ཚད་རྡུལ་གློག་ཀླད་ཀྱི་འཕེལ་རྒྱས་དང་མ་འོངས་པ།

སྙིང་བསྡུས། ཁོ་བོས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་དེང་རབས་འཕྲུལ་རིག་གཉིས་ཀར་སློབ་སྦྱོང་བྱེད་མྱོང་བ་དང་། ལྷག་པར་དེང་རབས་འཕྲུལ་རིག་ཁྲོད་མི་ཚེ་སྐྱེལ་མཁན་ཞིག་ཡིན་པའི་ཆ་ནས། འདིར་སྤྱིར་བཏང་གི་གློག་ཀླད་ཀྱི་བྱེད་ལས་རྨང་གཞི་བྷི་ཊི་(Bit)དང་དེའི་རྣམ་གཞག་ངོ་སྤྲོད། ཚད་རྡུལ་གློག་ཀླད་ཀྱི་རྨང་གཞི་ཚད་རྡུལ་བྷི་ཊི་(Qubit)དང་དེའི་ཁྱད་ཆོས། ཚད་རྡུལ་གློག་ཀླད་ཀྱི་དཀའ་ངལ་དང་འཕེལ་རྒྱས། བོད་ཀྱི་ལྟ་གྲུབ་དང་ཚད་རྡུལ་དངོས་ཁམས་རིག་པའི་འབྲེལ་བའི་སྐོར་བཅས་ལ་དཔྱད་གླེང་བྱས་ཡོད་ལ། དུས་རབས་འདི་ནི་གློག་རྡུལ་གྱི་དུས་རབས་ཤིག་ཡིན་པས་བོད་ཀྱི་ཤེས་ཡོན་པ་ཚོས་དེང་རབས་འཕྲུལ་རིག་ལ་དོ་སྣང་བྱེད་དགོས་པའི་གལ་གནད་རང་བཞིན་དང་། ཚད་རྡུལ་གློག་ཀླད་ལྟ་བུའི་འཕྲུལ་རིག་གསར་པ་བེད་སྤྱོད་བྱས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་དགོས་པ་སོགས་ཀྱི་འབོད་སྐུལ་ཡང་བྱས་ཡོད།

གནད་ཚིག ཚད་རྡུལ་གློག་ཀླད། ཚད་རྡུལ་བྷི་ཊི། བྷི་ཊི། སྲ་སྡེར། སྡུད་སྡེར། ཨང་གཉིས་ལམ་ལུགས། ༡ དང་ ༠།

དངོས་གཞི།

ད་ལྟའི་དུས་རབས་འདི་ལ་གློག་རྡུལ་དུས་རབས་ཞེས་འབོད་པ་ལྟར་གློག་རྡུལ་གྱི་འཇིག་རྟེན་ཞིག་ཏུ་ང་ཚོའི་འཚོ་བ་དང་ལས་དོན་ཡོངས་རྫོགས་འཕོ་འགྱུར་འགྲོ་བཞིན་ཡོད། དེ་ནི་ཁྱེད་ཀྱིས་རང་ཉིད་འདོད་པ་ཡོད་མེད་ལ་མ་ལྟོས་པར་འཇིག་རྟེན་གྱི་འགྱུར་བ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱ་རྒྱུ་གལ་ཆེ་ཞིང་། དེའི་སྐོར་ལ་དོ་སྣང་ཙམ་ཞིག་ཡིན་ཡང་བྱ་དགོས་རྒྱུ་ནི་དུས་རབས་འདིའི་གངས་ཅན་པའི་ཤེས་ཡོན་པ་རྣམས་ལ་འཁྲི་བའི་ལས་འགན་ཞིག་ཅི་ལ་མིན།

ང་ཚོ་དུས་རབས་དང་ལོ་རབས་ཀྱིས་རིང་དུ་བསྐྱུར་པའི་ཤེས་ཡོན་དང་འཚོ་བ། གོམས་སྲོལ་རྐྱང་པར་མགོ་འཁོར་ཞིང་། ཁ་ལྟག་ལོག་གི་ལམ་དུ་ཞུགས་ནས་ཚོར་བ་ཙམ་པོ་བ་ཞིག་གི་རྗེས་སུ་འབྲངས་ཚེ། དེས་མི་རིགས་འདིའི་མ་འོངས་པར་ལམ་སྟོན་བྱ་ཐུབ་རྒྱུ་ཉིན་མོའི་སྐར་མ་ལས་མ་འདས་ལ། དེ་ལྟ་བུའི་ཤེས་ཡོན་པ་ནི་ཁ་ཕྱིར་བལྟས་ཀྱི་ཤེས་ཡོན་པ་ཞིག་ལས་མདུན་སྐྱོད་རང་བཞིན་ཅན་ཞིག་ཏུ་ནམ་ཡང་འགྱུར་མི་སྲིད།

དེར་བརྟེན་འདིར་སྐྱེ་བོ་རེ་ཟུང་ལ་ཕན་ཕྱིར་དང་རང་ཉིད་ཀྱང་ལམ་འདིར་ཞུགས་པའི་ཉམས་མྱོང་གཞི་ལ་བཞག་སྟེ། སྤྱིར་བཏང་གི་གློག་རྡུལ་རྩིས་རྒྱག་སྟངས་དང་ཚད་རྡུལ་གློག་ཀླད་ཀྱི་གོ་དོན་དང་འགྲོ་ལུགས་བཅས་ཅུང་ཙམ་ངོ་སྤྲོད་པར་བྱ།

