
ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་བསྟན་བཅོས་གང་དང་གང་མཛད་ཡོད་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་དང་ཞི་བ་ལྷས་མཛད་པའི་མདོ་ཀུན་ལས་བཏུས་པ་གཉིས་ཀྱི་ཁྱད་པར་དང་། སྤྱོད་འཇུག་ལ་ལེའུ་དང་རྒྱ་འགྲེལ་ཇི་ཙམ་ཡོད་མེད་བཅས་ཀྱི་སྐོར་ལ་དོགས་དཔྱོད། ཆོས་བརྒྱུད་ཁག་གིས་འགྲེལ་པ་གང་ཞིག་གཞིར་བཟུང་ནས་འཆད་ཉན་གནང་སྲོལ་ཡོད་མེད། རྒྱལ་མཆོག་བཅུ་བཞི་པའི་སྤྱོད་འཇུག་གི་ཁྲིད་རྒྱུན་ཇི་ལྟར་ཡིན་མིན། ྋགོང་ས་མཆོག་གི་སྤྱོད་འཇུག་བཀའ་ཁྲིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཞིག་བཅས་ཞིབ་ཏུ་གླེང་ཡོད།
གནད་ཚིག ། མདོ་ཀུན་ལས་བཏུས་པ། སྤྱོད་འཇུག །བཤད་ཁྲིད། མཛུབ་ཁྲིད། དམར་ཁྲིད། ཉམས་ཁྲིད། མྱོང་ཁྲིད། རྫ་དཔལ་སྤྲུལ། མཁན་པོ་གཞན་དགའ། ཨོ་རྒྱན་བསྟན་འཛིན་ནོར་བུ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན།
གླེང་གཞི།
རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བསྟན་བཅོས་ཁག་ཅིག་གི་ངོས་འཛིན་དང་། དེང་གི་དུས་ན་འཛམ་གླིང་ཡུལ་གྲུ་ཀུན་ཏུ་བྱང་ཆུབ་སེམས་སྦྱོང་གི་གདམས་པའི་རྒྱལ་པོར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད། དུས་རབས་བརྒྱད་པ་ནས་རིམ་པར་གངས་རིའི་ལྗོངས་སུ་རྒྱལ་སྲས་ཐོགས་མེད་བཟང་པོ་དང་། རྫ་དཔལ་སྤྲུལ་རིན་པོ་ཆེ་སློབ་བརྒྱུད་དང་བཅས་པས་འཆད་ཉན་ཉམས་ལེན་དང་བཅས་པ་རྒྱ་ཆེར་སྤེལ་ཞིང་། ལྷག་པར་དུ་དུས་རབས་ཉི་ཤུ་པའི་སྨད་དང་ཉེར་གཅིག་པའི་ནང་ྋགོང་ས་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ད་ལྟའི་བར་དུ་འཛམ་གླིང་ཤར་ནུབ་ཀུན་ཏུ་འཆད་སྤེལ་མང་ཤོས་ཀྱི་གཞུང་ཞིག་ཏུ་གྱུར་ཏེ། སྐྱ་སེར་དབྱེར་མེད་དང་ཆོས་བརྒྱུད་ཁྱད་མེད། ཤར་ནུབ་ནང་ཆོས་དོན་གཉེར་བ་ཀུན་གྱིས་ཁ་སྤྱོད་འཇུག་དང་། སྣ་སྤྱོད་འཇུག་གི་བསྟན་པ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་བཞིན་པའི་སྐབས་འདིར། རྗེ་བླ་མ་འདི་ཉིད་ཀྱི་སྤྱོད་འཇུག་གི་ཁྲིད་རྒྱུན་དང་ཁྲིད་ཐབས་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུ་མཁན་མང་དག་ཅིག་འདུག་པས། ཚུལ་དེ་གསལ་བར་བཤད་དེ་གཞུང་འདིར་འཇུག་རྒྱུ་དུས་ཀྱི་དགོས་མཁོར་མཐོང་།
མདོ་ཀུན་ལས་བཏུས་པའི་སྐོར་གྱི་དོགས་དཔྱོད།
འདིས་མཛད་པའི་བསྟན་བཅོས་སྤྱོད་འཇུག་དང་། བསླབ་བཏུས། མདོ་ཀུན་བཏུས་གསུམ་ལས། དང་པོ་གཉིས་ལེགས་སྦྱར་དང་བོད་ཀྱི་སྐད་ཡིག་ཐོག་མ་ཉམས་པར་བཞུགས་ཡོད་པ་དང་། ཕྱི་མ་འདི་ད་ཆ་ལེགས་སྦྱར་སྐད་ཙམ་དུ་མ་ཟད་སྐད་ཡིག་གཞན་གང་དུའང་མཇལ་རྒྱུ་མེད་པ་དང་། བུ་སྟོན་རིན་ཆེན་གྲུབ་པས། མདོ་བཏུས་དང་བསླབ་བཏུས་གཉིས་གཞུང་གཅིག་ཏུ་བཞེད་པ་ལ་བརྟགས་ན། དེའི་གོང་རོལ་ཙམ་ནས་ལེགས་སྦྱར་དང་བོད་སྐད་གང་དུའང་མེད་པ་ཡིན་ནམ་སྙམ། སྤྱོད་འཇུག་ལེའུ་ལྔ་པའི་མཇུག་ཏུ། རྒྱལ་མཆོག་བཅུ་བཞི་པ་ཆེན་པོས།[1] “གང་ཕྱིར་རྟག་ཏུ་སྤྱད་པ་ནི། །དེ་ལས་རྒྱ་ཆེར་རབ་སྟོན་པའི། །བསླབ་པ་ཀུན་ལས་བཏུས་པར་ཡང་། །ངེས་པར་ཡང་དང་ཡང་དུ་བལྟ། །ཡང་ན་རེ་ཞིག་མདོར་བསྡུས་པའི། །མདོ་རྣམས་ཀུན་ལས་བཏུས་པར་བལྟ། །ཞེས་བཤད་མ་ཐག་པ་བཞིན། བཏང་བསྲུང་དག་སྤེལ་གྱི་ཉམས་ལེན་བྱེད་ཚུལ་སྐོར་ལ་མདོའི་ཁུངས་མང་པོ་དྲངས་ཏེ། ལེགས་པར་བཤད་པའི་སྒོ་ནས་གཏན་ལ་ཕབ་པའི་གཞུང་ཞི་བ་ལྷ་རང་གིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་ཡང་ནས་ཡང་དུ་བལྟ་དགོས། བསླབ་པ་ཀུན་ལས་བཏུས་པ་དེ་ཧ་ཅང་ཕོན་ཆེན་པོ་མིན། གོ་བདེ་པོ་ཡོད་ཀྱང་རྒྱས་དྲགས་ནས་དོན་བསྒྲིལ་པོ་ཞིག་མ་བྱུང་ན། ཡང་ན། རེ་ཞིག་མདོར་བསྡུས་པའི་ཚུལ་དུ་བསྟན་པ་མདོ་ཀུན་ལས་བཏུས་པར་ཡང་བལྟ་བར་བྱ་ཞེས་གསུངས་པ་རེད། འདི་བོད་ལ་འགྱུར་ཡོད་ནའང་བསྟན་འགྱུར་གྱི་ཁྲོད་དུ་མི་བཞུགས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །གཉིས་པོའང་འབད་པས་བལྟ་བར་བྱ། །ཞེས་པར་རྒྱལ་ཚབ་ཐམས་ཅད་མཁྱེན་པས་གཉིས་པ་ཞེས་གསུངས་ནས་འཕགས་པ་ཀླུ་སྒྲུབ་ཀྱིས་མདོ་ཀུན་ལས་བཏུས་པ་མཛད་ཡོད་ཅིང་། བོད་ལ་འགྱུར་ཡོད་པས། གཉིས་པ་མདོ་ཀུན་ལས་བཏུས་པར་བལྟ་བར་བྱ་ཞེས་གསུངས་འདུག །འགའ་ཤས་ཀྱིས་ན་རོ་ཡོད་པའི་དབང་དུ་བྱས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པའང་ཡོད་པ་ཡིན་པས་གཉིས་པོ་ཞེས་གསུང་མཁན་འདུག །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །གཉིས་པའང་འབད་པས་བལྟ་བར་བྱ། །ཞེས་པ་དང་། ཡང་ན། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །གཉིས་པོའང་འབད་པས་བལྟ་བར་བྱ། །ཞེས་ན་རོ་ཡོད་མེད་ཀྱི་བཤད་པ་མི་འདྲ་བ་གཉིས་འདུག་པས་དཔྱད་པར་མཛོད། ” ཅེས་གསུངས། མཁན་པོ་ཀུན་དཔལ་གྱིས།[2] “ཞི་བ་ལྷ་རང་གིས་མཛད་པའི་བསླབ་བཏུས་དེ་ལས་རྒྱ་ཆེར་རབ་ཏུ་གསལ་བར་སྟོན་པས་ན། བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པ་ལ་ཡང་ངེས་པར་ཏེ། གདོན་མི་ཟ་བར་ལན་གཅིག་ཙམ་མ་ཡིན་པས་ཡང་དང་ཡང་དུ་བལྟ་བར་བྱ་ཞིང་། ཡང་ན། རེ་ཞིག་མདོར་བསྡུས་པའི་མདོ་རྣམས་ཀུན་ལས་བཏུས་པ་ལ་ཡང་བལྟ་བར་བྱ་དགོས་སོ། །དེ་བཞིན་དུ་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་བཏུས་དང་མདོ་བཏུས་གཉིས་པོའང་འབད་པས་བལྟ་བར་ཡང་བྱའོ། །”ཞེས་རྩ་ཚིག་ལ་ན་རོ་ཡོད་པའི་དབང་དུ་བྱས་ཏེ་བཀྲལ་ཅིང་མགོན་པོ་ཀླུ་སྒྲུབ་ལ་ཡང་། བསླབ་པ་ཀུན་ལས་བཏུས་པ་དང་མདོ་ཀུན་ལས་བཏུས་པ་གཉིས་ཀ་ཡོད་པར་བཀྲལ་འདུག །

ཡང་། ྋགོང་ས་མཆོག་གིས། [3] “ནུབ་ཕྱོགས་པའི་མཁས་པ་དེ་འདྲའི་ནང་དུའང་། ཐེག་ཆེན་གྱི་མདོ་སྡེ་མང་པོ་ཞིག་ཕྱིས་སུ་བྱུང་བ་མ་གཏོགས་སངས་རྒྱས་ཀྱིས་གསུངས་མེད་ཅེས་ཟེར་མཁན་དེ་འདྲ་འདུག །ཉི་མ་གཅིག་སྐད་ཆ་ཞིག་བྱུང་། ངོས་ནས་མདོ་འདི་དང་འདི་སངས་རྒྱས་ཀྱི་བཀའ་མ་རེད་དམ་ཅེས་པར། མ་རེད་ཟེར། དེ་དག་ཕྱིས་སུ་བྱུང་བ་རེད། སངས་རྒྱས་བཞུགས་དུས་དེ་དག་ཡོད་པ་མ་རེད་ཟེར། འོ་ན། མགོན་པོ་ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པའི་ནང་ལུང་དེ་འདྲ་དྲངས་འདུག་ཅེས་པར། མདོ་ཀུན་ལས་བཏུས་པ་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་མ་རེད་ཟེར། དེ་ནས་བཤད་རྒྱུ་འདྲ་མ་བྱུང་། ཁ་སང་ངོས་དེ་ལ་དོ་སྣང་ཞིག་བྱུང་། ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་གྱི་མཇུག་དེར་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་དྲངས་འདུག །ཟླ་བ་གྲགས་པས་མདོ་ཀུན་ལས་བཏུས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་པ་ཚིག་གསལ་ནང་དུ་ཧ་ཅང་གསལ་པོ་བཀོད་འདུག །ཅེས་གསུངས། དེ་ནི་ཡང་དག་པ་ཡིན་ཏེ། ཚིག་གསལ་གྱི་མཇུག་ཏུ། [4]“མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཡུན་རིང་འཕགས་པའི་བསྟན་ཆོས་ལས་བསྟན་ཚིག་ལེའུར་བྱས་དེ་དང་། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བྱས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་ཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །བརྒྱ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །”ཞེས་མགོན་པོ་ཀླུ་སྒྲུབ་ལ་ཡང་མདོ་སྡེ་ཀུན་ལས་བཏུས་པ་ཞེས་པའི་བསྟན་བཅོས་ཡོད་པ་གསལ་བར་གསུངས་འདུག །
ཡང་། ལོ་ཙཱ་བ་ཁུ་མདོ་སྡེ་འབར་དང་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་གཉིས་ཀྱིས་པཎྜི་ཏ་འདི་དང་ལྷན་དུ་བསྒྱུར་བའི་ “མདོ་ཀུན་ལས་བཏུས་པ་ཆེན་པོ”ཞེས་བྱ་བ། སྡེ་བསྟན། དབུ་མ། གི་པ། པོད་ ༡༡༢ པ། དཔེ་རིང་ཤོག་ལྡེབ། ༡༩༨ ཅན་བཅས་བཞུགས་པ་འདིའི་མཇུག་ཏུ།
“མདོ་སྡེ་སྣ་ཚོགས་ལས་བཏུས་པའི་གཏམ་རྫོགས་སོ།།སྦྱིན་པར་བྱ་བའི་ཆོས་འདི་ནི། རབ་མཆོག་ཐེག་པ་ཆེན་པོའི་རྗེས་སུ་འབྲང་པ་ཤཱཀྱའི་གནས་བརྟན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཡིན་ནོ། །གང་འདིར་བསོད་ནམས་སུ་གྱུར་པ་སྟེ། མཁན་པོ་དང་སློབ་དཔོན་དང་ཕ་དང་མ་སྔོན་དུ་འགྲོ་བར་བྱས་ཏེ། སེམས་ཅན་གྱི་ཚོགས་མཐའ་དག་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་གྱུར་ཅིག །
ཐུབ་པའི་གསུང་རབ་རྒྱ་མཚོའི་བདུད་རྩིའི་བཅུད། །ལྟུང་དང་ཉོན་མོངས་ནད་གསོའི་སྨན་ཆེན་འདི། །ལྔ་བརྒྱའི་དུས་ན་བསྟན་པའི་སྲོག་འཛིན་པ། །ཤཱཀྱའི་སྲས་པོ་ཡོན་ཏན་གྲགས་པ་ཡིས། །དཔེ་མེད་གྲོང་དུ་སྐུ་འཁྲུངས་རྩོད་དུས་ཀྱི། །མཁས་པ་རྒྱལ་བ་ཀུན་དགའ་ལ་གསོལ་ནས། །ཡ་རབས་སྤྱོད་པ་མ་ཉམས་དད་དང་ལྡན། །པ་ཚབ་ལྡོང་གི་ས་སྐོར་ཞོགས་ཀྱི་སྟོང་། །མཁས་བཙུན་འབྱུང་གནས་དམ་པས་བྱིན་བརླབས་པ། །དཔལ་ལྡན་ཡ་གད་གཙུག་ལག་ཁང་ཆེན་དུ། །སྐད་གཉིས་སྨྲ་ལ་སེང་གེའི་སྒྲ་སྒྲོགས་པ། །ཤཱཀྱའི་དགེ་སློང་ཉི་མ་གྲགས་པ་དང་། །ཁུ་ཡི་བན་དྷེ་མདོ་སྡེ་འབར་གྱིས་བསྒྱུར། །དེས་བསྐྱེད་བསོད་ནམས་ཟླ་ལྟར་བསིལ་བ་ཡིས། །ཐུབ་པའི་འཁོར་བཞི་དང་ནི་འགྲོ་ཀུན་གྱི། །ལྟུང་དང་ཉོན་མོངས་གདུང་བ་ཞི་གྱུར་ཅིག །” ཞེས་གསུངས་པ་འདི་དག་གུང་བསྒྲིགས་ནས་བལྟས་ན། མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་པ་འདིའི་རྒྱ་དཔེ་ནི། ཤཱཀྱའི་གནས་བརྟན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཡིན་པ་དང་། ཕྱག་དཔེ་དེ་ཉིད་བདག་ཉར་གནང་མཁན་ནི། ལྔ་བརྒྱའི་དུས་ན་བསྟན་པའི་སྲོག་འཛིན་པ་ཤཱཀྱའི་སྲས་པོ་ཡོན་ཏན་གྲགས་པ་སྟེ། བཀའ་གདམས་པའི་དགེ་བཤེས་ཤ་ར་བ་ཡོན་ཏན་གྲགས་(༡༠༧༠-༡༡༤༡) ཡིན་པ་དང་། ཁོང་གིས་བསྐུལ་མ་བྱས་པ་ལ་བརྟེན་ནས་དཔལ་ལྡན་ཡ་གད་གཙུག་ལག་ཁང་དུ། སྐད་གཉིས་སྨྲ་བའི་སེང་གེའི་སྒྲ་སྒྲོག་པ་སྟེ། སྐད་གཉིས་སྨྲ་བའི་སེང་གེར་གྲགས་པ། ཤཱཀྱའི་དགེ་སློང་པ་ཚབ་ཉི་མ་གྲགས་དང་། ཁུ་ཡི་བནྡེམདོ་སྡེ་འབར་གཉིས་ཀྱིས་ལེགས་པར་བསྒྱུར་བ་གསལ་ལོ། །འགྱུར་བྱང་ཡོད་ཀྱང་མཛད་བྱང་མེད་པའི་མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བའི་མདོ་འདི་མགོན་པོ་ཀླུ་སྒྲུབ་ཀྱི་ཡིན་པར་ཀུན་གྱིས་བཤད་དོ། །
རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ལས། [5]“ལྷ་སར་རྩ་འཇུག་བཞི་གསུམ་སོགས་ཡུལ་༼དབུས་༽འགྱུར་གྱི་དཔེ་ལ་གཏུགས་ནས་བསྒྱུར་བའི་ལོ་ཙཱ་བ་བཀའ་དྲིན་ཅན་པ་ཚབ་ཉི་མ་གྲགས་ཞེས་འཕན་ཡུལ་སྨོན་མཁར་རྫོང་གི་སྟོད་ཙམ་ན་སྐུ་གདུང་རིལ་པོར་ཁང་བུ་བརྩེགས་པའི་ནང་ན་མ་ཉམས་པར་ད་ལྟའང་བཞུགས་ཤིང་། གདུང་རྒྱུད་འཕན་ཡུལ་ཕུ་ན་ད་ལྟའང་ཡོད་དོ། །” ཞེས་གསུངས། པཎྜི་ཏ་ཛ་ཡ་ཨ་ནནྟ་བོད་དུ་སྤྱན་འདྲེན་མཛད་པ་པོའང་པ་ཚབ་ཉིད་ཡིན་པར་གསུངས་ཤིང་། ཆོས་འབྱུང་གཞན་དུ་ཡང་པཎྜི་ཏ་འདི་ཉིད་པ་ཚབ་ཀྱི་དགེ་རྒན་ཡིན་པར་གསུངས།
“དགེ་བཤེས་ཤ་ར་བ་ནི། དབུ་མ་ལ་འཇུག་པ་བསྒྱུར་གྲུབ་རྗེས་ཞུས་དག་ཐོག་མར་མཛད་མཁན་གྱི་གྲས་ཤིག་ཡིན་ཞིང་། པ་ཚབ་ལ་དབུ་མའི་སྐོར་གྱི་དྲིས་ལན་འབྱོར་སྐབས་ [6]“ཀླུ་སྒྲུབ་ཡབ་སྲས་མཆོད། པ་ཚབ་ལོ་ཙཱ་བ་མཆོད། ཆོས་འདི་འདྲ་ཞིག་གིས་འཁོར་འདས་ཀྱི་ཤན་འབྱེད་པ་ཡིན།”’ཞེས་བསྔགས་པ་མཛད་པ་འདི་དག་སྔ་ཕྱི་གུང་བསྒྲིགས་ནས་དཔྱད་ན། མི་ཉག་ཐུབ་བསྟན་ཆོས་ཀྱི་གྲགས་པས། [7]“མདོ་བཏུས་ནི། དགེ་བཤེས་ཤ་ར་བས་ར་སྒྲེང་ནས་རྒྱ་དཔེ་བླངས་ནས་པ་ཚབ་ཉི་མ་གྲགས་སོགས་ཀྱིས་བསྒྱུར་བར་བཀའ་གདམས་ཆོས་འབྱུང་དུ་བཤད་ནའང་ད་ལྟའི་བསྟན་འགྱུར་ཁྲོད་ན་མི་སྣང་།”ཞེས་གསུངས་ཤིང་། ལུང་འདི་སྤྱོད་འཇུག་གི་འགྲེལ་པ་ཁ་ཤས་སུ་དྲངས་འདུག་པ་འདི་ཡང་། མདོ་ཀུན་ལས་བཏུས་པ་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་བཤད་པ་དེ་ཡིན་ནམ་སྙམ་པས། མི་ཉག་ཐུབ་བསྟན་ཆོས་ཀྱི་གྲགས་པས་འདི་ཞི་བ་ལྷ་ཡི་མདོ་ཀུན་བཏུས་དེ་ཡིན་ཤག་གིས་བསྟན་འགྱུར་ཁྲོད་དུ་མི་སྣང་ཞེས་པ་ཅུང་ཟད་དཔྱད་དགོས་པ་ཞིག་ཏུ་སྣང་། གང་ཡིན་ཞེ་ན། བཀའ་གདམས་ཆོས་འབྱུང་ལས། ཤ་ར་བའི་རྣམ་ཐར་འཆད་པ་ན།[8] “ར་སྒྲེང་ནས་ཞི་བ་ལྷས་མཛད་པའི་མདོ་ཀུན་ལས་བཏུས་པ་ཆེན་པོའི་རྒྱ་དཔེ་བླངས་ཏེ། འགྱུར་གྱི་སྦྱིན་བདག་མཛད་ནས་། ཁ་ཆེ་ཛ་ཡ་ཨ་ནནྟ་དང་། པ་ཚབ་ཉི་མ་གྲགས། ཁུ་མདོ་སྡེ་འབར་རྣམས་ཀྱིས་བསྒྱུར་བར་མཛད།” ཅེས་གསུངས་འདུག་པས། བཀའ་གདམས་ཆོས་འབྱུང་དུ་གསུངས་པ་ལ་གཞི་བྱས་ན། དགེ་བཤེས་ཤ་ར་བས་ར་སྒྲེང་ནས་བླངས་པ་དེ་ཞི་བ་ལྷས་མཛད་པའི་མདོ་ཀུན་ལས་བཏུས་པ་ཆེན་པོའི་རྒྱ་དཔེ་བླངས་པར་གསུངས་འདུག་པས། མདོ་ཀུན་ལས་བཏུས་པ་དང་མདོ་ཀུན་ལས་བཏུས་པ་ཆེན་པོ་གཉིས་ལ་ཁྱད་པར་མ་ཕྱེ་བ་ལྟ་བུ་ཞིག་འདུག །གང་ཡིན་ཞེ་ན། བསྟན་འགྱུར་ཁྲོད་བཞུགས་པའི་མདོ་ཀུན་ལས་བཏུས་པ་ཆེན་པོ་འདི་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་མཛད་བྱང་མེད་ན་ཡང་། ཀུན་གྱིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་ནི། དེ་ཡིན་པར་ཡོངས་སུ་གྲགས། ཡང་མདོ་ཀུན་ལས་བཏུས་པ་ཆེན་པོ་འདི་ཞི་བ་ལྷའི་ཡིན་ན། འདི་བསྟན་འགྱུར་ཁྲོད་དུ་ཡོད་པས། མི་ཉག་ཐུབ་བསྟན་ཆོས་གྲགས་དང་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་བསྟན་འགྱུར་ཁོད་དུ་མི་སྣང་དང་མེད་པར་གསུངས་པ་ལ་དཔྱད་དགོས་ཏེ། སྡེ་བསྟན། དབུ་མ། གི་པ། པོད་ ༡༡༢ པ། དཔེ་རིང་ཤོག་ལྡེབ། ༡༩༨ ཅན་བཅས་བཞུགས་པ་དེའི་ཕྱིར་རོ། །ཡང་བཀའ་གདམས་ཆོས་འབྱུང་དུ། དགེ་བཤེས་ཤ་ར་བས་ར་སྒྲེང་ནས་བླངས་པར་གསུངས་པ་བདེན་ན། བསྟན་འགྱུར་ཁྲོད་དུ་བཞུགས་པའི་མདོ་ཀུན་ལས་བཏུས་པ་ཆེན་པོ་འདི་མཛད་བྱང་མེད་ཀྱང་འགྱུར་བྱང་ཡོད་པ་དང་། འགྱུར་བྱང་ནང་། “ཐུབ་པའི་གསུང་རབ་རྒྱ་མཚོའི་བདུད་རྩིའི་བཅུད། །ལྟུང་དང་ཉོན་མོངས་ནད་གསོའི་སྨན་ཆེན་འདི། །ལྔ་བརྒྱའི་དུས་ན་བསྟན་པའི་སྲོག་འཛིན་པ། །ཤཱཀྱའི་སྲས་པོ་ཡོན་ཏན་གྲགས་པ་ཡིས། །དཔེ་མེད་གྲོང་དུ་སྐུ་འཁྲུངས་རྩོད་དུས་ཀྱི། །མཁས་པ་རྒྱལ་བ་ཀུན་དགའ་ལ་གསོལ་ནས། །” ཞེས་ཤཱཀྱའི་སྲས་པོ་ཡོན་ཏན་གྲགས་པའམ་དགེ་བཤེས་ཤ་ར་བས་དཔེ་མེད་གྲོང་དུ་སྐུ་འཁྲུངས་པའི་རྩོད་དུས་ཀྱི་མཁས་པ་ཆེན་པོ་རྒྱལ་བ་ཀུན་དགའ་ལ་གསོལ་བའམ་ཞུ་བ་ཕུལ་ནས་བསྒྱུར་དུ་བཅུག་སྐོར་གསལ་བས། དཔེ་འདི་དགེ་བཤེས་ཤ་ར་བས་ར་སྒྲེང་ནས་བླངས་པ་དེ་ཡིན་པ་དང་བསྟན་འགྱུར་ཁྲོད་དུའང་བཞུགས་པས། གོང་གསལ་མཁས་པ་དག་གིས་བསྟན་འགྱུར་ཁྲོད་དུ་མི་སྣང་ཞེས་པ་ཅི་ཞིག་ཡིན་བརྟག་དགོས་སོ། །
