒྱུར་བ་དང༌། ཚངས་བ་དང༌། དབང་ཕྱུག་ལ་སོགས་པ་མངོན་པར་མཐོ་བའི་གོ་འཕང་འདོད་པའི་ཕྱིར་ཡང་མ་ཡིན་སྟེ། རྗེ་དེ་ཉིད་ཀྱི་བཀའ་ལས་དགེ་བ་བདག་མེད་ཆུ་
༤༣) སྣོད་ཇི་སྙེད་ནང༌། ཟླ་བ་དེ་སྙེད་འཆར་བའི་སྤེ་བརྗོད་མཛད་པ་བཞིན་འབྲེལ་ཐོག་ཀྱི་བཙོས་པའི་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་
༤༤) འགོད་པ་ཁོད་པ་ཁོ་ནའི་ཆེད། ཇི་ལྟར་བཞེད་པ་བཞིན་ཟག་པ་མེད་པའི་ཐུག་དགོངས་པ་ཆོས་ཀྱི་
དབྱིངས་སུ་རྫོགས་པར་བསྐོང་བའི་སླད་དུ་བགྱིས་བར་ལགས་ན་དུས་གསུམ་ཆག་
༤༥) མཆག་ཐོག་མེད་པར་གཟིགས་པའི་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་དང་ལྡན་ཅིང༌། སླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་
༤༦) མའི་ཚོགས་རྣམས་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཐེག་པ་ཆེན་པོའི་སྨོན་ལམ་ཇི་ལྟར་བཞེད་པ་ཐམས་ཅད་དགེགས་མེད་དུ་འགྲུབ་ཅིང༌། བདག་སོཊ་ལུས་ཅན་ཐམས་ཅད་ཟུང་
༤༧) འཇུག་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ཉིད་ཐོབ་པར་བྱིན་རླབས་ཏུ་གསོལ། །ཛ་ཡ་ཛ་ཡ་སུ་ཛ་ཡ། །རྒྱལ་ཀུན་འཕྲིན་ལས་སྒོ་འཕར་རྒྱས། ཡང་པོར་ཕྱེ་པའི་བརྟུལ་
༤༨) ཤུགས་ཅན། །སྙིང་དུས་འདྲེན་པ་ཆེན་པོ་དེས། །བསྟན་དང་འགྲོ་བའི་བདེ་སྐྱིད་གསོས། །ཐུགས་བསྐྱེད་སྐྱ་རེང་གྱི་དྲང་པའི། །ལྷ་མིས་མཆོད་གཏོང་ཉིན་བྱེད་དབང༌། །སྐྱེ་གུའི་བསོད་ནམས་
༤༩) ཤར་རི་ལས། །མངོན་པར་འཕགས་པ་ལས་ཙམ་པའི། །གཏམ་གྱི་འོད་ཟེར་རྨད་བྱུང་འདིས། །ཡུལ་གྲུ་སོ་སོས་ཐོས་འཛིན་གྱིས། །བུ་གའི་མུན་པ་སེལ་བའི་ཕྱིར། །རྐང་གཉིས་སྦྱར་སྟེ་
༥༠) འདི་འབེད། །ཅེས་མཆོད་རྟེན་ཆེན་པོ་ཉམས་གསོའི་སྐབས་ཀྱི་དཀར་ཆག་སྔོན་ཡོད་ཆུད་ཟོས་དུ་སོང་བར་རྟེན་གསར་བསྐྲུན་བྱས་སྐབས་ཤྲཱི་དྷརྨ་སི་དྡྷའི་ས་གཱ་རས་བྲིས་པ་ཀ་ལྱན་བྷ་བ་ཏུ། ཞེས་པའོ། །

༢ ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། 

རྡོ་རིང་ཡི་གེ་དེར་རང་བྱུང་མཆོད་རྟེན་ཆེན་མོའི་ཉམས་གསོའི་སླད་བཀའ་དྲིན་སྐྱོང་མཁན་གྱི་མི་སྣ་གལ་ཆེན་ཁག་དང་། རང་བྱུང་མཆོད་རྟེན་གྱི་ཉམས་གསོའི་དགོས་པ། ལས་འགོ་བརྩམས་པའི་དུས། མཆོད་རྟེན་ཉམས་གསོའི་ལས་འཆར་ཕྱི་བཤོལ་གནང་དགོས་དོན། ཀཿ ཐོག་རིག་འཛིན་ཆེན་པོ་སྐུ་གཤེགས་པའི་རྗེས་སུ་ཉམས་གསོའི་འཕྲོ་སྐྱོང་ཚུལ། མཐར་རྡོ་རིང་འདིའི་དཀར་ཆག་བཞེངས་པ་པོ་བཅས་རིམ་པར་གསལ་ཞིང་། དེ་གཞིར་བཟུང་ནས་དེ་དག་གི་རྒྱབ་ལྗོངས་ལོ་རྒྱུས་ཁུངས་འདེད་པར་འབད་པ་ལ།

ཐོག་མར་རྡོ་རིང་འདིའི་ནང་གི་མི་སྣ་གལ་ཆེ་ཤོས་ནི། བོད་དང་ཧི་མཱ་ལ་ཡའི་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཆེན་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་(༡༦༩༨-༡༧༥༥) ཡིན། ཁོང་གིས་འཕགས་པ་རང་བྱུང་མཆོད་རྟེན་ཉམས་གསོའི་ལས་འཆར་དབུ་འཛུགས་ཀྱིས་ཞལ་བཀོད་གནང་བ་ལ་བརྟེན། རྡོ་རིང་དེའི་ཡིག་ཕྲེང་དང་པོའི་ནང། དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་ཚེ་དབང་ནོར་བུའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་དང་རྣམ་པ་ཐཾད་དུ་ཕྱག་འཚལ་ཞིང་སྐྱབ་སུ་མཆིའོ། ཞེས་པ་ལས་དུས་སྐབས་དེའི་མཆོད་རྟེན་ཉམས་གསོ་གནང་མཁན་གལ་ཆེན་ཞིག་ཡིན་པ་མཚོན་ཐུབ། དེའང་ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུ་ནི་བོད་མདོ་ཁམས་སྤོ་འབོར་སྒང་གི་དུང་དཀར་རི་ཁྲོད་དུ་གྲགས་པའི་བསམ་གཏན་གྱི་བསྐྱིལ་བུར་སྐུ་འཁྲུངས། ཁོང་ནི་རིག་འཛིན་པདྨ་ནོར་བུའི་ཡང་སྲིད་དུ་ངོས་འཛིན་གནང་། ཀཿ ཐོག་ལུགས་སུ་རིག་འཛིན་ཆེན་པོ་སྐུ་ཕྲེང་གཉིས་པ་དང་། ཇོ་ནང་ལུགས་ལ་སྐུ་ཕྲེང་ལྔ་བར་བགྲང་བ་ཡིན། ཁོང་ལ་ཕྱིས་སུ་རིས་མེད་བསྟན་པའི་སྲོལ་འབྱེད་དུ་ཡོངས་སུ་གྲགས།

ཁོང་གི་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་ན་རྨད་བྱུང་མཛད་ཆེན་བཞི་ཞེས་གྲགས་པ་འདི་ལྟ་སྟེ[4]།

དམག་དང་འཁྲུགས་རྩོད་ཐབས་ཀྱིས་བཟླུམ་ཞིང་མི་འཇིགས་སྐྱབས་ཀྱི་སྦྱིན་པ་བསྩལ།།
རྟེན་གསུམ་གསོ་དང་ཕྱོགས་མེད་སྦྱངས་ཏེ་རིས་མེད་གྲུབ་མཐའི་སྲོལ་ཚུགས་པ།།
མཁས་གྲུབ་དམ་པའི་ཐུགས་ཟིན་ཞིང་བརྒྱུད་པ་དཀོན་པོའི་སྲོལ་མཐུད་པ།།
གསོན་དུར་སྦ་པའི་རྒྱུན་བཅད་དེ་གཞན་ཕན་དགེ་བའི་ལུགས་སྤེལ་བ་དང་བཞིའོ།།