ཁྱེད་ཀྱིས་རྩོམ་ཡིག་འདི་ཀློག་སྐབས་གཅིག་བྱས་ན་ཀློག་ཁག་པོ་དང་མགོ་རྙོག་ཅིག་ཏུ་མཐོང་སྲིད་མོད། འོན་ཀྱང་། ཁྱེད་ཀྱིས་དེང་རབས་ཀྱི་གློག་རྡུལ་རྣམ་གཞག་ཤེས་འདོད་ན་འདི་ལས་ལྷག་པའི་གོ་བདེ་བོ་ཞིག་བོད་ཡིག་ནང་རྙེད་ཁག་པོ་ཡིན་ལ། སྐད་ཡིག་གཞན་ནས་བོད་བསྒྱུར་བྱས་ནའང་དོན་ངོ་མ་སྒྱུར་དཀའ། དེ་ནི་ད་སྔར་ང་ཚོའི་རིག་གཞུང་དང་སྐད་ཡིག་ནང་འདིའི་རིགས་ཚད་ལྡན་ཞིག་མེད་པས་ཡིན། ང་ལ་མཚོན་ན་ལོ་མང་པོའི་རིང་ལ་རང་གི་རིག་གཞུང་དང་འཕྲུལ་ལས་འདིའི་རིགས་ལ་དོ་སྣང་དང་སློབ་སྦྱོང་རྒྱུན་མཐུད་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཆ་རྒྱུས་ཅུང་ཙམ་ཡོད་པས། འདིར་ཆེད་ལས་རང་བཞིན་གྱི་གཞུང་ལུགས་རྣམ་གཞག་ཅིག་སྤྱིར་བཏང་གི་སྐད་ཆའི་ལམ་ནས་འགྲེལ་བཤད་ཐུབ་པར་འབད་པ་བྱེད་བཞིན་ཡོད་མོད། དེ་ཡང་ལས་སླ་པོ་ཞིག་ག་ལ་ཡིན།

གློག་རྡུལ་ཉར་ཚགས་དང་ཕྱིར་གཏོང་བྱེད་པར་གློག་ཀླད་ཀྱི་རྩ་བའི་བྱེད་ལས་གལ་ཆེ་ཤོས་ནི་གློག་རྡུལ་འཁོར་སྐྱོད་ཡིན་པ་དང་། དེའི་རྣམ་གཞག་ལ་རིགས་གཉིས་ཡོད།

དང་པོ་བྷི་ཊི་ (Bit) ཡི་ལམ་ལུགས།

འདི་ནི་སྤྱིར་བཏང་གི་གློག་ཀླད་ཀྱི་གློག་རྡུལ་འགྲོ་སྟངས་ཤིག་སྟེ། ཚིག་ཆ་ཚང་ལ་ “binary digit” ཟེར། གློག་ཀླད་བཀོལ་སྤྱོད་དང་རྒྱུ་ཆ་ཉར་ཚགས་གང་ཡིན་ཡང་བྷི་ཊི་ཞེས་པ་ཨང་གྲངས་གཉིས་ལྡན་ལམ་ལུགས་ཁོ་ནས་ཐག་གཅོད་བྱེད་ཀྱིན་ཡོད། དེ་ལྟར་བྱེད་པའི་རྒྱུ་མཚན་ཡང་གནས་སྟངས་གཉིས་ཁོ་ན་ཐག་གཅོད་བྱེད་པའི་ཆེད་དུ་བཟོས་པ་ཞིག་ཡིན། དཔེར་ན། གློག་སྦར་བ་དང་བསད་པ། ཡང་ན། ཡིན་དང་མིན། ངོ་མ་དང་རྫུན་མ། མདོར་ན་བོད་ཀྱི་རིག་གཞུང་ལས་དགག་སྒྲུབ་གཉིས་ཀྱི་རྣམ་གཞག་དང་འདྲ་བར་འཇིག་རྟེན་གྱི་དངོས་པོ་གང་ཞིག་ཐག་གཅོད་བྱ་དགོས་ནའང་ཡོད་མེད་དང་ཡིན་མིན་གྱི་ལམ་ནས་ཐག་གཅོད་བྱེད་པའི་རྣམ་གཞག་དང་ཆ་འདྲ་བ་ཞིག་གཞི་ལ་བཞག་ནས་གློག་རྡུལ་རྩིས་ཀྱི་རྣམ་གཞག་གསར་གཏོད་བྱས་པ་ཞིག་ཡིན་ལ། དེ་ནི་རྩིས་ཀྱི་ལམ་ནས་ ༡ དང་ ༠ གཉིས་ཁོ་ནས་རྩིས་རྒྱག་གི་རྣམ་གཞག་འདི་གློག་རླབས་ཀྱི་འགྲོ་ལུགས་(པར་རིས་དང་པོར་ལྟོས།)སྟེང་འོག་གཉིས་ལ་བཏགས་ཤིང་། དེ་ལྟ་བུའི་ལམ་ཞིག་ལ་བརྟེན་ནས་ད་བར་གྱི་སྤྱིར་བཏང་གི་གློག་ཀླད་འདི་དག་གྲུབ་པ་དང་། བྷི་ཊི་གཅིག་ལ་ཨང་གྲངས་གཉིས་ཁོ་ནར་གྲངས་ངེས་པ་ཡིན།

གློག་ཀླད་ཚན་རིག་ནང་ logical operators ཞེས་ཨང་གཉིས་ལམ་ལུགས་རྒྱུན་མཐུད་སྦྲེལ་སྟངས་ལ་གཏན་ཚིགས་གསུམ་གཏན་ཁེལ་བྱས་ཡོད། དེ་དག་ནི། དང་(AND) ཡང་ན་(OR) མིན་(NOT) སྟེ་ནང་འཇུག་གཉིས་ཆ་བདེན་པ། (༠ AND ༠ = ༠, ༠ AND ༡ = ༠, ༡ AND ༠ = ༠, ༡ AND ༡ = ༡) གང་རུང་ཞིག་བདེན་པ། (༠ OR ༠ = ༠, ༠ OR ༡ = ༡, ༡ OR ༠ = ༡, ༡ OR ༡ = ༡) གཉིས་ཆ་མི་བདེན་པ། (NOT ༠ = ༡, NOT ༡ = ༠) འདི་གསུམ་ནི་གློག་ཀླད་ཀྱི་ནང་དུ་གློག་ལམ་(circuits) བཟོ་སྐབས་ཀྱི་གཞི་རྩའི་གཏན་ཚིགས་རེད། གཏན་ཚིགས་དེ་དག་གཞི་ལ་བཞག་ནས་གཏན་ཚིགས་གཞན་དག་སྟེ་ XOR, NAND, NOR ཡོད་ཀྱང་གོང་གསལ་གཏན་ཚིགས་གསུམ་ངེས་ན་གཞན་དག་ལས་སླ་བ་ཡིན།