གང་ལྟར་འདི་ལ་འཁྲུལ་གཞི་བྱས་པ་ཡིན་ནམ། ཡང་ན། གང་ལྟར་ཀྱང་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བ་ལྷས་མཛད་པའི་མདོ་ཀུན་ལས་བཏུས་པ་བོད་ཡིག་ཏུ་འགྱུར་ཡོད་པར་གསུངས་པ་ནི་གདོན་མི་ཟ་སྟེ། དཔེར་ན། ༸གོང་ས་མཆོག་གིས། [9] “ཞི་བ་ལྷས་མཛད་པའི་མདོ་ཀུན་བཏུས་ཤིག་ཡོད། དེ་བོད་སྐད་དུ་བསྒྱུར་ཡོད་ཀྱང་བསྟན་འགྱུར་ཁྲོད་ལ་མེད་པ་རེད་ཅེས་གསུང་གིན་འདུག །བསྟན་འགྱུར་ནང་དུ་མཐོང་རྒྱུ་འདུག་གམ། དེ་ཁུ་ནུ་བླ་མ་རིན་པོ་ཆེས་གསུངས་མྱོང་། བོད་ལ་བསྒྱུར་ཡོད་ཀྱང་བསྟན་འགྱུར་ཁྲོད་ལ་མེད་ཅེས་པ་དེ་གང་འདྲ་བྱས་ནས་ལུས་པ་ཡིན་ནམ། གླེང་གཞི་ཅན་ནི་ཡིན་རྒྱུ་མ་རེད། གླེང་གཞི་ཅན་གཞན་བཀའ་འགྱུར་བསྟན་འགྱུར་ནང་དུ་ཡོད། ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པ་ཡོད་ཅིང་། བསླབ་པ་ཀུན་ལས་བཏུས་པ་མེད་ཅེས་པའི་དབང་དུ་བྱས་པ་ཡིན་ན། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །གཉིས་པོའང་འབད་པས་བལྟ་བར་བྱ། །ཞེས་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་ཡོད། བསླབ་བཏུས་ཤིག་ཡོད། དེ་ཡང་། བོད་ལ་བསྒྱུར་མེད་ཅེས་གསུང་གི་ཡོད། ཅེས་གོང་དུ་མདོ་ཀུན་ལས་བཏུས་པ་དང་བསླབ་པ་ཀུན་ལས་བཏུས་པ་གཉིས་བཤད་པའི་གཉིས་པ་མདོ་ཀུན་ལས་བཏུས་པར་བལྟ་བར་བྱ། ཡང་གསུང་ཚུལ་ཞིག་ལ་མདོ་ཀུན་ལས་བཏུས་པ་མ་གཏོགས་བསླབ་བཏུས་མེད་པས་གོང་དུ་མདོ་ཀུན་ལས་བཏུས་པ་དང་བསླབ་བཏུས་གཉིས་གསུངས་པ་ཡིན།” ཞེས་གསུངས།
ཡང་། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧཱ་རའི་མཁས་པ་ཆེན་པོ་ཤྲཱི་བིབྷཱུ་ཏི་ཙནྡྲས་རང་འགྱུར་དུ་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དགོངས་པ་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་པའི་གཞུང་འདིའི་དབུར། “མདོ་སྡེ་ཀུན་ལས་བཏུས་པ་དང་། བསླབ་པ་ཀུན་ལས་བཏུས་པ་དང་། བྱང་ཆུབ་སྤྱོད་པ་ལ་འཇུག་པ་ཞེས་གཞུང་གསུམ་བདག་གིས་བྱས་ཡོད་དོ། །”ཞེས་དང་། བུ་སྟོན་གྱི་སྤྱོད་འཇུག་འགྲེལ་པ་ཟླ་བའི་འོད་ཟེར་ལས། “ནུབ་ཀྱི་སྒོ་ལེགས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་འགྲེལ་པ་ཆེན་པོ་དང་། བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་འགྲེལ་པ་དང་། དགེ་བ་ལྷ་དང་། བིབྷཱུ་ཏི་ཙནྡྲས་མཛད་པའི་འགྲེལ་པ་དང་། ནག་པ་བའི་དཀའ་འགྲེལ་དང་། ཤེར་ལེའུའི་འགྲེལ་པ་རྔོག་ལོས་བསྒྱུར་བ་དང་། སྤྱོད་འཇུག་ལེའུ་དགུ་མའི་འགྲེལ་པའི་སྨད་དང་། བསླབ་བཏུས་རྩ་འགྲེལ་དང་། མདོ་ཀུན་ལས་བཏུས་པ་རྩ་འགྲེལ་ལ་སོགས་པ་ཐེག་པ་ཆེན་པོའི་སྤྱོད་ཕྱོགས་ཀྱི་བསྟན་བཅོས་རྣམས་ཀྱི་ལེགས་བཤད་བསྡུས་ཤིང་།” ཞེས་དང་། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་ལས། [10]“འོན་ཀྱང་མདོ་བཏུས་དང་བསླབ་བཏུས་གཉིས་སྔོན་ལ་བརྩམས་པའི་བསྟན་བཅོས་ཡིན་ལ། སྤྱོད་པ་ལ་འཇུག་ནི། སེང་གེའི་ཁྲི་ལ་སྤྱན་དྲངས་ནས་སྔར་མ་གྲགས་པ་གདོན་པར་ཞུས་པའི་མོད་ལ་དོ་ཧའི་ཚུལ་དུ་ཐོགས་པ་མེད་པར་ཤར་གྱིས་གསུངས་པ་གདོན་མི་ཟ་སྟེ། བསྟན་བཅོས་རྩོམ་ཞིང་མཁའ་ལ་གཤེགས། །ཞེས་གསུངས་པས་ཀྱང་ངེས་སོ། །འོན་ཀྱང་ལོ་རྒྱུས་སྔ་མ་དེ་དག་ན་དེའི་སྔུན་དུ་བརྩམས་ཟིན་པ་ལྟ་བུ་ཤ་སྟག་བྲིས་སྣང་བ་དང་། ས་བཟང་མ་ཏིས་ཀྱང་། བརྩམས་ཞེས་བཤད་ཀྱང་རང་གི་ཐུགས་ཡུལ་དུ་བརྩམས་ཟིན་པའོ། །ཞེས་ཟེར་བ་སོགས་ནི། སྐྱེས་བུ་དམ་པ་ཆོས་ཀྱི་རྒྱ་མཚོ་ལུང་པ་ལྟ་བུ་ལ་ཡིད་མི་ཆེས་པའི་སྐྱེ་བོ་བློ་ཆུང་གི་ངག་སྒྲོས་བར་བར་དུ་ཆུད་པར་ཟད་དེ། དེ་ལྟ་ན། བསྟན་བཅོས་བཤར་ཞིང་མཁའ་ལ་གཤེགས། །ཞེས་འདོན་པར་རིགས་པར་འགྱུར་རོ། །”ཞེས་དང་། ཡང་། བུ་སྟོན་ཆོས་འབྱུང་ལས། “སློབ་དཔོན་དེས་རྒྱས་པར་སྟོན་པ་བསླབ་བཏུས། བསྡུས་ཏེ་སྟོན་པ་མདོ་ཀུན་ལས་བཏུས། དོན་རྒྱས་ལ་ཚིག་བསྡུས་པ་སྤྱོད་འཇུག་དང་གསུམ་མཛད་དོ། །སྤྱོད་འཇུག་ལ་རྒྱ་གར་ན་འགྲེལ་པ་བརྒྱ་རྩ་ཡོད་པར་གྲགས་ཀྱང་བོད་དུ་འགྱུར་བ་བརྒྱད་ཙམ་ཡོད་དོ། །” ཞེས་གསུངས། [11]
ཡང་། མི་ཉག་ཐུབ་བསྟན་ཆོས་ཀྱི་གྲགས་པས། [12]“སྤྱོད་འཇུག་ལ་རྒྱ་གར་ན་འགྲེལ་པ་བརྒྱ་རྩ་ཡོད་པར་གྲགས་ཀྱང་བོད་དུ་འགྱུར་བ་བརྒྱད་ཡོད་ཅེས་བུ་སྟོན་གསུངས་ལ། ད་ལྟ་ཤེར་ཊཱིཀ་རེ་དང་དོན་བསྡུས་རེ་ཡན་ཆད་བགྲངས་ན་བཅུ་གཅིག་ཙམ་ཡོད་སྙམ། བོད་ཀྱི་བླ་མ་རྣམས་ཀྱིས་མཛད་པའི་འགྲེལ་པའང་བསྡུས་དོན་རེ་ཡན་ཆད་བགྲང་བ་དྲུག་ཅུར་ལོང་ཙམ་གྱི་མིང་སྨོས་པ་འདུག་ལ། དེར་མ་སྨོས་པའང་མཐོང་བས་ཤིན་ཏུ་མང་བ་ཡོད་པར་མངོན་ནོ། །” རྒྱལ་སྲས་ཞི་བ་ལྷ་སྐུ་ཚེ་སྨད་དུ་ཏེ་ལིངྒའི་ཆར་གཏོགས་པ་གྲོང་ཁྱེར་ཀ་ལིངྐར་མཆོད་རྟེན་དཔལ་ཡོན་ཅན་ན་བཞུགས་སྐབས། ནཱ་ལེནྡྲ་ནས་གཟུངས་ཐོབ་པའི་པཎ་གྲུབ་གཉིས་ཆེད་མངགས་སྐུ་མདུན་དུ་བཅར་ནས་སྤྱོད་འཇུག་ཏུ་གསུངས་པའི་གཞུང་གཉིས་མ་རྙེད་པས་གང་དུ་ཡོད་མེད་བཀའ་འདྲི་ཞུས་པར། ངའི་སྤོང་ཁང་ན་ཡོད་པས་ལྟོས་ཤིག་གསུངས་སྐོར་སྤྱོད་འཇུག་གི་འགྲེལ་པ་ཁ་ཤས་ན་སྣང་།
ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་ྋགོང་ས་མཆོག་ལ་མདོ་བཏུས་བོད་སྐད་ཐོག་བསྒྱུར་ཡོད་ཚུལ་གསུངས་མྱོང་བ་ནི། བཀའ་གདམས་ཆོས་འབྱུང་དུ་གསུངས་པ་དེར་གཞི་བཅོལ་བ་ཡིན་ནམ། ཡང་ན་གཞན་ཞིག་ཡིན་བརྟག་པའི་གནས།
བསླབ་བཏུས་སུ་ལུང་གང་ལས་དྲངས་པའི་མདོ་ཕལ་མོ་ཆེ་ཞིག །ད་ཆ་མ་རྙེད་པས་དེ་དག་ནུབ་པར་ཤེས་ཐུབ། གཞན་ཡང་། ལྷན་ཅིག་སྐྱེས་པའི་གླུ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱད་པའི་བསྲུང་བ་དང་། སྡིག་པ་བཤགས་པའི་ཆོ་ག་དང་། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཡི་འགྲེལ་པ་སོགས་བསྟན་འགྱུར་ཁྲོད་དུ་བཞུགས།
ཡང་། དཔལ་གསང་བ་འདུས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་གཏོར་མའི་ཆོ་ག་དང་། སྤྱོད་དང་སྤྱོད་མིན་རྣམ་པར་ངེས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་བདུད་རྩིས་ཚིམས་པ་སློབ་དཔོན་གྲུབ་ཐོབ་པ་འདུ་ཤེས་གསུམ་པ་བངྒ་ལའི་ཟོལ་གྱིས་གཏན་ལ་ཕབ་པའོ། །ཞེས་པ་ཞིག་དང་། རྡོ་རྗེ་མགུར་ཟུར་ཆག་གི་སྐད་དུ་བཞུགས་པ་ཞིག་གི་མཛད་བྱང་དུ་སློབ་དཔོན་འདིའི་མཚན་ལ་བཅད་ཅེས་བྱ་བ་འཁོད་འདུག་པ་སོགས་ཡོད་སྐད།
བསྟན་བཅོས་འདི་དུས་ནམ་ཞིག་ལ་ལོ་པཎ་སུ་དང་གང་གིས་བསྒྱུར་བ།
བསྟན་བཅོས་འདིའི་མཚན་བྱང་ལ། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ཞེས་ཡོད་པར་གསལ་ཡང་། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་ཡོངས་སུ་གྲགས་ལ།
འདི་བསྒྱུར་ཚུལ་ལ། ༡༽ ཐོག་མར་བསྟན་པ་སྔ་དར་སྐབས། རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་ཝ་(ཐམས་ཅད་མཁྱེན་པའི་ལྷ། ཁྲི་སྲོང་༧༤༢–༨༠༠ གི་དུས། ) དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལ་ཞུས་ཏེ་གཏན་ལ་ཕབ་པ།
༢༽ དེ་ལ་བསྟན་པ་ཕྱི་དར་གྱི་འགོར་རྒྱ་གར་གྱི་མཁན་པོ་དྷརྨཤྲིབྷདྲ་(ཆོས་དཔལ་བཟང་པོ།) དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་(༩༥༨–༡༠༥༥) ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
༣༽ ཡང་། རྒྱ་གར་གྱི་མཁན་པོ་ཤཱཀྱ་བློ་གྲོས་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
༤༽ བལ་པོ་པཎྜི་ཏ་ཐམས་ཅད་མཁྱེན་པ་ཆུང་ངུར་གྲགས་པ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་(༡༠༥༩–༡༡༠༩) ཁ་ཆེའི་དཔེ་དང་བསྟུན་ནས་ལེགས་པར་བཅོས་ཤིང་བསྒྱུར་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པ། རྔོག་འགྱུར་དང་། རྩ་བ་ལའང་མི་མཐུན་པ་དུ་མ་ཡོད་པར་གསལ་ཞིང་། གང་ལྟར་བོད་འགྱུར་འདི་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཞིབ་འཇུག་དག་ཐེར་ལེགས་པར་མཛད་པ་ཞིག་ཡིན།
སློབ་དཔོན་འདིས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལུང་གི་སྒོ་ནས་གཏན་ལ་འབེབས་པ་མདོ་ཀུན་བཏུས་དང་། རིགས་པའི་སྒོ་ནས་གཏན་ལ་འབེབས་པ་སྤྱོད་འཇུག་ཅེས་ཡོངས་སུ་གྲགས་ཤིང་། བསྟན་བཅོས་འདིས་སྤྱིར་རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་པ་འགྲེལ་ཞིང་། ཁྱད་པར་དུ། ཐེག་ཆེན་གྱི་སྡེ་སྣོད་མ་ལུས་པའི་དགོངས་པ་རྫོགས་པར་བཀྲལ་བའི་སྒོ་ནས་གསུང་རབ་མཐའ་དག་ཐེག་ཆེན་གྱི་རིགས་ཅན་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཡན་ལག་ཇི་ལྟར་ཉམས་སུ་ལེན་ཚུལ་རིགས་པ་མཐའ་ཡས་པས་གཏན་ལ་ཕབ་པར་མ་ཟད། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ནས་རྗེ་བཙུན་འཇམ་པའི་དབྱངས་དང་། དེ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཟླ་བ་གྲགས་པ་སོགས་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་བར་དུ་ཟབ་མོ་ལྟ་བའི་བརྒྱུད་པ་དང་། ལྷག་པར་དུ། བདག་གཞན་མཉམ་བརྗེའི་བློ་སྦྱོང་གི་སྒོ་ནས་སེམས་བསྐྱེད་ཚུལ་འཇམ་པའི་དབྱངས་ནས་ཉེ་བརྒྱུད་ཀྱི་ཚུལ་དུ་ཕེབས་པའི་མན་ངག་གི་རིམ་པ་རྩལ་དུ་བཏོན་ནས་གསུངས་པའི་ལེའུ་བཅུའི་བདག་ཉིད་ཅན་གྱི་གཞུང་རྨད་དུ་བྱུང་བ་ཞིག་ཡིན། ྋགོང་ས་མཆོག་ནས། [13]“མགོན་པོ་ཞི་བ་ལྷས་སྔོན་ལ་བསླབ་བཏུས་མཛད། དེའི་རྗེས་སྤྱོད་འཇུག་མཛད་དེ། བསླབ་བཏུས་ནང་གསལ་པོ་ཡོད་པ་དེ་ཚོ་སྤྱོད་འཇུག་ནང་བསྡུས། ཡང་བསླབ་བཏུས་ནང་དེ་ཙམ་རྒྱས་པོ་མེད་པ་དེ་ཚོ་སྤྱོད་འཇུག་ནང་རྒྱས་པར་གསུངས།” ཞེས་གསུངས།
གཞུང་འདིར་ལེའུ་ག་ཚོད་ཡོད་མེད་ལྟ་བ།
གཞུང་འདིར་ལེའུ་བཅུ་དང་དགུ་གང་དུ་ངེས་ཚུལ་སོགས་ཀྱི་སྐོར་ལ། ༡ འདིར་ལེའུ་དགུ་པ་ཅན་གྱི་མ་ཕྱི་ནི། ཏུན་ཧོང་ཡིག་རྙིང་དུ་བཞུགས་པའི་དཔེ་ལས། བསྔོ་བ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ། །
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་བློ་གྲོས་མི་ཟད་པས་མཛད་པ་རྫོགས་སྙོ། རྒྱ་གར་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་མཐའ་ཅན་ཞིག་འདུག་པ་དང་། ༢ བུ་སྟོན་རིན་པོ་ཆེས། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ཞི་བ་ལྷས་མཛད་པ་རྔོག་འགྱུར། འདི་དཀར་ཆག་ཆེན་མོ་གསུམ་གར་ཤློཀ་དྲུག་བརྒྱ་བམ་པོ་གཉིས་ཞེས་འབྱུང་མོད་ཀྱི་ཤློཀ་སྟོང་དུ་གྲགས་སོ། །
༣ སྤྱོད་འཇུག་ལེའུ་དགུ་པ་བློ་གྲོས་མི་ཟད་པས་མཛད་ཟེར་བ་དེ་དང་། འདི་མི་གཅིག་ཅེས་སྨྲ་བ་ཡང་སྡིག་བཤགས་ལེའུ་ལོགས་སུ་བྱས་མ་བྱས་ཀྱི་ཁྱད་པར་དང་། འགྱུར་སྔ་ཕྱིའི་ཁྱད་པར་མ་གཏོགས་གཅིག་པར་ཁོ་བོ་སྨྲའོ། །ཞེས་གསུངས།
༤ ཇོ་ནང་ཏཱ་ར་ནཱ་ཐའམ་སྒྲོལ་བའི་མགོན་པོས། གཟུངས་ཐོབ་པ་རྣམས་ཀྱིས་བློ་ལ་བཟུང་བ་ལས་ཁ་ཆེ་བ་རྣམས་ཀྱིས་ཤློཀ་སྟོང་ལྷག་པ་ཞིག་བྱུང་། མཆོད་བརྗོད་རང་གི་བློས་སྦྱར། ཤར་པ་རྣམས་ཀྱིས་ཤློཀ་བདུན་བརྒྱ་ལས་མེད་པ་མཆོད་བརྗོད་དབུ་མ་རྩ་བའི་དེ་བཅུག །དེ་ཡང་བཤགས་ལེ་དང་། ཤེར་ལེ་ཆད་པ་ཡིན། དབུས་པ་རྣམས་ཀྱི་མཆོད་བརྗོད་དང་བརྩམ་པར་དམ་བཅའ་བ་དང་། རྗེས་བསྔགས་ཀྱི་དབང་དུ་བརྩིས་པའི་ཤློཀ་སྟོང་ཡོད་པ་ཞིག་བྱུང་། དེར་གང་ཡིན་ཐེ་ཚོམ་དུ་གྱུར་པ་ཞེས་པ་ནས། དབུས་པ་རྣམས་ཀྱིས་དེ་བཟུང་བ་ལྟར་ཡིན་གསུངས། བསྟན་བཅོས་འདིར། བུ་སྟོན་རིན་པོ་ཆེས། རྒྱ་གར་ན་འགྲེལ་པ་བརྒྱ་རྩ་བརྒྱད་ཡོད་པར་གྲགས་ཀྱང་། བོད་དུ་བསྒྱུར་པ་བརྒྱད་ཙམ་བཞུགས་ཡོད་པར་གསུངས།
