སིངྒལའི་རྒྱལ་ཁབ་ཀྱི་རང་བཙན་སྣེ་ཁྲིད་པ་བོད་མི་སྤེན་པ་དོན་གྲུབ། ( Tibet Jathika S.Mahind Thero 1901-1951)

ནང་དོན་གནད་བསྡུས། དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་ཨེ་ཤ་ཡའི་ཤར་ཕྱོགས་རྒྱལ་ཁབ་སིངྒལ་གླིང་དུ་བོད་མི་སྤེན་པ་དོན་གྲུབ་དང་ཁོང་གི་སྤུན་མཆེད་ཕུར་བུ་དོན་གྲུབ་འབྱོར། སྤེན་པ་དོན་གྲུབ་གནས་བརྟན་སྡེ་པའི་ཆོས་སྒོར་ཞུགས་ནས་རིང་པོ་མ་སོང་བར་གླིང་འདིའི་སྙན་ངག་པ་དང་རྩོམ་པ་པོ་གྲགས་ཅན་དུ་གྱུར། ཕྱི་ལོ་༡༩༣༠ ཡས་མས་ནས་གླིང་འདིའི་རང་བཙན་འཐབ་རྩོད་པ་དང་སྣེ་ཁྲིད་གཙོ་བོའི་གྲས་སུ་ཚུད། གཞན་ཡང་རིག་གཞུང་སོགས་ཉམས་པ་སླར་གསོའི་ཐད་བྱས་རྗེས་བླ་མེད་དུ་བཞག་པས་རྒྱལ་ཁབ་འདིའི་ཆེས་མཐོའི་དཔའ་བོའི་མཚན་སྙན་དང་། སྙན་ངག་པ། རྩོམ་པ་པོའི་ཆོ་ལོ་དང་དྲན་རྟེན་ཀྱི་རྡོ་རིང་ཡང་བཞེངས། གཞུང་དམངས་གཉིས་ཀའི་ངོས་ནས་ཁོང་བོད་མིར་འབོད།

གནད་ཚིག རང་བཙན་སྣེ་ཁྲིད།  སྤེན་པ་དོན་གྲུབ། སིངྒལ། བོད་མི། རྒྱལ་ཁབ་ཀྱི་དཔའ་བོ། དགེ་འདུན་ཆོས་འཕེལ།

སྤེན་པ་དོན་གྲུབ་ཆུང་དུས་ཀྱི་ལོ་རྒྱུས།

བོད་མི་སྤེན་པ་དོན་གྲུབ།

སྤེན་པ་དོན་གྲུབ་ནི་ཕྱི་ལོ་(༡༩༠༡)ལོར་བོད་ཀྱི་ལྷོ་ཕྱོགས་སུ་ཆགས་པའི་འབྲས་མོ་ལྗོངས་སུ་བོད་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་ཞལ་ངོ་ཉི་མ་དཔལ་འབྱོར་གྱི་བཟའ་ཟླ་གཉིས་པའི་སྲས་སུ་འཁྲུངས། ཁོང་ལ་ཕ་མ་གཅིག་པའི་བུ་སྤུན་གཉིས་དང་སྲིང་མོ་གཉིས།ཨ་མ་མི་གཅིག་པའི་སྤུན་ཀ་ཛི་ཟླ་བ་བསམ་གྲུབ་བཅས་འདུག ཁོང་ཆུང་དུས་ཀྱི་མིང་ལ་སྤེན་པ་དོན་གྲུབ་དང་།ཕྱིས་སུ་མིང་འདོགས་ལ་སཱར་ཀཱི་ཚེ་རིང་( Serki Tsering ) ཞེས་བཏགས་པ་དང་། སཱར་ཀཱི་ཞེས་པ་ནི་བལ་པོའི་སྐད་དང་། དེའི་ནང་དོན་ནི་ལྷམ་བཟོ་བའི་དོན་ལ་འཇུག་ཚུལ་ཁོང་གི་ཡང་ཚ་དབང་རྒྱལ་བསམ་གྲུབ་ཀྱིས་གསུངས་བྱུང་། ཧིན་དྷུ་ཆོས་ལུགས་དར་བའི་ཡུལ་གྲུ་ཁག་ཏུ་ཡུལ་སྲོལ་གོམས་གཤིས་ཀྱི་ཆ་ནས་ལྷམ་བཟོ་བ་ནི་རིགས་ངན་དུ་ལྟ་བས་མི་ཁ་བཟློག་ཆེད་དུ་མིང་འདོགས་དེ་ལྟར་བཏགས་ཟེར།

འབྲས་ལྗོངས་ཀྱི་ཆོས་རྒྱལ་ཁྲི་ཐོག་དགུ་པ་མཐུ་སྟོབས་རྣམ་རྒྱལ་གྱིས་ཕྱི་ལོ་ ༡༩༠༥ ཡས་མས་སུ་ཀ་ཛི་ཟླ་བ་བསམ་གྲུབ་བྷོ་ཊི་ཡ་གཏན་སློབ་(Bhutia Boarding School ) ཀྱི་སློབ་སྤྱིར་བསྐོ་བཞག་དང་། ཕྱི་ལོ་(༡༩༡༡) ལོར་སྤེན་པ་དོན་གྲུབ་ལོ་བཅུར་སོན་སྐབས་སྤུན་མཆེད་གཞན་གཉིས་དང་ལྷན་དུ་བྷོ་ཌི་ཡ་གཏན་སློབ་ཏུ་བོད་ཡིག་དང་དབྱིན་ཡིག་སྦྱོང་འགོ་ཚུགས་པ་དང་། དེའི་སྐབས་འབྲས་ལྗོངས་ཆོས་རྒྱལ་མཐུ་སྟོབས་རྣམ་རྒྱལ་གྱི་སྲས་བཀྲ་ཤིས་རྣམ་རྒྱལ་ཡང་གཏན་སློབ་དེར་སྔོན་འགྲོའི་སློབ་སྦྱོང་བྱེད་མུས་དང་། སྤེན་པ་དོན་གྲུབ་དང་རྒྱལ་སྲས་བཀྲ་ཤིས་རྣམ་རྒྱལ་གཉིས་གྲོགས་པོར་གྱུར་ཟེར།

སྤེན་པ་དོན་གྲུབ་བྷོ་ཌི་ཡའི་གཏན་སློབ་ཏུ་སློབ་གཉེར་རྒྱུན་རིང་བྱེད་ཐུབ་མི་འདུག དེའི་རྒྱུ་མཚན་ནི། ཁོང་གི་སྤུན་ཆེ་བ་པདྨ་ཆོས་དར་སློབ་གྲྭ་ནས་ཡང་ཡང་བྲོས་བྱོལ་གྱིས་ཀ་སྦུག་ཏུ་སྤྲང་འཁྱམས་ཀྱི་འཚོ་བ་བསྐྱལ་བ་དང་། ཕྱིས་སུ་ཁོང་གི་ངན་བསླབ་ལ་བརྟེན་ནས་སྤེན་པ་དོན་གྲུབ་ཀྱང་ཁོང་དང་མཉམ་དུ་ཀ་སྦུག་ཏུ་བྲོས་བྱོལ་དུ་ཕྱིན། གཅེན་པོ་ཟླ་བ་བསམ་གྲུབ་ཀྱིས་ཐབས་ཤེས་གང་ཡོད་ཀྱིས་ཚུར་སློབ་གྲྭར་ཁྲིད་ཀྱང་ཕན་འབྲས་མ་བྱུང་བས་ཕལ་ཆེར་ཕྱི་ལོ་ ༡༩༡༢ ཡས་མས་ནས་ཕྱི་ལོ་ ༡༩༡༤ ལོའི་ལོ་མགོ་བར་སྤུན་ཆེ་བ་པདྨ་ཆོས་དར་དང་ལྷན་དུ་ཀ་སྦུག་ཏུ་སྤྲང་འཁྱམས་ཀྱི་འཚོ་བ་བསྐྱལ།

སྤེན་པ་དོན་གྲུབ་སིངྒལའི་གླེང་དུ་སླེབས་པའི་བརྒྱུད་རིམ།

སིངྒལའི་ཕྱི་གླིང་པའི་དགེ་སློང་གྲགས་ཅན་འཇར་མན་པ་ ( Germany) ཛྙཱ་ནཏེལོཀ་ ( Nyanatiloka ) དང་ཀ་ཛི་ཟླ་བ་བསམ་གྲུབ་གཉིས་ཕན་ཚུན་ངོ་ཤེས་དང་། དགེ་སློང་ཁོང་ཕྱི་ལོ་ ༡༩༡༤ ལོར་སིངྒལ་ནས་རྒྱ་གར་གྱི་གྲོང་ཁྱེར་ཀ་ལི་ཀ་ཏ་བརྒྱུད་ལོ་དེའི་ཕྱི་ཟླ་གསུམ་པ་དང་བཞི་པ་གང་རུང་ནང་འབྲས་ལྗོངས་སུ་སླེབས། འབྲས་ལྗོངས་བརྒྱུད་ནས་བོད་ཡུལ་དུ་ནང་ཆོས་སློབ་གཉེར་འགྲོ་རྒྱུའི་དམིགས་ཡུལ་བཟུང་ཡང་རྡོར་གླིང་དུ་འབྱོར་སྐབས་དབྱིན་ཇིའི་གསང་ཉུལ་པས་ཁོང་ལ་འདྲི་རྩད་ཐེངས་མང་བྱས་པ་དང་།[1] བོད་དུ་འགྲོ་མི་ཆོག་ཚུལ་བཤད་འདུག རྡོར་གླིང་དུ་སྡོད་སྐབས་བོད་དུ་འགྲོ་རྒྱུར་རེ་བ་ཆེན་པོ་མཐོང་ནས་ཁོང་གི་ཆོས་གྲོགས་དགེ་སློང་སེར་པོ་ཝེ་ཕཱོ་( Vappo) ཡང་སིངྒལ་ནས་སྐད་བཏང་སྟེ་བོད་དུ་འགྲོ་རྩིས་བྱས་འདུག

སྟབས་མ་ལེགས་པ་ཞིག་ལ་འབྲས་ལྗོངས་ནས་བོད་དུ་འགྲོ་ལམ་ཁག་ཚང་མར་ཁ་བ་ཆེན་པོ་བབས་རྐྱེན་བོད་དུ་འགྲོ་མ་ཐུབ་པར་མ་ཟད་ལམ་གྲོན་ཡང་རྫོགས་ལ་ཉེ་བར་བརྟེན་འབྲས་ལྗོངས་སུ་ཡུན་རིང་སྡོད་མ་ཐུབ་པར་སིངྒལར་ལོག་དགོས་བྱུང་།[2]ཁོང་སིངྒལར་ཕྱིར་ལོག་སྐབས་སྤེན་པ་དོན་གྲུབ་དང་ཕུར་བུ་དོན་གྲུབ་གཉིས་ལྷན་དུ་ཁྲིད་པ་དང་། ཕྱི་ལོ་༡༩༡༤ལོའི་ཟླ་བ་༥ པའི་ནང་རྒྱ་གར་གྱི་གྲོང་ཁྱེར་( Calcutta) ཀ་ལི་ཀ་ཏའི་མཚོ་ཐོག་ནས་ཐོན་ཏེ་སིངྒལའི་གྷོལོ་( Galle) ཞེས་པའི་གྲོང་ཁྱེར་གྱི་མཚོ་གྲུའི་འབབ་ཚིགས་སུ་ཟླ་༥ཚེས་༡༥ལ་འབྱོར།[3]

གྲོང་ཁྱེར་འདི་ནས་ལེ་དབར་བཅུ་ཕྲག་ཡས་མས་སུ་དགེ་སློང་ཛྙཱ་ནཏེལོཀ་ཡིས་བཞེངས་པའི་མཚོ་གླིང་དགོན་དུ་ཁྲིད་འདུག[4]ཁོང་གཉིས་མཚོ་གླིང་དགོན་(Hermitage Island ) དུ་འབྱོར་ནས་ཐོག་མའི་ཆར་ཛྙཱ་ནཏེལོཀ་ཡི་མདུན་ནས་པཱ་ལི་དང་སིངྒལའི་ཡི་གེ་འབྲི་ཀློག་སོགས་ཅུང་སྦྱངས། ཟླ་གཅིག་ཙམ་གྱི་རྗེས་ཕྱི་ལོ་༡༩༡༤ཟླ་༦ཚེས་༡༣ཉིན་ཁོང་སྤུན་མཆེད་གཉིས་ལ་ཛྙཱ་ནཏེལོཀ་ཡིས་རབ་བྱུང་གི་སྡོམ་པ་གནང་འདུག ཛྙཱཏེལོཀ་ཡི་མི་ཚེའི་བྱུང་བ་བརྗོད་པའི་ལོ་རྒྱུས་( The life of Nyanatiloka There)  ཞེས་པའི་དཔེ་དེབ་ནང་།དགེ་སློང་ཁོང་གིས་ཉིན་འདིར་ཁོང་སྤུན་མཆེད་གཉིས་ལ་ཆོས་གོས་དང་ཤམ་ཐབས་གནང་བའི་སྐོར་དང་།[5]གནས་བརྟན་ཁོང་གིས་ཕུར་བུ་དོན་གྲུབ་ལ་རབ་བྱུང་གི་མིང་( Punaji) པུ་ཎ་ཇི་དང་། སྤེན་པ་དོན་གྲུབ་ལ་རབ་བྱུང་གི་མིང་( Mahinda ) མཧཱེཎྜ་ཞེས་བཏགས་འདུག

ཡང་། ཕྱི་ཟླ་༦ཚེས་༡༤ཉིན་ཕུར་བུ་དོན་གྲུབ་དང་བསྟན་པ་རིག་འཛིན་གཉིས་ཛྙཱ་ནཏེལོཀ་ཡིས་དགེ་ཚུལ་བསྒྲུབས་ཀྱང་། སྤེན་པ་དོན་གྲུབ་གནས་བརྟན་ཁོང་གིས་དགེ་ཚུལ་བསྒྲུབས་མི་འདུག དེའི་ཁུངས་གསལ་ཤོས་ནི། ཛྙཱ་ནཏེལོཀ་ཡི་མི་ཚེའི་བྱུང་བ་བརྗོད་པའི་ལོ་རྒྱུས་( The life of Nyanatiloka There)ཞེས་པའི་དཔེ་དེབ་ནང་།ཛྙཱ་ནཏེལོཀ་ཡིས་ཁོང་གི་མི་ཚེའི་ནང་བསྒྲུབས་པའི་དགེ་ཚུལ་སློང་གི་སྒྲུབ་ཐོའི་ནང་ཕུར་བུ་དོན་གྲུབ་དང་བསྟན་པ་རིག་འཛིན་གཉིས་ཀྱི་མིང་གསལ་བ་ལས་སྤེན་པ་དོན་གྲུབ་ཀྱི་མིང་བྲིས་མི་འདུག