གློག་ཀླད་ཀྱི་གཏན་ཚིགས་འཇུག་སྒོ།

བོད་ཀྱི་ཚད་མའི་གཞུང་དུ་ཚུལ་གསུམ་གྱི་རྣམ་གཞག་རྒྱས་པར་བཤད་ནས་མཐར་དགག་སྒྲུབ་གཉིས་དང་འབྲེལ་བ་གཉིས་སུ་ངེས་པའི་རྒྱུ་མཚན་གྱིས་མཐའ་དོན་བསྡོམས་བརྒྱབ་པ་དང་འདྲ་བ་ཡིན། མདོར་ན་ཡོད་མེད་དང་ཡིན་མིན་བཅས་ནི་གང་ཞིག་ཐག་གཅོད་ཀྱི་རྩ་བར་རག་ལས་པ་བཞིན་དུ། གློག་ཀླད་ནང་ ༡ དང་ ༠ གྱི་ཨང་གཉིས་འགྲོ་ལུགས་གཏན་ལ་ཕབ་ནས་ང་ཚོས་ཉིན་རེའི་ལས་དོན་ཡོངས་རྫོགས་གློག་ཀླད་ནང་འཁོར་སྐྱོད་དང་ཉར་ཚགས་ཐུབ་པ་རྩིས་ཀྱི་ལམ་ལུགས་འདི་ཁོ་ན་ཡིན།

གློག་ཀླད་དུ་གནས་ཚུལ་ཁག་གསོག་འཇོག་བྱེད་ཚུལ།

སྲ་སྡེར་ (HDD) ངོས་ལ་ཁབ་ལེན་གྱི་ཆ་ཤས་ཆུང་ཆུང་ཧ་ཅང་མང་པོ་ཞིག་བཀོད་སྒྲིག་བྱས་ཡོད། ཁབ་ལེན་ལ་སྤྱིར་བཏང་བྱང་སྣེ་དང་ལྷོ་སྣེ་གཉིས་ཡོད་པ་ཁྱེད་ཀྱིས་མཁྱེན་ཡོད་ངེས། བྱང་སྣེས་ ༠ དང་། ལྷོ་སྣེས་ ༡ མཚོན་ཐུབ་ལ། ཁབ་ལེན་གྱི་ཆ་ཤས་རེ་རེས་བྷི་ཊི་གཅིག་གམ་ཡང་ན་ཁ་ཤས་ཉར་ཚགས་བྱེད་ཐུབ།

 

 

 

སྡུད་སྡེར་(SSD)གྱི་གཞི་རྩའི་རྣམ་གཞག་ནི། གསོག་ཉར་བྱ་ས་ཚན་པ་ཆུང་ཤོས་ཤིག་ཡིན་པ་དང་། དེ་ཆ་ཤས་ཁག་བཞི་ལས་གྲུབ་པ་ཞིག་སྟེ། གློག་བརྡ་གཏོང་སའི་སྒོ་(Control Gate)དང་། གློག་ཁུར་(Electrical Charge) ཉར་ཚགས་བྱ་སའི་ཁེར་རྐྱང་སྒོ། (Floating Gate) གློག་ཁུར་མི་ཤོར་བའི་རྫས། (Insulating Oxide) གློག་རྒྱུན་བརྒྱུད་ལམ་(Channel) བཅས་ཀྱིས་གྲུབ་པ་ཡིན།

SSD བྷི་ཊི་ཉར་ཚགས་བྱེད་སྟངས་ནི། Floating Gate ནང་གློག་ཁུར་ཡོད་ན་ཨང་ཀི་ “༠” མཚོན་ཞིང་། གློག་ཁུར་མེད་ན་ཨང་ཀི་ “༡” མཚོན། དེ་ནི་སྲ་སྡེར་གྱི་ཁབ་ལེན་ནུས་པར་བརྟེན་པ་མ་ཡིན་པར་གློག་ཁུར་ (Electrical Charge) ནུས་པར་བརྟེན་ནས་ཉར་ཚགས་བྱེད་པར་མ་ཟད། མྱུར་ཚད་ཧ་ཅང་མགྱོགས་པོ་ཡོད།

པར་རིས་འདིའི་ཁུངས། “researchgate.net”[2]

SSD དང་ HDD གཉིས་ཀའི་ནང་བྷི་ཊི་ ༠ དང་ ༡ གཉིས་ཁོ་ནས་གནས་པ་དང་། དེ་གཉིས་ཀའི་དངོས་ཁམས་མི་འདྲ་བའི་རྣམ་པ་གཉིས་ལ་བརྟེན་ནས་གནས་ཚུལ་ཉར་ཚགས་བྱེད་པ་ཡིན།

གོང་གསལ་ངོ་སྤྲོད་བྱས་པ་བཞིན་སྤྱིར་བཏང་གི་གློག་ཀླད་ཀྱི་རྩ་བའི་འགྲོ་སྟངས་ལས། གལ་ཆེ་བ་བྷི་ཊི་ཡི་གཏན་ཚིགས་རྣམ་གཞག་དང་ཉར་ཚགས་སྐོར་ལ་ངོ་སྤྲོད་སྟབས་བདེ་བྱས་ཡོད། འདི་ནི་སྤྱིར་བཏང་གི་གློག་ཀླད་ཀྱི་རྩ་བའི་རྣམ་གཞག་ཡིན་པས་འདི་མ་ཤེས་པར་གློག་ཀླད་རྣམ་གཞག་ག་ཚོད་བཤད་ཀྱང་རྩ་བ་བོར་ནས་ཡལ་གར་འཇུས་པ་ལས་མ་འདས། གཤམ་དུ་ཚད་རྡུལ་གློག་ཀླད་སྐོར་ངོ་སྤྲོད་བྱ་རྒྱུ་ཡིན།