སྤྱོད་འཇུག་ཆེན་མོར་རྒྱ་འགྲེལ་ཇི་ཙམ་ཡོད་མེད་ལྟ་བ།
དེང་སང་བསྟན་འགྱུར་དེབ་གཟུགས། དབུ་མ།༼ལ༽ ༼༡༢༠༽ནང་། སྤྱོད་འཇུག་རྩ་བ་དང་། ༡༽ དགེ་སློང་མཁས་པ་ཤེས་རབ་འབྱུང་གནས་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ༢༽ སློབ་དཔོན་ཀྲྀཥྞས་(ནག་པ་བ་) མཛད་པའི་སྤྱོད་འཇུག་གི་རྣམ་པར་བཤད་པ། ༣༽ སློབ་དཔོན་དགེ་བའི་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ། དབུ་མ། ༼ཤ༽ ༼༡༢༡༽ ནང་གསལ། ༤༽ སློབ་དཔོན་ཀྲྀཥྞས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་གཏན་ལ་དབབ་པ། ༥༽ དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་མཁས་པ་ཆེན་པོ་དགེ་སློང་བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ༦༽ པཎྜི་ཏ་མི་མཉམ་ཁོལ་པོ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་ཤེས་རབ་ལེའུ་དཀའ་འགྲེལ། ༧༽ མཛད་བྱང་དང་འགྱུར་བྱང་མི་གསལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུ་དང་བསྔོ་བའི་ལེའུའི་དཀའ་འགྲེལ། ༨༽ གསེར་གླིང་གི་བླ་མ་ཆོས་སྐྱོང་གིས་བསྡུས་པའི་སུམ་ཅུ་རྩ་དྲུག་ཏུ་བསྡུས་པ། ༩༽ གསེར་གླིང་གི་བླ་མ་ཆོས་སྐྱོང་གིས་བསྡུས་པའི་སྤྱོད་པ་ལ་འཇུག་པའི་དོན་བཅུ་གཅིག་ཏུ་བསྡུས་པ། ༡༠༽ རྒྱ་གར་ཤར་ཕྱོགས་ཀྱི་ཛ་ག་ཏ་ལའི་བི་ཧཱ་རའི་པཎྜི་ཏ་ཆེན་པོ་ཤྲཱིབི་བྷཱུ་ཏི་ཙནྡྲས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་བ་ཁྱད་པར་གསལ་བྱེད། ༡༡༽ ཇོ་བོ་རྗེས་མཛད་པར་གྲགས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ་བཅས་སྣང་། །
དེ་ལྟར་ན། བརྒྱད་པ་དང་དགུ་པ་གཉིས་ནི། གསེར་གླིང་གི་བླ་མ་ཆོས་སྐྱོང་གིས་བསྡུས་པར་གསུངས་ཏེ། གསེར་གླིང་གི་བླ་མ་ཆོས་སྐྱོང་དང་གསེར་གླིང་གི་བླ་མ་ཆོས་གྲགས་གཉིས་གང་ཟག་གཅིག་ཡིན་མིན་བརྟག་དགོས། གང་ལྟར་གསེར་གླིང་གི་བླ་མ་ཆོས་སྐྱོང་ལ་གུས་པ་དང་ལྡན་པའི་སློབ་མ་ཀ་མ་ལ་རཀྵི་ཏ་དང་དཱི་པཾ་ཀ་རས་གསོལ་བ་བཏབ་ནས་སྤྱོད་པ་ལ་འཇུག་པའི་དོན་གཙོ་བོའི་དོན་བཅུ་གཅིག་པ་ལས་ཕྱེ་བ་སུམ་ཅུ་རྩ་དྲུག་གི་དོན་བསྡུས་པ་ལོགས་སུ་བཀོད་པ་རྫོགས་སོ། །པཎྜི་ཏ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་དང་། ཡང་། སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་ཏུ་བསྡུས་པ་རྫོགས་སོ། །པཎྜི་ཏ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པ་གཉིས་སྣང་ཞིང་། དེ་གཉིས་ནི། སྤྱོད་འཇུག་གི་ནང་དོན་གཙོ་བོ་ཁག་ཅིག་བསྡུས་ནས་སྟོན་པའི་གཞུང་ཉུང་ངུ་རེར་སྣང་བས་སྤྱོད་འཇུག་གི་དོན་འགྲེལ་ཙམ་དུ་རུང་བར་སྣང་བས་སྤྱོད་འཇུག་གི་འགྲེལ་པར་བགྲངས་པ་ཡིན་སྙམ།
༡༢ ༽ ཡང་། ཇོ་བོ་རྗེས་མཛད་པའི་འགྲེལ་པ། མཛད་བྱང་དུ། [14]སྤྱོད་འཇུག་འཁོར་ལོ་ལྟ་བུ་ལམ་རྒྱུད་ལ་སྐྱེ་བའི་རིམ་པ་ལན་བཅུ་དགུར་འཁོར་བ་དྷི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ་ཞེས་པ་ཞིག་སྣང་བ་དེ་ཉིད་ཡིན་པ་འདྲ། དེར་བརྟེན། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། [15]“དེ་ཡང་འཕགས་ཡུལ་ལ་ཆ་བཞག་ན། སྤྱོད་འཇུག་གི་འགྲེལ་པ་རྒྱས་བསྡུས་མི་འདྲ་བ་བརྒྱ་ལྷག་ཡོད་ཅིང་། བསྟན་འགྱུར་ནང་ཁོ་ནར་བོད་སྐད་དུ་བསྒྱུར་བ་ཆ་ཚང་མིན་ལ་མ་ལྟོས་པར་བརྒྱད་ཙམ་ཡོད། དེ་ཡང་ཆ་ཚང་བ་བཞི་དང་མ་ཚང་བ་བཞི་ཡོད། ཆ་མ་ཚང་བ་དེ་དག་གི་ཁ་ཤས་ཤེས་རབ་ལེའུའི་འགྲེལ་པ་དང་། ཁ་ཤས་ལེའུ་དང་པོ་དང་གཉིས་པའི་འགྲེལ་པ་ཡིན་པར་མ་ཟད། དེ་དག་ལས་གཞན་བཞི་ནི། སྤྱོད་འཇུག་གི་དབུ་ནས་མཇུག་བར་གྱི་འགྲེལ་བཤད་རེད།” ཅེས་གསུངས་པའང་འདི་འདྲ་ལ་དགོངས་པ་ཡིན་ངེས་སྙམ། བོད་ཀྱི་མཁས་པས་སྤྱོད་འཇུག་ལ་འགྲེལ་པ་ག་ཚོད་མཛད་ཡོད་མེད་ནི་ཁོ་བོས་གཞན་དུ་བཤད་པ་ལས་ཤེས་པར་བྱའོ། །
ཆོས་བརྒྱུད་ཁག་གིས་གཞུང་གང་གི་སྟེང་ནས་སྤྱོད་འཇུག་ལ་འཆད་ཉན་མཛད་ཚུལ།
བོད་ཀྱི་འགྲེལ་པ་ལེགས་བཤད་རྨད་དུ་བྱུང་བ་མང་དུ་བྱོན་པ་དང་རིས་སུ་མ་མཆིས་པའི་བསྟན་པའི་བདག་པོར་གྱུར་པ་དག་གིས། གཞུང་འདི་ལ་འཆད་ཉན་མཛད་པའི་ཚེ། ས་སྐྱ་པ་རྣམས་ཀྱིས། རྗེ་བཙུན་བསོད་ནམས་རྩེ་མོའི་འགྲེལ་པ་དང་། སྔ་འགྱུར་རྙིང་མ་པ་རྣམས་ཀྱིས། [16] མཁན་ཆེན་གཞན་དགའ་འམ། གཞན་ཕན་སྣང་བའི་སྤྱོད་འཇུག་གི་མཆན་འགྲེལ་དང་འཇུ་མི་ཕམ་པས་ཤེར་ལེའུའི་འགྲེལ་བ་ནོར་བུ་ཀེ་ཏ་ཀ་དང་། བཀའ་བརྒྱུད་པ་རྣམས་ཀྱིས་དཔའ་པོ་གཙུག་ལག་ཕྲེང་བའི་(༡༥༠༤–༡༥༦༤~༡༥༦༦) སྤྱོད་འཇུག་གི་འགྲེལ་པ་དང་། ཀུན་མཁྱེན་པདྨ་དཀར་པོའི་འགྲེལ་པ་དབུ་མའི་ལམ་གྱི་སྒྲོན་མ་དང་། གཞན་ཡང་། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོའི་སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། རི་བོ་དགེ་ལུགས་པ་རྣམས་ཀྱིས། རྒྱལ་ཚབ་དར་མ་རིན་ཆེན་གྱི་སྤྱོད་འཇུག་དར་ཊཱིཀ་གཙོ་བོར་བཟུང་ནས་ཐེག་པ་ཆེན་པོའི་ཟབ་རྒྱས་ལམ་གྱི་རིམ་པ་ལུང་དང་རིགས་པའི་ལམ་ནས་གཏན་ལ་འབེབས་ཤིང་། ཞལ་གདམས་ཕྱག་ལེན་གྱི་རིམ་པ་ཐུན་མོང་མ་ཡིན་པ། གདུལ་བྱ་རྣམས་ཐེག་པ་ཆེན་པོའི་ལམ་ལ་བཀྲི་བའི་ཐབས་མཁས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་བཞུགས་པ་ནི་སྨོས་མ་དགོས་སོ། །ཡང་། ༸གོང་ས་མཆོག་ནས། [17]“ངོས་རང་ལ་ཁུ་ནུ་བླ་མ་རིན་པོ་ཆེ་མཆོག་གི་མདུན་ནས་སྤྱོད་འཇུག་གི་ཁྲིད་རྒྱུན་ཐོབ་པའི་སྐབས་སུ། ཁོང་གིས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སློབ་མ་མི་ཉག་ཀུན་བཟང་བསོད་ནམས་ཐུབ་བསྟན་ཆོས་ཀྱི་གྲགས་པས་མཛད་པའི་ཕུལ་དུ་བྱུང་བའི་འགྲེལ་པ་དེ་ཡང་ཡང་གསུངས་སོང་།” ཞེས་སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་ལ་༸གོང་ས་མཆོག་གིས་གཙོས་པའི་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་༸རྗེ་ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་དབུས་པས་སྔ་ཕྱིའི་མཁས་པ་མང་པོས་བསྔགས་བརྗོད་ཡང་ཡང་མཛད་པས་ཐུགས་སྣང་ངེས་ཅན་དུ་གནང་དགོས་པ་ཞིག་ཡིན།
དུས་རབས་ཉི་ཤུ་པའམ་ཉེར་གཅིག་པར་༸གོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས། དུས་རབས་ཉི་ཤུ་པའི་རྒྱལ་སྲས་ཞི་བ་ལྷ་ཞེས་མཚན་བསྟོད་གནང་བ། ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་མཆོག་གི་སྤྱོད་འཇུག་འཆད་ཐབས་ཀྱི་མན་ངག་གིས་བརྒྱན་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཐེངས་ ༨༢ ཙམ་གནང་སྟེ། འཛམ་གླིང་གང་སར་སྤྱོད་འཇུག་གི་བསྟན་པ་རྒྱ་ཆེར་སྤེལ།
ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ནི། རྒྱ་གར་ནུབ་ཕྱོགས་ཁུ་ནུའི་ཡུལ་སུས་རྣམ་ཞེས་པར། ཡབ་ཀ་ལན་པུར་ཞེས་པ་དང༌། ཡུམ་ནོར་སྐྱིད་གཉིས་ཀྱི་སྲས་སུ། ཕྱི་ལོ་ (༡༨༩༥) ལོར་འཁྲུངས། དགུང་ལོ་བདུན་ལ་ཞང་པོ་བླ་མའི་མདུན་ནས་ཡིག་རིགས་སྦྱངས་བརྩོན་གནང༌། བཅོ་ལྔ་པ་ལ་མངའ་རིས་ཆོས་གླིང་གྲྭ་ཚང་དུ་ཞུགས། དེར་ལོ་ཕྱེད་གསུམ་ཙམ་སློབ་གཉེར་མཛད་ནས་བཞུགས། བཅུ་དགུ་ལ་ཐོས་བསམ་དོན་གཉེར་གྱི་ཐུགས་འདུན་དྲག་པོས་བསྐུལ་ཏེ། ཐོག་མར་འབྲས་ལྗོངས་སུ་དགེ་བཤེས་ཨོ་རྒྱན་བསྟན་འཛིན་བསྟེན་ནས། ལོ་གསུམ་ཙམ་ལ་དབྱངས་ཅན་སྒྲ་མདོ་དང་ཙནྡྲ་པ་སོགས་ལེགས་སྦྱར་དང་དག་ཡིག་དང་སྙན་ངག་སྐོར་གསན་སྦྱངས་གནང༌། བར་སྐབས་ཤིག་ལ་ཝཱ་རཱ་ཎ་སཱིར་པཎྜི་ཏ་དེ་བ་ཎཱ་ར་ཡཎ་ཏྲི་པཱ་ཋཱི་ཞེས་པའི་མདུན་ནས་ཀྱང་སྒྲ་པཱ་ཎི་སོགས་དཔྱིས་ཕྱིན་པར་སྦྱངས། ཆོས་ཕྱིར་དཀའ་སྤྱད་བཟོད་པ་ཆེན་པོའི་སྒོ་ནས་བོད་དུ་བྱོན་ནས། བཀྲ་ཤིས་ལྷུན་པོར་པཎ་ཆེན་ཡོངས་འཛིན་མདུན་དགེ་ཚུལ་བསྒྲུབས་ཤིང༌། ཚད་མ་སོགས་གསན་སྦྱངས་མཛད། རིམ་གྱིས་ཁམས་སུ་བྱོན་ནས་ཀཿཐོག་སི་ཏུ་དང༌། ཁྱད་པར་མཁན་ཆེན་གཞན་དགའ་རིན་པོ་ཆེ་བསྟེན་ཏེ། གཞུང་ཆེན་བཅུ་གསུམ་ཕལ་མོ་ཆེའི་བཤད་ཁྲིད། གཞན་ཡང་། མཁན་ཆེན་ཀུན་བཟང་དཔལ་ལྡན། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་སྐབས་དེར་གྲགས་པའི་གསར་རྙིང་མཁས་གྲུབ་ཕལ་མོ་ཆེ་ལ་གཏུགས་ནས། རྫོགས་ཆེན་སྙིང་ཐིག་གིས་མཚོན་པའི་བཀའ་གཏེར་དབང་ལུང༌། ལྷག་པར་བྱང་ཆུབ་སེམས་ཀྱི་མན་ངག་ཨ་བུའི་གསུང་རྒྱུན་ཅན་གྱི་སྤྱོད་འཇུག་གི་ཁྲིད་སོགས་ཟབ་ཆོས་མང་པོ་གསན་བསམ་མཛད། ཞེ་གསུམ་པ་ལ་ཕ་ཡུལ་ཁུ་ནུར་ཕེབས། ཕྱོགས་དེར་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན་བྱ་བྲལ་གྱི་རྒྱལ་པོར་བཞུགས་ནས་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་མཐིལ་དུ་མཛད། བར་སྐབས་ཤིག་ལ་ཝཱ་རཱ་ཎ་སཱིར་གཞུང་ཕྱོགས་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོ་བཙུགས་པའི་དགེ་རྒན་དུ་གདན་དྲངས་ནས། སྒྲ་སྙན་ངག་སྐར་རྩིས་སོགས་རིག་གནས་ཀུན་ཆགས་ཐོགས་མེད་པར་འཆད་ཁྲིད་མཛད་པས། དེར་བཞུགས་དགེ་བཤེས་བླ་སྤྲུལ་མཁན་པོ་ཀུན་གྱིས་གཙུག་ཏུ་བཀུར། གཞན་ཡང་། མཚོ་པདྨར་ཕེབས་ནས་སྙིང་ཐིག་སྐོར། མུ་ན་ལི་ཅི་ཊ་རི་ལ་འབྲུག་ལུགས་སྐོར། གར་ཞ་དཀར་དྭངས་དགོན་པར་རོ་སྙོམས་སྐོར་དྲུག་སོགས་གསུངས་པས་མཚོན། འབྲུག་འབྲས་ལྗོངས། བོད་བལ་ཡུལ། རྒྱ་གར་ཤར་ནུབ་སོགས་རིས་སུ་མ་ཆད་པའི་བླ་ཆེན་མི་ཆེན། སྐྱ་སེར་ཕོ་མོ་སོགས་ལ་གང་ལ་གང་འདོད་ཀྱི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར། མཐར་གར་ཞ་ཤ་ཤུར་གླིང་དུ་ཕེབས་ནས་དྭགས་པོའི་ཐར་རྒྱན་ཁྲིད་ནས་ཆོས་ཐུན་ཚུགས་བཞིན་པའི་མུར། དགུང་ལོ་གྱ་གསུམ་པ་མེ་སྦྲུལ་(༡༩༧༧) ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གཉིས་དང་ཕྱི་ཟླ་ ༢ ཚེས་ ༢༠ ཉིན་ག་ཞ་སྐྱིད་ལུང་དུ་ཞི་བར་གཤེགས་སྐབས་རྣམ་གྲྭ་དང་རྒྱུད་གྲྭའི་རབ་གནས་འདུས་ཚོགས་བཅས་ནས་དགོངས་རྫོགས་མཆོད་འབུལ་དང་འབྲེལ་༸གོང་ས་མཆོག་ནས་བཀའ་སློབ་ཀྱང་ཕེབས། སྐུ་གདུང་མཆོད་རྟེན་ཡང་དེར་བཞེངས་སོ། །
མཁན་པོ་གཞན་དགའ་རིན་པོ་ཆེ་ནི། རྫ་ཆུའི་སྟོད་རྒྱུད་འཇའ་ཐང་ཕྱོགས་སུ་ཆགས་པའི་ཁ་ནར་རམ་མཁར་ནང་ཞེས་པའི་འབྲོག་སྡེར་རྒྱ་ཀོང་དཔོན་ཚང་གི་ཁྱིམ་དུ། ཡབ་རྒྱ་ཀོང་དཀོན་མཆོག་རྣམ་རྒྱལ་གྱི་སྲས་སུ་ཕྱི་ལོ་ ༡༨༧༡ ལོར་སྐུ་འཁྲུངས། ཕྱི་ལོ་ ༡༨༨༨ ལོར་རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་མཇལ་ནས་གཙུག་ཕུད་ཕུལ་ཞིང་གྲྭ་ཆས་བྱས། ཐོག་མར་དགེ་མང་རི་ཁྲོད་དུ་ཕེབས་ནས་ཡི་གེ་འབྲི་ཀློག་ནས་དབུ་བཙུགས་ཏེ། ཐོས་བསམ་ལ་བརྩོན་པ་ལྷོད་མེད་གནང། དགེ་མང་དབོན་པོ་ཨོ་རྒྱན་བསྟན་འཛིན་རྩ་བའི་བླ་མར་བསྟེན་ནས། རིམ་བཞིན་སོར་བྱང་སྔགས་གསུམ་གྱི་སྡོམ་པ་མནོས་ནས་མཚན་ལ་གཞན་ཕན་ཆོས་ཀྱི་སྣང་བ་ཞེས་གསོལ། དབོན་པོ་བསྟན་འཛིན་ནོར་བུས་ཁོང་གི་ཁུ་བོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད། གཞན་དགའ་ཁོང་ངའི་རྩར་ཡོང་དུས་རྒྱལ་སྲས་གཞན་ཕན་མཐའ་ཡས་སླེབས་སོང་སྙམ་པའི་ཚོར་སྣང་བྱུང་ཞེས་གསུངས་པ་དང། དབྱངས་ཅན་མའི་མཚམས་ལ་བཞུགས་ནས་ཞལ་དངོས་སུ་གཟིགས། རོང་ཟོམ་མ་ཧཱ་པཎྚི་ཏའི་གསུང་འབུམ། ཀུན་མཁྱེན་ཀློང་ཆེན་པའི་གསུང། ཇོ་འབྲོམ་ཡབ་སྲས། ས་པཎ་དང་རྗེ་ཙོང་ཁ་པའི་གསུང། མངའ་པཎ་དང་ལོ་ཆེན་དྷརྨ་ཤྲཱིའི་གསུང་འབུམ། རྒྱལ་བའི་བཀའ་དང་བསྟན་འགྱུར། དེ་མཚུངས་ཐུན་མོང་སྒྲ་དང་ཚད་མ། བཟོ་དང་གསོ་བ། རྩིས་དཀར་ནག །བརྡ་དག་སྙན་གསུམ་སོགས་སྦྱངས་བརྩོན་ལེགས་པར་མཛད་ནས་མདོ་སྔགས་དཀའ་གནད་གང་ནས་དྲིས་ཀྱང། ཕྱག་དཔེ་བསྐྱར་གཟིགས་སོགས་མི་དགོས་པར་ཤོག་ལྡེབ་ཐིག་ཕྲེང་ཚུན་ཆད་མ་ནོར་བར་ཐུགས་ཐོག་ནས་ཤར་མར་གསུངས་པས་གཞུང་ལུགས་རབ་འབྱམས་ལ་མཁས་པར་གྱུར། མདོ་འགག་རེེར་སླེབས་དུས་གནད་གཅིག་ཏུ་བབས་འདུག་གསུངས་པ་སོགས་གྲུབ་མཐའ་ཀུན་འགལ་མེད་དུ་ལྟ་བའི་བབས་སོ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཐུབ་པའི་ཁྱད་ཆོས་མངའ་བ་ཡིན།
ཁོང་ལ་ཞལ་སློབ་ཧ་ཅང་མང་ཞིང་། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཁུ་ནུ་བླ་མ་བསྟན་འཛིན་རྒྱ་མཚོ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། དཀར་མཛེས་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས། ས་སྐྱའི་མཁན་ཆེན་ཐུབ་བསྟན་བྱང་ཆུབ། དཀར་མཛེས་སྤང་རི་སྣ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་སོགས་དམ་པ་འདིའི་གསུང་གི་བདུད་རྩི་མནོས་པའི་ཞལ་སློབ་བསམ་གྱིས་མི་ཁྱབ་པ་བྱུང་།