སྤེན་པ་དོན་གྲུབ་ཀྱིས་རབ་བྱུང་གི་སྡོམ་པ་མནོས་ནས་ཆོས་མིང་ལ་ཐོག་མའི་ཆར་མཧཱེཎྜ་ ( Mahinda ) བཏགས་པ་ལས་ཨཱེསཱེ་མཧཱེཎྜ་ ( S.Mahinda )བཏགས་པ་དང་འབོད་སྲོལ་མི་འདུག ཕྱི་ལོ་ ༡༩༡༤ ལོ་ནས་ ༡༩༢༠ ལོའི་བར་འབྲས་ལྗོངས་གཞུང་དང་སིངྒལའི་གཞུང་གཉིས་བར་ཁོང་གསུམ་གྱི་སློབ་གཉེར་སོགས་ཀྱི་སྐོར་ལ་ཡིག་འབྲེལ་བྱས་པའི་འཕྲིན་ཡིག་ཁག་ཏུ་མཧཱེཎྜ་ཞེས་བྲིས་པ་ལས་ཨཱེསཱེ་མཧཱེཎྜ་ S.Mahinda )བྲིས་པ་གཅིག་ཀྱང་མི་འདུག དུས་ནམ་ཞིག་ནས་ཁོང་གི་མིང་མཧཱེཎྜ་ནས་ཨཱེསཱེ་མཧཱེཎྜ་རུ་འགྱུར་མིན་མ་ཤེས་ཀྱང་། ཕྱིས་སུ་ཡོངས་གྲགས་ལ་བོད་ཀྱི་ཨཱེསཱེ་མཧཱེཎྜ་ཧི་མི་ (Tibet Jathika S.Mahinda himi) ཞེས་འབོད་པ་དང་། སྐབས་རེར་ཧི་མིའི་ཚབ་ཏུ་ཐི་རོ་ཞེས་འབོད་པ་ཡང་འདུག

ཁ་ཤས་ཀྱིས་ཨཱེསཱེ་(s)ཞེས་པའི་དབྱིན་ཡིག་འདིས་ཁོང་གི་སྐྱེ་ཡུལ་འབྲས་ལྗོངས་ལ་དབྱིན་སྐད་དུ་(Sikkim) སེར་ཁྱིམ་ཞེས་པའི་བསྡུས་མིང་ལ་ཨཱེསཱེ་(s) ཞེས་བཏགས་པར་འདོད་མཁན་ཞིག་དང་།[6]དཔྱོད་ལྡན་པ་ལ་ལས་ཨཱེསཱེ་(s) ནི་ཁོང་གི་མིང་ཟུར་སཱར་ཀཱི་(Serki) ཞེས་པའི་བསྡུས་མིང་དུ་འདོད་མཁན་ཡང་འདུག[7]

ཐི་རོ་(Thero) ནི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས་ལོ་བཅུ་ལོན་པའི་དགེ་སློང་ལ་འཇུག་ཅིང་ཐཱ་ལན་ཌའི་སྐད་དང་།ཧ་མི་(Himi) ནི་སིངྒའི་སྐད་དུ་དགེ་འདུན་ཞེས་པའི་དོན་ཡིན་ལ།ཌི་བྷེ་ཌི་(Tibet) ནི་བོད་ལ་འཇུག་པ་དང་།ཇ་ཏི་ཀ་(Jathika ) ཞེས་པ་སིངྒལའི་སྐད་དུ་མི་སེར་ལ་འཇུག་པས་བོད་ཀྱི་མི་སེར་རམ་བོད་མི་ཞེས་པའི་དོན་ལ་འཇུག

སྤེན་པ་དོན་གྲུབ་ཁོང་རང་ཉིད་བོད་མི་ཞིག་ཡིན་པར་སྤོབས་པ་ཆེན་པོ་གནང་མཁན་ཞིག་དང་། བོད་མི་ཡིན་ཞེས་རྒྱུན་ལྡན་ནས་གསུང་མཁན་ཞིག་ཡིན་པར་མ་ཟད་ཁོང་གིས་བྲིས་པའི་སྙན་རྩོམ་སོགས་ཀྱི་མཇུག་བྱང་དུའང་བོད་མི་མཧཱེཎྜ་ནས།ཞེས་བྲིས་གནང་མཁན་ཞིག་རེད་འདུག དཔེར་ན།གནས་བརྟན་ཁོང་གཞོན་དུས་མཆེད་གྲོགས་ཤིག་ལ་བསྐུར་བའི་སྙན་རྩོམ་གྱི་མཇུག་བྱང་ལ་དབྱིན་སྐད་དུ་( Tibet S Mahinda who lives in the ocean of penury ) དབུལ་ཕོངས་ཀྱི་རྒྱ་མཚོར་ལྷུང་བའི་བོད་ཀྱི་ཨཱེསཱེ་མཧཱེཎྜ་ནས་ཞེས་བྲིས་འདུག[8]ཁོང་གིས་བྲིས་པའི་སྙན་རྩོམ་རྣམས་སིངྒལའི་རྒྱལ་ཡོངས་ཀྱི་སྙན་རྩོམ་རྩེ་ཕུད་ཀྱི་གྲས་དང་སྙན་ངག་པའི་མཚན་སྙན་ཡང་གླིང་འདིར་དགུང་ལོ་ཉི་ཤུ་ཡས་མས་ནས་གྲགས་འགོ་ཚུགས། དེར་བརྟེན་བོད་ཀྱི་མཧཱེཎྜ་ཧི་མི་(Tibet Jathika S.Mahinda himi)ཞེས་བརྗོད་སྐབས་སིངྒལའི་རྒྱལ་ཡོངས་ལ་མི་ཤེས་མཁན་ཕལ་ཆེར་མེད།

སྤེན་པ་དོན་གྲུབ་སིངྒལའི་གླེང་དུ་སླེབས་པའི་རྒྱབ་ལྗོངས།

འོ་ན། སྤེན་པ་དོན་གྲུབ་སིངྒལའི་རྒྱལ་ཁབ་ཏུ་ཡོང་དགོས་པའི་དམིགས་ཡུལ་དང་དགོས་པ་སོགས་ཇི་ལྟར་ཡིན་ནམ་ཞེ་ན། སྤེན་པ་དོན་གྲུབ་དང་སྤུན་མཆེད་སོགས་སིངྒལའི་གླིང་དུ་བསླེབ་པ་ནི་འབྲས་ལྗོངས་ཆོས་རྒྱལ་སྲིད་སྐྱོང་སྤྲུལ་སྐུས་དམིགས་ཡུལ་ཆེན་པོ་བཟུང་ནས་མངགས་པ་ཞིག་རེད་འདུག ཛྙཱ་ནཏེལོཀ་ཡི་མི་ཚེའི་བྱུང་བ་བརྗོད་པའི་དཔེ་དེབ་ནང་། སྲིད་སྐྱོང་སྤྲུལ་སྐུ་ལ་འབྲས་ལྗོངས་སུ་དར་བའི་ཆོས་བརྒྱུད་དང་ཆོས་བྱེད་མི་སྣ་ཁག་གི་ཀུན་སྤྱོད་ལ་ལེགས་བཅོས་དགོས་སྐོར་གྱི་བསམ་ཚུལ་འདོན་མཁན་གཙོ་བོ་ཞིག་ནི་ཨཱེ་ལེཀ་ཛ་ཌར་ཌར་ཝི་ཎིལ་(Alexandra David Neel) དང་། ཁོ་མོའི་ལམ་སྟོན་ལས་ཉམས་རྒུད་དུ་སོང་བའི་འབྲས་ལྗོངས་ཀྱི་ནང་ཆོས་ལ་ལེགས་བཅོས་དང་། ཆོས་རྒྱལ་རང་ཉིད་ཀྱང་ཐེག་དམན་གྱི་ཆོས་ལུགས་ལ་ཞུགས་པ་དང་། དེར་བརྟེན་ཛྙཱ་ནཏེལོཀ་འབྲས་ལྗོངས་སུ་ཕེབས་པར་དགའ་བསུ་བྱས་སྐོར་བྲིས་འདུག[9]

རྒྱུ་མཚན་དང་དཔྱད་གཞིའི་ཡིག་ཆ་འདི་ལ་གཞིགས་ན། ཁོང་སྤུན་མཆེད་གཉིས་སིངྒལའི་ཡུལ་དུ་པཱ་ལིའི་ཆོས་བརྒྱུད་སྦྱོང་བར་ཆོས་རྒྱལ་སྲིད་སྐྱོང་སྐུ་ངོ་མས་བཀོད་མངགས་ཀྱིས་བཏང་བར་རྒྱུ་མཚན་གསུམ་མཐོང་སྟེ། དང་པོ། ཆོས་རྒྱལ་མཆོག་ལ་འབྲས་ལྗོངས་ཆོས་བྱེད་མི་སྣའི་འཆལ་སྤྱོད་དང་དམར་མཆོད་སོགས་ཀྱི་སྲོལ་རྙིང་བསྒྱུར་བཅོས་གཏོང་དགོས་པའི་འདུན་པ་ཤུགས་ཆེན་ཞིག་ཡོད་ཅིང་།དེའི་སྐོར་ནས་ཁོང་རང་ཉིད་ནས་ཆེད་རྩོམ་ཞིག་ཀྱང་བྲིས་འདུག

གཉིས་པ། ཆོས་རྒྱལ་སྲིད་སྐྱོང་སྤྲུལ་སྐུ་ནས་ཁོང་སྤུན་མཆེད་གཉིས་ལ་སློབ་ཡོན་གྱི་སྦྱིན་བདག་དང་།རྗེས་སུ་ཆོས་རྒྱལ་བཀྲ་ཤིས་རྣམ་རྒྱལ་ནས་ཀྱང་སློབ་ཡོན་མུ་མཐུད་གནང་འདུག ཁོང་སྤུན་གཉིས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་སྦྱོར་མཁན་ཤུགས་ཆེན་ཞིག་མེད་ཚེ་གློ་བུར་དུ་འབྲས་ལྗོངས་སུ་ཡོང་བའི་ཕྱི་གླིང་བའི་དགེ་སློང་ཛྙཱ་ནཏེལོཀ་དང་མཉམ་དུ་སིངྒལར་འགྲོ་ཐབས་མེད་པ་དང་། དུས་སྐབས་དེར་སྤུན་མཆེད་ཁོང་གཉིས་བདག་སྐྱོང་བྱེད་མཁན་ཀ་ཛི་ཟླ་བ་བསམ་གྲུབ་ཀྱང་ཕྱོགས་སུ་ཐོན་པའི་སྐབས་འཁེལ་ཡོད། འགན་ལེན་དང་བཀོད་སྒྲིག་བྱེད་མཁན་ཞིག་མེད་ཚེ་དགེ་སློང་ཛྙཱ་ནཏེལོཀ་ཡིས་ཁོང་སྤུན་མཆེད་གཉིས་སིངྒལར་འཁྲིད་དབང་མེད་ཅིང་། ཁྲིད་ཀྱང་མི་ནུས་པས་ཆོས་རྒྱལ་སྲིད་སྐྱོང་སྤྲུལ་སྐུ་ནས་ཐབས་བཀོད་དང་འགན་འཁྲི་སོགས་ཡོངས་རྫོགས་ཁུར་འདུག

གསུམ་པ། ཁོང་སྤུན་གཉིས་སིངྒལར་འབྱོར་རྗེས་སློབ་སྦྱོང་དང་འཕྲོད་བསྟེན་སོགས་ཀྱི་གནས་སྟངས་རྣམས་འབྲས་ལྗོངས་གཞུང་དང་སིངྒལའི་གཞུང་བར་ཡིག་འབྲེལ་ཐེངས་མང་བྱས་པ་དང་། གལ་ཏེ་ཁོང་སྤུན་གཉིས་སྒེར་ངོས་ནས་ཕྱིན་པ་ཡིན་ན་ཆོས་རྒྱལ་མཆོག་ནས་སློབ་ཡོན་གྱི་སྦྱིན་བདག་གནང་རྒྱུའང་དཀའ་ཚོད་དང་། ལྷག་པར་གཞུང་འབྲེལ་གྱི་ཡིག་འབྲེལ་མང་པོ་དེ་འདྲ་མི་སྲིད་པ་ལྟ་བུ་རེད།

སྤེན་པ་དོན་གྲུབ་ཀྱི་སློབ་གཉེར་གྱི་བརྒྱུད་རིམ།

ཕྱི་ལོ་༡༩༡༤ལོར་སིངྒལའི་གླིང་དུ་འབྱོར་ནས་དགེ་སློང་ཛྙཱ་ནཏེལོཀ་དང་གཞན་དགེ་རྒན་གང་མང་བསྟེན་ནས་སིངྒལའི་སྐད་ཡིག་དང་པཱ་ལི་སོགས་སྦྱངས་ནས་རིང་པོ་མ་ཐོགས་པར་སིངྒལའི་སྐད་ཡིག་ལ་བྱང་ཆུབ་པར་གྱུར་པར་མ་ཟད་སྙན་རྩོམ་པ་གྲགས་ཅན་ཞིག་ཏུའང་གྱུར།

ཕྱི་ལོ་༡༩༢༠ལོར་བོད་དུ་སློབ་གཉེར་ཆེད་ཁོང་དང་སྤུན་མཆེད་ཕུར་བུ་དོན་གྲུབ་གཉིས་སིངྒལའི་གླིང་ནས་ཐོན་ཏེ་མཚོ་ལམ་བརྒྱུད་རྒྱ་གར་གྱི་གྲོང་ཁྱེར་ཀ་ལི་ཀ་ཏ་དང་། དེ་ནས་འབྲས་ལྗོངས་སུ་འབྱོར། ཡིན་ནའང་ལོ་དེའི་ལོ་མཇུག་ཏུ་སྤེན་པ་དོན་གྲུབ་ཕྱིར་སིངྒལར་ལོག་པ་དང་། སྤུན་མཆེད་ཕུར་བུ་དོན་གྲུབ་འབྲས་ལྗོངས་སུ་གཏན་སྡོད་བྱས་འདུག ཡིན་ནའང་སྤེན་པ་དོན་གྲུབ་བོད་དུ་མ་ཕྱིན་པར་ཕྱིར་ལོག་དགོས་པའི་རྒྱུ་མཚན་སོགས་ཀྱི་ཆ་ནས་ཁ་གསལ་གྱི་དཔྱད་གཞིའི་ཡིག་ཆ་སོགས་མ་རྙེད་པས་འབྲི་ཐབས་བྲལ།