ཚད་རྡུལ་གློག་ཀླད་ནི་སྤྱིར་བཏང་གི་གོང་དུ་བཤད་པའི་རྣམ་གཞག་དང་ཡོངས་སུ་མི་འདྲ་བའི་རྩིས་རིག་གི་ལམ་ལུགས་ཤིག་ལ་བརྟེན་ནས་བཟོས་ཡོད། འདིས་ཚད་རྡུལ་དངོས་ཁམས་རིག་པ་ (Quantum Mechanics) ཡི་གཞི་རྩའི་ཁྱད་ཆོས་ཁག་བེད་སྤྱོད་བྱས་ཏེ་གནས་ཚུལ་བསྡུ་ལེན་དང་ཉར་ཚགས་བྱེད་ཀྱིན་ཡོད།

གཉིས་པ་ཚད་རྡུལ་བྷི་ཊི་ (Qubit) ངོ་སྤྲོད།

གོང་དུ་བྷི་ཊིའི་(Bit) སྐོར་ངོ་སྤྲོད་བྱས་པ་ལྟར་འདིར་ཚད་རྡུལ་བྷི་ཊི་ (Qubit) ཡི་རྣམ་གཞག་ནི་ཚད་རྡུལ་གློག་ཀླད་ཁྲོད་གལ་ཆེ་ཤོས་ཤིག་ཡིན། ཚད་རྡུལ་གློག་ཀླད་ཀྱི་གཞི་རྩའི་བརྡ་སྤྲོད་ཆ་ཤས་འདི་ནི་རྒྱུན་ལྡན་གྱི་གློག་ཀླད་ནང་གི་ཨང་གཉིས་ལམ་ལུགས་ཀྱི་(Bit) དང་ཡོངས་སུ་མི་འདྲ་བའི་ཁྱད་ཆོས་གཙོ་བོ་གཉིས་ཡོད་པ་སྟེ། གནས་སྟངས་གཉིས་ལྡན་(Superposition) དང་། ཚད་རྡུལ་གློག་ཀླད་ཀྱི་ཕན་ཚུན་འབྲེལ་བ་(Entanglement) གཉིས་ཡིན་པ་གཤམ་དུ་རེ་རེ་བཞིན་ངོ་སྤྲོད་བྱ་རྒྱུ་ཡིན།

པར་རིས་འདིའི་ཁུངས། “medium.com”[3]

༡ གནས་སྟངས་གཉིས་ལྡན། (Superposition)

ནམ་རྒྱུན་གྱི་བྷི་ཊི་ནི་གནས་སྐབས་གང་དུའང་ ༠ ཡང་ན་ ༡ གང་རུང་ཞིག་ཡིན་དགོས་པ་ལས་གཞན་དུ་འགྱུར་མི་སྲིད། འོན་ཀྱང་ཚད་རྡུལ་བྷི་ཊི་ (Qubit) ནི་ ༠ དང་ ༡ གཉིས་ཀའི་གནས་སྟངས་མཉམ་དུ་ངོ་བོ་གཅིག་ཏུ་གནས་ཐུབ།

པར་འདིའི་ཁུངས། “1qbit.com”[4]

དཔེར་ན། Qubit གཅིག་ནི་ 70% ཡི་ཚད་དུ་ ༠ ཡོད་པའི་གནས་སྐབས་སུ་ 30% ཡི་ཚད་དུ་ ༡ གི་གནས་སྐབས་ཡང་མཚོན་ཐུབ་པ་ཡིན། ང་ཚོས་དེ་ལ་རྩིས་རིག་གི་སྐད་ཆ་ལྟར་ན་ “|0⟩ དང་ |1⟩ གཉིས་ཀྱི་ linear ཟུང་འབྲེལ་ཟེར།

དེ་ནི་སྤྱིར་བཏང་གི་འགྲོ་བ་མིའི་བསམ་པའི་ཡུལ་ལས་འདས་པ་ཞིག་ཡིན་ལ། ང་ཚོའི་སྲོལ་རྒྱུན་གཏན་ཚིགས་རིག་པའི་རྣམ་གཞག་དང་ཡོངས་སུ་རྒྱབ་འགལ་ཡིན། དཔེར་ན། ང་ཚོའི་རྒྱུན་ལྡན་བསམ་བློ་དང་ལྟ་གྲུབ་ནང་ཆུ་ཕོར་པ་གང་དེ་ཁོལ་བའམ་མ་ཁོལ་བ་གང་རུང་ཞིག་ཡིན་དགོས། ཡིན་ནའང་ཚད་རྡུལ་དངོས་ཁམས་རིག་པའི་ནང་ཆུ་ཕོར་པ་གང་དེ་ཁོལ་བ་དང་མ་ཁོལ་བ་གཉིས་ཀའི་གནས་སྟངས་མཉམ་དུ་གནས་ཐུབ།

ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་འདི་ནི་སྲོལ་རྒྱུན་གྱི་རྒྱུ་མཚན་འགྲོ་ལུགས་དང་འགལ་བ་ལྟར་སྣང་ཡང་། བརྟག་དཔྱད་མང་པོས་ལམ་ལུགས་འདི་བདེན་པ་ཡིན་པ་ར་སྤྲོད་བྱས་ཡོད། གཅིག་བྱས་ན་ཆེས་ཕྲ་བའི་དངོས་པོ་ལ་གོ་ས་འགོག་ནུས་མེད་པ་ཡང་ཡིན་སྲིད། ཚད་རྡུལ་བྷི་ཊི་ཞིག་གི་གནས་སྟངས་(Ion Trap) ལ་དཔག་ན་ཆེ་ཆུང་ཧ་ལམ་ན་ནོ་མིས་ཊར་ 0.1-0.5 བར་ཡིན་སྲིད། Nanometer ཞིག་གི་ཚད་གཞི་ནི། མི་ཊར་ (Meter) གཅིག་དུམ་བུ་ཐེར་འབུམ་གཅིག་ལ་བཏང་བའི་ཆ་གཅིག་ (10^-9 ཡང་ན་ 0.000000001 མི་ཊར) ཡིན།