བླ་མ་ཀཿཐོག་རིག་འཛིན་ཆེན་པོའི་སྐུ་ཚེའི་སྟོད་དུ་གངས་ཅན་ལྗོངས་ཀྱི་སྟོད་སྨད་བར་གསུམ་གྱི་གནས་ཆེ་ཕྲ་མང་དུ་མཇལ་ཞིང་གཞན་ཕན་མཛད་འཕྲིན་རྒྱ་ཆེར་སྤེལ་བ་དང་། ཁོང་གིས་ཕྱི་ལོ་༡༧༢༦ཙམ་ནས་བལ་ཡུལ་སོགས་ཧི་མ་ལཱ་ཡའི་ཡུལ་གྲུར་ཕེབས་འགོ་བརྩམས་ནས་མཐར་ཕྱི་ལོ་༡༧༥༥དགོངས་པ་ཆོས་དབྱིངས་མ་ཐིམ་གྱི་བར་བོད་དབུས་དང་དེའི་མཐའ་འཁོར་རྒྱལ་ཕྲན་ཁག་ཏུ་ཞབས་ཀྱི་བཅག་ཅིང་བྱིན་གྱིས་བརླབས་པ་དང་། ཆོས་སྲིད་གཉིས་ཀྱིས་འགྲོ་ཕན་མཛད་པ་རླབས་ཆེན་བསྐྱངས་ཡོད་པ་ནི།

ཕྱི་ལོ་༡༧༢༦ལོར་དིང་རི་དང་གཉའ་ནང་བརྒྱུད་ཐོག་མར་བལ་ཡུལ་དུ་ཕེབས[5]།
ཕྱི་ལོ་༡༧༢༧ལོར་སྐྱིད་གྲོང་དུ་ཕེབས་ནས་འཕགས་པ་ཝ་ཏི་བཟང་པོ་མཇལ་བ་དང་རྗེ་བཙུན་མི་ལ་རས་པའི་གནས་རྫོང་དྲུག་དང་ཕུག་གསུམ་བཅས་མཇལ།
ཕྱི་ལོ་༡༧༢༩ལོར་བྱང་ཐང་དང་མངའ་རིས་བརྒྱུད་ནས་གློ་བོའི་རྒྱལ་པོ་ཨ་མགོན་བསྟན་འཛིན་དབང་རྒྱལ་གྱིས་གདན་འདྲེན་ཞུས་པ་ལྟར་ཕེབས། གློ་བོ་ནས་དོལ་པོར་ཕེབས། དེ་ནས་སླར་ཡང་གློ་སྨད་ཕྱོགས་སུ་ཕེབས།
ཕྱི་ལོ་༡༧༣༠གློ་བོ་སྟོད་སྨད་བར་གསུམ་མྱུལ་ནས་དགེ་དཀར་གཙུག་ལག་ཁང་། བསམ་ཕུག (གསང་ཕུག) གཙང་རང་རྣམས་སུ་ཟླ་བ་ཁ་ཤས་བཞུགས།
ཕྱི་ལོ་༡༩༣༤ལ་འབྲུག་ཡུལ་དུ་ཕེབས།
ཕྱི་ལོ་༡༧༣༥ལོར་སྦས་ཡུལ་འབྲས་ལྗོངས་སུ་འབྱོར།
ཕྱི་ལོ་༡༧༣༨ལོར་སྦས་ཡུལ་དུ་ཕེབས་ཐེངས་གཉིས་པ།
ཕྱི་ལོ་༡༧༤༦ལོར་གློ་བོ་དང་ཛུམ་ལང་དམག་དཔུང་དབར་གྱི་ཁ་མཆུ་དེ་བླ་མ་ཀཿ ཐོག་པས་བར་སྡུམ་གནང་[6]།
ཕྱི་ལོ་༡༧༤༨ལོར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཞིག་གསོར་ཕེབས[7]།[8]
ཕྱི་ལོ་ ༡༧༤༩ལོའི་ཆུ་སྟོད་ཟླ་བའི་ཚེས་གསུམ་ལ་སྨོན་ཐང་རྒྱལ་ཁབ་ཏུ་ཕེབས།
ཕྱི་ལོ་༡༧༥༡ལོར་བལ་ཡུལ་དུ་ཕེབས་ནས་རང་བྱུང་མཆོད་རྟེན་ཉམས་གསོའི་ལས་འགོ་བརྩམས།
ཕྱི་ལོ་༡༧༥༢ལོའི་ཟླ་བ་གསུམ་པའི་ཚེས་༢༦ ལ་བལ་པོ་ནས་ལ་དྭགས་སུ་རྒྱལ་བློན་དང་ཁུ་དབོན་ནང་འཁྲུག་ཆིངས་སྡུམ་གནང་བར་ཕེབས། ཝམ་ལེ་ཚོགས་འདུ་ཆེན་མོ་ཚོགས། ལོ་གཅིག་ལྷག་བཞུགས།
ཕྱི་ལོ་༡༧༥༥བལ་ཡུལ་འཕགས་པ་ཤིང་ཀུན་མཆོད་རྟེན་ཉམས་གསོའི་སྲོག་ཤིང་བཙུགས་ནས་ཉམས་གསོའི་མཇུག་ཅུང་ཟད་འཕྲོ་ཅན་དུ་གྱུར་པ་ཞལ་སློབ་རྣམས་ལ་བཀའ་ཆེམ་ནན་ཏན་དུ་སྩལ་ཏེ་སྐྱིད་གྲོང་གི་བྱམས་སྤྲིན་གཙུག་ལག་ཁང་དང་ཉེ་བར་དངོས་གྲུབ་ཕུག་ཅེས་པའི་དགོན་དུ་རབ་བྱུང་༡༣ཤིང་མོ་ཕག་(༡༧༥༥)ལོ་ཁྲུམས་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུར་མྱ་ངན་ལས་འདའ་བའི་ཚུལ་བསྟན།[9]