ཕྱི་ལོ་ ༡༩༠༢ ལོར་མདོ་ཁམས་རྫོགས་ཆེན་ཤྲཱི་སེངྷའི་བཤད་གྲྭར་རྫོགས་ཆེན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བཀས་བསྐུལ་བ་བཞིན་དབོན་ཨོ་རྒྱན་བསྟན་འཛིན་དང་རྫ་དཔལ་སྤྲུལ་སོགས་ཀྱི་ཐུན་མོང་མ་ཡིན་པའི་གདམས་ངག་གི་འཆད་ཐབས་ལ་བརྟེན་ནས། སྤྱོད་འཇུག་ཆེན་མོ་འཕགས་བོད་མཁས་གྲུབ་རྣམས་ཀྱིས་བརྩམས་པའི་གཞུང་འགྲེལ་གསུམ་སྦྲགས་དང་བཞི་སྦྲགས་མཛད་ནས་ཡང་ནས་ཡང་དུ་འཆད་སྤེལ་མཛད། ཕྱི་ལོ་ ༡༩༢༧ ལོར་རི་ཁྲོད་དེར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད།

ཨོ་རྒྱན་བསྟན་འཛིན་ནོར་བུ་ནི། ཆོས་རྗེ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་དངོས་སློབ་རང་མཁས་ཀྱི་སློབ་མ་བཞིར་གྲགས་པའི་ཡ་གྱལ་ཏེ། བཤད་པ་རང་ལས་ལྷག་པ་ཨོ་རྒྱན་བསྟན་འཛིན་ནོར་བུ་ཞེས་གྲགས་པ་ཡིན། མདོ་ཁམས་རྫ་རྒྱུད་དགེ་མང་སྐམ་ཆུང་ལུང་པར་ཡབ་དགེ་རྩེ་བསོད་ནམས་དར་རྒྱས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་གླང་ཕྱི་ལོ་ ༡༨༤༡ ལོར་འཁྲུངས། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་བདག་གཉེར་ངང་སྐུ་ནར་སོན།
དགུང་གྲངས་བཅུ་གསུམ་པར་བླ་མ་ཐུབ་བསྟན་ལས་རབ་ཏུ་བྱུང་། དགུང་གྲངས་བཅོ་ལྔའི་སྐབས་རྒྱལ་སྲས་གཞན་ཕན་མཐའ་ཡས་སྐུ་གཤེགས་སྐབས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་ལྟར་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་། མི་འགྱུར་ནམ་མཁའི་རྡོ་རྗེ་ལས་ཟབ་ཆོས་རྣམས་མནོག་ཆོས་སུ་གསན་ཞིང་། དོན་གྱི་བརྒྱུད་འཛིན་དུ་མངའ་གསོལ། མཁན་ཆེན་པདྨ་བཛྲ་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གཏེར་ཆེན་མཆོག་གྱུར་གླིང་པ། སྨྱོ་ཤུལ་ལུང་རྟོགས་སོགས་ཀྱི་མདུན་ཉེ་བརྒྱུད་ཀྱི་གདམས་པ་ཡོངས་སུ་གསན། ཁྱད་པར་དུ་དཔལ་སྤྲུལ་རིན་པོ་ཆེ་ལས་མདོ་སྔགས་ཆོས་ཚུལ་མཐར་ཆགས་ཞིབ་རྒྱས་སུ་གསན་པས། ཁོང་རང་ལས་ལྷག་པའི་ཐུགས་སྲས་བཞིའི་ནང་ཚན་དུ་གྲགས། ཁོང་གི་ཉམས་ལེན་དང་མཛད་པ་ནི། ཁྱད་པར་དུ་མི་ལོ་བཅུ་གཉིས་སུ་བྱང་ཆུབ་སེམས་ཀྱི་གཞི་བཟུང་ཞིང་། ཁྲེགས་ཆོད་ཐོད་རྒལ་གྱི་གཞུང་བསྲིངས་ཏེ་བསྒོམས་པས་སྣང་བཞིའི་ཡེ་ཤེས་མཐའ་རུ་ཕྱིན་ཅིང་། ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་རྫོགས་པས། ཆོས་གཏེར་འབུམ་ཕྲག་ཐུགས་ལས་བརྡོལ་བ་དང་། གུ་རུ་རིན་པོ་ཆེ་སོགས་ལྷག་པའི་ལྷ་ཡི་ཞལ་གཟིགས་ལུང་བསྟན་ཐོབ། སྐུ་ཚེའི་སྨད་ཙམ་ལ་གྲུབ་དབང་ལྔ་པའི་བཀའ་ལྟར། ཤྲཱི་སེང་ཆོས་གྲྭར་ཕེབས་ཏེ་གཞུང་ཆེན་ཁག་གདམས་ཁྲིད་སྩལ། སྐུ་ཚེ་གང་བོར་རྫོགས་ཆེན་རི་ཁྲོད་དང་། དགེ་མང་རི་ཁྲོད་བཅས་སུ་བཞུགས་ནས་ཐུན་མཚམས་སུ་འཁོར་སློབ་ཚོར་གསུང་ཆོས་གང་མང་གནང་། ཁོང་གི་གསུང་རྩོམ་ནི། བྱམས་ཆོས་སྡེ་ལྔའི་མཆན་འགྲེལ། སེམས་ཉིད་ངལ་གསོ་དང་། སྡོམ་གསུམ། བཤེས་སྤྲིངས། དཀོན་མཆོག་རྗེས་དྲན་སོགས་ལ་ཕྱག་མཆན་ཞལ་གསལ་བ། བདེ་སྨོན་སྤྱི་བཤད་ས་བཅད། ཞལ་གདམས་གསུང་མགུར་སོགས་སྣ་ཚོགས་བཞུགས། ཁོང་གི་སློབ་མ་ནི། བཤད་པའི་བཀའ་བབ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཞན་ཕན་ཆོས་ཀྱི་སྣང་བ་དང་། སྒྲུབ་པའི་བཀའ་བབ་སྡེ་དགེའི་བླ་མ་ཀུན་དགའ་དཔལ་ལྡན་ཏེ། བཤད་སྒྲུབ་ཀྱི་བཀའ་བབ་གཉིས་དང་། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ཀཿཐོག་སི་ཏུ། གཏུག་རྒྱའི་སྒྲ་དབྱངས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དུ་མ་བྱོན། མཐར་ཁོང་གི་སྐུ་ཚེ་ནི་མཐར་ཕྱིན་པ་སྟེ། དགུང་གྲངས་དྲུག་ཅུ་བཞེས་པ་ཕྱི་ལོ་ ༡༩༠༠ ལོར་སྐུ་གཤེགས། ཁུ་ནུ་བླ་མ་བྱང་སེམས་བསྟན་འཛིན་རྒྱལ་མཚན་མཆོག་གིས་བླ་མ་ཨོ་རྒྱན་བསྟན་འཛིན་ནོར་བུ་ལས་མདོ་སྔགས་རིག་གནས་དང་། ཁྱད་པར་དུ་རྫོགས་ཆེན་གྱི་གདམས་པ་མཐར་ཕྱིན་པ་གསན།
ཁྲིད་རྒྱུན་གྱི་རྣམ་དབྱེ།
ཁྲིད་རྒྱུན་ཞེས་པའི་ཁྲིད་ལ། དམར་ཁྲིད་དང་མཛུབ་ཁྲིད། བཤད་ཁྲིད། ཉམས་ཁྲིད་དང་མྱོང་ཁྲིད་སོགས་ཡོད་ཅིང་། བཤད་ཁྲིད་ཅེས་པ་ནི། ཚིག་གི་འབྲུ་གཉེར་ཏེ་སྤྲོས་བཤད་རྒྱས་པར་བྱེད་པ་ལ་ཟེར། དམར་ཁྲིད་ཅེས་པ་ནི། སྨན་པ་མཁས་པས་རང་གི་སློབ་མ་ལ་རོ་དམར་པོ་ཁ་ཕྱེ་ནས་དོན་ལྔ་སྣོད་དྲུག་དང་རྩ་ཡི་ཆགས་ཚུལ་སོགས་དམར་རྗེན་དུ་ངོ་སྤྲོད་པ་ལྟར། ཚིག་གི་སྤྲོས་བཤད་མི་བྱེད་པར་ཚིག་དང་དཔེ་ཆ་ལ་ལྟོས་པ་མེད་པར་ཉམས་ལེན་གྱི་གནད་འགག་མ་སྦས་པར་མན་ངག་གི་སྙིང་པོ་དམར་བཅངས་སུ་འདོམས་པ་ལ་ཟེར། ཉམས་ཁྲིད་ཅེས་པ་ནི། བླ་མས་ཉམས་མྱོང་གི་ཐོག་ནས་སློབ་མའི་རྒྱུད་ཐོག་ལ་གང་ཁེལ་དུ་འཆད་པ་ལ་ཟེར། མྱོང་ཁྲིད་ཅེས་པ་ནི། སློབ་མ་སྒྲུབ་ཁང་གི་ཉེ་སྐོར་ཕན་ཚུན་དུ་བཞག་ནས་དམིགས་སྐོར་རེ་རེ་བསྟན་ཅིང་དེའི་མྱོང་བ་མ་སྐྱེས་ཀྱི་བར་དུ་དམིགས་སྐོར་ཕྱི་མ་མི་སྟོན་པར་སྒོམ་དུ་བཅུག །དེ་སྐྱེས་པ་ན་དམིགས་སྐོར་ཕྱི་མ་སྟོན་པ་ལ་ཟེར། སློབ་མའི་མྱོང་བ་དང་སྦྱར་ནས་གེགས་སེལ་བོགས་འབོན་སོགས་ཐད་ཀ་ཐད་ཀར་ངོ་སྤྲད་ནས་ཁྲིད་པ་ལ་ཟེར་ཞིང་། འདི་ལའང་ཡིད་འགྱུར་གྱི་མྱོང་བ་དང་རྩོལ་བཅས་ཀྱི་མྱོང་བ། རྩོལ་མེད་ཀྱི་མྱོང་བ་གསུམ་ཡོད།
ཡང་། བཀླགས་ལུང་དང་སྦྲགས་ནས་བཤད་པ་དང་ཁྲིད་པའི་བཤད་ལུང་དང་ལུང་ཁྲིད། ཡང་། ལུང་རྒྱུན་ཡོད་མེད་ལ་ལྟོས་པ་མེད་པར་ཚིག་དང་དཔེ་ཆ་ལ་བརྟེན་ནས་དོན་གྱི་ཁྲིད་བྱས་པའི་བཤད་ཁྲིད་སོགས་ཡོད། ཨ་ཁུ་ཤེས་རབ་རྒྱ་མཚོས།[18] དམར་ཁྲིད་ཅེས་པ་སྨན་པ་མཁས་པས་སློབ་མ་ལ་མི་རོ་དམར་པོ་ཁ་ཕྱེ་ནས་རྩ་ཡི་ཆགས་ཚུལ་སྟོན་པ་ལྟར། ཚིག་དང་དཔེ་ཆ་ལ་ལྟོས་པ་མེད་པར་ཉམས་ལེན་གྱི་གནད་མ་སྦས་པར་དམར་བྱིན་(རྗེན་) བྱས་ནས་ཁྲིད་པ་ལ་ཟེར། སྤྱིར་ཁྲིད་ལ་དམར་ཁྲིད། མཛུབ་ཁྲིད། བཀླག་ལུང་དང་སྦྲགས་ནས་བཤད་པ་དང་ཁྲིད་པའི་བཤད་ལུང་དང་ལུང་ཁྲིད། ལུང་ལ་ལྟོས་པ་མེད་པར་ཚིག་དང་དཔེ་ཆ་ལ་བསྟེན་ནས་དོན་གྱི་ཁྲིད་བྱས་པའི་བཤད་ཁྲིད། ཉམས་ལེན་དང་སྦྱར་ནས་ཁྲིད་པའི་ཉམས་ཁྲིད། སློང་མའི་མྱོང་བ་དང་སྦྱར་ནས་གེགས་སེལ་བོགས་འདོན་སོགས་ཐད་ཀ་ཐད་ཀར་ངོ་སྤྲད་ནས་ཁྲིད་པའི་མྱོང་ཁྲིད། འདི་ལའང་ཡིད་འགྱུར་གྱི་མྱོང་བ། རྩོལ་བྱས་ཀྱི་མྱོང་བ། རྩོལ་མེད་ཀྱི་མྱོང་བ་གསུམ་ཡོད་གསུངས།
[19]“ྋགོང་ས་མཆོག་ལ་མགོན་པོ་གང་ཉིད་ཀྱི་དྲུང་ནས་སྤྱོད་འཇུག་གི་ཁྲིད་གཅིག་ཐོབ་ན། དུས་གཞན་དུ་སྩལ་བ་རྣམས་ཕྱོགས་སྒྲིག་བྱས་པའི་ཕྱག་དཔེ་དེའི་ཁྲིད་ཐོབ་པའི་གོ་ཆོད་དམ་ལགས། ཞེས་དྲིས་པའི་ལན་དུ། དེ་ནི་ཕྱག་ལེན་དོག་མཐའ་འདྲ་བོ་བྱས་ན་ནི། དཔེ་ཆ་ཁོ་རང་ཁྲིད་དགོས། དོག་མཐའ་ཅང་མིན་ན་ནི། སྤྱི་ཡོངས་ནས་སྤྱོད་འཇུག་གཅིག་བཤད་ཚར་དུས་ཁྲིད་ཐོབ་པར་བརྩི་ཆོག་གི་རེད།” ཅེས་གསུངས།
སྤྱོད་འཇུག་ཆེན་མོའི་བཤད་ལུང་གི་བརྒྱུད་རིམ།
འདིའི་གདམས་པ་ནི། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ནས་རྗེ་བཙུན་འཇམ་པའི་དབྱངས་དང་དེ་ནས་རྒྱལ་སྲས་ཞི་བ་ལྟ་ལ་ཉེ་བརྒྱུད་དུ་བྱུང་བ་ཞིག་ཡིན། གདམས་པ་འདི་ཉམས་སུ་བླངས་པས་བྱང་ཆུབ་ཀྱི་སེམས་ཐུགས་ལ་མངའ་ཞིང་། ནཱ་ལེནྡྲ་རང་ལ་གཞུང་འདི་འཆད་ཉན་གནང་སྐབས། ལྷག་པར་ཕྱིས་སུ་ནཱ་ལེནྡྲར་བཞུགས་པའི་གཟུངས་ཐོབ་པའི་སློབ་དཔོན་གཉིས་ལ་ཆེད་མངགས་བསླབ་པ་ཀུན་ལས་བཏུས་པ་དང་། མདོ་ཀུན་ལས་བཏུས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་ཀྱི་ལུང་ཁྲིད་ཐུགས་ཐོག་ནས་ཤར་མར་གནང་བ་དང་། དེ་དག་རིམ་པར་བརྒྱུད་དེ་རྫ་དཔལ་སྤྲུལ་རིན་པོ་ཆེའི་བར་དུ་བྱུང་ཚུལ་ནི། བླ་མ་དེ་ཉིད་ཀྱིས་མཛད་པའི་སྤྱོད་འཇུག་གི་བརྒྱུད་འདེབས་ལྟར་ཏེ། སྤྱོད་འཇུག་བརྒྱུད་པའི་གསོལ་འདེབས་བཞུགས། [20]སྟོན་མཆོག་ལྷ་མིའི་བླ་མ་ཤཱཀྱའི་གཙོ། །རྒྱལ་སྲས་འཇམ་དཔལ་དབྱངས་དང་ཞི་བ་ལྷ། །ཛེ་ཏཱ་རི་དང་ཟླ་གྲགས་ཆུང་བའི་ཞབས། །ཇོ་བོ་གུ་ཎ་ཤྲཱི་ལ་གསོལ་བ་འདེབས། །ཀཱ་ན་ཀ་ཤྲཱི་སུ་མ་ཏི་ཀིརྟི། །བློ་ལྡན་ཤེས་རབ་སློབ་དཔོན་ཇོ་བཙུན་པ། །མཁས་པ་བུ་སྟོན་ཐུགས་སྲས་ལོ་ཙཱ་བ། །གཡག་ཕྲུག་སངས་རྒྱས་དཔལ་ལ་གསོལ་བ་འདེབས། །སངས་རྒྱས་འཕེལ་དང་ཕྲིན་ལས་མི་བསྐྱོད་རྗེ། །དཀོན་མཆོག་འབྱུང་གནས་ཀརྨ་ཆགས་མེད་ཞབས། །གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་རྗེར། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །ནམ་མཁའ་འོད་གསལ་ཐེག་མཆོག་བསྟན་འཛིན་ཞབས། །བཀྲ་ཤིས་རྒྱ་མཚོ་རིག་འཛིན་བཟང་པོ་དང༌། །སེམས་དཔའ་ཆེན་པོ་པདྨ་བཀྲ་ཤིས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་དང༌། །འཇིགས་མེད་ངོ་མཚར་འཇིགས་མེད་ཆོས་ཀྱི་དབང་། །བྱང་ཆུབ་སེམས་ཀྱི་མངའ་བདག་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །ཚད་མེད་བཞི་ཡི་ཞིང་ས་གཤིན་པོ་ལ། །བྱང་ཆུབ་སེམས་ཀྱི་མྱུ་གུ་རབ་ཏུ་འཁྲུངས། །ཕྱིན་དྲུག་ལམ་གྱི་འབྲས་བཟང་ཆེར་སྨིན་ཏེ། །ཁམས་གསུམ་འགྲོ་བའི་ཉེར་འཚོའི་གཞིར་གྱུར་ཅིག །བདག་གཞན་མཉམ་ཉིད་རྟོགས་པའི་ཡེ་ཤེས་ཀྱིས། །བདག་དོན་གཉིས་འཛིན་འཆིང་བ་ཀུན་བཅད་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པ་དང་། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །ཞེས་པའང་དཔལ་སྤྲུལ་པས་སྨྲས་སོ། །དགེའོ།།

ཞེས་པ་ལྟར། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ནས་རྗེ་བཙུན་འཇམ་པའི་དབྱངས་དང་། དེ་ནས་རྒྱལ་སྲས་ཞི་བ་ལྷ། ([21] པཎྜི་ཏ་མི་བརྗེད་གཟུངས་ཐོབ།) བདུད་དཔུང་དགྲ་ལས་རྣམ་རྒྱལ་ཛེ་ཏ་རི་དང་། སློབ་དཔོན་ཟླ་གྲགས་ཆུང་བ། བྱང་ཆུབ་ལམ་སྒྲོན་མཛད་པ་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།།གུ་ཎ་ཤྲཱིའམ་ཀུ་ན་ཡ་ཤྲཱི། བལ་བོ་ཀ་ན་ཀ་ཤྲཱི། སུ་མ་ཏི་ཀིརྟི། རྔོག་བློ་ལྡན་ཤེས་རབ། སློབ་དཔོན་ཇོ་བཙུན་པ། བུ་སྟོན་རིན་ཆེན་གྲུབ།(༡༢༩༠–༡༣༦༤) ཁོང་གི་ཐུགས་སྲས་གསུམ་གྱི་ཡ་གྱལ་ཐུགས་སྲས་ལོ་ཙཱ་བའམ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ།(༡༣༡༨–༡༣༨༨) གཡག་ཕྲུག་སངས་རྒྱས་དཔལ། (༡༣༥༠–༡༤༡༤) རོང་སྟོན་སངས་རྒྱས་འཕེལ། འཕྲིན་ལས་མི་བསྐྱོད་རྡོ་རྗེ། དཀོན་མཆོག་འབྱུང་གནས། ཀརྨ་ཆགས་མེད་ཞབས། (༡༦༡༣–༡༦༧༨) གྲུབ་དབང་པདྨ་རིག་འཛིན་རྗེ།(༡༦༢༥-༡༦༩༧) ནམ་མཁའ་འོད་གསལ། (དུས་རབས་༡༧–༡༧༢༦) འགྱུར་མེད་ཐེག་མཆོག་བསྟན་འཛིན།(༡༦༩༩–༡༧༥༨) བཀའ་འགྱུར་བ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་བཟང་པོ། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས།(༡༨༠༠–༡༨༥༥) འཇིགས་མེད་ངོ་མཚར་དཔལ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།(༡༨༠༨–༡༨༨༧)[22] ཁོང་གིས་རྡོ་བླ་འཇིགས་མེད་སྐལ་བཟང་(༡༧༨༩–) དང་། འཇིགས་མེད་ངོ་མཚར། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་མདུན་ནས་སྤྱོད་འཇུག་གི་ལུང་ཁྲིད་ཀྱི་མན་ངག་རྣམས་ཞིབ་པར་གསན་པར་མ་ཟད། གསེར་ཐང་དང་། རྡོ་སྟོད་སྨད་ཀྱི་འདུས་སྡེ། རྫོགས་ཆེན་ཤྲཱི་ཆོས་སེང་ཆོས་གྲྭ། པདྨའི་ཐང་སོགས་སུ་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཡང་ཡང་གནང་། ལྷག་པར་ཁོང་གིས་རྫོགས་ཆེན་ཤྲཱི་ཆོས་སེང་ཆོས་གྲྭར་ལོ་རེར་ཆགས་མེད་དུ་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཟབ་རྒྱས་གནང་སྲོལ་བྱུང་ཞིང་། ཆོས་གྲྭ་དེར་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་གནང་ཐེངས་རེར་ཆོས་གྲྭའི་འགྲམ་དུ་མེ་ཏོག་སེར་ཆེན་འདབ་མ་སུམ་ཅུ་ཅན་དང་ལྔ་བཅུ་ཅན་མང་དུ་སྐྱེས་སྟབས། སྤྱོད་འཇུག་མེ་ཏོག་ཅན་གྲགས་པ་འདི་བྱུང་། ཕྱིས་སེར་ཤུལ་དགོན་དང་། ལབ་ཁྲི་འདུ་དགོན། ཆུ་ཧོར་དགོན་སོགས་ཀྱིས་མཚོན་རང་ཅག་རི་བོ་དགེ་ལྡན་པའི་དགོན་ཆེན་དག་ཏུའང་སྔ་ཕྱིར་ཕེབས་ནས་སྤྱོད་འཇུག་ཆེན་མོའི་བཤད་ཁྲིད་རྒྱ་ཆེར་གནང་སྟབས། རིམ་པས་སྤྱོད་འཇུག་མེ་ཏོག་མའི་ལུང་ཁྲིད་ཀྱི་རྒྱུན་དེ་རི་བོ་དགེ་ལྡན་པའི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་། རྫ་དཔལ་སྤྲུལ་རིན་པོ་ཆེ་ནས་བླ་མ་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན། མཁན་རིན་པོ་ཆེ་གཞན་ཕན་ཆོས་ཀྱི་སྣང་བ་(༡༨༧༡–༡༩༢༧) བར་བརྒྱུད་ཅིང་། དེ་ནས་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་བླ་མ་ཨོ་རྒྱན་བསྟན་འཛིན་གྱི་མདུན་ནས་རྒྱལ་སྲས་ཐོགས་མེད་ཀྱི་འགྲེལ་པ་ལེགས་བཤད་རྒྱ་མཚོ་ཆ་ཚང་། མཁན་པོ་ཀུན་དཔལ་(༡༨༦༢–༡༩༤༣) གྱི་མདུན་ནས་ཁོང་གིས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་པ་ཆ་ཚང་། བཀྲས་ལྷུན་དཀའ་ཆེན་སངས་རྒྱས་དཔལ་བཟང་གི་མདུན་ནས་ཤེས་རབ་ལེའུ་རྐྱང་པ་དར་ཊཱིཀ་སྟེང་ནས་ཞུས་འདུག །ཤེས་རབ་ལེའུ་དེ་ཉིད་དར་ཊཱིཀ་དང་མཐུན་པར་འཆད་པ་འདྲ་ཞིག་སྣང་བ་ནི། མི་ཉག་སྤྱོད་འཇུག་འགྲེལ་ཆེན་ལས། [23] “རྗེ་འདི་ཉིད་ཀྱིས་ཀྱང་གཞུང་འདི་ལ་གསན་བསམ་སྒོམ་པ་གནད་དུ་འགྲོ་བའི་སྒོ་ནས་ཆོས་དང་ཐུགས་རྒྱུད་འདྲེས་ཤིང་རྒྱལ་སྲས་སྤྱོད་པའི་ཉམས་ལེན་ཐམས་ཅད་ལག་ལེན་དུ་ཐེབས་པར་བྱས་ནས། སླར་གཞན་ལ་འདོམས་པར་མཛད་པ་ལགས་པས། ཁྲིད་རྒྱུན་འདི་ནི། བཤད་ལུང་ཙམ་མ་ཡིན་པར་གདམས་ངག་གི་འཁྲིད་ཚུལ་ཁྱད་པར་ཅན་གྱི་བརྒྱུད་པའོ། །བཀའ་འབངས་ཐ་ཤལ་བ་ཨ་བུས་ཀྱང་བླ་མ་ཉིད་ཀྱི་དྲུང་དུ་སྤྱིར་ཁྲིད་ལུང་མང་ཙམ་ཐོས་ཤིང་། ཁྱད་པར་སྤྱོད་འཇུག་གི་ཁྲིད་ཟླ་བ་གཉིས་རེ་ཙམ་གྱི་རིང་གསུང་བཤད་ཞིབ་རྒྱས་དང༌། ཁྲིད་སྐོར་རེ་རེ་ལའང་ལན་གསུམ་བཞི་རེ་ཡང་བསྐྱར་གནང་བ་དེ་འདྲ་ཁ་ཚང་ཚར་བཞི་དང་། ཆོས་ཐུན་ཐར་ཐོར་གྱི་ཚུལ་དུ་ཡང་ལན་འགའ་ཐོས་ལ། དེ་དག་གི་སྐབས་ཆོས་རྗེ་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་པའི་འགྲེལ་པ་གཞིར་བཞག་སྟེང་། འགྲེལ་པ་གཞན་འགའི་འཆད་ཚུལ་ཡང་ཅི་རིགས་དང་། ཤེར་ལེའི་སྐབས་སོགས་སུ་དར་ཊཱིཀ་ལྟར་གྱི་འཆད་ཚུལ་རྣམས་ཀྱང་དེ་བཞིན་དུ་ཤེས་ན་ལེགས་ཚུལ་བཅས་རེས་འགའ་གསུང་སྲོལ་ཡོད་པ་ལྟར། བདག་གིས་འདིར་ཡང་ཤེར་འབྱུང་གི་ཤེར་ཊིཀ་ཆེན་མོ། རྒྱལ་སྲས་རིན་པོ་ཆེའི་འགྲེལ་པ། དར་ཊིཀ་ཤེར་ལེའི་སྐབས་དེའི་ཟིན་བྲིས་ཆེ་ཆུང་། གཞན་ཡང་རྩ་ཤེ་རྩ་འགྲེལ་སོགས་རིགས་ཚོགས་སྐོར་མདོ་བཏུས། བཞི་བརྒྱ་པ་རྩ་འགྲེལ། བསླབ་བཏུས་སོགས་དབུ་མའི་གཞུང་མང་པོ་ལས་བཏུས་ཤིང་ཁྱད་པར་དབུ་མ་འཇུག་པ་རྩ་འགྲེལ་སྐོར་དང་བསྟུན་ནས། དེ་ཉིད་ཀྱི་སྤྱི་དོན་ལྟ་བུར་བྱས་ཀྱང་ཆོས་པའི་ཚུལ་དུ་བསྒྲིགས་པ་ལགས། སྤྱིར་ཁོ་བོས་ཀྱང་མཁས་ཤིང་གྲུབ་པ་བརྙེས་པའི་དགེ་བའི་བཤེས་གཉེན་དུ་མ་ཞིག་ལས་ཆོས་ཀྱི་བདུད་རྩི་ཐོབ་ཅིང་། དེ་ལྟ་བུའི་བཀའ་དྲིན་ཅན་གྱི་བླ་མ་དེ་དག་དང་། སྐྱེས་བུ་དམ་པ་གཞན་ཀུན་ཀྱང་རང་རང་གི་མཛད་པ་ཕྱག་རྗེས་ངོ་མཚར་ཅན་དུ་མའི་སྒོ་ནས་བསྟན་འགྲོའི་དོན་སྒྲུབ་པའི་ཁུར་ཆེན་འཁྱེར་བ་ལ་གཅིག་ལས་གཅིག་ལྷག་པ་ལྟ་བུ་འབའ་ཞིག་ཏུ་འདུག་པས་ཐམས་ཅད་ཀྱང་བཀའ་དྲིན་ཆེ་བ་ཤ་སྟག་ལགས།” ཞེས་གསུངས་པ་འདིས་ཟུར་ཙམ་ཤེས་སོ། །
[24]དེ་དུས་སྤྱོད་འཇུག་གི་འཆད་ཉན་ཧ་ཅང་རྒྱས་པ་ནི། དཔེར་ན། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་ལས།[25] “སྐབས་དོན་སྤྱོད་འཇུག་གི་ཁྲིད་རྒྱུན་འདིའི་དབང་དུ་བྱས་ན། རེད་མདའ་བའི་གསུང་ལས། “ང་དང་པོ་སློབ་གཉེར་བྱེད་དུས་སུ་ས་སྐྱ་སོགས་དབུ་མའི་དཔེ་ཆ་ཞིག་འདུག་ཟེར་ནས་ནོར་མི་ཆེར་བྱེད་འདུག །དེང་སང་དབུ་མའི་དཔེ་ཆ་ལ་རྩིས་སུ་བྱེད་པ་འདི་ཡང་ཁོ་བོས་བསྟན་པ་ལ་བྱ་བ་བྱས་པ་ཡིན་གསུངས་པ་དང་། མཁས་པ་ཆེན་པོ་ཀརྨ་པ་དཀོན་གཞོན་གྱིས་ཀྱང་། དེང་སང་གངས་རིའི་ཁྲོད་ན་མཁས་པ་དང་བླུན་པོ་ཀུན། ཁ་དབུ་མ་སྣ་དབུ་མ་ཟེར་བ་འདི་རེད་མདའ་བའི་དྲིན་ཡིན། དེ་གོང་དུ་ཐང་སག་ན་དབུ་མ་ཤི་རོ་ཞིག་འདུག་ཟེར། གཞན་ཡོད་པའི་ལབ་མ་ཐོས་གསུངས་པ་སོགས་ཀྱི་དཔེ་ལྟར། ད་ལྟ་ཐམས་ཅད་ཀྱི་ཁ་སྤྱོད་འཇུག །སྣ་སྤྱོད་འཇུག །སྤྱོད་འཇུག་བཤད་པ་ཡིན། ཉན་པ་ཡིན། སྤྱོད་འཇུག་མཆོད་པ་བྱེད་པ་ཡིན་ཟེར་བ་དང་། སྤྱོད་འཇུག་གི་དཔེ་ཆ་ལའང་ཐམས་ཅད་ཀྱིས་རྩིས་ཆེར་བྱེད་ཅིང་སྤར་ཤིང་ཡང་ཆེ་ཆུང་གསར་རྙིང་སྣ་ཚོགས་ཤིག་འཕེལ་བ་དང་། དེ་དག་ཏུ་མ་ཟད་གཞུང་འདིའི་འཆད་ཉན་དང་མཆོད་པ་སོགས་ཀྱི་སྐབས་ཚིག་བཞི་རེ་ཙམ་ཐོས་པ་དང་། ཕྱག་སྐོར། མེ་ཏོག །མར་མེ་སོགས་རེ་རེ་ཙམ་འབུལ་བ་ཡན་ཆད་ཀྱི་དགེ་རྩ་ལ་འཇུག་པ་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོ་འདི་ཉིད་ཀྱི་བཀའ་དྲིན་ལས་བྱུང་བ་ལགས་སོ། །” ཞེས་གསུངས་པ་ལྟར་ལགས།
༧གོང་ས་མཆོག་ནས་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ལས་སྤྱོད་འཇུག་གི་ཁྲིད་གསན་ཚུལ།
བདག་ཅག་གིས་བྱང་ཆུབ་སེམས་སྦྱོང་གི་གདམས་པའི་རྒྱལ་པོ་སྤྱོད་འཇུག་གི་ཁྲིད་གསན་ཁུངས་ནི། རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་ཡིན་ལ། རྗེ་བླ་མ་འདི་ཉིད་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག །སྙིགས་དུས་ཀྱི་སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་གསན་བཞེས་བཀའ་དྲིན་ཆེ་བ་ཇི་ལྟར་མཛད་པའི་ཚུལ་ནི། སྤྱིར་ཕྱི་ལོ་ ༡༩༥༩ ཟླ་ ༡༠ ཚེས་ ༣ ཉིན་མ་སུ་རིར་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཇལ་སྐབས། ྋགོང་ས་མཆོག་ནས་ཕྱག་དཔེ་ཁ་ཤས་ལེགས་སྦྱར་སཾསྐྲི་ཏའི་སྐད་དུ་བསྒྱུར་དགོས་པའི་བཀའ་མངགས་སྩལ་ཅིང་། ཚེས་ ༥ ཉིན་ཕྱག་དཔེ་ཕབ་བསྒྱུར་ཞུ་ཕྱོགས་བཀའ་སློབ་ཀྱང་སྩལ། ཡོངས་འཛིན་གླིང་རིན་པོ་ཆེ་བོད་དུ་བཞུགས་སྐབས། ཁུ་ནུ་བླ་མ་རིན་པོ་ཆེའི་མདུན་དུ་སུམ་རྟགས་དང་སྙན་ངག་གསན་བཞེས་མཛད་དེ་ཐུགས་འདྲིས་བྱུང་ཡོད་པ་དང་། རྒྱ་གར་དུ་མ་སུ་རིར་མཁས་པའི་དབང་པོ་བློ་གླིང་རྒན་པདྨ་རྒྱལ་མཚན་ནས་ཁུ་ནུ་བླ་མ་རིན་པོ་ཆེའི་མདུན་དུ་སྙན་ངག་འཆད་ཉན་སྐབས། ཁུ་ནུ་བླ་མ་རིན་པོ་ཆེས་དཔེར་བརྗོད་རྣམས་རྣམ་འགྲེལ་དང་དབུ་མའི་གཞུང་དང་སྦྱར་ནས་གནང་བས། ཕྱིས་རྒན་པདྨ་རྒྱལ་མཚན་ནས་གསེར་ཀོང་མཚན་ཞབས་རིན་པོ་ཆེར་ཁུ་ནུ་བླ་མ་རིན་པོ་ཆེ་ཁོང་དབུ་ཚད་ཀྱི་གཞུང་ལ་མཁས་པ་ཆེན་པོ་རེད་འདུག་ཅེས་བསྔགས་པ་གནང་བ། གསེར་ཀོང་མཚན་ཞབས་རིན་པོ་ཆེ་ནས་རྗེ་བླ་མ་རྒྱལ་བ་ཐམས་ཅད་མཁྱེན་པའི་སྙན་དུ་གསོལ་བ་དང་། རྗེ་བླ་མ་ཉིད་ནས་ཀྱང་ཉིན་ཞིག་ཁུ་ནུ་བླ་མ་རིན་པོ་ཆེས་མཛད་པའི་བྱང་ཆུབ་སེམས་བསྟོད་དེ་གཟིགས་པ་ན། ཐུགས་རང་དབང་མེད་པར་ཕྲོག་སྟེ་ཆོས་འབྲེལ་གྱི་ཐུགས་བཞེད་བྱུང་ཞིང་། མཁན་ཆེན་རྡོ་རྗེ་འཆང་ཡོངས་འཛིན་གླིང་རིན་པོ་ཆེར་དེ་དོན་དགོངས་སྐོར་ཞུས་པ་ན། ཆོས་འབྲེལ་གནང་བཞེད་ཤིན་ཏུ་ལེགས་ཞེས་བཀའ་ཡི་གནང་བ་འཁྲོལ་བས། [26]ཕྱི་ལོ་༡༩༦༥ ཟླ་ ༡༠ ཚེས་ ༢༣ ཉིན་མ་སུ་རིར་ཐོག་མའི་ཆོས་འབྲེལ་དུ་ཉིད་ཀྱིས་མཛད་པའི་བྱང་ཆུབ་སེམས་བསྟོད་ཀྱི་བཤད་ལུང་གསན་ཅིང་། དེའི་ཚེ་རྗེ་བླ་མས་སྤྱན་ཆབ་འགོག་མེད་དུ་བསིལ་བ་དང་། ཕྱི་ལོ་ (༡༩༦༩/༡༠/༢༧-༡༠/༣༡ ) བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཁན་ཆེན་བློ་བཟང་དོན་གྲུབ་གཉིས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ། ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་སྤྱོད་འཇུག་གི་བཤད་ལུང་ཆ་ཚང་གསན་བཞེས་མཛད། མ་ཟད་ཕར་ལ་ཡང་། ཕྱི་ལོ་ ༡༩༦༩/༡༡/༡ རྡོ་རྗེ་གདན་དུ། ཁུ་ནུ་བླ་མ་རིན་པོ་ཆེ་སོགས་ལ་དྲང་ངེས་ལེགས་བཤད་སྙིང་པོའི་ལུང་སོགས་གནང་ཡོད། རྡོར་གདན་དུ་སྤྱོད་འཇུག་འཆད་ཁྲིད་གསན་བཞེས་སྐབས། བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་དམིགས་བསལ་འཁྲུངས་ཏེ། ཐུན་མོང་སྣང་ངོར་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པ་འདི་ནས་བྱུང་བར་རྗེ་བླ་མ་ཉིད་ཀྱིས་ཞལ་ནས་ཡང་ཡང་གསུངས་སོ། །
མ་ཟད་རྗེ་བླ་མ་འདི་ཉིད་ཀྱི་ཞལ་ནས། [27]“ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་རིག་པའི་གནས་ལྔ་ལ་མཁས་པ་ཞིག་རེད། བསམ་གྱིས་མི་ཁྱབ་པ་ཉམ་ཆུང་བྱས་ནས་བཞུགས་མཁན་ཁོང་གི་མདུན་ནས་ངོས་ཀྱིས་བཤད་ལུང་ཞུས་ཤིང་། བླ་མ་ཉིད་ཀྱིས་ངོས་ལ་སྤྱོད་འཇུག་དེ་མ་འོངས་པར་འཆད་ཉན་མང་དུ་བྱེད་ཐུབ་ན་ཕན་ཐོགས་ཡོང་གི་རེད་ཅེས་བཀའ་སློབ་གནང་ཡོད། ངོས་རང་གི་ངོས་ནས་ཆ་བཞག་ནའང་སྤྱོད་འཇུག་གི་བཤད་ལུང་ཞུས་ནས་བར་སྐབས་བར་སྐབས་དུས་ཚོད་ཡོད་པའི་སྐབས་ལ་སྤྱོད་འཇུག་བཀླགས། བསམ་བློ་ཅུང་ཟད་བཏང་། དེ་ལྟར་བྱས་ནས་གང་ལྟར་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བློ་སྦྱོང་བ་དེ་ལ་སྤྱོད་འཇུག་ཤིན་ཏུ་ཕན་པོ་བྱུང་། བློ་ལ་འགྱུར་བ་ཐེབས་པ། མཐོང་ཆོས་ལ་འགྱུར་བ་ཐེབས་པ་ཞིག་བྱུང་། བྱང་ཆུབ་སེམས་སྦྱོང་གི་སྐོར་ལ་སྤྱོད་འཇུག་གི་གཞུང་ལས་ལྷག་པ་ཞིག་གཏན་ནས་མེད་ཅེས་ཁུ་ནུ་བླ་མ་རིན་པོ་ཆེས་གསུངས་མྱོང་ཡོད། དུས་རབས་བརྒྱད་པའི་ནང་ཞི་བ་ལྷས་སྤྱོད་འཇུག་མཛད་པའི་དུས་དེ་ནས་དུས་ད་ལྟའི་བར་དུ་ཧ་ལམ་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བ་ལ་འདི་ལས་ལྷག་པ་བྱུང་མ་མྱོང་བ་རེད། མ་འོངས་པར་ཡང་ཡོང་གི་མ་རེད་ཅེས་གསུངས་མྱོང་བ་དེ་བདེན་པ་རེད། དེའི་ཕྱིར། ངོས་ཀྱིས་ཆོས་འབྲེལ་བྱེད་པ་མང་པོ་ཞིག་སྤྱོད་འཇུག་ཤོད་བཞིན་ཡོད།” ཅེས་གསུངས།

གཞན་ཡང་། མཁས་གྲུབ་ཆེན་པོ་དེ་ཉིད་ཀྱི་དྲུང་དུ། ཕྱི་ལོ་ ༡༩༧༢ ཟླ་ ༧ ཚེས ༧ ནས་ ༡༧ བར་དབུ་མ་རྒྱན། དབུ་མ་སྣང་བ། འདུལ་བ་མདོ་རྩ་བ། རྒྱལ་སྲས་ལག་ལེན་སོ་བདུན་མ་རྣམས་གསན་བཞེས་གནང་། གཞན་ཡང་། ལྷ་ལས་ཕུལ་བྱུང་དང་ཁྱད་པར་འཕགས་བསྟོད་གཉིས་ཀྱི་བཤད་ལུང་དང་། ཕྱི་ལོ་ ༡༩༧༣ ཟླ་ ༢ ཚེས་ ༥ ནས་༩ བར་སྔ་ལོར་དབུ་མ་རྩ་ཤེའི་བཤད་ཁྲིད་གསན་བཞེས་ཚར་གཅིག་གྲུབ་ཀྱང་ད་ལམ་སླར་ཡང་རྩ་ཤེའི་བཤད་ཁྲིད་གསན་བཞེས་གནང་སྐོར་མཛད་དེབ་ཏུ་གསལ། བཞི་བརྒྱ་པ། མངོན་པ་གོང་འོག་གཉིས། ཞུས་ལན་ནོར་བུའི་ཕྲེང་བ་བཅས་གསན་བཞེས་མཛད།
གཞན་ཡང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་མདུན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་གསན་བཞེས་མཛད་འདུག །
དེ་ཡང་། ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རྣམ་ཐར་ལས། [28] “རང་ལོ་རེ་དྲུག་ཏུ་སོན་པ་ ༡༩༦༦ བོད་ཟླ་གཉིས་པའི་ཚེས་ ༢༧ ཉིན་ནས་༸གོང་ས་ཆེན་པོར་རྒྱལ་ཚབ་རྗེའི་གསུང་ཕར་ཕྱིན་སྙིང་རྒྱན་གྱི་བཀླགས་ལུང་འབུལ་འགོ་ཚུགས་ཤིང་དེ་ནས་བཟུང་༸གོང་སའི་མཛད་སེང་དང། ངེད་རང་གི་གཟུགས་ཁམས་སྟབས་བསྟུན་གྱིས་སེང་བར་ནམ་བྱུང་ལ་རྒྱལ་ཚབ་རྗེའི་གསུང་འབུམ་གྲས་ནས་ལུང་རྒྱུན་གང་ཡོད་རིམ་འབུལ་ཞུས།”ཞེས་གསལ་བ་ལྟར་རོ།།
གཞན་ཡང་། རྗེ་བླ་མས་སྒོམ་རིམ་དང་ཚད་མ་རིགས་གཏེར། སྡོམ་གསུམ་རབ་དབྱེ་མཁན་པོ་ཉིད་ཀྱིས་མཛད་པའི་མཆན་གྱི་སྟེང་ནས་གསན་ས་མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱི་དྲུང་ནས་ས་ཆེན་བསོད་ནམས་རྩེ་མོའི་སྤྱོད་འཇུག་གི་འགྲེལ་པའི་བཤད་ལུང་གསན་བཞེས་མཛད།
གཞན་ཡང་། ཕྱི་ལོ་ ༢༠༠༡/༡ ཚེས་ ༡༠ ནས་ ༢༠ བར་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་དུ། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་དྲུང་ནས་རྒྱལ་བ་ཀློང་ཆེན་པའི་གསུང་སྔོན་མའི་འཕྲོས་ངལ་གསོ་སྐོར་གསུམ་དང་། མཛོད་བདུན་དང་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་གསན་བཞེས་མཛད་པར་གསལ་བ་ལྟར་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ལས་སྤྱོད་འཇུག་དར་ཊཱིཀ་དང་། ས་སྐྱའི་མཁན་པོ་སངས་རྒྱས་བསྟན་འཛིན་ལས། ས་ཆེན་བསོད་ནམས་རྩེ་མོའི་སྤྱོད་འཇུག་གི་འགྲེལ་པའི་བཤད་ལུང་། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ལས་སྤྱོད་འཇུག་གི་བཀའ་ཁྲིད་གསན་བཞེས་མཛད་པ་དང་། འདི་དང་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གཉིས་ལས་གསན་པ་ནི། སྤྱོད་འཇུག་རྩ་བའི་ཐོག་ནས་ཡིན་པར་ངེས་སོ། །
ྋགོང་ས་མཆོག་གི་སྤྱོད་འཇུག་བཀའ་ཁྲིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཞིག །
དེ་ཡང་། དོ་སྣང་བྱུང་བ་ཁ་ཤས་ཤིག་ཞུ་ན། ༡ རྒྱལ་སྲས་ཐོགས་མེད་བཟང་པོའི་རྣམ་ཐར་འཆད་པ་ན། [29] སྔོན་དཔང་ལོ་བློ་གྲོས་བརྟན་པའི་དྲུང་དུ། སྤྱོད་འཇུག་ལ་སུ་མཁས་ཀྱི་གླེང་མོལ་བྱུང་སྐབས། ལོ་ཙཱ་བ་ན་རེ། སྤྱོད་འཇུག་ལ་བོད་གངས་ཅན་གྱི་ཁྲོད་ན། རྒོད་ཚང་བ་དང་གུ་རུ་ཐོགས་མེད་གཉིས་ལས་མཁས་པ་མེད། སྤྱོད་འཇུག་གི་དོན་ཐམས་ཅད་ཁོང་གཉིས་ཀྱི་རྒྱུད་ལ་ལྡན་པ་ཡིན། ཞེས་གསུངས་པར་གྲགས་པ་ལྟར། ྋརྒྱལ་བ་སྤྱོད་འཇུག་པ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་ཆེན་པོ་འདི་ཉིད་ཀྱིས་སྤྱོད་འཇུག་གི་བཀའ་ཁྲིད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ནི། རང་ཉིད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་ཤིང་ཉམས་མྱོང་ཐོབ་པའི་དབང་གིས་སྐབས་རེར། “བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །” ཅེས་སོགས་འདྲེན་སྐབས་དང་། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་པའི་སྐྱེས་བུ་དམ་པ་མི་ལ་རས་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། རྫ་དཔལ་སྤྲུལ་ལྟ་བུའི་དམན་ས་འཛིན་པའི་སྐྱེས་བུ་དམ་པ་རེའི་མཛད་སྤྱོད་རེ་གསུང་སྐབས་སྤྱན་ཆབ་ཉིལ་ལེར་མཛད་པ་ཞིག་མཇལ།