ནང་པའི་གཞུང་གི་བརྟེན་ནས་བཏགས་ཙམ་ཞེས་པའི་དབུ་མ་ཐལ་འགྱུར་བའི་རྟེན་འབྲེལ་ཕྲ་མོའི་རྣམ་གཞག་སྟེ་མ་བརྟག་མ་དཔྱད་པར་ཡོད་ཆོག་པ་དང་། བརྟག་ཅིང་དཔྱད་ན་ཅི་ཡང་མི་རྙེད་པའི་ལྟ་གྲུབ་དེ་ཚད་རྡུལ་དངོས་ཁམས་དང་མཐུན་པར་བཤད་མཁན་འདུག་ཀྱང་། དེ་ནི་ལྟ་གྲུབ་དེ་དང་མཐུན་པ་ཞིག་ཏུ་འདོད་པ་ནི་ཐེ་ཚོམ་གྱི་གནས་ཞིག་ཡིན་དེ། ཚད་རྡུལ་བྷི་ཊི་དེ་གནས་སྟངས་མི་འདྲ་བ་མང་པོ་ཞིག་ལ་གནས་ཆོག་ནའང་བརྟག་ཅིང་དཔྱད་པ་བྱས་མཐར་རྙེད་རྒྱུ་ཡོད་པ་ཞིག་ལས། གཏན་ནས་རྙེད་རྒྱུ་མེད་པ་ཞིག་མིན། གནས་སྟངས་ཀྱི་ཆ་ནས་ཆུ་ཕོར་བ་གང་དེ་ཁོལ་དང་མ་ཁོལ་བ་གཉིས་སུ་གནས་མོད། ལྟ་ཞིབ་བྱས་པའི་མཐར་དེ་གཉིས་གང་རུང་ཞིག་རྙེད་པ་ལས་གཉིས་ཀ་རྙེད་པའི་དོན་མིན། དེ་བཞིན་ཚད་རྡུལ་བྷི་ཊི་ཞིག་ ༡ དང་ ༠ གཉིས་ཀྱི་ངོ་བོར་གནས་ཆོག་ནའང་། ལྟ་ཞིབ་བྱས་མཐར་ ༡ དང་ ༠ གང་རུང་ཡིན་པ་ལས་གཉིས་ཀ་མིན། དེའི་རྒྱུ་མཚན་ཡང་ལྟ་ཞིབ་མ་བྱས་པའི་སྔོན་དུ་དངོས་པོ་ཞིག་གི་གནས་བབ་གཏན་ཁེལ་བྱས་མེད། དེ་དང་ནང་པའི་ལྟ་གྲུབ་ནང་དངོས་པོའི་རང་བཞིན་ལ་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་མིན་པ་དང་ཆ་འདྲ་ནའང་མཐར་ཐུག་གི་གྲུབ་དོན་རྩ་བ་ནས་མི་འདྲ། འདི་ལ་མཐར་ཐུག་གི་གྲུབ་དོན་ཞིག་ཡོད་པར་ཐག་གཅོད་བྱས་ཡོད།

ང་ལ་ཆ་རྒྱུས་ཡོད་པ་ཞིག་ནི། བོད་ཀྱི་ལྟ་གྲུབ་སྨྲ་བ་མང་ཆེ་བའི་བསམ་བློའི་ནང་འཇིག་རྟེན་གྱི་དངོས་པོ་ཡོངས་རྫོགས་སྔ་མོ་ནས་ཐག་བཅད་ཟིན་པ་དང་། ལྷག་པར་རང་གི་ཆོས་དང་ལྟ་གྲུབ་ཀྱིས་ཚང་མ་ཐག་གཅོད་གཙང་མར་བྱས་ཟིན་པར་བསམ་མཁན་ཧ་ཅང་མང་། གལ་ཏེ་རྣམ་གཞག་གསར་པ་སླེབས་ཚེ་རང་གི་ལྟ་གྲུབ་ལ་སྦྱར་ནས་ཚིག་སྙན་པོ་ཞིག་བཤད་ཨེ་ཐུབ་བལྟས་ནས་མཐའ་དོན་ཚོར་བ་ཞིག་གིས་འདོད་པ་ཁེངས་པར་བྱེད་ལ། དེ་ནས་མངོན་པའི་ང་རྒྱལ་ཞིག་གིས་དུས་འདའ་བར་བྱེད་བཞིན་པ་ཡང་ཡང་མཐོང་། དེ་ནི་ཆོས་སྲིད་གང་གི་ཆ་ནས་རང་ཉིད་གཡང་ལ་སྐྱུར་བཞིན་པ་དང་དེ་ལ་བརྟེན་ཤེས་བྱ་གསར་པ་སློབ་སྦྱོང་ཚུར་བཞིན་མི་བྱེད་པའི་གནད་དོན་ཚོར་མཁན་ཧ་ཅང་ཉུང་། འདི་ནི་སྐབས་དོན་ལས་འཕྲོས་པའི་ཞོར་གྱི་དྲན་སྐུལ་ཙམ་ཞིག་ཡིན།

༢ ཚད་རྡུལ་བྷི་ཊི་ (Qubit) ཚོགས་པའི་ནུས་པ།

ཁྱད་ཆོས་འདི་ལ་བརྟེན་ནས། ཚད་རྡུལ་ཚབ་རྩིས་ “n” ཡོད་པའི་ཚོགས་པ་ཞིག་གིས་གནས་སྟངས་ 2^n མཉམ་དུ་རང་བསྒྱུར་གྱིས་ཉར་ཚགས་བྱེད་ཐུབ། དཔེར་ན།