ཕྱི་ལོ་༡༩༢༡ལོར་སྤེན་པ་དོན་གྲུབ་ཀྱིས་སིངྒལའི་སྐད་ཡིག་ཏུ་སྐབས་དེའི་སྤྱི་ཚོགས་ལ་མཁོ་བའི་ལུགས་ཀྱི་བསྟན་བཅོས་བསླབ་བྱ་མུ་ཏིག་ཕྲེང་བ་(Owa Mutu Dama) ཞེས་པའི་དཔེ་དེབ་ཅིག་བརྩམས། དེ་ནི་ཁོང་གིས་སིངྒལའི་སྐད་ཡིག་ཏུ་ཆེས་ཐོག་མར་བརྩམས་པའི་བསྟན་བཅོས་རེད་འདུག[10]

དེ་ནས་ད་དུང་སློབ་གཉེར་ཤུགས་ཆེ་གནང་བར་མ་ཟད་རྒྱལ་ས་ཀོ་ལོམ་བྷོའི་སཱེལ་ཧྥེ་ཞེས་པའི་མཚོ་གླིང་དུ་ཡོད་པའི་སུ་གྷ་ཐ་ཝ་སཱ་(Saugatavasa Island ) ཞེས་པའི་དགོན་དུ་གནས་བརྟན་ཝི་ཀན་ཌ་( Wekada Dhirananda ) ཡིས་སྤེན་པ་དོན་གྲུབ་གདན་ཞུས་དང་བཞུགས་གནས་སོགས་ཀྱི་མཐུན་རྐྱེན་ལེགས་པར་སྦྱར། དགོན་དེར་བཞུགས་རིང་ཁོང་གིས་དབྱིན་ཡིག་ལ་དམིགས་བསལ་སྦྱང་བརྩོན་དང་། གོ་སྐབས་ནམ་བྱུང་ལ་དུས་དེབ་དང་ཚགས་ཤོག་སོགས་ཀྱི་སྟེང་ཡུལ་དུས་དང་འཚམ་པའི་སྙན་རྩོམ་དང་དཔྱད་རྩོམ་གང་མང་སྤེལ་བར་མ་ཟད་རྒྱལ་སའི་མངའ་ཁུལ་གྱི་དགོན་པ་དང་མཐོ་སློབ་སོགས་སུ་ནང་ཆོས་འཆད་ཁྲིད་གནང་བར་མང་ཚོགས་རྣམས་ཀྱིས་དགའ་མོས་དང་དད་གུས་ཆེན་པོ་ཐོབ། མཚན་སྙན་ཡང་ཆེས་ཆེར་རྒྱས།

དེའི་ཁྲོད་ནས་ཉིན་ཞིག་རཱ་ཌ་མཱ་ལན་(Ratmalana Purana Rajamaha Vihara ) གྱི་དགོན་དུ་གསུང་བཤད་དང་བགྲོ་གླེང་གནང་སྐབས་ཁོང་གི་ནང་ཆོས་འཆད་ཁྲིད་ཀྱི་ངག་རྩལ་དང་བགྲོ་གླེང་སྐབས་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་སོགས་ལ་དགོན་དེའི་ཁྲི་པ་ཨིན་ཌ་ ཇོ་ཏི་ བྷི་ཌ་ཎ་ཡིས་(Dharmarama Indajotyabhidana Nayaka thero) གཙོས་གྲྭ་མང་ཡོངས་ཀྱིས་གདེང་འཇོག་ཧ་ཅང་ཆེན་པོ་དང་། ཡིད་དབང་འཕྲོགས་ཏེ་བསྟོད་བསྔགས་ཆེན་པོ་ཐོབ་པར་མ་ཟད། དགོན་དེའི་ཁྲི་པས་སྤེན་པ་དོན་གྲུབ་ཕྱི་ལོ་ ༡༩༣༠ ལོའི་ཟླ་ ༦པའི་ནང་དགོན་འདིར་དངོས་སུ་གདན་ཞུས་ཀྱིས་གཏན་འཇགས་བཞུགས་པའི་རེ་སྐུལ་བྱས་དོན་ལྟར་དགོན་དེར་བཞུགས་པ་དང་། མཉམ་དུ་དགོན་པ་གཞན་དང་གཞན་དུའང་དགེ་རྒན་དུ་ཕེབས།

ལྷག་པར་སིངྒལའི་སྐད་ཡིག་ནང་སྙན་རྩོམ་དང་། གླིང་འདིའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཝཱ་ཎམ་(Vannams ) ཞེས་པའི་གར་གྱི་འཁྲབ་ཚན་ལ་མཁོ་བའི་སྙན་ཚིག་དང་། ལི་ལཱ་བྷཱ་( lullaby) ཞེས་བྱིས་པ་དམར་འབྱར་གཉིད་འབེབ་ཀྱི་གླུ་དབྱངས་སྙན་ཚིག་གང་མང་གསར་རྩོམ་གྱིས་སིངྒལའི་རྒྱལ་ཡོངས་སུ་མཚན་སྙན་ཁྱབ།

ཕྱི་ལོ་༡༩༣༤ལོར་རྒྱལ་ས་ཀོ་ལོམ་བྷོར་ཡོད་པའི་མཐོ་སློབ་གྲགས་ཅན་ཨཱ་ནན་ཊའི་(Ananda College) མཐོ་སློབ་ཏུ་སྐབས་དེའི་མཐོ་སློབ་ཀྱི་སློབ་སྤྱི་མཁས་དབང་སྐུ་ཞབས་ཀུ་ལ་རཏ་ཎི་( P.De.S.Kularatne 1932-1942) ཡིས་ནན་ཏན་གྱིས་གདན་ཞུས་ལང་ཀའི་རྩོམ་རིག་དང་སྐད་ཡིག དེ་བཞིན་པཱ་ལི་དང་ནང་ཆོས་ཏེ་སློབ་ཚན་བཞིའི་དགེ་རྒན་གྱི་ཕྱག་ལས་གནང་།[11]

གླིང་འདིའི་གཞོན་སྐྱེས་རྩོམ་པ་པོ་དག་ཀྱང་དགེ་སློང་སྤེན་པ་དོན་གྲུབ་ཀྱི་རྒྱལ་ཞེན་ཅན་གྱི་བརྩམས་ཆོས་དང་སྙན་རྩོམ་ལ་ཧ་ཅང་དགའ་མོས་དང་། མཚན་སྙན་ཡང་ཧ་ཅང་ཆེ་བར་བརྟེན་ཕྱི་ལོ་༡༩༣༥ཟླ་༤ཚེས་༡༢ཉིན་སིངྒལའི་ན་གཞོན་རྩོམ་པ་པོ་རྣམས་ཀྱིས་གསར་དུ་བཙུགས་པའི་ཀོ་ལོམ་བྷོའི་ན་གཞོན་རྩོམ་པ་པོའི་མཐུན་ཚོགས་(Colombo Young Poets Association) ཀྱི་ཐེངས་དང་པོའི་སློབ་སྟོན་པར་གདན་ཞུས་ལྟར་ཞལ་བཞེས་གནང་འདུག

ཕྱི་ལོ་༡༩༣༦ལོར་དགེ་སློང་སྤེན་པ་དོན་གྲུབ་ཀྱིས་ཨཱ་ཎན་ཊིའི་(Ananda) མཐོ་སློབ་སོགས་ཀྱི་དགེ་རྒན་གྱི་ཕྱག་ལས་བཞག་ནས་ཁོང་གི་དགེ་རྒན་ཨིན་ཌོར་ཇོ་ཏིའི་( Indrojothi Nayaka There) ཐུགས་འདོད་ལྟར་རྒྱལ་ས་ཀོ་ལོམ་བྷོ་ནས་ལེ་དབར་༥༠ཙམ་གྱི་སར་ཡོད་པའི་ས་གནས་པཱཎ་རྡུ་རར་( Panadura) གཞིས་ཆགས་པའི་ཝེར་གྷི་ཧ་( Weeragaha) ཞེས་པའི་དགོན་པའི་ཁྲི་པའམ་དོ་དམ་པར་ཕེབས་འདུག དགོན་པ་དེ་ཉིད་ཁོང་གི་དགེ་རྒན་ཤྲཱི་སུ་དྷརྨ་རཱ་མ་(Sri Sudharmarama) ཡིས་ཕྱག་བཏབ་པར་འདོད་མཁན་ཞིག་དང་སིངྒལའི་ཆོས་རྒྱལ་ཐ་མ་རཱ་ཇ་སིང་ཧཱ་ཡིས་( Sri Vikrama Rajasinha) བཞེངས་པར་འདོད་མཁན་ཡང་འདུག དགོན་འདིར་ཁོང་གི་དགེ་རྒན་གནས་བརྟན་ཀི་རཱ་གྷོལ་པོ་ཐཱ་མཆོག་ (Ven Kiragalpotte Nayaka Thero) དང་ལྷན་དུ་ཚེ་མཇུག་བར་ཁྱོན་ལོ་ངོ་༡༥ བཞུགས་ཤིང་། དེའི་རིང་དགོན་པའི་ལྕགས་རི་དང་། དགེ་འདུན་པའི་གྲྭ་ཤག འདུ་ཁང་གསར་རྒྱག་གིས་མཚོན་དགོན་པའི་ཕྱི་ནང་གཉིས་ཀར་ཡར་རྒྱས་ཆེན་པོ་བཏང་ནས་ས་གནས་འདིའི་དགོན་པ་གལ་ཆེ་ཤོས་ཤིག་དང་དད་ལྡན་མང་ཚོགས་ཀྱིས་དད་མོས་ཆེན་པོ་བྱེད་ཡུལ་གྱི་དགོན་པ་ཞིག་ཏུ་གྱུར་འདུག

གཞན་ཡང་། ས་གནས་ཡུལ་མིའི་འཕྲོད་བསྟེན་ཆེད་སྨན་པ་སོགས་གདན་ཞུས་ཀྱིས་རིན་མེད་བརྟག་དཔྱད་དང་སྨན་སྦྱིན་གྱི་ལས་འགུལ་གང་མང་སྤེལ། སློབ་ཆུང་དང་སློབ་འབྲིང་ལ་འགྲིམ་བཞིན་པའི་སློབ་མ་རྣམས་ཀྱི་ཆེད་གཟའ་ཉི་མར་ནང་ཆོས་ངོ་སྤྲོད་སྔར་ནས་གནང་མུས་ཡིན་ཡང་དམིགས་བསལ་གྱིས་སློབ་གྲྭ་ལྟ་བུ་མེད་པར་བརྟེན་ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༩ ཚེས་ ༡༠ ཉིན་ཎཱ་ཝ་ལང་ཀ་དྷརྨ་(Nawalanka Dhamma School) ཞེས་གཟའ་ཉི་མའི་ནང་ཆོས་སློབ་གྲྭ་དབུ་འབྱེད་དང་། དེ་དང་མཉམ་དུ་ཉིན་འདིར་དབྱིན་ཇིའི་སློབ་གྲྭ་( English School)ཞིག་ཀྱང་དབུ་འབྱེད་དང་སྐབས་དེར་སློབ་མ་ ༢༥༠ ཡོད་སྐོར་གསར་ཤོག་ཁག་ནང་གསལ་བཞིན་འདུག

སྤེན་པ་དོན་གྲུབ་ཀྱི་གསུང་རྩོམ་དང་མཛད་རྗེས་སྙིང་བསྡུས།

སྤྱིར་ཁོང་གི་གསུང་རྩོམ་དཔར་བསྐྲུན་ཟིན་པ་དཔེ་དེབ་གྲངས་ ༤༠ ནས་ ༤༢ བར་ཡོད་པ་དང་།[12] ད་དུང་པར་དུ་མ་བསྐྲུན་པའི་གསུང་རྩོམ་མང་པོ་ཡོད་ཚུལ་དང་།[13] དཔར་བསྐྲུན་ཟིན་པའི་དཔེ་དེབ་ཕལ་ཆེ་བ་དེབ་ཆུང་ཡིན་ཞིང་། ཁོང་གི་ལེགས་བཤད་གསུང་རྩོམ་རྣམས་ནི་ཚིགས་བཅད་དང་ཚིག་ལྷུག་གཉིས་ཀྱི་ལམ་ནས་བརྩམས་ཡོད་ཅིང་། ཚིགས་བཅད་ཀྱི་སྙན་རྩོམ་རྣམས་ནི་དབྱེ་བ་གསུམ་དུ་འབྱེད་ཀྱི་འདུག ཚིགས་བཅད་ཀྱི་སྙན་ཚིག་དང་། སྲོལ་རྒྱུན་གྱི་གར་ལ་མཁོ་བའི་སྙན་ཚིག བྱིས་པ་དམར་འབྱར་གཉིད་འབེབ་གླུ་དབྱངས་ཀྱི་སྙན་ཚིག་དང་གསུམ།

དང་པོ་ནི། ཆེད་གཉེར་གྱིས་སློབ་ཆུང་འགྲིམ་བཞིན་པའི་ན་ཆུང་རྣམས་ལ་མཁོ་བའི་སངས་རྒྱས་བཅོམ་ལྡན་གྱི་གསུང་རབ་ཀྱི་སྙིང་པོ་དང་མཐུན་པའི་ཡ་རབས་ལུགས་མཐུན་གྱི་སྤྱོད་ལམ་སྐོར་དང་། རྒན་དར་གཞོན་གསུམ་ལ་མཁོ་བའི་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་རང་ཉིད་ནས་མགོ་བརྩམས་ཏེ་མཐོང་ཆེན་དང་རྒྱུན་འཛིན། དམིགས་བསལ་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་དང་། མི་དམངས་མཉམ་ཞུགས་ཀྱིས་མདུན་སྐྱོད་བྱེད་དགོས་སྐོར་གྱི་རྒྱལ་ཞེན་ཅན་གྱི་སྙན་རྩོམ་སྐོར།

གཉིས་པ་ནི། སིངྒལའི་སྲོལ་རྒྱུན་གྱི་གར་ཝི་ཎམ་(Sinhala Vannam)ཞེས་པའི་འཁྲབ་ཚན་ལ་མཁོ་བའི་སྙན་ཚིག