༢ གཞུང་སྤྱིའི་ཆིངས་མཛད་པ་ན། ས་བཅད་གང་རུང་ཞིག་གཞིར་བཞག་སྟེ་ཁྲིད་པ་མ་ཡིན་པར་རྩ་བ་དམར་འཇུས་བྱས་ནས་འཁྲིད་གནང་བ་ཞིག་ཡིན། དེ་ཡང་། [30]“ས་བཅད་བཀྲམས་ནས་མི་ཁྲིད་པ་ནི། ཞལ་ནས་སྔར་ངོས་ཀྱིས་ཞུས་དུས་ས་བཅད་བཀྲམས་ནས་གསུངས་མེད། ཚིག་འགྲེལ་ཁ་ཐུག་ལ་གསུངས་ནས་ཕྱིན་པ་རེད། དེ་ཇི་བཞིན་བྱས་ནས་འགྲེལ་པ་མང་པོ་ལྟ་མི་དགོས་པ། ལས་ཀྱང་སླ་བ་བྱས་ནས་ཡིན།” ཞེས་གསུངས། ལེའུ་བཅུ་ཡོད་པ་རྣམས་དོན་ཚན་བཞིར་ཕྱེ་སྟེ། རྫ་དཔལ་སྤྲུལ་གྱི་གསུང་རྒྱུན་ལྟར། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་པ་ལྟར། དོན་ཚན་དང་པོའི་ནང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ཐབས་སྟོན་པའི་ལེའུ་གསུམ་སྟེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་གྱི་ལེའུ་དང་། གཉིས་པ། སྡིག་པ་བཤགས་པའི་ལེའུ། གསུམ་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ལེའུ་བཅས་དང་། དོན་ཚན་གཉིས་པར། བྱང་ཆུབ་ཀྱི་སེམས་སྐྱེས་པ་མི་ཉམས་པར་སྲུང་བའི་ཐབས་ཀྱི་ལེའུ་གསུམ་སྟེ། བཞི་པ། བག་ཡོད་ཀྱི་ལེའུ། ལྔ་པ། ཤེས་བཞིན་གྱི་ལེའུ། དྲུག་པ། བཟོད་པའི་ལེའུ་བཅས་དང་། དོན་ཚན་གསུམ་པར། བྱང་ཆུབ་ཀྱི་སེམས་མི་ཉམས་པར་གོང་ནས་གོང་དུ་སྤེལ་བའི་ལེའུ་གསུམ་སྟེ། བདུན་པ། བརྩོན་འགྲུས་ཀྱི་ལེའུ། བརྒྱད་པ། བསམ་གཏན་གྱི་ལེའུ། དགུ་པ། ཤེས་རབ་ཀྱི་ལེའུ་བཅས་དང་། དོན་ཚན་བཞི་པར། བསྔོ་སྨོན་གྱི་ལེའུ་བཅས་སུ་སྡེ་སྣོད་གསུམ་གྱི་དགོངས་དོན་བསྡུས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཉམས་ལེན་གྱི་རིམ་པ་ཆ་ཚང་ཚིག་དོན་གཉིས་ཆར་འགྲེལ་བཤད་ཞིབ་རྒྱས་གནང་།

༣ ཡང་། [31] “སྤྱོད་འཇུག་ལ་ལེའུ་བཅུ་བཞུགས་པའི་ནང་ནས་དང་པོ་དེས་སེམས་བསྐྱེད་ཀྱི་ཕན་ཡོན་གསུངས། ཕན་ཡོན་མཐོང་ནས་སྤྲོ་ཤུགས་འཕེལ་ཡོང་དུས་ཕན་ཡོན་ཅན་གྱི་སེམས་དེ་གཟུང་བ་ཡན་ལག་བདུན་པའི་སྒོ་ནས་བཟུང་བ་ཡིན་པས། བཤགས་པའི་ལེའུ་གཅིག་བྱས་ནས་བཤགས་པའི་ལེའུ། དེ་ནས་ལེའུ་གསུམ་པའི་སེམས་གཟུང་བའི་ལེའུ་བྱས། དེ་ནས་ལེའུ་གསུམ་གྱི་འཕྲོ་ལེའུ་བདུན་གྱིས་ཕྱིན་དྲུག་གི་ཉམས་ལེན་དེ་ཤོད་ཀྱི་ཡོད། སེམས་བསྐྱེད་ནས་ཕྱིན་དྲུག་ལ་བསླབ་དགོས། ཕྱིན་དྲུག་ལ་སློབ་པའི་སྦྱིན་པའི་ལེའུ་ལོགས་སུ་མ་གསུངས་ཀྱང་། ལེའུ་གོང་འོག་དང་། ལེའུ་བདུན་པའི་སྐབས་སུ་ཡང་སྦྱིན་པའི་ཉམས་ལེན་དེ་དག་ཐོན་ཡོང་གི་ཡོད། དེའི་ཕྱིར། ལེའུ་གོང་འོག་མང་པོར་སྦྱིན་པའི་ཉམས་ལེན་ཐོན་ཡོང་གི་ཡོད་པས། སྦྱིན་པའི་ལེའུ་ལོགས་སུ་མ་གསུངས་པ་ཡིན། དེ་ནས་ཡང་ཚུལ་ཁྲིམས་ཀྱི་ལེའུ་ལོགས་སུ་མ་གསུངས་པར་ཚུལ་ཁྲིམས་དག་ཐབས་ལ་བག་ཡོད་ཀྱི་ལེའུ་དང་ཤེས་བཞིན་གྱི་ལེའུ་དེ་གསུངས་པ་རེད། དེའི་ཕྱིར། ཚུལ་ཁྲིམས་དག་ཐབས་ལེའུ་གཉིས་བྱས། དེ་ནས་བཟོད་པའི་ལེའུ་ཟུར་དུ་གསུངས། བརྩོན་འགྲུས་ཀྱི་ལེའུ་ཟུར་དུ་ཡོད། བསམ་གཏན་གྱི་ལེའུའི་སྐབས་སུ། གཙོ་བོ་བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་དེ་གསུངས། དེ་ནས་ཤེས་རབ་ཀྱི་ལེའུས་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པ་དེ་བྱས། དེ་ནས་མཇུག་གི་ལེའུ་བཅུ་པ་བསྔོ་བའི་ལེའུ་བཅས་དེ་འདྲ་རེད།” ཅེས་བྱང་ཆུབ་སེམས་གཟུང་ཡན་ལག་དང་བཅས་པ་ལེའུ་དང་པོ་གསུམ། དེ་ནས་སྤྱོད་པ་ཕྱིན་དྲུག་ལ་སློབ་པ་དེའི་འཕྲོས་ཀྱི་ལེའུ་རྣམས་དང་། དེ་ནས་བསྔོ་བའི་ལེའུ་བཅས་སྡེ་ཚན་གསུམ་དུ་བསྡུས་ནས་ཆིངས་མཛད་པའང་མཇལ།
༤ ཡང་། [32]“སྤྱོད་འཇུག་དང་བསླབ་བཏུས་ཀྱི་གཞུང་སྟེ། བསླབ་སྤྱོད་གཉིས་པོ་དེ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་བསྲེས་བཞག་པ་ལྟ་བུ་ཞིག་ཡོད། སྤྱོད་འཇུག་ལ་ཆ་བཞག་ན། ལེའུ་ལྷག་མ་དེ་དག་གིས་གཙོ་བོར་བྱང་ཆུབ་སེམས་སྦྱོང་དང་། དེ་དང་འབྲེལ་ནས་མི་རྟག་པ་དང་དལ་འབྱོར་སྐོར། དེ་བཞིན་དུ་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་གཙོ་བོ་ཉོན་མོངས་པའི་ཉེས་དམིགས་བསམ་པ་དེ་དག་གི་གནད་འགག་བསྒྲུགས་ནས་གསུངས་ཤིང་། ལེའུ་དགུ་པས་སྟོང་ཉིད་ཀྱི་ལྟ་བ་རྩལ་དུ་བཏོན་ནས་གཏན་ལ་འབེབས་པར་བྱས་ཡོད། དེ་ཡང་། ཀླུ་སྒྲུབ་ཀྱི་དགོངས་པ་དཔལ་ལྡན་ཟླ་བ་གྲགས་པས་བཀྲལ་པ་ཇི་བཞིན་བྱས་ནས་ཐ་སྙད་དུ་རང་མཚན་ཞལ་གྱིས་མི་བཞེས་པའི་དབུ་མའི་དགོངས་པ་ཤིན་ཏུ་ཟབ་པ་ཡིན་པས་དེ་རྩལ་དུ་བཏོན་ནས་བཀྲལ་ཡོད། ཟབ་མོ་ལྟ་བརྒྱུད་ཀྱི་གནད་འགག་དེ་དག་ཚུར་བསྡུས། རྒྱ་ཆེན་སྤྱོད་བརྒྱུད་ཀྱི་གནད་འགག་དེ་དག་ཀྱང་ཚུར་བསྡུས་ནས་གསུངས། དེ་ལྟ་བུའི་སྤྱོད་འཇུག་དེ་ལ་ལེའུ་བཅུ་ཡོད། ལེའུ་བཅུ་དེས་རྒྱ་ཆེ་བའི་མངོན་རྟོགས་ཀྱི་རིམ་པ་དེ་དག་དང་། ཟབ་མོ་སྟོང་ཉིད་ཀྱི་རིམ་པ་དེ་དག་གི་སྐོར་བཅས་སྡེ་ཚན་གཉིས་ཕྱེ་སྟེ། ཟབ་རྒྱས་ཀྱི་ལམ་རིམ་པ་གཉིས་སུ་བསྡོམས་མཛད་པའང་སྣང་།
༥ ཡང་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་སེམས་གཉིས་ཕྱེ། ལེའུ་དགུ་པས་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་གསུངས། ལེའུ་ལྷག་མ་དེ་དག་གིས་གཙོ་བོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལ་གསུངས་པ་རེད།” ཅེས་ཀྱང་བསྡོམས་སུ་མཛད།
༦ ཡང་། [33]“བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་པའི་སྤྱོད་པ་དེ་ལ། འཇུག་པའི་སྤྱོད་པ། སྒྲུབ་པའི་སྤྱོད་པ། གྲུབ་པའི་སྤྱོད་པ་གསུམ་བཤད། འཇུག་པའི་སྤྱོད་པ་ཞེས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྒྲུབ་པའི་སྤྱོད་པ་ཞེས་པས། སེམས་བསྐྱེད་དེས་ཀུན་ནས་བསླངས་ཏེ་རྣམ་མཁྱེན་སྒྲུབ་པའི་ཐབས་ཕྱིན་དྲུག་ལ་བསླབ་པ་དེ་བསྟན། གྲུབ་པའི་སྤྱོད་པ་ཞེས་པས། ཕྱིན་དྲུག་ལ་བསླབས་ནས་ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་ཀྱི་འབྲས་བུ་སངས་རྒྱས་ཀྱི་ས་དེ་བྱས། དེ་ལ་འདིར་ལེའུ་དང་པོས་སེམས་བསྐྱེད་ཀྱི་ཕན་ཡོན་དེ་གསུངས། དེ་ནས་སེམས་བསྐྱེད་གཟུང་བ་དེ་བྱས། དེ་ནས་མར་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པ་དེ་དག་སྒྲུབ་པའི་སྤྱོད་པ་དེ་བྱས། དེ་ནས་ཤེས་རབ་ལེའུའི་ནང་དུ་འབྲས་བུ་ས་ཡི་རྣམ་གཞག་གསུངས་པ་དེ་གྲུབ་པའི་སྤྱོད་པ་ཟེར་བ་དེ་ཡིན།” ཞེས་ཀྱང་གསུངས།
༧ ཡང་། ཚིག་གི་དག་ཆ་དང་འགྱུར་གྱི་ཁྱད་པར་སོགས་ལེགས་སྦྱར་གྱི་འགྱུར་རྩ་དང་བསྟུན་ནས་འགྲེལ་བཤད་དང་འབྲུ་མནན་པ་ཙམ་དུ་མ་ཟད། ཞལ་ནས། [34] “ངོས་ཀྱིས་སྤྱོད་འཇུག་ཞུ་ས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་ཡིན། ཁུ་ནུ་བླ་མ་རིན་པོ་ཆེས་ལེགས་སྦྱར་སྐད་མཁྱེན་གྱི་ཡོད། ངོས་ཀྱིས་ཁྲིད་ཞུ་དུས་བོད་སྐད་ནང་དུ་འདི་འདྲ་ཞིག་ཡོད་ཀྱང་ལེགས་སྦྱར་སྐད་ལ་འདི་འདྲ་ཡོད་ཅེས་གསུངས་མྱོང་ཡོད། དཔེར་ན། ཁྲོའམ་མི་དགེའི་སེམས་བྱུང་ན། །ཁྲོའམ་དད་པའི་སེམས་བྱུང་ན། །ཟེར་བ་ཞིག་ཡོད། དེ་ལེགས་སྦྱར་སྐད་དུ་མི་དགའ་ཞེས་འདུག་པས་ཁྲོ་འམ་མི་དགེའི་སེམས་བྱུང་ན། །ཞེས་གསུངས་པས་ངོས་ཀྱི་དཔེ་ཆའི་ནང་ལ་ངོས་ཀྱིས་འགྱུར་བ་བཏང་ཡོད། ཚིགས་བཅད་འདི་ཁུ་ནུ་བླ་མ་རིན་པོ་ཆེས་འགྱུར་བ་བཏང་མ་སོང་བས་ལེགས་སྦྱར་སྐད་དུ་དེ་ག་རང་ཡོད་ས་རེད།” ཅེས་གསུངས་པ་ལྟ་བུ་ཤིན་ཏུ་མང་།
ཤོ་ལོ་ཀ་རེ་རེའི་ཐོག་ལ་ཡང་གཙོ་བོ་ཉམས་མྱོང་ཐོག་མྱོང་ཁྲིད་མཛད་ཅིང་། ཉིན་རེ་ཉིན་རེའི་འགྲོ་བ་མིའི་འགྲོ་འདུག་སྤྱོད་གསུམ་དང་འཚོ་བ། སྤྱི་ཚོགས་དང་ཤེས་ཡོན། འཕྲོད་སྟེན་དང་ཁོར་ཡུག །ཁྲིམས་སྒྲིག་དང་འབྲེལ་ལམ་སོགས་ཁྱོན་ཡོངས་ནས་རྒྱས་གླེང་རྒྱས་བཤད་གནང་བ་ནི་སྔོན་ཆད་བྱུང་མ་མྱོང་བའི་ལེགས་བཤད་གསར་པའི་མཛོད་ལྟ་བ་ཡིན།
༨ ཡང་། [35] སྔགས་རིམ་ཆེན་མོ་ལས། དེ་ཕྱིར་ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག །རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། །བསྟན་པའི་གནད་ལ་ངེས་པ་བརྟན་པོ་ཚོལ། །ཅེས་གསུངས་པ་ལྟར། རྣམ་དག་ལུང་གིས་བློ་གྲོས་མིག་སྦྱོང་ཞེས་མ་གསུངས་པར་རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ཞེས་གསུངས་འདུག་སྐོར་ཡང་ཡང་གསུངས་ཏེ། སྤྱོད་འཇུག་གི་རིགས་པ་དམིགས་བསལ་བ་རྩལ་དུ་བཏོན་ནས་གསུངས་པ་མཇལ། ཡང་ཞལ་ནས། [36]“ནམ་རྒྱུན་དཔལ་ལྡན་ཆོས་གྲགས་དང་ཕྱོགས་གླང་གཉིས་ལ་རིགས་པའི་དབང་ཕྱུག་ཅེས་ཞུ་བཞིན་ཡོད་ནའང་། ཨ་རིག་དགེ་བཤེས་ཀྱིས་སྤྱོད་འཇུག་ལ་ཉམས་བཞེས་ཧ་ཅང་ཤུགས་ཆེན་པོ་གནང་སྟེ། ངོ་མཚར་བའི་རིགས་པ་རྣམས་ལ་ཐུགས་ངེས་ཆེན་པོ་འཁྲུངས་པའི་ཚེ། མཛད་པ་པོ་ཞི་བ་ལྷ་ལ་རིགས་པའི་དབང་ཕྱུག་ཅེས་གསུང་གིན་ཡོད་པ་དེ་དངོས་གནས་རེད།” ཅེས་གསུང་གིན་ཡོད།
༩ བཀའ་གདམས་གཞུང་དྲུག་བསྐྱར་གསོ་མཛད་པ་ནའང་། བསླབ་སྤྱོད་གཉིས་ཚར་ཁ་ཤས་སྦྲགས་པ་གནང་སྟེ། དཔེར་ན། རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཕན་ཡོན་སོགས་རིགས་པའི་རྣམ་གྲངས་དུ་མས་བསྟན་ཅིང་། སྤྱོད་འཇུག་ཏུ། བཟོད་པའི་ལེའུའི་སྐབས་སུ། དུས་སུ་བྱིན་པའི་སློང་མོ་བས། །སྦྱིན་པའི་གེགས་བྱས་ཡོད་མ་ཡིན། །ཞེས་དང་། ཡང་། གལ་ཏེ་འགྲོ་བ་དབུལ་བོར་བས། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་གཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་སོགས་སྦྱིན་པའི་སྐོར་ཟུར་ཙམ་གསུངས་པ་ལས་ལེའུ་ལོགས་སུ་མ་མཛད་པ་དང་། དེ་བཞིན་ཚུལ་ཁྲིམས་ཀྱི་ལེའུ་ཟུར་དུ་མེད་ཀྱང་ཚུལ་ཁྲིམས་དག་ཐབས་བག་ཡོད་དང་ཤེས་བཞིན་གྱི་ལེའུ་གཉིས་རྒྱས་པར་བསྟན་པ་དང་། བསླབ་བཏུས་སུ་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ལེའུ་ལོགས་སུ་མཛད་ཡོད་པས་ཕན་ཚུན་ཞལ་སྐོང་མཛད་ཅིང་། ཡང་ན། ལུས་ལོངས་སྤྱོད་དགེ་རྩ་རྣམས་གཞན་ལ་གཏོང་བའི་སྦྱིན་པའི་ཉམས་ལེན་བསྔོ་བས་ཁྱད་པར་དུ་བྱས་པ་གཙོ་བོར་ལེའུ་བཅུ་པས་སྟོན། དྲན་ཤེས་བསྲུང་བའི་སྒོ་ནས་ཚུལ་ཁྲིམས་ལ་སློབ་ཚུལ་ལེའུ་ལྔ་པས་སྟོན་པར་ཡང་འགྲེལ། མི་ཉམས་པའི་ཐབས་ལམ་རིམ་གསེར་ཞུན་མས་མཚོན་པའི་ལམ་རིམ་ཁག་དང་སྦྲགས་སྐབས། སྐྱེས་བུ་ཆེན་པོའི་དབུ་བཙུགས་པ་ན་སྤྱོད་འཇུག་དང་སྦྲགས་པ་གནང་།
༡༠ [37]“ནམ་རྒྱུན་བསླབ་བཏུས་དང་སྤྱོད་གཉིས་པོ་སྦྲགས་ནས་གསུང་བའི་ལུགས་སྲོལ་ཡོད། དེ་དཔེ་ཡག་པོ་འདུག །བསླབ་བཏུས་ནང་དུ་རྒྱས་པར་གསུངས་པ་དེ་སྤྱོད་འཇུག་ནང་དུ་བསྡུས་པ་བྱས། བསླབ་བཏུས་ནང་དུ་རྒྱས་པ་མེད་པ་སྤྱོད་འཇུག་གིས་ཞལ་སྐོང་གི་ཚུལ་དུ་བྱས་ནས་རྒྱས་པར་གསུངས། དེ་གཉིས་པོ་སྦྲེལ་ཡོང་དུས་ཧ་ཅང་གི་སྤུས་དག་པོར་གྱུར་ཡོད། ནམ་རྒྱུན་གསུང་རྒྱུན་ལ་ཞི་བ་ལྷས་སྤྱོད་འཇུག་དུས་རབས་བརྒྱད་པའི་ནང་མཛད་པའི་དུས་དེ་ནས་ད་ལྟའི་བར་དུ་བྱང་ཆུབ་སེམས་སྦྱོང་གི་གདམས་པ་སྟོན་པ་གཞུང་འདི་ལས་ལྷག་པ་མེད་ཅེས་གསུང་གིན་ཡོད།” ཅེས་གསུངས།
༡༡ དེ་བཞིན། རིན་ཆེན་ཕྲེང་བ་དང་། བློ་སྦྱོང་ཉི་མའི་འོད་ཟེར། བློ་སྦྱོང་ཚིགས་བརྒྱད་མ། ལག་ལེན་སོ་བདུན་མ་དང་། སྒོམ་རིམ། ལམ་རིམ་གསེར་ཞུན་མ་སོགས་ལམ་རིམ་ཆེ་ཆུང་གི་སྐོར་གྱི་གདམས་པ་འབོགས་སྐབས། སྐྱེས་བུ་ཆེན་པོའི་མཚམས་སུ་སྦྲགས་ནས་ཁྲིད་སྐབས་ཕན་ཚུན་རིགས་པ་ཞལ་སྐོང་མཛད།
༡༢ མང་པོ་ཞིག་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་བློ་སྦྱོང་དུ་ཁྲིད་པར་མཛད།
༡༣ ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གསུང་བ་ན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་དང་འབྲེལ་ནས་གསུངས་ཤིང་། བྱམས་བརྩེའི་བློ་སྦྱོང་གི་གདམས་པའི་རྒྱལ་པོ་ལྟ་བུར་མཛད་ཅིང་། སེམས་ཁམས་འཁྲུགས་པ་དང་སྐྱོ་ཞུམ་དང་། རྒྱབ་ལྗོངས་སྣ་མང་གིས་དཀའ་ངལ་འོག་ལྷུང་བ་རྣམས་ལ་ཡང་སྤྱོད་འཇུག་ལ་གཟིགས་རྟོག་དགོས་པའི་གདམས་པ་ཡང་ཡང་གནང་གིན་ཡོད། ཉིན་རེའི་འཚོ་བའི་ནང་དང་ཁྱིམ་ཚང་གི་འཚོ་བ་ནས་མགོ་བརྩམས་ཏེ། སྤྱི་ཚོགས་དང་འཇིག་རྟེན་ཁྱོན་ཡོངས་བྱམས་བརྩེ་ལྡན་པའི་འཇིག་རྟེན་ཞིག་ཏུ་བཀྲི་བའི་ཁ་ཚ་དགོས་གཏུགས་ཀྱི་བཤད་པ་མང་དུ་མཛད་ཀྱི་ཡོད། ལྷག་པར་དུ་ལེའུ་དགུ་པ་ཤེས་རབ་ལེའུ་དང་ཟུང་དུ་སྦྲེལ་ནས་ལྟོས་གྲུབ་རྟེན་འབྱུང་ཕྲ་རགས་ཀྱི་རྣམ་གཞག་དང་སྦྲགས་ནས་བྱམས་བརྩེའི་གལ་གནད་སྐོར་རྒྱས་གླེང་གནང་།
༡༤ ལྷག་པར་དུ་འཇིག་རྟེན་བཀོད་པ་པོ་ཁས་ལེན་མིན་ཇི་ལྟར་ཡང་སྤྱོད་འཇུག་ནས་བསྟན་པའི་བྱམས་བརྩེ་སྦྱོང་བརྡར་གྱི་རིགས་པ་འདི་བཞིན་ད་ལྟའི་ས་ཡི་གོ་ལ་འདིའི་སྟེང་ཉེར་མཁོ་ཙམ་དུ་མ་ཟད། ཆོས་དད་མེད་པའི་མི་རྣམས་ལ་ཡང་གདམས་པ་འདི་གལ་གནད་ཆེ་སྐོར་ཟབ་རྒྱས་སུ་གསུངས། བྱེ་བྲག་ཏུ། དྲུག་པ་བཟོད་པའི་ལེའུ་དང་། བརྒྱད་པ་བསམ་གཏན་གྱི་ལེའུའི་བདག་གཞན་མཉམ་བརྗེའི་རིགས་ལམ་དང་གལ་གནད་ལོགས་སུ་འཆད་ཁྲིད་མཛད་ཅིང་། དཔེར་ན། ཁྲོང་ཁྲོ་བཅོས་ཐབས། ཞེས་པའི་བསྟན་བཅོས་ལོགས་སུ་མཛད་པ་ལྟ་བུ་ཡིན་ནོ། །