  • ཚད་རྡུལ་བྷི་ཊི་ 3 གྱིས་གནས་སྟངས་ 2^3 = 8 ཉར་ཐུབ།
  • ཚད་རྡུལ་བྷི་ཊི་ 10 ཡིས་གནས་སྟངས་ 2^10 = 1,024 ཉར་ཐུབ།
  • ཚད་རྡུལ་བྷི་ཊི་ 20 ཡིས་གནས་སྟངས་ 2^20 = 1,048,576 ཉར་ཐུབ།

དཔེར་ན། ཚད་རྡུལ་བྷི་ཊི་ 3 ཡོད་ན། དེས་གནས་སྟངས་ |000⟩, |001⟩, |010⟩, |011⟩, |100⟩, |101⟩, |110⟩, |111⟩ བཅས་ལྷན་ཅིག་ཏུ་མཚོན་ཐུབ།

རྩིས་རིག་ཐོག་ནས་འདི་ལྟར་ཡིན།[5]

|ψ = α|0 + β|1

  • |ψ⟩ ནི་ཚད་རྡུལ་བྷི་ཊི་ཡི་གནས་སྟངས་ཧྲིལ་པོ་མཚོན་པ།
  • |0⟩ དང་ |1⟩ ནི་གཞི་རྩའི་གནས་སྟངས་ (༠ དང་ ༡) མཚོན་པ།
  • α དང་ β ནི་རྩིས་རིག་གི་གྲངས་མིན་པར་ཨང་ཀི་མཚོན་པ་དང་། གནས་སྟངས་རེ་རེའི་གོ་སྐབས་ཀྱི་ཚད་མཚོན།

དཔེར་མཚོན་ནང༌། α² = 0.7 (70%) དང་ β² = 0.3 (30%) ཡིན།

གོ་བདེ་བའི་ཆེད་དུ་འགྲེལ་བཤད་སྟབས་བདེ་ཞིག་བྱ་ཆོག དཔེར་ན། ལྕགས་ཀྱི་དངུལ་སྒོར་ཞིག་ལ་ཆ་བཞག་ན།

  1. སྤྱིར་བཏང་གི་དངུལ་སྒོར་ས་ལ་ལྷུང་ན་མདུན་རྒྱབ་གང་རུང་གི་ངོས་སྟོན་པ་སྟེ། མདུན་ཡིན་ན་ ༠ དང་རྒྱབ་ཡིན་ན་ ༡ ལྟ་བུ་རེད།
  2. ཚད་རྡུལ་དངུལ་སྒོར་ནི་མི་ཞིག་གིས་ལྟ་ཞིབ་མ་བྱས་བར་དུ་མདུན་དང་རྒྱབ་གཉིས་ཀ་དུས་གཅིག་ལ་སྟོན་ཐུབ། དེ་ལ་ལྟ་ཞིབ་བྱེད་སྐབས། མདུན་ནམ་ཡང་ན་རྒྱབ་གང་རུང་ཞིག་ཏུ་འགྱུར་འགྲོ།
  3. 70% ཡི་ཚད་དུ་ ༠ དང་ 30% ཡི་ཚད་དུ་ ༡ ཞེས་བཤད་སྐབས་དེ་ནི་ལྟ་ཞིབ་སྐབས་མདུན་ངོས་ 70% སྟོན་པའི་གོ་སྐབས་དང་། ཡང་ན་རྒྱབ་ངོས་ཏེ་ 30% སྟོན་པའི་གོ་སྐབས་ཡོད་པ་ལྟ་བུ་ཡིན།

གལ་ཆེ་ཤོས་ནི་ལྟ་ཞིབ་མ་བྱས་སྔོན་དུ། མདུན་དང་རྒྱབ་གཉིས་ཀ་དངོས་སུ་སྟོན་ཐུབ། འདི་ནི་ངོ་བོ་གཉིས་ཀ་དུས་མཉམ་དུ་ཡོད་པ་ལ་གོ་བ་ཡིན།འདི་ནི་ནམ་རྒྱུན་གྱི་གློག་ཀླད་དང་ཆེས་མི་འདྲ་བའི་ཁྱད་ཆོས་ཤིག་ཡིན་ཞིང་། ཚད་རྡུལ་གློག་ཀླད་ཀྱི་ནུས་པ་གཙོ་བོ་ཞིག་ཀྱང་ཡིན། དེར་བརྟེན་གོང་གསལ་གྱི་ངོ་སྤྲོད་ཁག་ལ་གཞིགས་ནས་བྷི་ཊི་དང་ཚད་རྡུལ་བྷི་ཊི་གཉིས་ཀྱི་རྣམ་གཞག་དང་ཁྱད་པར་ཅུང་ཙམ་རྟོགས་ཐུབ་པའི་རེ་བ་ཡོད།

གོང་གསལ་ལྟར་ཚད་རྡུལ་བྷི་ཊི་ནི་བཀོལ་སྤྱོད་བྱེད་ཆོག་ཆོག་ཅིག་མིན་ལ། དེ་ལ་གདོང་ལེན་བྱ་དགོས་པ་མང་པོ་ཡོད་པ་སྟེ། གློག་རྡུལ་གྱི་ལམ་ལུགས་འདིར་ཤུགས་རྐྱེན་གཞན་གྱིས་འགྱུར་བ་གཏོང་སླ་བ། ཚ་དྲོད་དང་གློག་ཁབ་ལེན་གྱི་ར་བ། རླུང་གི་འདུས་རྡུལ་དང་གདོང་ཐུག་སོགས་ལ་བརྟེན་ནས་ཚད་རྡུལ་བྷི་ཊི་ཡི་རྡུལ་ཕྲན་དངོས་ཁམས་ཀྱི་ཁྱད་ཆོས་ལས་སླ་བོར་བརླག་འགྲོ་ངེས་ཡིན། དེར་བརྟེན། ཕྱིའི་ཤུགས་རྐྱེན་སྲུང་ཕྱིར་གྲང་མོ་ཤུགས་ཆེན་དགོས་པ། ཁེར་རྐྱང་དུ་འཇོག་དགོས་པ། གློག་གི་ནུས་པ་ཚོད་འཛིན་བྱེད་མཁན། ནོར་འཁྲུལ་བཅོས་པའི་ཆེད་དུ་ཚད་རྡུལ་བྷི་ཊི་འཕར་མ་སོགས་དགོས་ཀྱི་ཡོད།