རྡོ་རིང་ཡི་གེ་འདིའི་ནང་གི་མི་སྣ་གལ་ཆེན་ནི་ཀཿཐོག་རིག་འཛིན་ཆེན་པོ་ཡིན་པ་གོང་དུ་ཞུས་ཟིན་པ་དང་། རྡོ་རིང་ཡི་གེའི་ནང་དོན་རང་བྱུང་མཆོད་རྟེན་ཆེན་མོའི་ཉམས་གསོའི་སྐོར་དང་ཀཿཐོག་བླ་མའི་དུས་སྐབས་དེའི་མཛད་རྗེས་ལས་བོད་དབུས་དང་དེའི་མཐའ་སྐོར་རྒྱལ་ཕྲན་མང་པོའི་སྐོར་དོ་སྣང་ཞིག་རང་བཞིན་གྱིས་བྱུང། ཕྱི་ལོ་༡༧༢༠ཙམ་ནས་ཕྱི་ལོ་༡༧༥༠ཙམ་བར་བོད་དབུས་དང་རྒྱལ་ཕྲན་དེ་དག་ཏུ་ནང་འཁྲུག་གི་ལས་དབང་ཞིག་གཅིག་མཐུན་དུ་མྱོང་བཞིན་ཡོད་པ་ནི་འདི་ལྟར་ཏེ། དབུས་སུ་བཀའ་བློན་ང་ལུམ་སྦྱར་གསུམ་དང་མི་དབང་ཕོ་ལྷའི་དབར་དབུས་དང་གཙང་ཞེས་པའི་ནང་འཁྲུག དེ་ནས་སྟོད་ལ་དྭགས་སུ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་དང་ཁོང་གི་ཨ་ཁུའི་དབར་ཁུ་དབོན་གྱི་ནང་འཁྲུག གློ་བོའི་ཕྱོགས་སུ་ཡབ་རྒྱལ་པོ་ཨ་མགོན་བཀྲ་ཤིས་རྣམ་རྒྱལ་གཤེགས་རྗེས་སྲས་སྐུ་ན་ཕྲ་བ་ཞིག་གིས་སྲིད་སྐྱོང་སྐབས་ཕྱི་ནས་བཙན་འཛུལ་གྱི་དཀའ་ངལ། ལྷོ་འབྲུག་ཕྱོགས་སུ་འབྲུག་སྐྱབས་མགོན་ལ་སྤྲུལ་སྐུ་གཉིས་བྱུང་བས་ནང་འཁྲུག[10] སྦས་ཡུལ་འབྲས་ལྗོངས་སུའང་ཆུ་ཕག་༡༧༤༣ལརྒྱས་སྲས་རྣམ་རྒྱལ་ཕུན་ཚོགས་སྐུ་ན་ཕྲ་སྐབས་ཕྱག་མཛོད་རྟ་མགྲིན་ནས་ཤུགས་འཁྱེར་བྱས་པའི་ནང་འཁྲུག་བཅས་སོ།། ཀཿཐོག་བླ་མས་རྒྱལ་ཕྲན་དེ་དག་ཀུན་གྱི་གདུང་བ་སེལ་ཞེས་བརྗོད་དཀའ་ཡང་། དེ་དག་མང་པོ་ཞིག་ལ་གཟིགས་སྐྱོང་གནང་ཡོད་པ་ནི་རྡོ་རིང་གི་ཡི་གེར་ལ་དྭགས་སུ་འཕེབས་པ་ལྟ་བུའོ།། དེས་ན་ལོ་རྒྱུས་དེ་དག་རྒྱས་པར་མི་སྤྲོས་པར་བརྗོད་བྱ་དངོས་རང་བྱུང་མཆོད་རྟེན་ཉམས་གསོའི་སྐོར་ཞུ།

༣ མཆོད་རྟེན་ཉམས་གསོ་གནང་རྐྱེན། 

རང་བྱུང་མཆོད་རྟེན་གྱི་ཉམས་གསོའི་དགོས་པ་ནི། རྡོ་རིང་གི་ཡིག་ཕྲེང་དགུ་པར། རིས་མེད་པའི་བསྟན་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་བོད་ཡུལ་གྱི་སྐྱེ་དགུ་མ་ལུས་པ་དང༌། ལྷག་པར་ནེ་པཱ་ལ་ཡི་ལྗོངས་སུ་འཁོད་པའི་རྒྱལ་བློན་འབངས་དང་བཅས་པའི་སྐྱེ་འགྲོ་མཐའ་དག་ལ་ཕན་པ་དང་བདེ་བ་ཁོ་ནའི་ཆེད་དུ། ཞེས་གསལ་ཞིང་དེར་སུས་ཀྱང་བཀས་བསྐུལ་མེད་པ་ནི། ཀཿཐོག་རིག་འཛིན་ཆེན་པོས་ཆབ་ཤོག་ཏུ། བོད་ཡོངས་སུ་འཕགས་པ་ཤིང་ཀུན་ཏུ་གྲགས་པ་དེ་ཞིག་གྲུམ་གོག་ཉམས་ཤིན་ཏུ་ཆེ་བ་ཡིས།[11] ཞེས་ཀཿ་ཐོག་རིག་འཛིན་ཆེན་པོ་མཆོག་གནས་ཆེན་དེའི་རང་བྱུང་མཆོད་རྟེན་ཆེན་མོ་ཞིག་གྲུམ་མཇལ་བ་ཐུགས་ཀྱིས་མ་བཟོད་པར་ཉམས་གསོ་གནང་རྒྱུ་ཐུགས་ཐག་བཅད་པ་མ་ཟད། བལ་པོ་དང་གོརྵ་རྒྱལ་པོ་བཅས་ཀྱི་གནང་བ་ཐོབ་པ་བཞིན་ཕྱི་ལོ་༡༧༥༡ཙམ་ནས་ལས་འགོ་བརྩམས་པ་ནི། རྡོ་རིང་གི་ཡིག་ཕྲེང་བཅུ་གཅིག་པར། བལ་ཡུལ་སམྦཏ་ཀྱི་ལོ། ༨༧༡ ལ་རྒྱ་གར་འཕགས་པའི་ཡུལ་དུ་པྲ་ཛ་པ་ཏི་ཞེས་བྱ་བ། སྟོད་འགྲེལ་བོད་ཀྱི་སྐད་དུ་སྐྱེས་བདག །མ་ཧཱ་ཙི་ནའི་ཁབ་ཏུ་ཟིན་ཝུའི། དབང་ཐང་དང་བསྟུན་པ་ལྕགས་མོ་ལུགི་(༡༧༥༡)ལོ་རྒྱལ་གྱི་ཟླ་བའི་དུས་ཚེས་དགེ་བར་ཉམས་གསོས་མཛད་པའི་དབུ་བརྩམ་པའི་ཚེ་ཤྲཱི་ཤྲཱི་ཤྲཱི་གོརྵ་རྒྱལ་པོ་པྲིསྠི་ཎ་རཱ་ཡ་ནས་ཀྱང་སྲོག་ཤིང་ཕྲལ་དུ་འདྲེན་པར་དམ་བཅས་ནས་རྩུབ་པར་མཛད་ཡོད། ཅེས་པ་དང་། སྲོག་ཤིང་གི་བྱ་བ་མ་གྲུབ་པར་གོརྵ་དང་ཡམ་བུ་ཕན་ཚུན་འཐབ་འཁྲུག་མི་བྱེད་པ་སོ་སོ་ནས་ཡི་གེ་བླང་། ན་ག་ག་མིར་ཡམ་བུ་རྒྱལ་པོ་ངོས་དང་བལ་པོའི་སྐྱེ་བོ་ཁྲི་ཀྱི་སྐོར་ཏེ་ཡམ་བུ་གྲོང་དུ་ཞུགས། དེ་ནས་རང་བྱུང་མཆོད་རྟེན་ཆེན་པོའི་འགྲམས་བལ་སྐད་ཀྱི་ཀིམྜ་[12]ཞེས་གཙུག་ལག་ཁང་རྙིང་པ་ཞིག་ཏུ་རེ་ཞིག་གནས་ཕབ[13]། བལ་པོར་སྡོད་རིང་ཆོས་འཁོར་གྱིས་ཟངས་གསེར་རྣམས་གྲུབ་ཅེས། ཀཿཐོག་རིག་འཛིན་ཆེན་པོས་ཐུགས་འདོད་ཆེན་པོས་རང་བྱུང་མཆོད་རྟེན་ཉམས་གསོའི་ལས་འགོ་བརྩམ་ཕྱིར་བལ་པོ་དང་གོརྵ་རྒྱལ་པོ་གཉིས་ཀས་རྒྱབ་སྐྱོར་དང་ཐུགས་སྣང་ཡོད་པ་ནི། བླ་མ་ཁོང་བལ་ཡུལ་དུའང་མཛད་ཕྲིན་ཆེས་ཆེར་སྐྱོང་མཁན་ཡིན་པ་ཤེས་ཐུབ། དེའི་དུས་རྒྱལ་པོ་རྣམ་པས་མཆོད་རྟེན་ཉམས་གསོར་འབུལ་བ་གནང་ཡོད་པ་ནི་བརྗོད་མི་དགོས་ཡང་། བླ་མ་རང་ཉིད་ནས་ཀྱང་མི་མང་ལ་ཆོས་འཁོར་བསྐོར་ནས་གསེར་རྣམས་བསྒྲུབས་པའི་ངལ་བ་གནང་། དེའི་སྐབས་བལ་པོ་དང་གོརྵ་རྒྱལ་པོ་གཉིས་ལྷན་ཅིག་ཏུ་གསལ་བ་ནི། བལ་པོའི་རྒྱལ་པོ་ཤྲི་ཛཱ་ཡ་པྲ་ཀཤ་(རྒྱལ་སྲིད་བཟུང་ཡུན། ༡༧༣༦-༡༧༤༦ཙམ་)ཡི་མངའ་ཐང་ཉམས་ལ་ཉེ་བ་དང་། བལ་ཡུལ་རྒྱལ་ཁབ་གསུམ་གཅིག་ཏུ་སྒྲིལ་ཏེ་དབང་སྒྱུར་མཁན་གོརྵ་རྒྱལ་པོ་ཤྲི་པྲིཐིཝི་ནཱ་ར་ཡན་(རྒྱལ་སྲིད་བཟུང་ཡུན་༡༧༦༨-༡༧༧༥ཙམ་)གྱི་མངའ་ཐང་བལ་ཡུལ་དབུས་སུ་རྒྱས་བཞིན་པའི་དུས་ཡིན་པས་སོ།།