གསུམ་པ་ནི། ཕྲུ་གུ་དམར་འབྱར་གཉིད་འབེབ་ཀྱི་སྙན་ཚིག་ལ་དབྱིན་སྐད་དུ་ ལི་ལཱ་ བྷཱ་( Lullaby) ཞེས་དང་། ཕྲུ་གུ་དམར་འབྱར་གཉིད་འབེབ་ཀྱི་ཆེད་ཡོམ་ཡོམ་དུ་བསྒུལ་བའི་སྐབས་ཕ་མས་གྱེར་རྒྱུའི་སྙན་ཚིག་ཁག་རེད་འདུག ཕྲུ་གུ་དམར་འབྱར་ལ་མཁོ་བའི་སྙན་རྩོམ་རྣམས་ནི་གླིང་འདིའི་ཨ་མ་རྣམས་ཀྱིས་ཧ་ཅང་དགའ་མོས་དང་ཆུང་དུས་ནས་ཕྲུ་གུར་རང་མི་རིགས་ཀྱི་བག་ཆགས་འཇོག་བྱེད་ཀྱི་ཐབས་ལམ་མཆོག་ཏུ་རྩི་ཞིང་། དང་དོད་ཆེན་པོས་བློར་འཛིན་པའམ་སྙན་དེབ་ཉོས་ནས་ཉིན་རེའི་འཚོ་བའི་ནང་བཀོལ་སྤྱོད་ཤུགས་ཆེ་བྱེད་མུས་དང་། མ་ཟད་སྤེན་པ་དོན་གྲུབ་ཀྱིས་སིངྒལའི་བྱིས་པར་མཁོ་བའི་སྒྲུང་རྩོམ་གྱི་ཤིང་རྟའི་སྲོད་འབྱེད་དང་སྙན་ངག་གི་རྩོམ་རིག་ཡར་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་སྐོར་འབྲེལ་ཡོད་ཀྱི་ཡིག་ཆ་ཚང་མར་གསལ།

ཚིག་ལྷུག་གི་བརྩམས་ཆོས་ནི། ཕལ་ཆེ་བ་པཱ་ལི་དང་སཾསྐྲཏའི་ནང་བཞུགས་པའི་རྒྱལ་བའི་གསུང་རབ་དང་རྒྱལ་རབས་སོགས་ལང་ཀའི་སྐད་དུ་བསྒྱུར་བའི་སྒྱུར་རྩོམ་ཁག་རེད་འདུག

བོད་ཀྱི་དགེ་སློང་ཁོང་ལ་ཁྱོན་ཚིགས་བཅད་ཀྱི་བརྩམས་ཆོས་དཔེ་དེབ་གྲངས་ ༢༡ དང་ཚིག་ལྷུག་གི་བརྩམས་ཆོས་དཔེ་དེབ་གྲངས་ ༡༩ལྷག་ཡོད་པའི་སྐོར་གསར་ཤོག་དང་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ཏུ་གསལ་བར་མ་ཟད་བརྩམས་དེབ་རྣམས་ཀྱི་མིང་ཐོ་ཡང་རེ་རེ་ནས་བགྲང་རྒྱུ་འདུག[14]བརྩམས་ཆོས་ཕལ་ཆེ་བ་གཙོ་བོ་སིངྒལའི་སྐད་ཡིག་དང་། པཱ་ལིའི་སྐད་དུ་ཡང་འགའ་རེ་བརྩམས་གནང་ཡོད་ཅིང་། དགེ་སློང་ཁོང་གཞོན་དུས་ནས་སིངྒལའི་རྒྱལ་ཁབ་ཀྱི་སྙན་ངག་པ་རྩེ་ཕུད་ཀྱི་གྲས་སུ་བརྩི་བར་མ་ཟད་ཕྱི་ལོ་ ༡༩༢༥ ལོའི་ཡས་མས་སུ་སིངྒལའི་རྒྱལ་ཡོངས་སྙན་རྩོམ་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་ནས་མཚན་སྙན་ཧ་ཅང་རྒྱས་འདུག[15]

མདོར་ན། སྤེན་པ་དོན་གྲུབ་དང་ཁོང་གི་གསུང་རྩོམ་གྱིས་སིངྒལའི་གཞུང་དམངས་གཉིས་ལ་དོན་ཚན་ཆེན་པོ་གསུམ་གྱི་ཐོག་ནས་འགྲན་དུ་མེད་པའི་ཞབས་འདེགས་དང་གཡོ་འགུལ་ཐེབས་སུ་བཅུག་འདུག

དང་པོ། བོད་ཀྱི་དགེ་སློང་ཁོང་གི་སྙན་རྩོམ་ཁག་གིས་སིངྒལའི་གཞོན་སྐྱེས་མང་པོར་རང་མི་རིགས་ལ་ལར་ཞེན་དང་། རྒྱལ་གཅེས་ཀྱི་སེམས་ཤུགས་དང་སྙིང་སྟོབས་བྱིན་པ་དང་། རང་བཙན་གྱི་སེམས་ཤུགས་བསྐྲུན་པའི་སྒོ་ནས་རྒྱལ་ཁབ་བསྐྱར་གསོའི་ཞབས་འདེགས་བླ་ན་མེད་པ་ཞུས།

གཉིས་པ། མི་མང་ལ་ནང་ཆོས་ངོ་སྤྲོད་ཀྱིས་ནང་ཆོས་གོ་རྟོགས་སད་ཐབས་དང་ཉམས་ཆག་ཤུགས་ཆེན་འགྲོ་བཞིན་པའི་སིངྒལའི་སྐད་ཡིག་དང་རྩོམ་རིག་ལ་ཚེ་སྲོག་གསར་པ་ཞིག་སྦྱིན་པའི་སྒོ་ནས་ཆོས་དང་རིག་གཞུང་ཉམས་པ་སླར་གསོའི་ཞབས་འདེགས།

གསུམ་པ། ལང་ཀའི་མི་མང་དང་གཞོན་སྐྱེས་རྣམས་དབྱིན་ཇིའི་ལྟ་སྤྱོད་གོམས་གསུམ་ལ་གཙིགས་ཆེན་དང་། དང་དོད་ཆེན་པོ་བྱེད་པའི་སྤྱོད་ཚུལ་དང་། རང་མི་རིགས་ཀྱི་རིག་གཞུང་གོམས་སྲོལ་སྣང་མེད་བཞག་པར་སྐྱོན་བརྗོད་ཤུགས་ཆེན། མི་རིགས་ཀྱི་ཟས་གོས་རྒྱུན་སྲོལ་སོགས་ལ་དོ་སྣང་དང་རྒྱུན་འཛིན། ཡུལ་སྲོལ་གོམས་གཤིས་ཉམས་པ་སླར་གསོའི་ཞབས་འདེགས་ཆེན་པོ་བསྒྲུབས་པར་བརྟེན་སིངྒལའི་གཞུང་ངོས་ནས་བོད་ཀྱི་དགེ་སློང་གི་མཚན་གསེར་ཡིག་ཏུ་བྲིས་ནས་སིངྒལའི་རྒྱལ་ཁབ་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་འདུག

བོད་ཀྱི་དགེ་སློང་ཁོང་གིས་སྨྱུག་ཐོགས་པ་གཅིག་པུའི་ལས་འགུལ་ཙམ་མ་ཡིན་པར་ཁྲོམ་གཞུང་དུ་དངོས་སུ་ཐོན་ཏེ་ལས་འགུལ་ཡང་སྤེལ་འདུག དཔེར་ན། ཤ་ཆང་ཚོང་འགྲེམ་འགོག་པའི་ (Temperance Movement)ཚོགས་མིར་འཛུལ་ཞུགས་ཀྱིས་ཁྲོམ་གཞུང་དུ་ཐོན་ཏེ། ཞི་བའི་ངོ་རྒོལ་བྱས་པར་བརྟེན་དབྱིན་ཇིའི་གཞུང་དང་སྒེར་གྱིས་གཉེར་བའི་ཤ་ཆང་ཚོང་ཁང་མང་པོ་སྒོ་རྒྱག་དགོས་བྱུང་བ་དང་། དབྱིན་ཇིའི་གཞུང་སྒེར་གཉིས་ཀའི་ཡོང་འབབ་ལ་གྱོང་གུད་ཆེན་པོ་བཟོས་ཏེ་མི་མང་ལའང་སེམས་ཤུགས་དང་རེ་བ་གསར་པ་ཞིག་བསྐྱེད་དུ་བཅུག

དེ་ཡང་ཐེངས་ཤིག་ལ་བ་གླང་མང་པོ་ཞིག་ཁྲོམ་གཞུང་དུ་ཁྲིད་ཡོང་ནས་བ་གླང་ནི་འགྲོ་བ་མིར་ཉིན་རེའི་འཚོ་བར་དགོས་མཁོའི་རིགས་རིན་མེད་དུ་བྱིན་པའི་དྲིན་ཅན་ཡིན་སྐོར་དང་། ང་ཚོས་དྲིན་ཅན་དེ་ཚོའི་ཚེ་སྲོག་ཕྲོགས་ཏེ་ཤ་ཁྲག་ལ་བག་མེད་དུ་སྤྱོད་པ་ནི་གཅན་གཟན་གྱི་སྤྱོད་ཚུལ་དང་འདྲ་ཚུལ་འཁྲབ་སྟོན་གྱི་ལམ་ནས་སྤེལ་བའི་ལས་འགུལ་དེས་མི་མང་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཕྱིས་སུ་མཧཱེཎྜ་ཡི་གསར་བཏོད་ཀྱི་ལས་འགུལ་ཞེས་གླིང་འདིར་གཏམ་རྒྱུད་དུ་གྲགས། ཚོགས་པ་དེ་ཉིད་སིངྒལའི་རང་བཙན་གྱི་ལས་འགུལ་ཚོགས་པའི་ནང་ནས་གལ་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་པར་ངོས་འཛིན་དང་། ཕྱིས་སུ་རང་བཙན་ཐོབ་རྗེས་བོད་ཀྱི་དགེ་སློང་ཁོང་ལ་རྒྱལ་ཁབ་ཀྱི་དཔའ་བོ་དང་རང་བཙན་རྩོད་ལེན་པའི་མཚན་སྙན་འབུལ་དགོས་པའི་རྒྱུ་རྐྱེན་གཅིག་ནི་ཁོང་གིས་ཚོགས་པ་དེའི་ནང་ཕྱག་ལས་ཤུགས་ཆེན་གནང་བའི་བྱས་རྗེས་ལ་ཐུག་འདུག་པར་མ་ཟད་ཁོང་རང་ཉིད་བཞུགས་ཡུལ་གྱི་ས་གནས་པཱན་རྡུ་རའི་(Pandura) བ་གླང་གི་ཤ་དང་ཆང་རག་ཚོང་འགྲེམ་འགོག་པའི་(Temperance Movement)ཚོགས་པའི་འགན་གཙོ་བོ་ཡང་བྱས་འདུག

སྤེན་པ་དོན་གྲུབ་དང་དགེ་ཆོས་བར་གྱི་གསང་བ།

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རིག་པའི་ལམ་ནས་སིངྒལའི་གླིང་བསྐོར་བའི་ལོ་དུས་ནི་ཕྱི་ལོ་ ༡༩༤༢ དང་༡༩༤༣ ལོའི་ཡས་མས་སུ་འཁེལ་བས་ཁོང་གཉིས་ཕན་ཚུན་ཐུག་འཕྲད་བྱུང་དགོས་ཚོད་འདུག་པས་དེའི་ཐད་ལ་ཡུན་རིང་ཞིབ་འཇུག་བྱས་འབྲས་སུ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེས་མཛད་པའི་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་རབ་བྱེད་ཞབས་བཏགས་མ་བམ་ཀློག་ཅིག་བྱས་པར། པར་གྱི་ལེ་ཚན་གྱི་ནང་། དགེ་འདུན་ཆོས་འཕེལ་དཀྱིལ་དང་གཡས་གཡོན་དུ་འཕགས་པ་གནས་བརྟན་པའི་དགེ་སློང་སེར་པོ་རེ་ཡོད་པའི་པར་གཅིག་དང་། དེའི་གཤམ་དུ་T.P.N Manjushri, Gedun chomphel S.Mahinda) ཞེས་དབྱིན་སྐད་དང་། བོད་བསྒྱུར་བྱས་ན། ཀྲི པི ཨན མཉྫུ་ཤྲི། དགེ་འདུན་ཆོས་འཕེལ། ཨཱེསཱེ མཧཱེཎྜ་ཞེས་བྲིས་པ་མཐོང་བྱུང་། གལ་ཏེ་པར་དེ་ཉིད་དང་དེའི་གཤམ་དུ་བྲིས་པའི་འགྲེལ་བཤད་རྣམས་བདེན་པ་ཡིན་ཚེ། མཁས་བླུན་སུས་ཀྱང་བསྙོན་དུ་མི་ནུས་པའི་དགེ་སློང་སྤེན་པ་དོན་གྲུབ་བམ་མཧཱེཎྜ་དང་དགེ་འདུན་ཆོས་འཕེལ་གཉིས་ཐུག་འཕྲད་བྱུང་བའི་དཔང་རྟགས་གསོན་པོ་ཞིག་རེད་སྙམ་སྟེ། པར་དེ་ཉིད་ཀྱི་ཡོངས་ཁུངས་བཙལ་སྐབས། རིན་ཆེན་གསེར་ལས་དཀོན་པའི་པར་དེ་ནི་ཕྱི་གླིང་བའི་ཁྲོད་ནས་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཐོག་མའི་གྲས་ཧྥ་རན་སིའི་བུད་མེད་ཧིན་ཐིར་(Heather Stoddard ) གྱིས་དགེ་འདུན་ཆོས་འཕེལ་གྱི་སྐོར་ཧྥ་རན་སིའི་སྐད་ཡིག་ནང་བརྩམས་པའི་ཨ་མདོའི་སྤྲང་གོག་(Le Mendiant De I Amdo)ཅེས་པའི་དཔེ་དེབ་ཏུ་བཀོད་འདུག དཔེ་དེབ་དེ་ཉིད་ལས་པར་འདིའི་ཡོངས་ཁུངས་བཙལ་སྐབས། པར་དེའི་ཡོངས་ཁུངས་སྐྱེས་བུ་སྒེར་ཞིག་གིས་གསོག་ཉར་བྱས་པ་ལས་རྙེད་ཚུལ་ཙམ་མ་གཏོགས་གཞན་གང་ཡང་བྲིས་མི་འདུག[16]