༡༥ [38] “ནམ་རྒྱུན་སྤྱོད་འཇུག་བཤད་པའི་སྐབས་སུ། ལེའུ་དང་པོ་སེམས་བསྐྱེད་ཀྱི་ཕན་ཡོན་བཤད་པའི་མགོ་འཛུགས་པའི་སྐབས་སུ། ངོས་ཀྱིས་ཤེས་རབ་ལེའུ་མགོ་དེར་ཡར་ལེན་གྱིན་ཡོད། གང་ཡིན་ཞེ་ན། སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་པ་དེ། ཤེས་རབ་ལེའུ་མགོ་དེས་བྱེད་ཡོང་གིན་ཡོད། བདེན་པ་གཉིས་ལ་བརྟེན་ནས་བཤད་ཡོང་གིན་ཡོད། དེ་བཅོམ་ལྡན་འདས་རང་གི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་གོ་རིམ་འདི་ལྟར་གསུངས་ཡོད། མངོན་རྟོགས་རྒྱན་གྱི་དོན་བདུན་ཅུ་གསུངས་དུས། དང་པོར་སེམས་བསྐྱེད་གསུངས་ཡོད། སེམས་བསྐྱེད་པ་དང་གདམས་ངག་དང་། །ཞེས་གདམས་ངག་གསུང་དུས། སྒྲུབ་དང་བདེན་པ་རྣམས་དང་ནི། །ཞེས་པ་ནས། བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་གསུངས་པ་དེ་མདོ་རང་གི་དགོངས་པ་རེད། མདོ་ཡི་དགོངས་པ་དེ་རྗེ་བཙུན་བྱམས་པ་མགོན་པོས་མངོན་རྟོགས་རྒྱན་གྱི་ནང་ལ། དོན་བདུན་ཅུ་གསུང་དུས་གདམས་ངག་དེ་ལྟར་གསུངས་འདུག །སངས་རྒྱས་པའི་ངོ་སྤྲོད་དེ་རེད། སྒྲུབ་དང་ཞེས་པས་སྒྲུབ་པ་རང་གི་ངོ་བོ་བདེན་གཉིས་ལ་འདོམས་པ་ཞེས་སྔོན་ལ་བདེན་གཉིས་དེ་བཤད། བདེན་པ་རྣམས་དང་ནི། །ཞེས་པས་སྒྲུབ་པའི་དམིགས་པ་བདེན་པ་བཞི་བཤད། བདེན་བཞིའི་རྣམ་གཞག་སངས་རྒྱས་པའི་ཆོས་པ་ཚང་མས་གསུང་གིན་ཡོད། ཡིན་ནའང་ད་གིན་ཞུས་པ་བཞིན་བདག་མེད་པ་ཟེར་པ་དེ་ཚོའི་ཐོག་ནས་བདེན་བཞིའི་རྣམ་གཞག་མཐར་ཕྱིན་པ་ཤེས་པ་ལ། བདག་མེད་པ་དེ་ཤེས་དགོས་པ་རེད། བདག་མེད་པའི་དོན་དེ་ཡང་བཏགས་དོན་བཙལ་ན་རྙེད་དུ་མེད་པ་ཁོ་ནའི་སྟེང་ནས་བཤད་དགོས་བྱུང་ན་ཧ་ཅང་ཁག་པོ་རེད། རྟེན་འབྱུང་གི་དེ་ཉིད་ཅེས་པའི་ཐོག་ནས་བདག་མེད་པའི་དོན་ཐུན་མོང་མ་ཡིན་པའི་གོ་བ་ལེན་སྟེངས་ཤིག་ཡོད་པས། རྟེན་འབྱུང་གི་དེ་ཉིད་ཅེས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་དེས་བདེན་བཞི་ཏག་ཏག་བསྟན་ཡོང་གིན་འདུག །”ཅེས་སོགས་གསུངས།
༡༦ ཡང་སྐབས་རེར། [39] “ངོས་ཀྱི་ངོ་ཤེས་ཕྱི་རྒྱལ་བ་ཞིག་གིས་སྤྱོད་འཇུག་དང་ཞི་བ་ལྷ་ལ་དགའ་པོ་མེད། རྒྱུ་མཚན་ནི། ཞི་བ་ལྷས་ཕོ་མོ་དབྱེ་འབྱེད་གཏོང་གིན་འདུག་ཅེས་རྗོད་ཀྱི་འདུག་ཀྱང་དེ་འདྲ་མིན། ཞི་བ་ལྷས་སྤྱོད་འཇུག་གསུང་སའི་ཡུལ་གྱི་གཙོ་བོ་རབ་བྱུང་བ་ཡིན་པས་དེ་ལྟར་གསུངས། གལ་ཏེ་བུད་མེད་ཚོགས་པས་ཞུས་ན་དེ་ལས་ལྡོག་སྟེ་གསུང་ངེས།” ཞེས་གསུངས།
༡༧ [40]“མན་ངག་རྒྱུ་འབྲས་བདུན་མའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བདག་གཞན་མཉམ་བརྗེའི་གནད་ཚང་བའི་ངེས་པ་མེད་ཀྱང་། བདག་གཞན་མཉམ་བརྗེའི་བློ་སྦྱོང་ལ་དེ་ཚང་བས་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་རྣམས་ཀྱི་ཉམས་ལེན་ཏེ། དབང་རྟུལ་རྣམས་ཀྱིས་སྐབས་རེར་ཐུགས་ལ་མ་ཤོང་བ་ལྟ་བུས་གསང་བའི་དམ་པ་ཞེས་གསུང་སྲོལ་ཡོད།” ཅེས་གསུངས།
༡༨ ཡང་། སྤྱོད་འཇུག་གི་ཁུངས་བཅོལ་ས་དེ་གསུངས་པ་ན། [41]“ཞི་བ་ལྷའི་སྤྱོད་འཇུག་གི་ཁུངས་བཅོལ་ས་དེ་མགོན་པོ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ནང་དུ། བདག་གཞན་མཉམ་བརྗེའི་སྐོར་གསུངས་པ་དང་། དེ་ནས་དབུ་མ་རིན་ཆེན་ཕྲེང་བའི་ནང་དུ་བདག་གཞན་མཉམ་བརྗེའི་སྐོར་གསུངས་པ་དང་། བྱང་ཆུབ་སེམས་སྦྱོང་སྐོར་དེ་ཀླུ་སྒྲུབ་ཀྱི་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བ་གཞིར་བཞག་གནང་ཡོད། སྟོང་ཉིད་ཀྱི་ལྟ་བའི་སྐོར་ཀླུ་སྒྲུབ་ཀྱི་དགོངས་པ་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པས་བཀྲལ་བ་ཇི་བཞིན་བྱས་ནས་ཐ་སྙད་དུ་ཡང་རང་མཚན་མི་བཞེད་པའི་དབུ་མའི་ལུགས་དེ་གསུངས་པ་ཡིན། དེའི་ཕྱིར། ཟབ་རྒྱས་གཉིས་ཀ་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་བཞིན་གསུངས་པ་རེད།” ཅེས་གསུངས།
༡༩ ཡང་། བྱང་ཆུབ་སེམས་ལ་མྱོང་བ་ཐོན་པ་སྤྱོད་འཇུག་ལ་བརྟེན་པའི་སྐོར་གསུངས་པ་ན། [42]“ངོས་ནས་སྤྱོད་འཇུག་གི་བཤད་ལུང་ཞུས་ནས་ལོ་སུམ་ཅུ་བཞི་བཅུ་ཞིག་ཕལ་ཆེར་སོང་ཡོད། སྤྱོད་འཇུག་མ་ཞུས་གོང་ལ་བྱང་ཆུབ་ཀྱི་སེམས་ལ་མོས་པ་ཆེན་པོ་ཡོད་ཀྱང་། དེ་བསྒོམ་ན་རྒྱུད་ལ་སྐྱེ་ཁག་པོ་རེད་བསམ་གྱིན་ཡོད། དེ་ནས་སྤྱོད་འཇུག་གི་བཤད་ལུང་ཞུས། ཡང་ཡང་བསམ་བློ་བཏང་། གཞུང་དེ་ལ་ཡང་ཡང་བལྟས་ནས་ཡོང་དུས་རིམ་གྱིས་རིམ་གྱིས་སྔར་གྱི་བསམ་བློ་དང་མི་འདྲ་བ། བྱང་ཆུབ་ཀྱི་སེམས་ཞེས་བཤད་དུས་སེམས་ཐག་ཉེ་བོ་ཞིག་ཆགས་ཡོང་བ། ཕལ་ཆེར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ཀ་ལ་རྩོལ་བཅས་ཀྱི་མྱོང་བ་གང་ལ་གང་འཚམ་ཞིག་སྐྱེས་ཡོད་ཅེས་བཤད་ཐུབ།” ཅེས་གསུངས།
༢༠ ཡང་། [43]“བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་མི་འདྲ་བ་གཉིས་གསུངས། སྤྱོད་འཇུག་ནས་མར་ཤེས་སྒོམ་ཚུལ་ཞིག་རྩ་བ་ནས་གསུངས་མེད། དེའི་ཕྱིར་ཁྲི་ཟུར་རིན་པོ་ཆེས་གསུང་གིན་ཡོད་ཅེས་ལྷུན་འགྲུབ་བརྩོན་འགྲུས་ཀྱིས་གསུངས། སྤྱོད་འཇུག་ལས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་གི་ཡོད་ཟེར་མཁན་ཞིག་གིས་སྤྱོད་པ་ཉམས་ལེན་སྟོན་པའི་གཞུང་ཡིན་པས་མར་ཤེས་སོགས་དེ་དག་སྔར་གསུངས་ཟིན་པའི་དབང་དུ་བྱས་པ་རེད་ཟེར་བ་ངོས་ཀྱིས་གོ་བྱུང་བདེན་མིན་མི་ཤེས། ཁྱེད་རང་ཚོས་རྒན་ས་ནས་དཔེ་ཆ་ཁྲིད་མྱོང་ཡོད་ན་ཤེས་ཡོད་སྲིད། གཅིག་བྱས་ན་ཡིན་གྱི་རེད། སྔོན་འགྲོའི་ནང་དུ་དལ་འབྱོར་རྙེད་དཀའ་དང་མི་རྟག་པའི་སྐོར་གསུང་གིན་གསུང་གིན་མར་ཤེས་དེ་ཡིན་གཅིག་མིན་གཅིག་གནད་འགག་ཅིག་ཡིན་ན་ངེས་པར་གསུང་དགོས་དགོས་ཚོད་ཡིན་ཡང་གསུངས་མེད། ཅེས་པ་ནས་སྤྱོད་འཇུག་ནས་གསུངས་པ་བཞིན་བདེ་བ་འདོད་མཉམ་། སྡུག་བསྔལ་མི་འདོད་མཉམ་པ་དེའི་ཁུངས་ལ་བརྟེན་ནས་བསམ་བློ་བཏང་ཡོང་དུས་མར་ཤེས་དང་དྲིན་དྲན་རླབས་ཆེན་པོ་ཡིན་ཡང་ཞེ་ཕུགས་དེ་ལ་ང་རྩ་ཆེན་པོ་ཞིག་བཞག་ནས་ང་ཡི་མ་ཡིན་པས་མ་གཏོགས་མ་ཡིན་དགུ་ཡིན་ཟེར་བའི་བཟོ་ཞིག་མི་འདུག་གམ། ཕུགས་དེ་ལ་ང་རྩ་ཆེན་པོ་དེ་དཀྱིལ་ལ་བཞག །དེ་ཡང་བཅོམ་མིན་གྱི་བློ་ཤུགས་དྲག་པོ་ཞིག་ཡིན་ན་གཞི་ནས་སེམས་ཅན་རྣམས་ལ་གཅེས་ཤིང་ཕངས་པའི་བློ་སྦྱོང་བའི་དོན་དུ་སྔོན་ལ་ང་དེ་དང་འབྲེལ་ནས་བདག་དང་བདག་གིར་འཛིན་པ་ལྟ་བུ་བྱས། ང་ཡི་མ་རེད། ང་ཡི་གཉེན་ཉེ་དུ་ལ་སོགས་པ་ང་ལ་དྲིན་ཆེན་པོ་ཞེས་སྐད་ཆ་དེས་མར་ཤེས་པ། དེའི་སྟེང་ནས་གཞི་ནས་དེ་རྣམས་ཡལ་བར་འདོར་རུང་གི་མ་རེད་ཅེས་བློ་སྦྱོང་ལུགས་གཅིག ། ” ཅེས་གསུངས།
ལྟ་གྲུབ་དང་ལུང་རྐྱང་ཙམ་མ་ཡིན་པར་དངོས་ཡོད་སྤྱི་ཚོགས་ལ་ཁ་ཚ་དགོས་གཏུགས་སུ་ཕན་པའི་ཐབས་སུ་གཞོལ་ཞིང་འབབ་པས། སྐྱ་སེར་དང་མི་རིགས་དབྱེར་མེད་དང་། ཆོས་ལུགས་རིས་མེད་ཀྱི་སློབ་གཉེར་པ་དང་། ཞིབ་འཇུག་བྱེད་པའི་དོན་གཉེར་གྱི་འདུན་པ་ཅན་རྣམས་ལ་བློ་སྒོ་འབྱེད་པའི་མཐུན་རྐྱེན་རྨད་དུ་བྱུང་བའི་སྒོ་ནས་འཆད་ཉན་མཛད་ཡོད།
དཔྱད་ཡིག་དང་ཞབས་མཆན།
[1] <<ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཕགས་མཆོག་ཕྱག་ན་པདྨོ་༧གོང་ས་༧སྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསུང་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཟིན་བྲིས། >> ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། ། བོད་ཀྱི་དཔེ་མཛོད་ཁང་། ༢༠༢༡ ཤོག་གྲངས་ ༡༩༡ ན་གསལ།
[2] <<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་ཞལ་ལུང་བདུད་རྩིའི་ཐིགས་པ། >> མཁན་པོ་ཀུན་དཔལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ཤོག་གྲངས་ ༤༡༣ ན་གསལ།
[3] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[4] <<དབུ་མ་རྩ་ཤེའི་འགྲེལ་པ་ཚིག་གསལ།>> ཟླ་བ་གྲགས་པ། ཐེ་ཝན་པར་མ། དཔར་ལོ་མི་གསལ། ཤོག་གྲངས་ ༥༠༣ ན་གསལ།
[5] <<མྱང་ཆོས་འབྱུང་། >> ཇོ་ནང་རྗེ་བཙུན་ཏཱ་ར་ན་ཐ། པར་གཞི་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༣ ཤོག་གྲངས་ ༢༠༤ ན་གསལ།
[6] <<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།. སྟོད་ཆ། >> ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།. སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ཤོག་གྲངས་ ༤༡༠ ན་གསལ།
[7] <<སྤྱོད་འཇུག་ཤེས་རབ་ལེའུའི་སྤྱི་དོན་རིམ་པར་ཕྱེ་བ་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཡང་གསལ་སྒྲོན་མེ། >> མི་ཉག་ཐུབ་བསྟན་ཆོས་ཀྱི་གྲགས་པ། ཤོག་གྲངས་ ༦༩༠ ན་གསལ།
[8] <<བཀའ་གདམས་ཀྱི་རྣམ་པར་ཐར་པ་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། >> ལས་ཆེན་ཀུན་དགའ་རྒྱལ་མཚན། རྒྱལ་བ་ལྔ་པའི་བཀའ་བཞིན་མི་དབང་འཕྲིན་ལས་རྒྱ་མཚོས་པར་དུ་བསྒྲུབས། ལྷ་ས། དཔེ་རིང་། ཤོག་གྲངས་ ༢༣༨ ན་གསལ།
[9] ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག།། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢ དང་ ༣ ལ་ར་ཤི་ཡའི་ཁོངས་ཡོད་སོག་རིགས་དད་ལྡན་ཆོས་ཞུ་བ་ཚོར་སྩལ་བའི་སྤྱོད་འཇུག་གི་བཀའ་ཁྲིད་ནང་གསལ།
[10] <<སྤྱོད་འཇུག་རྣམ་བཤད་ཟབ་རྒྱས་མཐའ་ཡས་སྙིང་པོ།>> དཔའ་བོ་གཙུག་ལག་ཕྲེང་བ། ཕྱི་ལོ་ ༢༠༠༣ ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། ཤོག་གྲངས་ ༢༠ ན་གསལ།
[11] <<བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད། >> བུ་སྟོན་རིན་ཆེན་གྲུབ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ཤོག་གྲངས་ ༡༦༩ ན་གསལ།
[12] <<སྤྱོད་འཇུག་ཤེས་རབ་ལེའུའི་སྤྱི་དོན་རིམ་པར་ཕྱེ་བ་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཡང་གསལ་སྒྲོན་མེ། >> མི་ཉག་ཐུབ་བསྟན་ཆོས་ཀྱི་གྲགས་པ། བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་ ༦༩༠ ན་གསལ།
[13] ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[14] <<ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། སྨད་ཆ།>> ཇོ་བོ་རྗེ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ཤོག་གྲངས་ ༧༠༡-༧༤༢ ན་གསལ།
[15] <<སྤྱོད་འཇུག་གི་གཞུང་ངོ་སྤྲོད་དང་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ།>> དུང་དཀར་རིན་པོ་ཆེའི་གསུང་འབུམ། པོད་ཏ་པ། དུང་དཀར་བློ་བཟང་འཕྲིན་ལས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤོག་གྲངས་ ༡༠ ན་གསལ།
[16] <<སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་ཞལ་ལུང་བདུད་རྩིའི་ཐིགས་པ། >> མཁན་པོ་ཀུན་དཔལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་མ། ༡༩༩༣ ཤོག་གྲངས་ ༡༥༨ ལས། རྙིང་མ་པ་རྣམས་ལ་སྔར་རྫོགས་ཆེན་ཤྲཱི་སེང་ཧ་ལ་རྙིང་མ་རང་ལུགས་བཞིན་གསུངས་ཞེས་ཐོས་ཤིང་། ཕྱིས་སུ་ཡུལ་དུས་གང་ཟག་གམ་དགོས་དབང་གིས་དངུལ་ཆུ་ཐོགས་མེད་ཀྱི་འགྲེལ་པ་གཙོར་སྟོན་གྱིས་དགོངས་པ་སྣ་ཚོགས་གསུངས་པ་དང་། ཞེས་སོགས་གསུངས།
[17] <<སྤྱོད་འཇུག་གི་བཀའ་ཁྲིད་སྨག་རུམ་གློག་འགྱུ།>> ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག །བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་བསྒྱུར། ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར། ཏཱ་ལའི་བླ་མའི་དགེ་རྩ་ནས་དཔར་འགྲེམས་ཞུས། ༢༠༢༢ ཤོག་གྲངས་ ༡༥ ན་གསལ།
[18] <<བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ཟིན་བྲིས་ཡབ་རྗེ་བླ་མའི་ཞལ་གྱི་བདུད་རྩི། >> ྋརྗེ་བཙུན་བློ་བཟང་བསྟན་པའི་རྒྱ་མཚོའི་གསུང་རྒྱུན་རྗེ་ཤེས་རབ་རྒྱ་མཚོས་ཟིན་བྲིས་སུ་བཀོད་པ། དཔེ་རིང་། ཤོག་གྲངས་ ༡༠ ན་གསལ།
[19] ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༧ དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། གསུང་འབུམ་ཕྱོགས་སྒྲིག་ཁང་གི་ལས་བྱེད་རྣམས་ལ་མཇལ་ཁ་དང་འབྲེལ་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་སྩལ་བའི་ནང་གསལ།
[20] <<སྤྱོད་འཇུག་བརྒྱུད་པའི་གསོལ་འདེབས། གསུང་འབུམ་པོད་ ༨ པ། >> རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ཤོག་གྲངས་ ༦༤ ན་གསལ།
[21] པཎྜི་ཏ་མི་བརྗེད་གཟུངས་ཐོབ། འདི་བརྒྱུད་འདེབས་གཞན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་དང་པོ་ལས་ལམ་འབྲས་བླ་མ་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ་ཞེས་པའི་ནང་གསལ་བ་བསྣན་པ་ཡིན།