མར་ཡུལ་ལ་དྭགས་སུ་ཡབ་མེས་རྒྱལ་པོ་ཉི་མ་རྣམ་རྒྱལ་(རྒྱལ་སྲིད་བཟུང་ཡུན་༡༦༩༤-༡༧༢༠)དང་ཡབ་རྒྱལ་པོ་བདེ་སྐྱོང་རྣམ་རྒྱལ་(༡༧༢༠-༡༧༣༩/༡༧༣༠-༡༧༣༩ རྒྱལ་སྲིད་བཟུང་ཡུན།)གཉིས་ཀ་ལོ་གཅིག་ནང་སྐུ་གཤེགས། རྒྱལ་སྲས་ཕུན་ཚོགས་རྣམ་རྒྱལ་ནར་མ་སོན་པ་ཞིག་རྒྱལ་ཁྲིར་བཀོད་པ་དང་ཕྱིས་སུ་ནར་སོན་རུང་རྒྱལ་སྲིད་འབངས་ཀྱིས་འདོད་མོས་ལྟར་མ་བསྐྱངས་པའི་གླེང་རྙོག་དང་། པུ་རིགས་སུ་ཡོད་པའི་ཨ་ཁུ་བཀྲ་ཤིས་རྣམ་རྒྱལ་གྱིས་ལ་དྭགས་དབུས་ཀྱི་དབང་ཆར་དགོས་མཁོ་ཇེ་ཆེར་སྟོན་པ་སོགས། མདོར་ན་ཁུ་དབོན་བར་གྱི་ནང་འཁྲུག་དེ་ལོ་མང་སེལ་མ་ཐུབ་པས་བོད་དབུས་གཞུང་ལ་སྙན་སེང་ཞུས་པ་ལྟར། ༧རྒྱལ་དབང་སྐུ་ཕྲེང་བདུན་པ་(༡༧༠༨-༡༧༥༧)ཆེན་པོ་མཆོག་གིས་མང་ཡུལ་ལ་དྭགས་སུ་ཁུ་དབོན་ནང་འཁྲུག་གི་ཆིངས་ཟླུམ་ལ་ཕེབས་དགོས་པའི་བཀའ་ཕེབས་[14]ནས་མཆོད་རྟེན་ཉམས་གསོའི་ལས་འཆར་ཕྱི་བཤོལ་གནང་དགོས། དེ་ཡང་རྡོ་རིང་ཡི་གེའི་ཡིག་ཕྲེང་བཅུ་དྲུག་པར། དེའི་སྐབསུ་མང་ཡུལ་ལ་དྭགས་ལྗོངས་སུ་སྟོད་ཧོར་གྱི་དམགི་འཇིགས་པ་སྐྱོབས་པ་ལ་བྱོན་དགོས་བྱུང་བ་དང་། བོད་དང་བལ་མོན་གྱི་རྒྱལ་ཁག་རྣམས་ཀྱི་ཟླུམ་འཆིངས་གནང་དགོས་པ་དང༌། གཟོ་རིག་པ་རྣམས་ཀྱང་རྒྱུ་སྙོམས་ཤིན་ཏུ་ཆེ་བ་སོགས་ཀྱིས་རིམ་འགྱངས་སུ་གྱུར་པའི་ཁར། ཞེས་ཕྱི་ལོ་༡༧༥༢ཟླ་བ་གསུམ་པའི་ཚེས་༢༦ལ་ཀཿཐོག་རིག་འཛིན་ཆེན་པོ་མཆོག་བལ་ཡུལ་ནས་ལ་དྭགས་ལ་ཕེབས། ལོ་གཅིག་ལྷག་ལ་དྭགས་སུ་ཝམ་ལེར་ཚོགས་འདུ་ཚོགས་སྟེ་ལ་དྭགས་རྒྱལ་པོ་ཁུ་དབོན་དང་བློན་ཆེན་གྱི་དཀའ་ངལ་རྣམས་སེལ་ཞིང་གཞན་ཡང་མཁར་དང་དགོན་པ་བཅས་སུ་འགྲོ་ཕན་གྱི་མཛད་ཕྲིན་བསྐྱངས། ཕྱི་ལོ་༡༧༥༥ལ་བལ་ཡུལ་འཕགས་པ་ཤིང་ཀུན་མཆོད་རྟེན་ཉམས་གསོའི་སྲོག་ཤིང་བཙུགས་ནས་ཉམས་གསོའི་མཇུག་ཅུང་ཟད་འཕྲོ་ཅན་དུ་གྱུར་པ་ཞལ་སློབ་རྣམས་སུ་བཀའ་ཆེམ་ནན་ཏན་དུ་སྩལ་ཏེ་སྐྱིད་གྲོང་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན། དེ་ཡང་། རྡོ་རིང་གི་ཡི་གེ་ཡིག་ཕྲེང་བཅུ་བདུན་པར། བསྟན་འགྲོའི་བསོད་ནམས་དམན་པའི་དབང་གིས་རྗེ་དེ་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། གཞན་ཡང་རྡོ་རིང་ཡི་གེ་ཡིག་ཕྲེང་དེའི་གཤམ་ནས་རིམ་པར། བལ་མོན་གྱི་རྒྱལ་ཁག་རྣམས་ལ་སྐྱིད་གྲོང་དུ་ཆིབས་བསྒྱུར་གནང་སྐབས་སུ་འབྱུང་འགྱུར་གསལ་བར་གཟུགས་པའི་རྡོ་རྗེའི་བཀའ་ལུང་རྣམས་ལས། ད་ཆ་བདག་རང་ངོས་སུ་སླེབས་པ་ཞིག་མི་འབྱུང་རུང༌། བདག་གི་སློབ་མ་བཛྲཱ་ཅརྱ་ཞིག་དང༌། སློབ་མའི་གཙོ་བོ་རྒྱལ་བ་ཡབ་སྲས་ལྔ་བོ་རྣམས་ནས་ཞིག་གསོ་མཐར་ཕྱིན་གནང་ཚུལ་ཕེབས་པ་བཞིན་རྗེ་བཙུན་འབྲུག་པ་རིན་པོ་ཆེ་དང་མཆོད་དཔོན་བསྟན་འཛིན་རྡོ་རྗེ་སོགས་ཞབས་རིམ་པ་མཐུ་བོ་རྣམས་ནས་རྗེ་དེ་ཉིད་ཀྱི་དགོངས་པ་ཡང་དག་པར་བསྐང་བའི་སླད་དུ་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་ཁུར་ཆེན་པོ་ཕྲག་པ་ལ་ཐོག་ནས། ལུས་དང་སྲོག་ལ་ལྟོས་པ་མེད་པས་བརྩོན་
༢༡) འགྲུས་དྲག་པོས་ལུས་ངག་གི་དཀའ་བ་བརྒྱ་ཕྲག་དུ་མ་དང་དུ་བླང་། ཞེས་པ་དང་མཐར་ལོ་ངོ་བདུན་གྱི་རྗེས་ཉམས་གསོ་ལེགས་པར་གྲུབ་པ་ནི། རྡོ་རིང་གི་ཡིག་ཕྲེང་ཉེར་གཉིས་པར། ལོ་ངོ་བདུན་སོང་བ་འབྲུ་མང་ཞེས་བྱ་བ་ས་ཕོ་སྟག་གི་ལོ་ཞལ་དང་པོར་ཤར་བའི་ཚེ། ༧འགྲོ་བའི་མགོན་པོ་འབྲུག་པ་རིན་པོ་ཆེ་[15]ནས་སྐྱིད་གྲོང་ནས་བྱིན་རླབས་དགོངས་པ་གཏད་ཅིང། ༧དཔའ་བོ་རིན་པོ་ཆེ་རྡོ་རྗེ་གཙུག་ལགས་དགའ་བའི་དབང་པོའི་[16]ཞལ་ལྔ་ནས་རབ་ཏུ་གནས་ཕ་བཀྲ་
༢༣) ཤིས་བྱིན་འབེབས་ཀྱི་ཆོ་ག་ཡང་དག་པར་དཀའ་དྲིན་ཀྱང་ཏེ་རབ་གནས་ཀྱི་མཐར་ཐུག་པར་ཡོངས་རྫོགས་པར་འགྲུབ། ཅེས་པ་ལྟར་རོ།།