དེ་བཞིན་དུ། བཀྲས་མཐོང་རག་ར་ཐུབ་བསྟན་ཆོས་དར་གྱིས་བྲིས་པའི་མཁས་དབང་ངྷི་ཙ་ཨ་ལགས་དགེ་འདུན་ཆོས་འཕེལ་དང་མཇལ་སྐབས་ཀྱི་གླེང་མོལ། ཞེས་པའི་དཔེ་དེབ་ནང་། ངས་ཡུན་རིང་དུ་མནོ་བསམ་དང་རྟོག་དཔྱོད་བྱེད་བཞིན་པའི་གནད་དོན་ལ་ལན་ཁ་གསལ་ཞིག་རྙེད་བྱུང་། རླབས་ཆེན་གྱི་བོད་མི་ས་མཐའ་མི་ཡུལ་ནས་ཐུག་འཕྲད་ཙམ་མ་ཟད། ཕན་ཚུན་གདེང་འཇོག་ཆེན་པོའང་གནང་རེས་བྱས་པར་བསྙོན་དུ་མེད་པའི་ལོ་རྒྱུས་ཀྱི་བདེན་རྟགས་འཁྲུལ་མེད་ཅིག་རྙེད་བྱུང་། དཔེ་དེབ་དེ་ཉིད་ལས། ‘‘དེ་སྔོན་ཙམ་ལ་སིངྒལར་དགེ་སློང་མཧཱེཎྜ་ཟེར་བའི་སྙན་ངག་མཁན་ཡོངས་སུ་གྲགས་པ་ཞིག་བྱུང་འདུག དགེ་སློང་མཧཱེཎྜའི་རྩ་བའི་མི་རིགས་ནི་བོད་པ་རེད་འདུག ཁོང་སིངྒ་ལར་སྙན་གྲགས་ཤིན་ཏུ་ནས་ཆེ་ཞིང་། ཁོང་གི་རྩོམ་པ་པཱ་ལིའི་ནང་བྲིས་འདུག དེ་དུས་ཨིན་ཅིའི་ལག་པ་ནས་སིངྒལའི་རང་དབང་སླར་ལེན་སྐབས་ཀྱི་དུས་ཡིན་འདུག་པས། ཁོང་གི་རྩོམ་པའི་ནང་ལ། མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པ་ལ་ལུས་ངག་ཡིད་གསུམ་ལ་ཞི་བའི་གོ་སྐབས་ཐོབ་དགོས། དེ་ཐོབ་པ་ལ་སྔོན་དུ་རང་གང་དུ་གནས་པའི་ཡུལ་དེ་ཕ་རོལ་པོའི་གཞན་དབང་ནས་ཐར་བ་ཞིག་ངེས་པར་དགོས་སོགས་བྲིས་འདུག’[17]་ཅེས་གསལ་བས་ཁོང་རྣམ་པ་གཉིས་ཐུག་འཕྲད་བྱུང་བར་དེ་ལས་ལྷག་པའི་ཁུངས་མི་དགོས་སོ།།

འོན་ཀྱང་དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་དགེ་སློང་སྤེན་པ་དོན་གྲུབ་ཀྱི་ལོ་རྒྱུས་ངག་རྒྱུན་ཙམ་ལས་རང་ཉིད་ཀྱིས་དངོས་སུ་བྲིས་པའི་གཏམ་རྒྱུད་གསེར་ཐང་སོགས་སུ་མ་བྲིས་པའི་རྒྱུ་མཚན་དང་དགོས་པ་གང་ཞིག་ལ་ཐུག་ཡོད་དམ། ཡང་ན་དེའི་རྒྱབ་ལྗོངས་ལ་སུས་ཀྱང་རྟོགས་དཀའ་བའི་གསང་བའི་གཏམ་རྒྱུད་ཆེན་པོ་ཞིག་ཡོད་པར་ཡིན་ནམ། གང་ལྟར་དེའི་རྒྱབ་ཕྱོགས་སུ་དགག་དགོས་དུ་མ་ཞིག་ཡོད་པ་གོར་མ་ཆག་པས་ད་དུང་ཡང་དཔྱད་དགོས་འདུག

ཡང་ན། ཁོང་གཉིས་བར་ལ་བྱང་གི་ཐེག་ཆེན་དང་ལྷོའི་ཐེག་དམན་གྱི་ལྟ་གྲུབ་མཆོག་དམན་གྱི་ལྟ་ཚུལ་མི་མཐུན་པའི་རང་ལྟ་མཆོག་འཛིན་གྱི་མགོ་མཁྲེགས་ཀྱི་ལྟ་བ་དང་། ཡང་ན། གསང་བ་སྔགས་ཀྱི་ཐེག་པ་རྒྱལ་བའི་བཀའ་ཡིན་མིན་སོགས་ཀྱི་བགྲོ་གླེང་དང་དོགས་འདྲིའི་འོག་ནས་ཕན་ཚུན་མི་མཐུན་པའི་འགལ་བ་རེ་བྱུང་བ་ཡིན་མིན་སོགས་ཀྱང་བརྟག་དགོས་སྙམ་སྟེ། གཏམ་རྒྱུད་གསེར་ཐང་ལས།‘‘རྡོ་རྗེ་འཆང་དང་ཤཱཀྱ་ཐུབ་པའི་བདག་གཅིག་འབྲེལ། ཡོད་སྨྲ་པ་དང་གནས་བརྟན་སྡེ་པའི་རྟེན་བྱུང་འབྲེལ། དེས་མ་ཚད། བྱང་གི་ཐེག་ཆེན་དང་ལྷོའི་ཐེག་དམན་པ་གཉིས་ཀའི་བར་ན། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡི་འབྲེལ་བ་སྟེ། གཉན་ཞིང་ཟབ་པའི་འབྲེལ་བ་འདི་རྣམས་ཐམས་ཅད་ཀུན་གྱིས་བརྩི་དགོས་པ་ལགས། འོན་ཀྱང་ལྷུང་བཟེད་ནག་པོ་ཅན་རྣམས་ནི་ཅི་ལ་ཡང་འཁུ་འཕྲིག་ཟ། མི་རྐང་གླིང་བུ་ཅན་རྣམས་ནི་གང་ལ་ཡང་ཐོག་བརྫིས་ཆེ། ལར་ཁོང་གཉིས་པོ་སུ་ཡང་མགོ་མཁྲེགས་ཨུ་ཚུགས་ཅན་གྱི་ཡང་རྩེར་སོན་པས། རེ་ཞིག་རང་རང་སོ་སོའི་ས་ནས་ཕན་ཚུན་དགའ་མགུ་དུང་སེམས་ཀྱི་ངང་དུ་བཞུགས་ཤིང་། སྟོན་པ་དང་བསྟན་པ་གཅིག་པའི་གཉེན་རྩིས་ཙམ་ཞིག་མ་ཡལ་བ་ནི་ཆེས་གནད་དུ་ཆེ་བ་ལགས་སོ།།’’[18]ཞེས་བྲིས་འདུག

རླབས་ཆེན་གྱི་བོད་མི་གཉིས་མི་ཡུལ་ས་མཐ་ནས་ཕན་ཚུན་དངོས་སུ་ཐུག་འཕྲད་བྱུང་བའི་བདེན་དཔང་དང་ཁུངས་སྐྱེལ་ནི། མཉྫུཤྲཱི་དང་། དགེ་འདུན་ཆོས་འཕེལ། མཧཱེཎྜ་གསུམ་མཉམ་དུ་བསྒྲོན་པའི་སྐུ་པར་དང་། བཀྲས་མཐོང་རག་ར་རིན་པོ་ཆེའི་དགེ་འདུན་ཆོས་འཕེལ་དང་མཇལ་སྐབས་ཀྱི་གླེང་མོལ་ཞེས་པའི་དཔེ་དེབ་དེ་གཉིས་ཀྱིས་བྱེད་ཐུབ་པར་མ་ཟད་ཁུངས་བཙན་ཤོས་ཀྱང་རེད་སྙམ།

འོན་ཀྱང་ད་དུང་ཡང་འཚོལ་དགོས་པ་དང་སྙེགས་དགོས་པ་ནི་རྣམ་དཔྱོད་ཅན་གྱི་བོད་མི་གཉིས་ཀྱི་བར་ལ་གླེང་མོལ་ཅི་ཞིག་བྱུང་བ་དང་གནད་དོན་ཅི་ཞིག་ལྷག་ཡོད་མེད། ཁོང་གཉིས་བར་གྱི་གླེང་མོལ་གྱི་བརྗེད་ཐོ་དང་ཟིན་བྲིས་ཤིག་མཁས་དབང་ཁོང་གཉིས་གང་རུང་གི་གསུང་འབུམ་གྱི་གྲས་སུ་བཞུགས་ཡོད་མེད་དང་། བོད་ཀྱི་དགེ་སློང་མཧཱེཎྜ་དང་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ཏུའང་དགེ་འདུན་ཆོས་འཕེལ་དང་། ཡང་ན་བོད་མི་ཞིག་གི་ལོ་རྒྱུས་ཡོད་མེད་སོགས་ད་དུང་དཔྱད་དགོས་པར་མཐོང་།

གཞན་ཡང་ཡིད་སྐྱོ་བ་ཞིག་ལ་དུས་རབས་ཉི་ཤུ་པའི་མགོ་སྟོད་ཀྱི་ལོ་རབས་བཅུ་ཕྲག་དང་པོའི་ནང་མཉམ་དུ་བོད་རིགས་སུ་འཁྲུངས་ཤིང་། རིགས་ཀྱི་ལར་ཞེན་དང་སྙན་ངག་པའི་གྲགས་པ་རྒྱལ་ཁབ་སོ་སོ་ནས་རྒྱས་པའི་རིག་པའི་དཔའ་བོ་གཉིས་ཀ་ཚེ་སྔོན་གྱི་ལས་དབང་བཙན་པོ་ཞིག་གིས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་ནང་ཟླ་བ་ཁ་ཤས་ལས་བར་དུ་མེད་པར་སྔ་ཕྱི་བྱས་ནས་དགོངས་པ་རྫོགས་པ་ཤེས་རྗེས་མི་རིགས་ཤིག་གི་དཔའ་བོ་ཞིག་དང་འཇིག་རྟེན་གྱི་སྒྲོན་མེ་ཞིག་གློ་བུར་དུ་ཟུམ་འདུག་སྙམ་པའི་སྐྱོ་སྣང་བྱུང་།

སྤེན་པ་དོན་གྲུབ་དགོངས་པ་རྫོགས་ཚུལ།

བོད་ཀྱི་དགེ་སློང་སྤེན་པ་དོན་གྲུབ་ཁོང་ཝིར་གྷ་ཧཱའི་(Weeragaha Temple) དགོན་པའི་རང་ཤག་ཏུ་ཕྱི་ལོ་ ༡༩༥༡ ཟླ་ ༣ ཚེས་ ༡༦ ཉིན་དགོང་མོའི་ཆུ་ཚོད་༨དང་ ༣༠ཐོག་འཇིག་རྟེན་འདི་དང་གཏན་དུ་གྱེས་འདུག དེ་ལྟར་སྐུ་གཤེགས་པའི་རྒྱུ་རྐྱེན་གྱི་ཐད་ནས་འབྲེལ་ཡོད་ཡིག་ཆ་ཚང་མའི་ནང་གློ་བུར་དུ་སྐུ་གཤེགས་པ་ལས་གཞན་གནས་ཚུལ་གང་ཡང་བཀོད་མི་འདུག སྐུ་ཕུང་ཞུགས་འབུལ་སྐབས་ས་གནས་ཀྱི་ཡུལ་མི་དང་ས་གནས་གཞན་ནས་ཡོང་བའི་མི་ཚོགས་འདུ་འཛོམས་ཧ་ཅང་ཆེན་པོ་བྱུང་བ་དང་། སིངྒལའི་ནང་པའི་དགོན་སྡེ་མི་འདྲ་བ་ཁག་བརྒྱད་ཀྱི་གནད་ཡོད་གནས་བརྟན་ཆེན་མོ་བརྒྱད་འཛོམས་ཐོག་དམ་པ་ཁོང་གི་སྐུ་ཕུང་ཞུགས་འབུལ་གནང་། དགེ་སློང་བརྒྱད་པོ་དེ་ཡང་དགོན་སྡེ་སོ་སོའི་ཁྲི་པ་དང་མཁན་པོ་སོགས་ཡིན་སྐོར་དང་། དེ་དག་གི་དགོན་པ་དང་སོ་སོའི་མིང་སོགས་སྐབས་དེའི་གསར་ཤོག་ནང་གསལ།[19] དེར་མ་ཟད་སྐུ་ཕུང་ཞུགས་འབུལ་སྐབས་མང་ཚོགས་སུ་ཁོང་གི་རྣམ་ཐར་དང་སྙན་རྩོམ་གྲགས་ཅན་ཁག་ཅིག་རིན་མེད་དུ་འགྲེམས་སྤེལ་དང་། གླིང་འདིའི་མི་སྣ་གྲགས་ཅན་མང་པོས་མྱ་ངན་གྱི་རྗེས་དྲན་རྩོམ་ཡིག་བྲིས་འདུག དཔེར་ན། བོད་ཀྱི་དགེ་སློང་གི་སྐུ་ཕུང་ཞུགས་འབུལ་ཉིན་གླིང་འདིའི་མཁས་དབང་(K.Chanajoti) ཌཱ་ཎ་ཇོ་ཏི་དང་( H.Attadassi) ཨ་ཌ་དྷ་སི་རྣམ་གཉིས་ཀྱིས་བརྩམས་པའི་ཁོང་གི་རྣམ་ཐར་མདོར་བསྡུས། དབྱིན་སྐད་དུ་( A Concise life Story of S.Mahinda Thero of Tibet) ཞེས་པའང་འགྲེམས་སྤེལ་བྱས། རྩོམ་ཡིག་དེ་ཉིད་མཇུག་ཏུ་བཀོད་ཡོད།

སིངྒལའི་གཞུང་དམངས་ཀྱིས་སྤེན་པ་དོན་གྲུབ་ལ་གནང་བའི་མཚན་བསྟོད།

བོད་ཀྱི་དགེ་སློང་སྤེན་པ་དོན་གྲུབ་སྐུ་གཤེགས་རྗེས་ཁོང་གི་རྗེས་དྲན་གྱི་མཛད་སྒོ་དང་སྲུང་བརྩི་སོགས་གཞུང་དམངས་གཉིས་ཀའི་ངོས་ནས་ལོ་རེ་ནས་ལོ་རེར་ཞུས་ཡོད་པར་གོར་མ་ཆགས་ཀྱང་། ད་ལྟའི་བར་དཔྱད་གཞིའི་རྒྱུ་ཆ་དང་ཡིག་ཆ་སོགས་དངོས་སུ་རྙེད་པ་གཞིར་བཞག་ན། བོད་ཀྱི་དགེ་སློང་སྤེན་པ་དོན་གྲུབ་གྲོངས་ནས་ལོ་ངོ་བཅུའི་རྗེས་ཏེ་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༡༦ ཉིན་མྱ་ངན་རྗེས་དྲན་གྱི་ཉིན་མོ་སྲུང་བརྩི་བྱས་སྐོར་གསར་ཤོག་ཁག་ཏུ་གསལ།[20]དེ་རྗེས་ཁོང་མྱ་ངན་ལས་འདས་པའི་ལོ་ངོ་ཉི་ཤུའི་རྗེས་ཏེ་ཕྱི་ལོ་ ༡༩༧༡ ཟླ་ ༡༠ ཚེས་ ༢༩ ཉིན་སིངྒལའི་གཞུང་ནས་ཁོང་གི་རྗེས་དྲན་གྱི་མཛད་སྒོ་རྒྱས་པ་ཞིག་ཚོགས་པ་དང་། མཛད་སྒོའི་སྐུ་མགྲོན་དུ་སྐབས་དེའི་གཞུང་འཛིན་གྱི་ཆོས་སྲིད་གཉིས་ཀའི་གནད་ཡོད་མི་སྣ་མང་པོ་འཛོམས་འདུག