ཚད་རྡུལ་གློག་ཀླད་ཀྱི་གཏན་ཚིགས་འཇུག་སྒོ། (Quantum Logic Gates)

ནམ་རྒྱུན་གྱི་གློག་ཀླད་ནང་ AND, OR, NOT ལྟ་བུའི་གཏན་ཚིགས་འཇུག་སྒོ་ (Logic Gates) སྤྱོད་པ་ལྟར། ཚད་རྡུལ་གློག་ཀླད་ནང་དུའང་གཏན་ཚིགས་འཇུག་སྒོ་མི་འདྲ་བ་ཁ་ཤས་ཡོད། དེ་དག་ནི་ཚད་རྡུལ་བྷི་ཊི་ (Qubit) ཡི་གནས་སྟངས་བསྒྱུར་བཅོས་བྱེད་མཁན་ཡིན།

ནམ་རྒྱུན་གྱི་གློག་ཀླད་གཏན་ཚིགས་འཇུག་སྒོ་ནི་སྤྱིར་བཏང་གི་གློག་ལམ་ (circuits) དུ་དངོས་སུ་ཡོད་པའི་གློག་གི་ལམ་ལུགས་ཡིན་ཡང་། ཚད་རྡུལ་གཏན་ཚིགས་འཇུག་སྒོ་ནི་གཙོ་བོ་རྩིས་རིག་གི་ལས་རིམ་ཡིན་ཞིང་། གློག་རླབས་དང་ཁབ་ལེན་གྱི་ཤུགས་རྐྱེན་སོགས་ལ་བརྟེན་ནས་ལག་ལེན་སྟར་གྱིན་ཡོད། དེའི་སྐོར་གཙོ་ཆེ་བ་འགའ་ཞིག་གཤམ་དུ་འགོད་པར་བྱ།

ཚད་རྡུལ་གཏན་ཚིགས་འཇུག་སྒོ་ངོ་སྤྲོད།

ཚད་རྡུལ་གཏན་ཚིགས་འཇུག་སྒོ་ནི་ཚད་རྡུལ་གློག་ཀླད་ནང་གི་གཞི་རྩའི་ལས་ཀ་བྱེད་ཐབས་ཤིག་སྟེ། སྤྱིར་བཏང་གི་གློག་ཀླད་ནང་ AND, OR, NOT བེད་སྤྱོད་བྱེད་པ་ནང་བཞིན་རེད། ཚད་རྡུལ་འཇུག་སྒོ་འདི་དག་གིས་ཚད་རྡུལ་བྷི་ཊི་ (Qubit) ཡི་གནས་སྟངས་བསྒྱུར་བཅོས་བྱེད་ཀྱིན་ཡོད།

གོང་གསལ་གྱི་པར་རིས་ཁག་ལ་བརྟེན་ནས་ཚད་རྡུལ་བྷི་ཊི་ཡི་འགྲོ་སྟངས་གང་ཙམ་གསལ་པོ་ཡོང་བའི་རེ་བ་ཡོད། ཞིབ་ཕྲ་ནི་ཆེད་ལས་ཀྱི་གཞུང་ནས་གཟིགས་དགོས་པ་ལས་འདིར་འགོད་ཐབས་བྲལ།

ཚད་རྡུལ་གློག་ཀླད།[6]

ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་ ༢༤ ཉིན་ཐེ་ཝན་གྱི་ཆིང་ཧྭ་སློབ་ཆེན་[7]ནས་ཁང་པའི་དྲོད་ཚད་དང་མཐུན་པར་བེད་སྤྱོད་བྱེད་ཐུབ་པའི་ཚད་རྡུལ་གློག་ཀླད་ཅིག་གསར་གཏོད་བྱས་ཡོད་པ་དེས་ད་ལྟའི་དཀའ་ངལ་སེལ་ཐུབ་པའི་རེ་བ་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཆོག་ལ། ད་དུང་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༩ ཉིན་མེ་རོ་སོ་ཧྥི་[8] (Microsoft) ཚད་རྡུལ་ཉིང་ལེབ་ཅིག་ཀྱང་གསར་གཏོད་བྱས་ཡོད། དེར་བརྟེན་འཕྲུལ་རིག་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོས་ཚད་རྡུལ་གློག་ཀླད་ཐོག་ཞིབ་འཇུག་དང་གསར་གཏོད་སྣ་ཚོགས་བྱས་དང་བྱེད་མུས་ཡིན།  ལོ་ཤས་རྗེས་ནས་རྣམ་གཞག་འདི་ལ་བརྟེན་པའི་གློག་ཀླད་ནི་རྒྱུན་ལྡན་ཞིག་ཏུ་འགྱུར་བར་ངེས།

ཐེ་ཝན་ནས་བཟོས་པའི་ཚད་རྡུལ་གློག་ཀླད།
མེག་རོ་སོ་ཧྥི་ཡི་ཚད་རྡུལ་ཉིང་ལེབ།

དེས་མ་འོངས་པར་འགྲོ་བ་མིའི་རིགས་ཀྱི་དཀའ་ངལ་མང་པོ་སེལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པས། ང་ཚོས་དངོས་སུ་ལག་ལེན་བྱེད་ཐུབ་མིན་ལ་མ་ལྟོས་པར་ཤེས་ཡོན་འདིའི་རིགས་ལ་དོ་སྣང་དང་སློབ་གཉེར་བྱ་དགོས་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་སྣང་།