༤ མཆོད་རྟེན་གྱི་ཉམས་གསོའི་འགྲོ་སོང་དང་དཀར་ཆག་འབྲི་བ་པོ། 

ལོ་ངོ་དེའི་རིང་གི་རང་བྱུང་མཆོད་རྟེན་གྱི་ཉམས་གསོའི་འགྲོ་སོང་ནི། རྡོ་རིང་ཡི་གེའི་ཡིག་ཕྲེང་སུམ་ཅུ་དང་། སོ་གཅིག་དང་སོ་གཉིས་ལ་རིམ་པར་འདི་ལྟར་གསལ་བ་ནི། ཁྱོན་བསྡོམས་པར་གསེར་ཏོ་ལ་སྟོང་ཕྲག་གསུམ་དང་གསུམ་བརྒྱ་བཞི་བཅུ་ཞེ་བཞི་མ་ས་བཅུ་ཐཾས་པ། དངུལ་ས་ཧི་ངོ་སྟོང་ཕྲག་བཞི་དང་བདུན་བརྒྱ་བདུན་བཅུ་དོན་ལྔ། རྒྱ་དངུལ་མདར་ཎི་ཕྱེད་གཉིས། རང་བྱུང་མདར་ཎི་གཉིས། བལ་ཊཾ་འགྲོ་ཕེར་ངོ་ཐོག་ཁྲི་ཕྲག་གཅིག་དང་སྟོང་ཕྲག་བཞི་བརྒྱ་དང་དྲུག་བྱུང་བ་དེ་ཡི་ཁར། ཁ་དག། གོས་ཆེན་ཁ་འཐོར། དར་རས་རྣམས་ཁྲུག། ཇ་མར། ཚྭ་འབྲུ་ཆ་ཀྲུམ་སོག་ཡུལ་དུས་རིན་ཐང་བལ་ཊཾ་དུ་ཕབས་པ་བཅས་བསྡོམས་པར་ཁྲི་ཕྲག་བཞི་དང་སྟོང་ཕྲག་གསུམ་དྲུག་བརྒྱ་སུམ་བཅུ་སོ་དགུ་རག་བརྩིས། ཞེས་པ་ལྟར། ད་དུང་རྩིས་སུ་མ་ཐེབས་པའང་ཡོད་འདུག འགྲོ་སོང་གི་ཆ་ནས་བལ་ཊཾ་དང་ཅ་དངོས་རྣམས་བལ་ཊཾ་དུ་ཕབ་ནས་ཁྲི་ཕྲག ད་དུང་གཙོ་བོ་གསེར་ཏོ་ལ་༣༣༤༤ཡོད་པ་དང་དེང་གི་ཆར་གསེར་ཏོ་ལ་གཅིག་ལ་ཆིག་འབུམ་བཞི་ཁྲི་ལྷག་ཡིན་པས། དེ་ལྟའི་གཏོང་ཕོད་ནི་གཙོ་བོ་རང་བྱུང་མཆོད་རྟེན་ཉམས་གསོ་ལས་འགྲོ་དྲུག་སེམས་ཅན་གྱི་རྒྱུད་ལ་དགེ་རྩ་བསྐྲུན་ཕྱིར་ཡིན་པས་རྟག་ཏུ་དད་པའི་ཐལ་མོ་སྙིང་གའི་དབུས་སུ་སྦྱར། ཉམས་གསོའི་སྐབས་ས་རྡོ་སོགས་དང་མི་གླ་ཙམ་ལ་གསེར་ཏོ་ལ་དེ་ཙམ་གྱི་མི་ཚད་པས། སྔར་གཙང་སྨྱོན་ཧེ་རུ་ཀས་ཉམས་གསོའི་སྐབས་བྲེ་ཡི་ཕྱོགས་བཞི་པ་ཊ་བཞི་ཆོས་འཁོར་བཅུ་གསུམ་གདུགས་ཏོག་བཅས་པར་གསེར་གྱི་ཚབ་ཏུ་ཟངས་སྲབ་པོས་བརྒྱན་ཡང་། ཁོང་གིས་དེ་དག་ཀུན་ལ་གསེར་ཏོ་ལ་དེ་དག་གིས་བརྒྱན་གནང་བ་ཤེས་ཐུབ།

རང་བྱུང་མཆོད་རྟེན་ཉམས་གསོ་གྲུབ་པའི་རྗེས་དེར་དཀར་ཆག་ཅིག་ཡོད་པ་ནི་བརྗོད་མི་དགོས། འོན་ཀྱང་སྔོན་གྱི་དཀར་ཆག་དེ་རྡོ་རུ་བརྐོས་པའམ་ཡང་ན་ཤོག་བུར་ཡོད་པ་སོགས་རྙེད་དོན་མ་བྱུང་རུང་། ད་ལྟའི་རྡོ་རིང་གི་དཀར་ཆག་འབྲི་པ་པོ་ནི་རྡོ་རིང་གི་ཡི་གེའི་ཡིག་ཕྲེང་མཐའ་མའམ་ལྔ་བཅུ་པར། མཆོད་རྟེན་ཆེན་པོ་ཉམས་གསོའི་སྐབས་ཀྱི་དཀར་ཆག་སྔོན་ཡོད་ཆུད་ཟོས་སུ་སོང་བར་བརྟེན་གསར་བསྐྲུན་བྱས་སྐབས་ཤྲཱི་དྷརྨ་སི་དྡྷའི་ས་གཱ་རས་བྲིས་པ་ཀ་ལྱན་བྷ་བ་ཏུ། ཞེས་རྗེ་དེ་ཉིད་ཀྱི་ཐུགས་སྲས་ཞྭ་དམར་བ་སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་མཚོས་(༡༧༤༢-༡༧༩༢)མཛད་པའོ།། སྐྱོ་བྲག་དགའ་དབང་གིས།[17] ཞྭ་དམར་ཆོས་གྲུབ་རྒྱ་མཚོ་ནི། བལ་ཡུལ་དུ་འབྲེལ་འདྲིས་ཆེ་བའི་ཤུགས་རྐྱེན་ཡོད་པ་ཞིག་ཡིན་སྟབས། མགོ་ནས་གཟིགས་སྐྱོང་གཙོ་བོ་གནང་མཁན་ཡང་ཁོང་ཡིན་ངེས་མོད། ཁེངས་སྐྱུང་དང་བླ་མའི་ཆེ་བ་འདོན་ཕྱིར་རང་རྣམ་མ་བཀོད་པ་ཙམ་ཡིན་པ་ཤེས་དགོས་ཞེས་ཀྱང་། རང་བྱུང་མཆོད་རྟེན་གྱི་ཉམས་གསོ་ནི་ཕྱི་ལོ་ ༡༧༥༡ ནས་ཕྱི་ལོ་ ༡༧༥༨ བར་ལོ་བདུན་ནང་ལེགས་པར་གྲུབ་སྟེ་རབ་གནས་སོགས་གནང་ཟིན་པ་དང་། ཞྭ་དམར་བ་སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་མཚོ་ནི་མེ་རྟ་ ༡༧༨༦ ལོར་འབྲུག་ལུགས་གོང་དཀར་བདེ་ཆེན་ཆོས་འཁོར་དགོན་གྱི་སྤྲུལ་སྐུ་བཅས་བལ་ཡུལ་གནས་གཟིགས་སུ་ཕེབས།[18] བཅས་གོང་དུ་ཞྭ་དམར་བས་གཟིགས་སྐྱོང་གནང་ཚུལ་གྱི་ལོ་རྒྱུས་དེ་དང་ལོ་ཚིགས་མི་མཐུན། དེས་ན། རྡོ་རིང་གི་དཀར་ཆག་དེ་ནི་ཕྱི་ལོ་༡༧༩༠ལོར་བཞེངས་པ་ཡིན།[19] དེའི་རྗེས་དུས་ནམ་ཞིག་ནས་ཡིན་མིན་བརྗོད་དཀའ་ཡང་། དུས་དང་འབྱུང་བའི་རྐྱེན་གྱིས་ཕྱི་ལོ་༡༩༦༠བར་རྡོ་རིང་དེ་འགྱེལ་ནས་ཡོད་པ་དེ་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་ད་ལྟའི་ས་གནས་དེར་ཡར་བཞེངས་ཞེས་བྱའོ[20]།།