མཛད་སྒོའི་ཐོག་བོད་ཀྱི་དགེ་སློང་གི་ཕྱེད་པར་འཁོད་པའི་སྦྲག་རྟགས། དབྱིན་སྐད་དུ། སི་ཌམ་( Post Stamp) གསར་བསྐྲུན་གྱི་དབུ་འབྱེད་དང་སྐུ་མགྲོན་རྣམས་ཀྱིས་གསུང་བཤད་ཀྱང་རྒྱས་པ་ཞིག་གནང་འདུག སིངྒལའི་རྒྱལ་ཁབ་དེ་ཉིད་ཕྱི་ལོ་ ༡༩༤༨ ལོར་རང་བཙན་ཐོབ་ནས་ཕྱི་ལོ་ ༡༩༨༥ ལོའི་བར་གླིང་འདིའི་དགེ་སློང་གྲགས་ཅན་བཅུ་གཅིག་ལ་ཆེ་མཐོང་ཆེད་སྦྲག་རྟགས་གསར་བསྐྲུན་དང་། དེའི་གྲས་ནས་གསུམ་པ་ནི་བོད་ཀྱི་དགེ་སློང་གི་སྦྲག་རྟགས་འདི་རེད་འདུག

སྐབས་འདིའི་མཛད་སྒོའི་གནས་ཚུལ་རྣམས་བཀོད་པའི་གསར་འགྱུར་གྱི་ཁ་བྱང་དུ། བོད་ཀྱི་མཁས་དབང་དགེ་སློང་གི་དྲན་རྟེན་སྦྲག་རྟགས་(Stamp in memory of Tibetan Scholar monk)ཞེས་དང་། དེའི་ནང་དུ། བློན་ཆེན་ཐོ་ཎ་ཀོན་(Tennekoon) མཆོག་གིས། དགེ་སློང་མཧཱེཎྜ་མཆོག་གིས་སིངྒལའི་ཆོས་དང་རིག་གཞུང་ལ་ཕྱི་གླིང་བའི་རིག་གཞུང་དང་གོམས་སྲོལ་གྱི་ཤན་ཞུགས་ཧ་ཅང་ཆེ་བའི་དུས་སྐབས་དང་། ཆེས་ཉག་ཕྲ་བའི་སྐབས་སིངྒལའི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་གནང་བའི་མཛད་རྗེས་རྣམས་སིངྒལའི་མི་མང་གིས་ནམ་ཡང་བརྗེད་མི་སྲིད། ཅེས་དང་། ཡང་ཁོང་གིས། དེ་རིང་ང་ཚོའི་སྦྲག་རྟགས་ཀྱི་ལས་ཁུངས་ནས་སྙན་ངག་པ་དང་། ལྟ་གྲུབ་སྨྲ་བ་མི་སྣ་ལྔ་རྗེས་དྲན་གྱི་ཆེད་སྦྲག་རྟགས་གསར་བསྐྲུན་དང་། དེའི་གྲས་ནས་དགེ་སློང་མཧཱེཎྜ་མཆོག་གཅིག་པུ་བོད་ཀྱི་མི་སེར་དང་། ཁོང་ཕྱི་ལོ་ ༡༩༡༤ ལོར་དགེ་ཚུལ་བསྒྲུབས་ཤིང་སིངྒལར་རྒྱལ་ཞེན་དང་དགའ་ཞེན་ཧ་ཅང་ཆེ།[21]ཞེས་བཀོད་འདུག

ཡང་ཕྱི་ལོ་༡༩༧༩ལོའི་ཟླ་༡༡ཚེས་༡ཉིན་བོད་ཀྱི་དགེ་སློང་མཧཱེཎྜ་མྱ་ངན་ལས་འདས་ནས་བགྲང་བྱ་ཉེར་བརྒྱད་ཀྱི་མྱ་ངན་རྗེས་དྲན་གྱི་མཛད་སྒོ་རྒྱས་པ་ཞིག་གཞུང་འབྲེལ་གྱིས་སྤེལ་བ་དང་ཆབས་ཅིག་སིངྒལའི་རྒྱལ་ས་ཀོ་ལོམ་བྷོར་གྱི་མཱ་རཱ་ཌ་ནའི་ལམ་ཟུར་དུ་བོད་ཀྱི་དགེ་སློང་གི་འདྲ་སྐུ་ཞིག་བཞེངས་པའི་མཛད་སྒོ་དང་། ཨ་ཝོན་ཌ་ལ་(Avondale Road) ཞེས་པའི་ལམ་ཆེན་ལ་མཧཱེནྜ་མ་ཝ་ཐ་(S.Mahinda Mawatha ) ཞེས་དགེ་སློང་མཧཱེཎྜ་ཡི་མཚན་བཏགས་པའི་མཛད་སྒོ་ཞིག་གཉེར། སྐུ་མགྲོན་གཙོ་བོར་སྐབས་དེའི་སིངྒལའི་སྲིད་བློན་པཱར་མཱ་ཌ་ས་(Ranasinghe Premadasa 1978-1989) མཆོག་ཆེད་ཕེབས་ཀྱིས་གསུང་བཤད་ཟབ་རྒྱས་གནང་བའི་ནང་།བོད་ཀྱི་དགེ་སློང་ལ་རྒྱལ་ཁབ་སླར་གསོའི་བྱས་རྗེས་ཅན་གྱི་དཔའ་བོ།ཞེས་བསྟོད་བསྔགས་ཀྱང་ཆེན་པོ་གནང་།

དེའི་སྐོར། ཕྱི་ལོ་༡༩༧༩ ཟླ་ ༡༡ ཚེས་ ༢ ཉིན་འདོན་སྤེལ་བྱས་པའི་གསར་ཤོག་གི་མགོ་བརྗོད་དུ། མཧཱེནྜ་ཐི་རོ་ནི་རྒྱལ་ཞེན་ཅན་གྱི་དཔའ་བོ་ཞིག་རེད། ཅེས་སྲིད་བློན་གྱིས་(S.Mahinda There was a great patriot PM) ཞེས་ཁ་བྱང་འཁོད་པའི་གསར་ཤོག་ནང་། སྲིད་བློན་ ཨར། པཱར་མཱ་ཌ་ས་ (Prime Minister R.Premadasa)མཆོག་ནས་ཁ་སང་། མཧཱེཎྜ་ཐོ་རི་(S.Mahinda There) ཡིས་རྒྱལ་ཁབ་དེ་ཉིད་ཀྱི་རང་བཙན་སླར་གསོའི་དོན་དུ་དཀའ་སྤྱད་ཆེན་པོས་འབད་བརྩོན་གནང་ཡོད། ཁོང་ནི་རྒྱལ་ཞེན་ཅན་གྱི་དཔའ་བོ་ཞིག་རེད།ཅེས།མཱ་རཱ་ཌན་(Maradana)གྱི་གཞུང་ལམ་གྱི་ཟུར་དུ་ཨཱེསཱེ་མཧཱེཎྜ་(S.Mahinda )མཆོག་གི་འདྲ་སྐུ་བཞེངས་པའི་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་གསུངས།ཞེས་དང་། ཡང་རྒྱལ་ས་ཀོ་ལོམ་བྷོ་ཡི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ཀཱོ་རཱེ་(Mr.B.Sirisena Cooray)མཆོག་གིས་ཨ་ཝ་ཌ་ལ་ (Avodae Road) ཞེས་པའི་གཞུང་ལམ་ལ་ཨཱེསཱེ་མཧཱེནྜ་ཧི་མི་མཱ་ཝཱ་ཐཱ་(S.Mahinda Himi Mawatha ) ཞེས་པའི་གཞུང་ལམ་དུ་མིང་བསྒྱུར་བྱས་པ་དང་། མུ་མཐུད་ནས་སྲིད་བློན་གྱི་གསུང་བཤད་བཀོད་དོན་ལ། དགེ་སློང་མཧཱེནྜ་མཆོག་ནི་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་པའི་སྐབས་མི་མང་གི་སེམས་ལ་སྙིང་སྟོབས་བསྐྲུན་མཁན་གྱི་དབུ་ཁྲིད་གཙོ་བོ་དང་། ཁོང་ནི་དགེ་རྒན་དང་ཆོས་བྱེད་མི་སྣ་ཙམ་མ་ཡིན་པར་སྙན་ངག་པ་གྲགས་ཅན་ཞིག་ཀྱང་ཡིན། མཧཱེཎྜ་ཡི་བརྩམས་ཆོས་ཀྱིས་རྒྱལ་ཁབ་འདིའི་མི་མང་གི་ཀུན་སྤྱོད་བཟང་ཕྱོགས་སུ་འགྱུར་བར་ཞབས་འདེགས་ཧ་ཅང་ཆེན་པོ་ཞུས་ཡོད་པར་མ་ཟད་ཁོང་གིས་མི་མང་གི་སེམས་ཁོང་དུ་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་བག་ཆགས་མཐུག་པོ་འཇོག་གནང་མཛད་ཅིང་། ཁོང་རྒྱལ་ཁབ་འདིར་རྒྱལ་ཞེན་ཧ་ཅང་ཆེ་བའི་བོད་མི་ཞིག་ཡིན།[22]ཞེས་བཀོད་འདུག

ཕྱི་ལོ་ ༡༩༨༢ཟླ་ ༤ ཚེས་ ༥ ཉིན་འདོན་སྤེལ་བྱས་པའི་གསར་འགྱུར་གྱི་ཁ་བྱང་ལ། བོད་ཀྱི་གྲྭ་པས་སིངྒལའི་སྙན་རྩོམ་གྱིས་རྒྱལ་ཡོངས་ལ་སེམས་འགུལ། ཞེས་རྫོང་དཔོན་གྱིས་ (Tibetan Monk Inspired Nation by His Sinhala Poems DM) ཞེས་འཁོད་པའི་གསར་འགྱུར་ནང་དུ། རྒྱལ་ས་ཀོ་ལོམ་བྷོ་ཡི་རྫོང་དཔོན་མིལ་ལམ་རཱ་ཅི་སྐུ་མགྲོན་གཙོ་བོ་དང་ཁོང་གིས་ཝི་ཌི་ཡ་ལ་(Vidyalaya)ཞེས་པའི་སློབ་འབྲིང་གི་མིང་དེ་ཉིད་ཨཱེསཱེ་མཧཱེནྜ་ཝི་ཌི་ཡ་ལ་(S.Mahinda Vidyalaya)ཞེས་པའི་མིང་དུ་བསྒྱུར་པའི་གསལ་བསྒྲགས་གནང་རྗེས་རྫོང་དཔོན་མཆོག་གིས་དམ་པ་ཁོང་གི་སྙན་རྩོམ་གྱིས་གླིང་འདིའི་དཔའ་བོ་དང་དཔའ་མོ་གང་མང་རྒྱལ་ཁབ་འདིའི་རང་བཙན་འཐབ་རྩོད་ནང་ཞུགས་པར་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་ཡོད་པས། སྙན་རྩོམ་དེ་དག་ངེས་པར་དུ་སློབ་གྲྭ་ཁག་གི་སློབ་གཞིར་འཇོག་རྒྱུར་གཞུང་ངོས་ནས་བཀོད་ཁྱབ་གཏོང་དགོས་སྐོར་དང་། གསར་སྐྱེས་གཞོན་ནུ་ཚོའི་ཆེད་ཁོང་གི་སྙན་རྩོམ་རྣམས་གཞུང་ངོས་ནས་ངེས་པར་དཔར་བསྐྲུན་ཞུ་དགོས་པ་དང་། དེའི་ཆེད་དུ། ཁོང་གིས་ཤེས་རིག་བློན་ཆེན་ལ་འབྲེལ་བ་བྱེད་ངེས་ཡིན། ཞེས་གསར་ཤོག་དེའི་ནང་བཀོད་འདུག མ་ཟད་བོད་ཀྱི་དགེ་སློང་མཧཱེཎྜ་ཡི་མིང་བཏགས་པའི་མཐོ་སློབ་དང་སློབ་གྲྭ་མང་པོ་ཞིག་དྲ་ཐོག་ཏུ་མཐོང་རྒྱུ་འདུག དཔེར་ན། རྒྱལ་སའི་ཁུལ་དུ་བོད་ཀྱི་ཨཱེསཱེ་མཧཱེཎྜ་ཧི་མིའི་(Tibet S.Mahinda himi College) མཐོ་སློབ་དང་། པཱཎ་རྡུ་རཱརའི་ས་གནས་སུ་ཨཱེསཱེ་མཧཱེཎྜ་ཧི་མིའི་(S.Mahinda himi College)མཐོ་སློབ་ལྟ་བུའོ།།

སློབ་གྲྭ་དང་མཐོ་སློབ་ཁག་ལ་བོད་ཀྱི་དགེ་སློང་གི་མཚན་བཏགས་པ་ཙམ་མ་ཟད་དགེ་སློང་ཁོང་གི་ལོ་རྒྱུས་སྙིང་བསྡུས་རེའང་གཞུང་གི་སློབ་གྲྭ་ཁག་གི་སློབ་ཚན་དུ་བཞག་འདུག དཔེར་ན། ཕྲན་གྱིས་མཐོང་བའི་འཛིན་རིམ་ལྔ་པའི་སློབ་དེབ་ནང་ཁོང་གི་ལོ་རྒྱུས་ཤོག་གྲངས་གཉིས་ཅན་ཞིག་དང་། དེ་བཞིན་དུ་འཛིན་རིམ་བརྒྱད་པ་དང། དགུ་པ།བཅུ་པའི་སློབ་དེབ་ནང་དུའང་འཁོད་ཡོད་པའི་སྐོར་གསར་ཤོག་ཁག་ཏུ་འཁོད་འདུག