[22] མི་ཉག་ཐུབ་བསྟན་ཆོས་ཀྱི་གྲགས་པའི་སྤྱོད་འགྲེལ་གྱི་མཇུག་ཏུ། ཐུགས་བསྐྱེད་ཞི་བའི་ལྷ་དང་དབྱེར་མེད་ཀྱང་། །བཀའ་དྲིན་ཞི་བའི་ལྷ་ལས་ཆེས་ལྷག་པའི། །རྒྱལ་བའི་སྲས་མཆོག་ཉིད་ཀྱི་སྤྱན་སྔར་ནི། །སྤྱོད་འཇུག་གཞུང་མཆོག་འདི་ཉིད་ལན་མང་ཐོས། །ཞེས་གསུངས།
[23] <<སྤྱོད་འཇུག་གི་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། >> མི་ཉག་ཐུབ་བསྟན་ཆོས་གྲགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ཤོག་གྲངས་ ༨༧༧ ན་གསལ།
[24] <<སྤྱོད་འཇུག་གི་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། >> མི་ཉག་ཐུབ་བསྟན་ཆོས་གྲགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ཤོག་གྲངས་ ༨༧༧ ན་གསལ།
[25] <<སྤྱོད་འཇུག་གི་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་།>> མི་ཉག་ཐུབ་བསྟན་ཆོས་གྲགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ཤོག་གྲངས་ ༨༧༨ ན་གསལ།
[26] ལོ་ཟླ་ཚེས་གྲངས་དང་ས་གནས་མ་སུ་རི་ཡིན་པ་མཛད་དེབ་ནང་གསལ།
[27] ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༥ ནས་༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[28] <<དགའ་ལྡན་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་གྱི་སྐྱེ་གྲལ་དུ་རློམ་པའི་གྱི་ན་པ་ཞིག་གིས་རང་གི་ངང་ཚུལ་མ་བཅོས་ལྷུག་པོར་བཀོད་པ་འཕྲུལ་སྣང་སྒྱུ་མའི་ཟློས་གར།>> ༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ། རབ་བརྟན་ཆོས་གླིང་བོད་ཀྱི་ཆེས་མཐོའི་སློབ་ཁང་། ༢༠༢༢ ལྡི་ལིར་དཔར་བསྐྲུན་ཞུས་པ། ཤོག་གྲངས་ ༣༢༧ ན་གསལ།
[29] <<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། སྨད་ཆ། >> ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་སོ་དགུ་པ། ༢༠༡༠ ཤོག་གྲངས་ ༦༧༢ ན་གསལ།
[30] ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག།།ཕྱི་ལོ་ ༡༩༧༧ ལོར་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་གསུང་ཆོས་གསུངས་སྐབས་སྤྱོད་འཇུག་ལེའུ་དང་པོ་བཞིའི་བཀའ་ཁྲིད་གནང་བའི་ནང་གསལ།
[31] ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[32] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༧ ནས་ ༡༩ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[33] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[34] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༧ ནས་ ༡༩ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[35] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[36] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །བསླབ་སྤྱོད་སྦྲགས་མའི་བཀའ་ཁྲིད་ནང་དེ་ལྟར་གསལ།
[37] ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[38] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༥ ནས་༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[39] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །བསླབ་སྤྱོད་སྦྲགས་མའི་བཀའ་ཁྲིད་ནང་དེ་ལྟར་གསལ།
[40] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །བསླབ་སྤྱོད་སྦྲགས་མའི་བཀའ་ཁྲིད་ནང་དེ་ལྟར་གསལ།
[41] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[42] ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༥ ནས་༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
[43] རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༡༩༧༧ ཟླ་ ༣ ཚེས་ ༦ ནས་ ༨ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱོད་འཇུག་གི་དབུ་ནས་བག་ཡོད་ཀྱི་ལེའུ་ཡན་བར་བཀའ་ཁྲིད་སྩལ་བའི་ནང་གསལ།
དཔྱད་གཞིའི་ཡིག་ཆ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། ། <<ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཕགས་མཆོག་ཕྱག་ན་པདྨོ་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསུང་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་ཟིན་བྲིས། >> བོད་ཀྱི་དཔེ་མཛོད་ཁང་། ༢༠༢༡ ཤོག་གྲངས་ ༡༩༡ ན་གསལ།
མཁན་པོ་ཀུན་དཔལ། <<བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་ཞལ་ལུང་བདུད་རྩིའི་ཐིགས་པ། >> སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ཤོག་གྲངས་ ༤༡༣ ན་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
སློབ་དཔོན་ཟླ་བ་གྲགས་པ། <<དབུ་མ་རྩ་ཤེའི་འགྲེལ་པ་ཚིག་གསལ།>> ཐེ་ཝན་པར་མ། དཔར་ལོ་མི་གསལ། ཤོག་གྲངས་ ༥༠༣ ན་གསལ།
ཇོ་ནང་རྗེ་བཙུན་ཏཱ་ར་ན་ཐ། <<མྱང་ཆོས་འབྱུང་། >> པར་གཞི་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༣ ཤོག་གྲངས་ ༢༠༤ ན་གསལ།
ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།. <<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།. སྟོད་ཆ། >> སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ཤོག་གྲངས་ ༤༡༠ ན་གསལ།
མི་ཉག་ཐུབ་བསྟན་ཆོས་ཀྱི་གྲགས་པ། <<སྤྱོད་འཇུག་ཤེས་རབ་ལེའུའི་སྤྱི་དོན་རིམ་པར་ཕྱེ་བ་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཡང་གསལ་སྒྲོན་མེ། >> ཤོག་གྲངས་ ༦༩༠ ན་གསལ།
ལས་ཆེན་ཀུན་དགའ་རྒྱལ་མཚན། <<བཀའ་གདམས་ཀྱི་རྣམ་པར་ཐར་པ་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། >> རྒྱལ་བ་ལྔ་པའི་བཀའ་བཞིན་མི་དབང་འཕྲིན་ལས་རྒྱ་མཚོས་པར་དུ་བསྒྲུབས། ལྷ་ས། དཔེ་རིང་། ཤོག་གྲངས་ ༢༣༨ ན་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག།། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢ དང་ ༣ ལ་ར་ཤི་ཡའི་ཁོངས་ཡོད་སོག་རིགས་དད་ལྡན་ཆོས་ཞུ་བ་ཚོར་སྩལ་བའི་སྤྱོད་འཇུག་གི་བཀའ་ཁྲིད་ནང་གསལ།
དཔའ་བོ་གཙུག་ལག་ཕྲེང་བ། <<སྤྱོད་འཇུག་རྣམ་བཤད་ཟབ་རྒྱས་མཐའ་ཡས་སྙིང་པོ།>> ཕྱི་ལོ་ ༢༠༠༣ ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། ཤོག་གྲངས་ ༢༠ ན་གསལ།
བུ་སྟོན་རིན་ཆེན་གྲུབ། <<བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད། >> ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ཤོག་གྲངས་ ༡༦༩ ན་གསལ།
མི་ཉག་ཐུབ་བསྟན་ཆོས་ཀྱི་གྲགས་པ། <<སྤྱོད་འཇུག་ཤེས་རབ་ལེའུའི་སྤྱི་དོན་རིམ་པར་ཕྱེ་བ་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཡང་གསལ་སྒྲོན་མེ། >> བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་ ༦༩༠ ན་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
ཇོ་བོ་རྗེ། <<ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། སྨད་ཆ།>> དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ཤོག་གྲངས་ ༧༠༡-༧༤༢ ན་གསལ།
དུང་དཀར་བློ་བཟང་འཕྲིན་ལས། <<སྤྱོད་འཇུག་གི་གཞུང་ངོ་སྤྲོད་དང་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ།>> དུང་དཀར་རིན་པོ་ཆེའི་གསུང་འབུམ། པོད་ཏ་པ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤོག་གྲངས་ ༡༠ ན་གསལ།
མཁན་པོ་ཀུན་དཔལ། <<སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་ཞལ་ལུང་བདུད་རྩིའི་ཐིགས་པ། >> སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་མ། ༡༩༩༣ ཤོག་གྲངས་ ༡༥༨ ལས། རྙིང་མ་པ་རྣམས་ལ་སྔར་རྫོགས་ཆེན་ཤྲཱི་སེང་ཧ་ལ་རྙིང་མ་རང་ལུགས་བཞིན་གསུངས་ཞེས་ཐོས་ཤིང་། ཕྱིས་སུ་ཡུལ་དུས་གང་ཟག་གམ་དགོས་དབང་གིས་དངུལ་ཆུ་ཐོགས་མེད་ཀྱི་འགྲེལ་པ་གཙོར་སྟོན་གྱིས་དགོངས་པ་སྣ་ཚོགས་གསུངས་པ་དང་། ཞེས་སོགས་གསུངས།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག །<<སྤྱོད་འཇུག་གི་བཀའ་ཁྲིད་སྨག་རུམ་གློག་འགྱུ།>> བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་བསྒྱུར། ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར། ཏཱ་ལའི་བླ་མའི་དགེ་རྩ་ནས་དཔར་འགྲེམས་ཞུས། ༢༠༢༢ ཤོག་གྲངས་ ༡༥ ན་གསལ།
༧རྗེ་བཙུན་བློ་བཟང་བསྟན་པའི་རྒྱ་མཚོའི་གསུང་རྒྱུན་རྗེ་ཤེས་རབ་རྒྱ་མཚོས་ཟིན་བྲིས་སུ་བཀོད་པ། <<བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ཟིན་བྲིས་ཡབ་རྗེ་བླ་མའི་ཞལ་གྱི་བདུད་རྩི། >> དཔེ་རིང་། ཤོག་གྲངས་ ༡༠ ན་གསལ།
ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༧ དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན། སྤྱི་ནོར་༧གོང་ས་ྋསྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། གསུང་འབུམ་ཕྱོགས་སྒྲིག་ཁང་གི་ལས་བྱེད་རྣམས་ལ་མཇལ་ཁ་དང་འབྲེལ་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་སྩལ་བའི་ནང་གསལ།
རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། <<སྤྱོད་འཇུག་བརྒྱུད་པའི་གསོལ་འདེབས། གསུང་འབུམ་པོད་ ༨ པ། >> སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ཤོག་གྲངས་ ༦༤ ན་གསལ།
པཎྜི་ཏ་མི་བརྗེད་གཟུངས་ཐོབ། འདི་བརྒྱུད་འདེབས་གཞན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་དང་པོ་ལས་ལམ་འབྲས་བླ་མ་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ་ཞེས་པའི་ནང་གསལ་བ་བསྣན་པ་ཡིན།
མི་ཉག་ཐུབ་བསྟན་ཆོས་ཀྱི་གྲགས་པའི་སྤྱོད་འགྲེལ་གྱི་མཇུག་ཏུ། ཐུགས་བསྐྱེད་ཞི་བའི་ལྷ་དང་དབྱེར་མེད་ཀྱང་། །བཀའ་དྲིན་ཞི་བའི་ལྷ་ལས་ཆེས་ལྷག་པའི། །རྒྱལ་བའི་སྲས་མཆོག་ཉིད་ཀྱི་སྤྱན་སྔར་ནི། །སྤྱོད་འཇུག་གཞུང་མཆོག་འདི་ཉིད་ལན་མང་ཐོས། །ཞེས་གསུངས།
མི་ཉག་ཐུབ་བསྟན་ཆོས་གྲགས། <<སྤྱོད་འཇུག་གི་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། >> ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ཤོག་གྲངས་ ༨༧༧ ན་གསལ།
མི་ཉག་ཐུབ་བསྟན་ཆོས་གྲགས། <<སྤྱོད་འཇུག་གི་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། >> ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ཤོག་གྲངས་ ༨༧༧ ན་གསལ།
མི་ཉག་ཐུབ་བསྟན་ཆོས་གྲགས། <<སྤྱོད་འཇུག་གི་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་།>> ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ཤོག་གྲངས་ ༨༧༨ ན་གསལ།
ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༥ ནས་༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ། <<དགའ་ལྡན་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་གྱི་སྐྱེ་གྲལ་དུ་རློམ་པའི་གྱི་ན་པ་ཞིག་གིས་རང་གི་ངང་ཚུལ་མ་བཅོས་ལྷུག་པོར་བཀོད་པ་འཕྲུལ་སྣང་སྒྱུ་མའི་ཟློས་གར།>> རབ་བརྟན་ཆོས་གླིང་བོད་ཀྱི་ཆེས་མཐོའི་སློབ་ཁང་། ༢༠༢༢ ལྡི་ལིར་དཔར་བསྐྲུན་ཞུས་པ། ཤོག་གྲངས་ ༣༢༧ ན་གསལ།
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། <<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། སྨད་ཆ། >> སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་སོ་དགུ་པ། ༢༠༡༠ ཤོག་གྲངས་ ༦༧༢ ན་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༧ ནས་ ༡༩ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༧ ནས་ ༡༩ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །བསླབ་སྤྱོད་སྦྲགས་མའི་བཀའ་ཁྲིད་ནང་དེ་ལྟར་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༥ ནས་༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །བསླབ་སྤྱོད་སྦྲགས་མའི་བཀའ་ཁྲིད་ནང་དེ་ལྟར་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །བསླབ་སྤྱོད་སྦྲགས་མའི་བཀའ་ཁྲིད་ནང་དེ་ལྟར་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༥ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ཁོངས་ཡོད་སོག་རིགས་རྣམས་ལ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བའི་ནང་གསལ།
༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག། །ཕྱི་ལོ་ ༡༩༧༧ ཟླ་ ༣ ཚེས་ ༦ ནས་ ༨ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱོད་འཇུག་གི་དབུ་ནས་བག་ཡོད་ཀྱི་ལེའུ་ཡན་བར་བཀའ་ཁྲིད་སྩལ་བའི་ནང་གསལ།
– – – – –
![]()