དེ་ལྟར་རྡོ་རིང་ཡི་གེའི་ནང་རང་བྱུང་མཆོད་རྟེན་ཉམས་གསོའི་སྐབས་ཀྱི་ལོ་རྒྱུས་ཁ་གསལ་གོ་བདེའི་ངང་གསལ་རུང་། རྡོ་རིང་ཡི་གེ་དེས་བོད་ཀྱི་བླ་ཆེན་ཁག་གི་མཛད་ཕྲིན་ཙམ་མ་ཟད། བལ་ཡུལ་རྒྱལ་ཁབ་ཀྱི་དུས་རབས་བཅོ་བརྒྱད་པའི་ལོ་རྒྱུས་དང་གནས་སྟངས། དེ་བཞིན་བོད་ཀྱི་མཐའ་འཁོར་མར་ཡུལ་ལ་དྭགས་སོགས་རྒྱལ་ཕྲན་མང་པོའི་ལོ་རྒྱུས་ལ་ཞིབ་བལྟ་བྱ་རྒྱུའི་བརྡ་སྟོན་ཞིག་ཀྱང་གནང་ཡོད།  དཔྱད་རྩོམ་འདི་གཙོ་བོ་ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུའི་རྣམ་ཐར་དང་ཆབ་ཤོག དུས་རབས་དེའི་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་འགའ་ལ་མིག་བཤེར་རྒྱབ་ནས་བྲིས་པ་ཞིག་ཡིན་པས་འདིར་མཇུག་བསྡུའོ།།

དཔྱད་རྩོམ་འདིས་རང་ཉིད་ལ་ལོ་རྒྱུས་ཀྱི་བརྒྱུད་རིམ་ཙམ་མ་ཟད། རང་བྱུང་མཆོད་རྟེན་ཆེན་མོའི་གནས་བཤད་དང་ཉམས་གསོའི་སྐོར་རྒྱུས་ལོན་བྱས་པས། གལ་ཏེ་དེར་དགེ་རྩ་ཕྲན་བུ་ཙམ་ཡང་མཆིས་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་བཅས། འཕགས་ཡུལ་རྒྱ་གར་དི་པ་ཝཱ་ལིར་གུས་མོར་ངག་དབང་བདེ་ཆེན་དབང་མོས་ཕྱི་ལོ་༢༠༢༥ཟླ༡༡ཚེས་༢༥ཉིན་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

དཔྱད་ཡིག་དང་ཞབས་མཆན། 

[1] ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  སྤྱི་ལོ། ༢༠༠༦ ཤོག ༧༣༩ སྔོན་གཙང་སྨྱོན་ཆེན་པོ་དང་གནས་རམ་པས་ཞིག་གསོ་མཛད་པའི་རྩིས་གཞི་ལྟར་ན་གསེར་ནི་ལྡང་ངེས་ཙམ་བྱུང་ཡང་ཟངས་ཅུང་ཟད་འཛངས་ཤིང་། གདུགས་དང་ཆོས་འཁོར་བྲ་རྣམས་སྔར་གྱི་ཟངས་གསེར་ལ་བལ་པོ་ནོར་ལ་ཆེས་འཇུང་པས་ཟངས་ཤིན་ཏུ་བསྲབ་པས་སླད་ནས་དུས་དབང་གི་ཞིག་གསོ་བྱེད་པ་པོ་ཡང་དཀོན་པར་གྱུར་པ་ཡི།

[2] འཕགས་པ་ཤིང་ཀུན་ཞིག་གསོའི་ལོ་རྒྱུས། སྐྱོ་བྲག་དགའ་དབང་། ཁ་བརྡ། ༢༠༡༩།༠༨།༡༣

[3] མ་ཡིག་ཏུ་དག་ཆ་གང་འདྲ་ཡོད་པ་དེ་གཞིར་བཟུང་བཀོད་ཡོད།

[4] ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  སྤྱི་ལོ། ༢༠༠༦ ཤོག ༡༣

[5] A Renovation of Svayambhunath-Stupa in the 18th Century and its History, Franz-Karl Ehrhard <<End of the year 1726 Rig-‘dzin Tshe-dbang-nor-bu for the first time spent some times in the Kathmandu valley; he arrieved via Ding-ri and gNya’-nang.>>

[6] གློ་རྒྱལ་ཕྲན། ར་མེཤ་ཀུ་མཱར་ཌྷུང་གེལ། ངག་དབང་ལྷུན་གྲུབ་ཀྱིས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༧ ཤོག་གྲངས། ༡༤༩

[7] ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༦ ཤོག ༧༢༩ རང་ཉིད་ནས་ཀྱང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཞིག་གསོ་གྲུབ་མཚམས་འཕགས་པ་ཤིང་ཀུན་གྱི་ཞིག་གསོ་བགྱིད་འདོད་དུང་དུང་པོས་ཞེ་དམ་བཅས་པ་ཡིན་ཡང་། འབྲུག་ལོ་(༡༧༤༨) རང་ལ་ལྟས་མ་ཆུབ་ཅིང་། སྦྲུལ་ལོ་གཞུག་གུང་གཡོག་རྣམས་ཀྱི་སྲོག་སྐྱོབས་ཁུར་ལྕིའི་དུབ་བཞིན་པས་བགྲོད་མ་ནུས་པ་དང་། རྟ་ལོའི་མཐར་སླར་ཡང་དུས་འགྱུར་གྱི་ལྷ་སར་ཡོང་དགོས་སོགས་པས་རིམ་འགྱངས་སུ་གྱུར་པས། འདི་ལོ་བལ་པོ་རྒྱལ་པོས་ཀྱང་ཡོང་དགོས་ཚུལ་ནན་བསྐྱེད་ཀྱི་བསྐུལ་བ་དང་། གོརྵ་རྒྱལ་པོ་ལ་མཆོད་རྟེན་སྲོག་ཤིང་བླང་པའི་སྔ་སོར་ནས་ཡིག་དན་ཡོད་ཀྱང་མོན་པའི་རྒྱལ་པོ་བློ་འགྱུར་བླ་བ་བཅས་འཕྲལ་དུ་ཕོ་ཉ་གཏང་བར་སྔ་ནས་དན་བཞིན་ཡིན་ཚུལ་བྱུང་ཞིང་།