ཕྱི་ལོ་ ༡༩༤༨ ལོར་སིངྒལའི་རྒྱལ་ཁབ་རང་བཙན་ཐོབ་པ་དང་། ཕྱི་ལོ་ ༡༩༥༣ ལོར་སིངྒལའི་གཞུང་གིས་རང་བཙན་དྲན་རྟེན་གྱི་ཚོགས་ཁང་(Independence Memorail Hall) གསར་བཞེངས་དང་། དྲན་རྟེན་ཚོགས་ཁང་དེའི་འོག་ཏུ་(Independence Memorail Museum) རང་བཙན་དྲན་རྟེན་གྱི་འགྲེམས་སྟོན་ཁང་ཞིག་ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༤ ཉིན་སིངྒལའི་རང་བཙན་གྱི་ཉིན་མོར་སྐབས་དེའི་སྲིད་འཛིན་མཧཱེཎྜ་རཱ་ཛཱ་པཀ་ཤ་ཡིས་(Mahinda Rajapaka) གཙོས་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་གང་མང་ཚང་འཛོམས་ཀྱིས་དབུ་འབྱེད་མཛད་སྒོ་སྤེལ་བ་དང་། འགྲེམས་སྟོན་ཁང་གི་དཀྱིལ་དུ་སྟར་གཉིས་བསྒྲིགས་ནས་འདས་པའི་སིངྒལའི་དཔའ་བོ་དང་དཔའ་མོ་སོ་དྲུག་གི་སྐུ་སྟོད་ཀྱི་འདྲ་སྐུ་དང་གཤམ་དུ་སོ་སོའི་མཚན་བྲིས་འདུག དེའི་གྲས་ནས་བོད་ཀྱི་དགེ་སློང་མཧཱེནྜ་ནི་གཡས་ནས་བརྩིས་པའི་གསུམ་པ་དང་དེའི་རྒྱབ་ཕྱོགས་སུ་དགེ་བསྙེན་དྷརྨ་པཱ་ལིའི་འདྲ་སྐུ་དང་གཡོན་ཕྱོགས་སུ་ཨ་རི་བ་ཨོ་ཀོཌ་(Herny Steel Olcott) ཡི་འདྲ་སྐུའང་འདུག

ཡང་ཕྱོགས་གཡས་གཡོན་གཉིས་སུ་སྦྱར་པང་བཅུ་ཕྲག་གཅིག་ཙམ་གྱི་ངོས་སུ་གླིང་འདིའི་རྒྱལ་རབས་དང་རིག་གཞུང་། མི་སྣ་གྲགས་ཅན་དང་མཁས་དབང་རྣམས་ཀྱི་ལོ་རྒྱུས་དང་། སྦྱར་པང་གཅིག་གི་སྟེང་དུ་སིངྒལའི་རྒྱལ་ཁབ་ཀྱི་དཔའ་བོ་( National Heroes Of Sri Lanka ) ཞེས་མགོ་བརྗོད་དུ་འཁོད་པའི་གཤམ་དུ་དཔའ་བོ་བཅུ་གྲངས་ཀྱི་མཚན་འཁོད་པའི་གྲས་སུ་བོད་ཀྱི་དགེ་སློང་གི་སྐུ་པར་དང་། དེའི་གཤམ་དུ་གནས་བརྟན་ཨཱེསཱེ་མཧཱེཎྜ་ཎ་ཡཀ་ཐི་རོ་༡༩༠༡༡༩༥༡(Venerable S.Mahinda Nayaka Thero 1901-1951)ཅེས་བྲིས་འདུག ཡིན་ན་ཡང་བོད་ཀྱི་ཨཱེསཱེ་མཧཱེཎྜ་ཞེས་བོད་ཅེས་པའི་ཚིག་དེ་ཉིད་བྲིས་མི་འདུག་པས་ཅུང་བློ་ཕམ་པ་བྱུང་།

ཡང་སྦྱར་པང་གཞན་ཞིག་གི་སྟེང་དུ་དབྱིན་ཡིག་གི་མགོ་བརྗོད་དུ་སྒྱུ་རྩལ་དང་སྐད་ཡིག སྙན་རྩོམ་གྱིས་རང་བཙན་ཕྱོགས་སུ་བསྐྱོད་པ། ( Towards Independence through the Revail of Arts, Language and Literature) ཞེས་འཁོད་པའི་གཤམ་དུ་གླིང་འདིའི་རང་བཙན་སླར་གསོའི་ཐད་ལ་བྱས་རྗེས་ཅན་གྱི་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་རྣམས་ཀྱི་སྐུ་པར་དང་། བརྩམས་ཆོས་རེ་བཀོད་པའི་གྲས་སུའང་ཁོང་གི་སྐུ་པར་དང་དཔེ་དེབ་གཅིག་ཀྱང་བཞག་འདུག

བོད་ཀྱི་དགེ་སློང་མྱ་ངན་ལས་འདས་ནས་ལོ་ངོ་ ༦༢ ཏེ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༦ ཉིན་ཧི་ལཱ་བྷི་མཱ་( Helabima Organization) ཞེས་པའི་ཚོགས་པའི་ངོས་ནས་བོད་ཀྱི་དགེ་སློང་གི་སྐུ་ཚེའི་རིང་གི་ཆོས་སྲིད་ཀྱི་མཛད་པ་རྣམས་ཕྱི་རབས་པས་མི་བརྗེད་པ་དང་། བཀའ་དྲིན་རྗེས་དྲན་ཆེད་དུ་དགེ་སློང་ཁོང་ཡུན་རིང་བཞུགས་མྱོང་བའི་ཝིར་གྷ་ཧ་ (Weeragaha Temple) དགོན་པའི་ལྕགས་རིའི་ནང་བོད་ཀྱི་དགེ་སློང་གི་མི་ཚེའི་བྱུང་བ་དང་འབྲེལ་བའི་འགྲེམས་སྟོན་ཁང་གསར་བཞེངས་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་འདུག

ལོ་རབས་བདུན་ཅུ་པའི་ནང་སིངྒལའི་གླིང་ནས་བཏོན་པའི་འབྲེལ་ཡོད་ཀྱི་གསར་ཤོག་གང་མང་ནང་བོད་ཀྱི་དགེ་སློང་མཧཱེཎྜ་མྱ་ངན་རྗེས་དྲན་གྱི་ཚོགས་པ་( The Tibet Mahinda Commemoration Society ) ཞེས་པ་ཞིག་ཀྱང་ཡོད་པའི་ཚུལ་ཡང་ཡང་ཐོན་པ་དང་། ཚོགས་པ་དེའི་ལས་འགན་གཙོ་བོ་ནི་ལོ་རེའི་ནང་གནས་བརྟན་ཆེན་མོ་ཁོང་གི་རྗེས་དྲན་ཚོགས་འདུ་སྐོང་འཚོགས་དང་། གསུང་རྩོམ་ཕྱོགས་བསྒྲིགས། ཁོང་གི་མཚན་ཐོག་ནས་རྩོམ་རིག་འགྲན་བསྡུར་སོགས་བཀོད་སྒྲིག་བྱས་དང་བྱེད་བཞིན་པའི་ཚོགས་པ་ཞིག་རེད།

ཡང་ཕྱི་ལོ་ ༢༠༠༠ ལོར་སིངྒལའི་གཞུང་འབྲེལ་གྱི་སློབ་གྲྭ་ཁག་གི་སློབ་ཚན་ལ་བསྐྱར་ཞིབ་སྐབས་ཤེས་རིག་བློན་ཆེན་གྱིས་འཛིན་གྲྭ་དགུ་པའི་སློབ་ཚན་དུ་དགེ་བསྙེན་དྷརྨ་པཱ་ལ་( Anagarika Dharmapala) དང་བོད་ཀྱི་དགེ་སློང་མཧཱེཎྜ་( S.Mahinda) རྣམ་གཉིས་ཀྱི་མཛད་རྗེས་སྙིང་བསྡུས་རེ་ཡོད་པ་དེ་ཉིད་ཕྱིར་བསྡུ་བྱས་པས་མི་མང་ཁྲོམ་གཞུང་དུ་ཐོན་ནས་ཞི་བའི་ངོ་རྒོལ་ཤུགས་ཆེ་བྱས་པས་སློབ་ཚན་དུ་རང་འཇགས་འཇོག་དགོས་བྱུང་བས་གླིང་འདིའི་མི་མང་དཀྱུས་མའི་སེམས་ཁོང་དུ་བོད་ཀྱི་དགེ་སློང་ཁོང་ད་དུང་ཡང་གསོན་པོར་གནས་འདུག[23]

བོད་ཀྱི་དགེ་སློང་སྤེན་པ་དོན་གྲུབ་ལ་སིངྒལའི་གཞུང་དམངས་གཉིས་ཀའི་ངོས་ནས་ཆུང་ས་གཞུང་ལམ་དང་སློབ་གྲྭ་སོགས་ལ་དགེ་སློང་ཁོང་གི་མཚན་བཏགས་ནས་རྗེས་དྲན་བྱས་པ་བཟུང་ནས་ཆེ་ས་རྒྱལ་ཁབ་ཀྱི་དཔའ་བོའི་མཚན་སྙན་ཕུལ་བའི་སྔ་ཕྱི་བར་གསུམ་གྱི་བྱུང་བ་རྣམས་ཤེས་རྗེས་སིངྒལའི་རྒྱལ་ཁབ་དང་མི་མང་གིས་བོད་ཀྱི་དགེ་སློང་ཁོང་ལ་ཆེ་མཐོང་ཅི་ཙམ་ཞུས་ཡོད་པ་ཤེས་ཐུབ།

བོད་ཀྱི་དགེ་སློང་གི་ངོས་ནས་ཀྱང་སིངྒལའི་རྒྱལ་ཁབ་དང་མི་མང་གཉིས་ཧ་ཅང་དཀའ་ངལ་དང་ཉག་ཕྲ་བའི་སྐབས་གཟེངས་སུ་ཐོན་པའི་རླབས་ཆེན་གྱི་མཛད་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་པའང་རྗེས་སུ་དཔོག་ནུས། དེ་བཞིན་དུ་བོད་ཀྱི་དགེ་སློང་ཁོང་གླིང་འདིར་ཅི་ཙམ་གྱིས་གྲགས་པ་ཆེ་བ་དང་རྩ་ཆེན་དུ་བརྩི་བ་དེའི་ཚོད་ཀྱིས་གླིང་འདི་ནས་ལེ་དབར་ཁྲི་ཕྲག་གིས་ཆོད་པའི་རི་བོ་ཧི་མ་ལའི་ཕར་རྒྱབ་ཏུ་ཡོད་པའི་ཁོང་དང་རིགས་གཅིག་པའི་བོད་དང་བོད་མི་ཡང་གླིང་འདིའི་མི་མང་གི་སེམས་ཁོང་ནས་ནམ་ཡང་བརྗེད་མི་སྲིད་དོ།།

སིངྒལའི་གླིང་དུ་ཉིན་བཅོ་ལྔའི་འགྲུལ་བཞུད་ཁྲོད་ཕྲན་ལ་ཐུག་པའི་སིངྒལའི་ཡུལ་མི་ཕལ་ཆེ་བར་བོད་པ་ཡིན་ཞེས་བརྗོད་སྐབས་ཧ་ཅང་དགའ་མོས་དང་ལག་ཟུང་ཐལ་མོ་སྦྱར་ནས་གུས་བཀུར་ཡང་བྱེད་ཀྱི་འདུག དེང་ནུབ་ཕྱོགས་སུ་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་མཚན་སྨོས་ནས་ཁོང་གི་རྗེས་འཇུག་པ་ཡིན་ཞེས་བརྗོད་ཚེ། ང་ཚོ་ལ་དམིགས་བསལ་གྱིས་དགའ་སྣང་དང་འཛུམ་ཞིག་སྟོན་པ་ལྟར་བོད་ཀྱི་དགེ་སློང་ཁོང་གི་མཚན་བརྗོད་ནས་ཁོང་དང་ཕ་ཡུལ་གཅིག་པ་ཡིན་ཞེས་བརྗོད་ཚེ། ཁྱེད་ལ་དགའ་བསུ་དང་འཛུམ་མདངས་ཤིག་མི་སྟོན་མཁན་ཕལ་ཆེར་མི་སྲིད་པས་སྨྲ་མི་ཤེས་པའི་ཚོར་སྣང་ཞིག་བྱིན་གྱིན་འདུག

གལ་ཏེ་ཕྱིས་སུ་ཁྱེད་རང་སིངྒལའི་རྒྱལ་ཁབ་ཏུ་གནས་སྐོར་དང་སྤྲོ་གསེང་དུ་འགྲོ་བའི་གོ་སྐབས་བྱུང་ཚེ་ངེས་པར་དུ་བོད་མི་མཧཱེཎྜ་ཐི་རོ་(Tibet Jathika  S.Mahinda There) ཞེས་བརྗོད་ནས་ཁྱེད་ཀྱང་བོད་མི་ཡིན་ཞེས་བརྗོད་ན། ཁྱེད་ལ་རྒྱུས་མེད་ཀྱི་ཡུལ་ནས་སྔར་སུས་ཀྱང་བྱིན་མ་མྱོང་བའི་ཚོར་སྣང་གསོན་པོ་ཞིག་སྤྲོད་ངེས་ཡིན། མ་ཟད་མགྲོན་ཁང་སོགས་ཀྱི་རིན་གོང་ཡང་གཅོག་དགོས་བྱུང་ཚེའང་། གནས་བརྟན་ཁོང་གི་མཚན་ནས་སྨོས་ཏེ་ཁོང་དང་ཕ་ཡུལ་གཅིག་པ་ཡིན་ཞེས་བརྗོད་ཚེ་རིན་གོང་གི་ཆ་ནས་ཀྱང་དམིགས་བསལ་འཐོབ་ངེས།

བོད་ཀྱི་དགེ་སློང་ཁོང་གི་དྲིན་ལས་སིངྒལའི་ཆབ་སྲིད་ཀྱི་ཁྲོད་དུའང་བོད་དོན་གླེང་སློང་དུ་མ་བྱུང་འདུག དཔེར་ན། ཕྱི་ལོ་ ༡༩༥༩ལོར་རྒྱ་ནག་གིས་བོད་ཡོངས་རྫོགས་བཙན་བཟུང་བྱེད་སྐབས་སིངྒལའི་གྲོས་ཚོགས་ནང་དུ་བོད་དོན་སྐོར་གླེང་སློང་ཤུགས་ཆེ་བྱུང་སྐོར་ཤོད་མཁན་བྱུང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུའང་གླིང་འདིའི་གནད་ཡོད་ཀྱི་མི་སྣ་འགས་སིངྒལའི་སྲིད་འཛིན་མཆོག་ལ་སིངྒལའི་གཞུང་ངོས་ནས་རྒྱ་གཞུང་ལ་བོད་ཀྱི་གནད་དོན་སྐོར་གླེང་སློང་དགོས་སྐོར་དང་། དགེ་སློང་མཧཱེཎྜ་མཆོག་ཀྱང་བོད་མི་ཞིག་ཡིན་ཞིང་། ཁོང་གིས་སིངྒལའི་རྒྱལ་ཁབ་ཀྱི་རང་བཙན་ཆེད་བྱས་རྗེས་བླ་མེད་བཞག་ཡོད་སྐོར་དང་། ད་ཆ་ཁོང་གི་རྒྱལ་ཁབ་གཞན་གྱིས་བཙན་བཟུང་བྱེད་སྐབས་ང་ཚོས་མ་གོ་མ་ཐོས་དང་བཏང་སྙོམས་སུ་བཞག་ན་ལས་རྒྱུ་འབྲས་སུ་མི་འགྲོ་བའི་བསམ་ཚུལ་ཤུགས་ཆེར་བཏོན་འདུག[24]