གང་ལྟར་ཡང་ཚད་རྡུལ་གློག་ཀླད་ནི་མ་འོངས་པའི་འཕྲུལ་རིག་གི་འཕེལ་རྒྱས་དང་འགྲོ་བ་མིའི་རིགས་ཀྱི་དཀའ་ངལ་སེལ་བའི་གཞི་རྩའི་ལག་ཆ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ནི་གོ་ལ་ཧྲིལ་པོ་འདིའི་གནད་དོན་ཞིག་རེད།

མཇུག་བསྡོམས།

དེང་སྐབས་འཛམ་གླིང་གི་འཕྲུལ་རིག་ཡར་རྒྱས་ཀྱི་ཚད་གཞི་ཧ་ཅང་མགྱོགས་པ་དང་། ལྷག་པར་དུ་ཚད་རྡུལ་གློག་ཀླད་ལྟ་བུའི་འཕྲུལ་རིག་གསར་པ་རིམ་པས་དར་ཁྱབ་ཆེན་པོར་འགྲོ་བཞིན་ཡོད་པས། བོད་ཀྱི་ཤེས་ཡོན་པ་ཚོས་སྲོལ་རྒྱུན་རིག་གཞུང་ཁོ་ནར་མགོ་འཁོར་ནས་མ་བསྡད་པར། དེང་རབས་ཀྱི་འཕྲུལ་རིག་ལའང་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེ།

བོད་ཀྱི་གཞོན་སྐྱེས་ཚོས་དེ་ལྟར་སྲོལ་རྒྱུན་རིག་གཞུང་དང་དེང་རབས་འཕྲུལ་རིག་གཉིས་ཀར་སློབ་སྦྱོང་བྱས་ཏེ། དུས་རབས་ཀྱི་འགྲོས་དང་མཐུན་པའི་ཤེས་ཡོན་ཅན་ཞིག་ཏུ་འགྱུར་ཐབས་སུ། རྒྱལ་ཁབ་ཁག་གི་ཚད་རྡུལ་གློག་ཀླད་ཀྱི་གསར་གཏོད་དང་དེེེེེེའི་ཞིབ་འཇུག་ལ་དོ་སྣང་དང་། རིག་ཚན་འདིའི་རིགས་ལ་སློབ་སྦྱོང་ངེས་པར་དུ་བྱ་དགོས། ཁོ་བོ་ལས་རིགས་འདིར་ལོ་མང་ཞུགས་པའི་ཉམས་མྱོང་ལས་ཚོར་བ་ལྟར་ན། དེང་དུས་འཕྲུལ་རིག་བེད་སྤྱོད་བྱས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་མི་བྱེད་ཐབས་མེད་ཡིན་པས། གཞི་རིམ་སློབ་གྲྭ་ནས་བཟུང་འཕྲུལ་རིག་གི་སློབ་ཚན་ཁག་བོད་ཡིག་ཐོག་སློབ་ཁྲིད་བྱེད་རྒྱུ་དང་། དེང་རབས་འཕྲུལ་རིག་གི་བརྡ་ཆད་གཏན་འབེབས་དང་། དེང་རབས་ཚན་རིག་གི་དཔེ་དེབ་བོད་བསྒྱུར་བྱེད་རྒྱུ་བཅས་ལ་འབད་བརྩོན་དུས་འགྱངས་མེད་པར་བྱེད་དགོས་པ་སོགས་གནད་འགག་ཅིག་ཏུ་མཐོང་།

རྡུལ་ཕྲན་དངོས་ཁམས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་ཐོག་ནས་ང་ཚོའི་མ་འོངས་པའི་འཚོ་བའི་ཁ་ཕྱོགས་གཞན་ཞིག་ཏུ་འགྱུར་བ་འགྲོ་རྒྱུ་གཞི་རྩའི་ཆོས་ཉིད་དུ་བསམས་ནས་རང་རིགས་དག་གིས་ཀྱང་འདིའི་རིགས་ལ་འབད་པ་བྱ་རྒྱུ་ནི་མི་རབས་འདི་ལ་འཁྲི་བའི་ལས་འགན་གལ་ཆེན་ཞིག་ཡིན་པར་མ་ཟད། སྲོལ་རྒྱུན་གྱི་བཟང་པོའི་ཡོན་ཏན་ཁག་དང་སྐད་ཡིག་རིག་གཞུང་འདི་ཉིད་ཚད་རྡུལ་གློག་ཀླད་འཕྲུལ་རིག་འདི་དག་ལ་བརྟེན་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་གནད་ཀྱི་དོན་པོར་མཐོང་ངོ་།།

ཕྱི་ལོ་ ༢༠༢༥ ལོའི་རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་རང་གཞན་གཉིས་ལ་ཕན་པར་རེ་སྟེ་རྩོམ་ཡིག་འདི་མཇུག་གྲུབ་པར་བྱས་པའོ།།

དཔྱད་ཡིག་དང་ཞབས་མཆན། 

[1] https://www.sciencedirect.com/topics/materials-science/magnetic-hard-disk

[2] https://www.researchgate.net/figure/Floating-gate-transistor-cell-of-the-type-used-in-UVPROMs-Negative-charge-is-stored-on_fig3_3140024

[3] https://medium.com/@minibytetech/moores-law-and-quantum-computers-ed1a86f099ce

[4] https://1qbit.com/blog/quantum-computing/a-bit-or-two-about-qubits/

[5] https://www.quantiki.org/wiki/qubit

[6] https://www.nytimes.com/2024/12/09/technology/google-quantum-computing.html

[7] https://thequantuminsider.com/2024/10/17/tiny-computer-big-advance-taiwan-develops-small-quantum-computer-using-single-photon/

[8] https://news.microsoft.com/source/features/innovation/microsofts-majorana-1-chip-carves-new-path-for-quantum-computing/

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།