[8] ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༦  ཀཿཐོག་རྡོ་རྗེ་གདན་གྱི་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་ཞབས་ཀྱི་གསུང་འབུམ། བྱ་བྲལ་རྣལ་འབྱོར་སྤྱོད་པ་རིག་འཛིན་ཆོས་ཀྱི་དབང་ཕྱུག ཤོག ༨༦ དགུང་ལོ་ང་གཅིག་པ་གནམ་འབྱུང་སྟེ་ས་འབྲུག་ལོར། གཙང་ནས་རིམ་པར་ལ་སྟོད་ལྷོ་དང་། དཔལ་ཐང་དཔལ་མོ་ཆོས་སྡིང་རྫོང་དཀར་སྐྱིད་གྲོང་རྒྱུད་ནཻ་པཱ་ལའི་ལྗོངས་སུ་བདེ་བར་ཕེབས་སོ། རྗེ་ཉིད་ནས་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཞིག་གསོ་རྒྱས་པར་མཛད་པའི་རིང་བལ་མོན་བོད་གདུམ་གྱི་སྐྱེ་འགྲོ་དུ་མར་ཕན་བདེ་རྒྱ་ཆེན་པོའི་འཕྲིན་ལས་སྤེལ་ཞིང་།

[9] ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༦ དཔལ་རིག་འཛིན་ཀཿཐོག་ཆེན་པོ་ཚེ་དབང་ནོར་བུའི་ཞབས་ཀྱི་རྣམ་ཐར་མདོར་བསྡུས་དད་པའི་ས་བོན། ཤོག ༡༦༢

[10] བོད་ཀྱི་སྲིད་དོན་རྒྱལ་རབས། པོད་དང་པོ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། ༢༠༡༩ ཤོག ༥༤༧ ཤིང་སྟག་༡༧༣༤ ལོར་ལྷོ་འབྲུག་ཕྱོགས་སུ་ཞབས་དྲུང་གི་ཡང་སྲིད་ངོ་འདྲ་གཉིས་བྱུང་སྟེ་སྔར་ནས་ཕྱོགས་འཐེན་དུ་གྱར་བའི་སོགས་གསུང་།

[11] ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  སྤྱི་ལོ། ༢༠༠༦  ཤོག ༧༢༧ ཆབ་ཤོག་ལས་འདིར་མཁོ་བའི་ཡིག་ཕྲེང་རྣམས་བཤུས་ཡོད། བལ་ཡུལ་དུ་རྒྱ་གར་བ་རྣམས་ཀྱི་སྭ་ཡཾ་བྷུ་ཙྱཻ་ཏ་ཞེས་རང་བྱུང་མཆོད་རྟེན་ཆེན་པོ་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་དཔྲལ་བའི་མཛོད་སྤུའི་འོད་ཟེར་ལས་གྲུབ་པའི་ཡིན་ཚུལ་བདག་ཅག་གི་སྟོན་པའི་གདུལ་བྱ་དེ་ཡི་རྗེས་སུ་འབྲང་བའི་བསྟན་བཅོས་ཆེས་མང་བ་དང་བལ་ཡུལ་དུ་དཀར་ཆགས་ད་ལྟ་ཡང་གནས་ཤིང་། སྔོན་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་ཀྱང་ཡུལ་དབུས་ནས་བལ་ཡུལ་དུ་རང་བྱུང་མཆོད་རྟེན་གཟིགས་པར་ཕེབས་པ་ལོ་རྒྱུས་ཁུངས་མ་རྣམས་ནས་འབྱུང་ཞིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་བོད་དུ་ཕེབས་པ་ལ་རང་བྱུང་མཆོད་རྟེན་གཟིགས་པའི་ཟོལ་མཛད་པ་སོགས་འཕགས་ཡུལ་ཉིད་དུ་ཤིན་ཏུ་གྲགས་ཆེ་ཤིང་བོད་ཡུལ་བར་སྐབས་མཁས་དང་གྲུབ་པས་གླང་ར་ལུང་བསྟན་གྱི་མདོར་གསུངས་པའི་མཆོད་རྟེན་གོ་མ་ས་ལ་གནྡྷར་ངོས་བཟུང་ཞིང་། བོད་ཡོངས་སུ་འཕགས་པ་ཤིང་ཀུན་ཏུ་གྲགས་པ་དེ་ཞིག་གྲུམ་གོག་ཉམས་ཤིན་ཏུ་ཆེ་བ་ཡིས། དེ་ལ་ཞིག་གསོའི་བློ་འདོད་བྱ་རི་ཀམ་ཤོ་མའི་ཞིག་གསོས་གྲུབ་པ་ནས་ཙམ་རིང་མོ་ཞིག་ནས་བྱུང་ཡང་རེས་རང་གི་བརྟག་པ་མ་འཆུབ། རེས་དུས་ཀྱི་འགྱུར་བས་རིམ་འགྱངས་སུ་གྱུར་བ་འདི་ལོ་ཡོ་བྱད་སྔོན་ནས་སྟ་གོན་མ་བྱས་སྟབས་ཞིག་གསོ་ཇི་བཞིན་པ་འགྲུབ་པར་དཀའ་ཡང་སྲོག་ཤིང་ཡོ་བ་བསྲང་བ་དང་། གསེར་ཟངས་ཀྱི་ཆར་ཁེབ་ཞལ་གསོ་ཙམ་ཕུལ་ཐུབ་བ་ཡང་ཕན་ཡོན་བསམ་གྱི་མི་ཁྱབ་པར་ཤེས་ཏེ་ནམ་དུས་ཀྱི་གཏུགས་ཤིང་ཆུ་མི་སྙོམ་པ་དང་། ཚད་པ་ཆེ་ཡང་རྒྱལ་བ་དགྱེས་ཕྱིར་རང་གི་ལུས་སྲོག་ལྟོས་མེད་ཀྱི་བལ་པོར་འགྲོ་བར་ཐག་བཅད་མཛད་ཚུན་ཆད་དུ་དད་པ་ཅན་གྱི་སྦྱིན་པའི་ཡོ་བྱད་ཕལ་ཆེར་བདག་ཏུ་བཟུང་ནས་གསེར་དངུལ་དུ་དྲིལ་བའི་ཁུལ་བྱས།
དེར་བལ་པོའི་རྒྱལ་པོ་དང་། རི་བྲག་པ་གོརྵ་རྒྱལ་པོས་ཀྱང་ཤིང་ཀུན་ཞིག་གསོ་ལ་བཀག་འགོག་མི་བྱེད་ཅིང་གྲོགས་ལྡན་ཕྲན་བུ་བྱེད་ཚུལ་གྱི་ཡི་གེ་ཡང་དགའ་བས་གཏང་བ་འབྱོར་ལ།
བལ་ཡུལ་དུ་བགྲོད་པའི་ལམ་ཞུགས་དང་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་བསྒྲུབ་པའི་སྐབས་ཉིད་དུ་མི་དང་མི་མ་ཡིན་པའི་བར་ཆད་འཚེ་བ་མི་འབྱུང་བའི་ཐུགས་སྨོན་བསྲུང་གུར་རྡོ་རྗེའི་ར་བ་ནས་མི་བོར་བའི་སྐྱབས་འཇུག་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན།

གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་རྒྱལ་བ་མཆོག་གི་འཕྲིན་ལས་པ་སྣང་ཆེན་པོའི་སྐུ་ཞབས་སུ། རིག་འཛིན་རྒྱལ་ཁམས་པས་ཟླ་༡༢ཚེས་༡ལ་སྨན་སྟོད་རྫོངས་ནས་ཐོན་པར་ཕུལ་བའི་ཞུ་ཡིག་འདི་གལ་ཆེན་ཡིན་པས་མན་བར་དུ་བསྒོར་འགྱིང་བོར་བརླག་མེད་པར་ཅི་མྱུར་འབུལ་ལུགས་ཞུ་ཞུ་ཞུ།