མ་འོངས་པར་བོད་དང་བོད་མི་གཞུང་སྒེར་སུས་ཀྱང་སིངྒལའི་གཞུང་སྒེར་ལ་ཆོས་དང་ཆབ་སྲིད་ཀྱི་ལས་དོན་གང་གི་ཐད་ནས་འབྲེལ་བ་གསར་འཛུགས་བྱེད་དགོས་ཚེ། བོད་ཀྱི་དགེ་སློང་ཁོང་གི་མཚན་ཐོག་ནས་བྱས་ན་ངལ་བ་ཆེར་བྱེད་མི་དགོས་པར་མངོན་འདོད་འགྲུབ་པའི་ཕན་རླབས་ཆེ་སྙམ་པ་དང་། ལྷག་པར་དུ་བོད་གངས་ཅན་དུ་དར་བའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་གཞི་གསུམ་གྱི་ཆོ་གས་མཚོན་དགེ་ཚུལ་སློང་གི་བསྲུང་བྱའི་སྡོམ་པའི་གྲངས་འདྲེན་དང་། སིངྒལར་དར་བའི་འཕགས་པ་གནས་བརྟན་སྡེ་པའི་དགེ་ཚུལ་སློང་གི་བསྲུང་བྱའི་གྲངས་འདྲེན་དང་གཞི་གསུམ་གྱི་ཆོ་ག་སོགས་ཀྱི་བར་བགྲོ་གླེང་དང་ཞིབ་འཇུག་སོགས་བྱ་དགོས་ཚེ། བོད་ཀྱི་དགེ་སློང་ཁོང་གི་མཚན་ཐོག་ནས་བྱས་ཚེ་རང་གཞན་གཉིས་ཀར་འཇུག་བདེ་ཞིང་དཀའ་ཚེགས་ཆེར་མེད་སྙམ།

མདོར་ན།བོད་ཀྱི་དགེ་སློང་སྤེན་པ་དོན་གྲུབ་ཀྱིས་སུམ་གཉིས་སའི་ཁྱོན་ལ་དབང་བསྒྱུར་མྱོང་བའི་བོད་(Tibet)ཅེས་པའི་རྒྱལ་ཁབ་འདི་གླིང་འདིའི་ཕྱོགས་བཞི་མཚམས་བརྒྱད་དུ་རླུང་ལྟར་གྲགས་བཅུག་པར་མ་ཟད། བོད་མི་ཞེས་པའི་མི་རིགས་འདི་ཉིད་ཀྱང་ཡ་རབས་དང་འཇོན་ཐང་ཅན་གྱི་མི་རིགས་ཤིག་ཡིན་པར་སིངྒལའི་མི་མང་ས་ཡ་ཉེར་གསུམ་གྱི་སེམས་ངོས་སུ་བསྐལ་བའི་བར་བསུབ་ཏུ་མེད་པའི་བག་ཆགས་བརྟན་པོ་ཞིག་འཇོག་གནང་མཛད་འདུག་སྙམ་པའི་ཚོར་སྣང་གསོན་པོ་ཞིག་གླིང་འདིའི་ཉིན་བཅོ་ལྔའི་འགྲུལ་བཞུད་ལས་བྱུང་།

མཇུག་གཏམ།

བོད་མི་རིགས་དེ་ཉིད་མི་རིགས་གཞན་གྱི་ནང་དུ་མཚོ་ནང་དུ་རྡེའུ་ཐིམ་པ་ལྟར་མ་ཡིན་པར་འབུར་དུ་ཐོན་པ་དང་ལོགས་སུ་དགར་ནས་མུ་མཐུད་དུ་འཚོ་གནས་བྱེད་དགོས་ན། དེ་ལ་གཙོ་བོ་རང་མི་རིགས་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སྲུང་སྐྱོབ་དང་དར་སྤེལ་དགོས་པ་ནི་སྨོས་མེད་ཅིང་། ལྷག་ཏུ་རང་མི་རིགས་ཀྱི་འདུ་ཤེས་དང་ལ་ཞེན། མི་རིགས་གཞན་གྱི་མདུན་དུ་བོད་མི་ཡིན་ཞེས་སྨྲ་བར་སྤོབས་པ་དང་གཟི་བརྗིད་དུ་རློམ་པའི་འདུ་ཤེས་དང་རིགས་ཞེན་བསྐྲུན་དགོས་ཤིང་། དེ་ལྟར་བྱུང་བར་རང་ཉིད་ཀྱི་མེས་པོའི་བྱུང་བའི་ཁྲོད་དུ་མངའ་ཐང་ཅན་གྱི་བཙན་པོ་དང་། དཔའ་ངར་ལྡན་པའི་བློན་པོ། རྣམ་དཔྱོད་ཅན་གྱི་མཁས་དབང་དང་རྟོགས་ལྡན་གྱི་གྲུབ་ཐོབ། ངག་ལ་དབང་འབྱོར་བའི་རྩོམ་པ་པོ་དང་སྙན་ངག་པ།སྙིང་སྟོབས་དགུ་འགྱུར་ལྡན་པའི་དཔའ་བོ་དང་སྒྱུ་རྩལ་མི་སྣ། ལྷག་ཏུ་བོད་མིའི་མཚན་ཐོག་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཁྲོད་དུ་གཟེངས་སུ་ཐོན་པའི་མཛད་རྗེས་ཅན་གྱི་མི་སྣའི་ལོ་རྒྱུས་རྣམས་ངེས་པར་དུ་དེང་རབས་ཞིབ་འཇུག་ཐབས་ལམ་སོགས་བེད་སྤྱད་ནས་ཡིག་འཇོག་གིས་ཕྱི་རབས་གཞོན་སྐྱེས་རྣམ་པར་བོད་མི་རིགས་ཀྱི་འདུ་ཤེས་དང་ལ་ཞེན་ཡོང་བར་ངེས་པར་ཤེས་སུ་འཇུག་དགོས་ཤིང་།ད་རེས་མི་འབོར་ས་ཡ་སོ་གཉིས་ཡོད་པའི་སིངྒལའི་རྒྱལ་ཁབ་ཀྱི་དཔའ་བོའི་མཚན་གནས་ཡོད་པའི་བོད་མི་སྤེན་པ་དོན་གྲུབ་བམ་དགེ་སློང་མཧཱེཎྜ་ཡི་ལོ་རྒྱུས་མདོ་ཙམ་མོ།།།།

ཞེས་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས། ཕྱི་ལོ་ ༢༠༢༤ ཟླ་༥ ཚེས་ ༡༠ ཉིན་རང་ཉིད་ཀྱིས་བྲིས་པའི་‘‘སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་’’ཞེས་པའི་དཔེ་དེབ་ལས་བཏུས།

དཔྱད་གཞིའི་ཡིག་ཆ།
  1. The life of Nyanatiloka Thera by  Bhikku Nyanatusita and Hellmuth Hecker,

2.www.priu.gov.lk>current affair>2000

  1. www.sundayobserver.lk.S.Minhinda Thero

མཁས་དབང་ངྷི་ཙ་ཨ་ལག་དགེ་འདུན་ཆོས་འཕེལ་དང་མཇལ་སྐབས་ཀྱི་གླེང་མོལ། བཀྲས་མཐོང་རག་ར། ཕྱི་ལོ ༢༠༠༤ ལོར་བོད་ཀྱི་དཔེ་མཛོད་ཁང་ནས།

གཏམ་རྒྱུད་གསེར་ཐང་། སྨད་ཆ། གངས་ཅན་རིག་མཛོད་དཔེ་ཚོགས་དཔེ་སྒྲིག་ལྷན་ཁང་། ཕྱི་ལོ་ ༡༩༩༤

6.Le Mendiant De l Amdo by Heather Stoddard pp 392/ 20. Gedun Ch’omp’el, entre Manjushri, ( a` g.) et Mahinda(coll.prive`e).

  1. www.helabima.org.charity-s.mahinda thero musium

8.Magic and Mystery

དཔྱད་ཡིག་དང་ཞབས་མཆན། 

[1]          ‘‘ In april or may 1914 I travelled to Madras, Calcutta, Darjeeling and Sikkim, with the intention of proceeding to Tibet  ”    The life of Nyanatiloka Thera by  Bhikku Nyanatusita and Hellmuth Hecker, PP: 40

[2]          The life of Nanatiloka Thera  by  Bhikku and Hellmuth Hecker, PP: 43

[3]          ཁོང་གི་འགྲེམས་སྟོན་ཁང་དུ་བྲིས་པའི་ཁོང་གི་ལོ་རྒྱུས་ནང་དུ་གསལ།

[4]          “His two brothers were to become my students in Ceylon later on.”  The life of Nyanatiloka Thera, PP : 41

[5]          The Life Of Nyanatiloka Thera by Nyanatiloka There and Hekcer, PP: 224

[6]          Himalya.socanth.cam.ac.uk.>bot>pdf,  PP: 139

[7]          Srilankapoems.com>sri-lankan-poet>s mahinda thero

[8]          The Isand 16th April 1992:  The Tibet Poet Venerable S.Mahinda

[9]          “ On advice of Alexandra Divid –Neel to reform the degenerated Buddhism ‘of Sikkim . Thus He had turned to Theravada Buddhism and Nanatiloka was welcome to him.”   The Life Of Nyanatiloka There by Nyanatilok There and Hecker, Page :224

[10]         srilankapoems.com>sri-lankan-poet>s mahinda thero

[11]         www.helabima.org.charity-s.mahinda thero musium

[12]         www.srilankapoems.com≥S.Mahinda Thero

[13]         www.srilankapoems.com≥S.Mahinda Thero

[14]         སིངྒལའི་སྐད་ཡིག་ཏུ་བྲིས་པའི་ཁོང་གི་ལོ་རྒྱུས་རྒྱས་པའི་དཔེ་དེབ། ཤོག་གྲངས་༡༦༠

[15]         A Concise life Story of  S. Mahinda There of  Tibet. by K. Chandajoti and H.Attadassi, Phulished 21st March 1951 རྩོམ་ཡིག་དེ་ཉིད་ཁོང་སྐུ་གཤེགས་སྐབས་སུ་བྲིས་ནས་མང་ཚོགས་སུ་འགྲེམས་སྤེལ་བྱས་འདུག

[16]         Le Mendiant De l Amdo by Heather Stoddard pp 392/ 20. Gedun Ch’omp’el, entre Manjushri, ( a` g.) et Mahinda(coll.prive`e).

[17]         བཀྲས་མཐོང་རག་ར། མཁས་དབང་དྷི་ཙ་ཨ་ལག་དགེ་འདུན་ཆོས་འཕེལ་དང་མཇལ་སྐབས་ཀྱི་གླེང་མོལ། བོད་ཀྱི་དཔེ་མཛོད་ཁང་། ཤོག་གྲངས་༤༨ ཕྱི་ལོ་༢༠༠༤

[18]         གཏམ་རྒྱུད་གསེར་ཐང་། སྨད་ཆ། ཤོག་གྲངས་ ༧༣ གངས་ཅན་རིག་མཛོད་དཔེ་ཚོགས་དཔེ་སྒྲིག་ལྷན་ཁང་། ཕྱི་ལོ་ ༡༩༩༤

[19]         Unknow Paper Name. Title: The Ven.S.Mahinda. 24 March 1951

[20]         དེའི་སྐབས་སྲུང་རྩིས་ཇི་ལྟར་བྱས་མིན་གྱི་ཡིག་ཆ་མ་རྙེད།

[21]         Unknow News Paper Name: Plublished 1st /11/1971: Title: Stamp in memory  of  Tibetan  scholar-monk,

[22]         Pulished in 1979/11/2 Unknow Name New Paper: S.Mahinda There was a great patriot – PM:  Prime Minister R.Premadasa yesterday said the Ven S.Mahinda There was a great patriot who worked diligent to enable this country regain itsindependence. The Prime Minister was speaking at a well attended meeting at Maradana where he earlier unveiled the statue of the Ven S.Mahinda. The Mayor of Colombo, Mr. B. Sirisena Coopray,re-named Avondale Road as S.Mahinda Mawatha.The Prime Minister said the late Piyadasa Sirisensa and Mahinda There were great patriots, who gave the people of this country their talents which had been greatly appreciated.Ven Mahinda was in the forefront in driving away the fears in the minds of the people during the days of the imperialists, he said. The Ven.Mahinda was not only an orator and a teacher but also a great poet. The books been of immense value to the people of this country in acquiring positive thinking. He said Ven.Mahinda prove to instill the doctrines of the Budda in the minds of the people. Although he as of Tibetan origin. Ven.Mahinda had a great love for this country,

[23]         www.priu.gov.lk>current affair>2000

[24]         www.buddistchannel.tv<South Asia>Sri lanka

– – – – –

 

Loading

2 མཆན།

  1. འབྲས་ལྗོངས་རྒྱལ་པོས་འབྲས་ལྗོངས་སུ་དར་བའི་ཆོས་བརྒྱུད་དང་མི་སྣ་རྣམས་ལ་ལེགས་བཅོས་བྱ་རྒྱུར་གནས་བརྟན་སྡེ་པའི་ལུགས་སྤེལ་འཆར་གྱི་གནད་དོན་འདི་ཉིད་དཔྱད་གཞི་ཆེན་པོ་ཞིག་རེད་འདུག འབྲས་ལྗོངས་སུ་དར་བའི་ཆོས་ནི་བོད་བརྒྱུད་ནང་བསྟན་རེད། elexendra David Neel གྱིས་ཀྱང་ལམ་སྟོན་བྱས་རབས་བཤད། ཁོ་མོ་བོད་ལ་རྒྱུས་མངའ་ཡག་པོ་ཡོད་མཁན་ཞིག་རེད།

    ཡང་སྙིང་མོ་བོད་དུ་ཡུན་རིང་བསྡད་རྗེས། བོད་ཀྱི་ནང་བསྟན་ཆོས་ལུགས་འདི་ཡང་དག་པ་ཞིག་ཏུ་མ་མཐོང་བ་ཡིན་ནམ།

  2. ཕལ་ཆེར་འདུལ་བའི་ཀུན་སྤྱོད་དེ་ཉིད་གནས་བརྟན་སྡེ་བ་དག་ཧ་ཅང་གཙང་མ་དང་ཡིད་དུ་འཐད་པས་རེད་འདུག ཡུལ་ལུང་དེ་དག་ཏུ་གྲྭ་ཆས་གྱོན་ནས་བུད་མེད་བཅང་མཁན་གཅིག་ཀྱང་ཡོད་ཚོད་མི་འདུག རྒྱལ་སྲས་ཁོང་ཡུང་ལུང་དེ་དག་ཏུ་དངོས་ཕེབས་འདུག

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།