[12] ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༦  ཀཿཐོག་རྡོ་རྗེ་གདན་གྱི་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་ཞབས་ཀྱི་གསུང་འབུམ། བྱ་བྲལ་རྣལ་འབྱོར་སྤྱོད་པ་རིག་འཛིན་ཆོས་ཀྱི་དབང་ཕྱུག ཤོག ༨༦ དགུང་ལོ་ང་གཅིག་པ་གནམ་འབྱུང་སྟེ་ས་འབྲུག་ལོར། གཙང་ནས་རིམ་པར་ལ་སྟོད་ལྷོ་དང་། དཔལ་ཐང་དཔལ་མོ་ཆོས་སྡིང་རྫོང་དཀར་སྐྱིད་གྲོང་རྒྱུད་ནཻ་པཱ་ལའི་ལྗོངས་སུ་བདེ་བར་ཕེབས་སོ། རང་བྱུང་མཆོད་རྟེན་ཆེན་པོ་ཤིང་ཀུན་གྱི་བྱ་འདབས་འབྲས་སྤུངས་གི་གཙུག་ལག་ཁང་། བོད་རྣམས་བྱ་རྒོད་ཕུང་རི་དང་། བལ་པོ་རྣམས་ཀི་ཌོར་(Kimdol)འཛོམས།

[13] ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༦ ཤོག ༧༤༡

[14] ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  སྤྱི་ལོ། ༢༠༠༦  ཤོག ༧༣༣ ད་ལམ་ཡོངས་ཀྱི་སྐྱབས་མགོན་བོད་ཀྱི་ལྷ་གཅིག་རྒྱལ་བ་མཆོག་གི་དག་པ་ཡེ་ཤེས་ཅན་གྱི་གཞན་ཕན་དུ་འགྱུར་བ་གཟིགས་པ་གོར་མ་ཆགས་གཤིས་བཀའ་ལུང་རིན་པོ་ཆེ་ལྡོག་པར་ནི་མི་སྤོབ་ཀྱི་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་འབད་རྩོལ་ཅི་ཆེས་བསྒྲུབ་ནས་དེ་གྲུབ་མཚམས་སྒྱུ་ལུས་མི་བདེ་བ་ཚབ་ཆེ་མེད་ཅིང་གསར་འགྱུར་གྱི་རིག་གཞན་མ་བྱུང་ན་རྒྱལ་དབང་དམ་པ་མཆོག་གི་འཕྲིན་ལས་ཀྱི་བྱ་བ་གངས་ཅན་བདེ་བའི་བརྩས་སུ་བཀའ་ཡི་ཅོད་པན་ཐོད་དུ་བཅིངས་ནས་རང་ཉིད་ངལ་དུབ་དཀར་བརྩེགས་སྦྱངས་སྤྱོད་ལ་མ་ལྟོས་པར་ལ་དྭགས་སུ་ངེས་པར་འཇུག་རྒྱུ་ཞུ་ལ།
ཆུ་སྤྲེལ་(༡༧༥༢)གྱི་ལོ་ཆོ་འཕྲུལ་གྱི་ཟླ་བ་དཀར་ཕྱོགས་དགའ་བ་གཉིས་པ་ལ་བལ་ཡུལ་རི་ཡི་རྒྱལ་པོ་ནཱི་ལ་ཀཎྜ་རྒྱུད་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ། >>

[15] འབྲུག་པ་ཐམས་ཅན་མཁྱེན་པ་བཀའ་བརྒྱུད་འཕྲིལ་ལས་ཤིང་རྟ་ (༡༧༡༨-༡༧༦༦) ནི་འབྲུག་པ་སྐྱབས་མགོན་སྐུ་ཕྲེང་བདུན་པ་ཡིན།

[16] ཀཿཐོག་རིག་འཛིན་ཆེན་པོའི་ཐུགས་སྲས་བཞི་ལས་དཔའ་བོ་གཙུག་ལག་དགའ་བ་གཅིག་ཡིན་པ་དང་། ཁོང་ནི་ཕྱི་ལོ་༡༧༨༡ཙམ་ལ་སྐུ་གཤེགས།

[17] འཕགས་པ་ཤིང་ཀུན་ཞིག་གསོའི་ལོ་རྒྱུས། སྐྱོ་བྲག་དགའ་དབང་། ཁ་བརྡ། ༢༠༡༩།༠༨།༡༣

[18] བོད་ཀྱི་སྲིད་དོན་རྒྱལ་རབས། པོད་དང་པོ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། ཀ་བློན་སྦུག་ཞྭ་སྒབ་ཤག ༡༩༧༦ ཤོག ༦༡༢

[19] རྡོ་རིང་པཎྜི་ཏའི་རྣམ་ཐར། རྡོ་རིང་བསྟན་འཛིན་དཔལ་འབྱོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ཤོག ༨༦༧

[20] མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས། དེའི་སྐོར་རྣམ་ཐར་ལོ་རྒྱུས་ཀྱི་དཔེ་དེབ་ད་ལྟ་སྐལ་པ་མ་བྱུང་། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ། ༢༠༢༥།༡༡།༠༣

དཔྱད་གཞིའི་ཡིག་ཆ།

༡) ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ། ༢༠༠༦

༢) ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུ། བོད་རྗེ་ལྷ་བཙན་པོའི་གདུང་རབས་མངའ་རིས་སྨད་གུང་ཐང་དུ་ཇི་ལྟར་བྱུང་བའི་ཚུལ་དེབ་གཏེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦

༣) མར་ཡུལ་ལ་དྭགས་ཀྱི་སྔོན་རབས་ཀུན་གསལ་མེ་ལོང་། བཀྲ་ཤིས་རབ་རྒྱས། གླེ་ལ་དྭགས། ༡༩༨༤

༤) རྡོ་རིང་པཎྜི་ཏའི་རྣམ་ཐར། རྡོ་རིང་བསྟན་འཛིན་དཔལ་འབྱོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧

༥) གློ་རྒྱལ་ཕྲན། ར་མེཤ་ཀུ་མཱར་ཌྷུང་གེལ། ངག་དབང་ལྷུན་གྲུབ་ཀྱིས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༧

༦) བོད་ཀྱི་སྲིད་དོན་རྒྱལ་རབས། པོད་དང་པོ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། ཀ་བློན་སྦུག་ཞྭ་སྒབ་ཤག ༡༩༧༦

༧) ཧི་མ་ལ་ཡ་བརྒལ་བ། རྨེ་རུ་ཡུལ་ལྷ་ཐར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡

༨) འཕགས་པ་ཤིང་ཀུན་ཞིག་གསོའི་ལོ་རྒྱུས། སྐྱོ་བྲག་དགའ་དབང་། ཁ་བརྡ། ༢༠༡༩།༠༨།༡༣

༩) ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུའི་ཡུལ་ཁམས་འགྲུལ་བཞུད་དཔྱད་ཞིབ། ལྷོ་ཚ་ཡི་དམ་སྐྱབས། Waxing Moon Journal of Tibetan and Himalayan Studies

༡༠) ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུའི་ཕྱིའི་ཞིབ་འཇུག་གི་གནས་བབ་སྤྱི་བཤད། ལྷོ་ཚ་ཡི་དམ་སྐྱབས། ༢༠༢༢

༡༡) China and Tibet in the early XVIIIth Century L. Petech, E.J Brill, 1972

༡༢) A Renovation of Svayambhunath Stupa in the 18th Century and Its History Franz-Karl Ehrhard

༡༣) KATHOG RIGZIN TSEWANG NORBU’S (Kah-thog-rig-‘dzin Tshe-dbang-nor-bu) diplomatic mission to Ladakh in the 18th century, Peter Schwieger, Germany

– – – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།