ནང་དོན་སྙིང་བསྡུས། དཔྱད་རྩོམ་འདིའི་ནང་། པཎ་ཆེན་བསོད་ནམས་གྲགས་པ་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱིས་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོས། རྗེ་རིན་པོ་ཆེའི་དབུ་མའི་ཊཱིཀ་ཆེན་གཉིས་ཀྱི་གསུང་ལས་བརྒལ་བའི་གྲུབ་མཐའ་གཅིག་གཉིས་མཛད་ཡོད་པར་གསུངས་པ་དང་། ཡང་། ལྟ་བའི་སྐོར་སོགས་ལ་རྗེའི་གསུང་དང་མི་མཐུན་པ་འགའ་ཞིག་བཤད་ཡོད་པར་གསུངས་པ་དོན་ལ་ཇི་ཙམ་གནས་ཡོད་མེད་དང་། གྲུབ་པའི་དབང་ཕྱུག་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་དུ། སྐབས་སྐབས་སུ་རྒྱན་བཟང་བའི་གསུང་གིས་བརྒྱན་ནས་རྩ་ཤེའི་དགོངས་པ་འགྲེལ་པར་བཤད་ནའང་། རྗེ་རིན་པོ་ཆེའི་ལྟ་བའི་ལེགས་བཤད་ལས་བརྒལ་བའི་བཤད་པ་གང་ཡང་མཛད་མེད་པའི་གྲུབ་དོན་གྱི་སྡོམ་ཚིག་བཀོད་ཡོད།
གནད་ཚིག །བཀའ་གདམས་ཆོས་འབྱུང་། ཐུའུ་བཀྭན་གྲུབ་མཐའ། རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་། པཎ་ཆེན་བསོད་ནམས་གྲགས་པ། ཐུའུ་བཀྭན་ཆོས་ཀྱི་ཉི་མ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། གུང་རུ་རྒྱན་བཟང་བ། མ་ཡིན་དགག །མེད་དགག །
སྔོན་གླེང་།
ཉེ་ལམ་དགེ་བཤེས་དུ་མས། གྲུབ་པའི་དབང་ཕྱུག་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་རྩོམ་ནང་། བོད་སྔ་རབས་པའི་ལྟ་གྲུབ་འདྲེས་ཡོད་པ་དང་། ལྷག་པར་དུ། རྗེ་འདི་ཉིད་ཀྱིས་རྩ་ཤེའི་ཊཱིཀྐ་མཛད་སྐབས། [1] རབ་བྱེད་གཉིས་པ་དང་། བདུན་པ། བརྒྱད་པ། དགུ་པ། བཅུ་གཅིག་པ་རྣམས་ཀྱི་ཊཱིཀྐའི་མཇུག་ཏུ། རྒྱན་བཟང་བའི་གསུང་དང་ལེགས་པར་སྦྱར་བ་སོགས་བཀོད་ཅིང་། མཇུག་ཏུ་ཡང་། སྐབས་སྐབས་སུ་ཐུགས་སྲས་རྒྱན་བཟང་བའི་གསུང་གིས་བརྒྱན་ཚུལ་སྐོར་བཀོད་ཡོད་པས། རྒྱན་བཟང་བའི་ལྟ་བའི་སྐོར་སོགས་ལ་རྗེའི་གསུང་དང་མི་མཐུན་པ་འགའ་ཞིག་ཡོད་ཚུལ། བཀའ་གདམས་ཆོས་འབྱུང་དང་། ཐུའུ་བཀྭན་གྲུབ་མཐར་གསལ་འདུག་པས། རྒྱན་བཟང་བའི་གསུང་བཞིན་རྩ་ཤེའི་ཊཱིཀྐ་མཛད་ན། རོང་པོ་བཀའ་བཅུ་པའི་དབུ་མའི་ལྟ་བའི་བཞེད་མཚམས་རྗེ་རིན་པོ་ཆེ་དང་མཐུན་མི་མཐུན་གྱི་གནས་ཚུལ་ཇི་ཡིན་ཞེས་ཡི་གེའི་ལམ་ནས་དྲི་བ་ཁ་ཤས་ལག་སོན་བྱུང་བར། དེ་ལ་ཐོག་མར་གུང་རུ་རྒྱན་བཟང་པའི་གསུང་རྩོམ་དང་ལྟ་བའི་སྐོར་ལ་བོད་ཀྱི་མཁས་པ་ཚོས་གཟིགས་ཚུལ་ཅི་ཡོད་ལྟ་བ་དང་། བཀའ་གདམས་ཆོས་འབྱུང་དང་། ཐུའུ་བཀྭན་ཆོས་འབྱུང་སོགས་ཡིག་ཆ་དུ་མར་བཀོད་པའི་ལུང་ཚིག་རྣམས་ཀྱི་དོན་ལ་ད་ལྟ་མཇལ་དུ་ཡོད་པའི་ཆོས་རྗེ་གུང་རུ་པའི་གསུང་ལ་དཔྱད་ཞིབ་ཀྱིས་ཞིབ་འཇུག་བྱ་དགོས་པ་དང་། དེ་ནས་གྲུབ་པའི་དབང་ཕྱུག་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་མཛད་པའི་རྩ་ཤེའི་ཊཱིཀྐ་གཞིར་བྱས། རྗེ་དེ་ཉིད་ཀྱིས་མཛད་པའི་དབུ་མའི་ལྟ་ཁྲིད་རྟེན་འབྲེལ་རིགས་པའི་ཡང་སྙིང་རྡོ་རྗེའི་གཟེགས་མ་དང་། དབུ་མའི་ལྟ་ཁྲིད་དགེ་སློང་ཐོས་བསམ་རྒྱ་མཚོར་སྩལ་བ། གཞན་ཡང་། ཐུགས་སྲས་ཤེས་རབ་བཀྲ་ཤིས་པས་རྗེ་འདི་ལས་ཟབ་མོ་དབུ་མའི་གནད་དོན་རྗེན་པར་སྟོན་པའི་ལེགས་བཤད་ཀྱི་བགོ་སྐལ་བླངས་པ་ཐམས་ཅད་ཕྱིས་ཐོར་བུར་བསྡུས་ཏེ། ཕལ་སྐད་སོགས་མ་བཅོས་པར་ཟིན་བྲིས་ཕྱོགས་བསྡེབས་མཛད་པ་ལྟ་ཁྲིད་ཆེན་མོ་རྣམས་དང་། ལྷག་པར་དུ། གསུང་མགུར་ཆེན་མོ་ལས། ལྟ་བའི་གླུ་ཕྲེང་ཚན་པ་༢༨ བཞུགས་པ་རྣམས་དང་། མགུར་ཚན་གཞན་དུ་བཞུགས་པའི་ལྟ་བའི་སྐོར་རྣམས་དཔྱད་གཞིའི་ཡིག་ཆ་དང་པོར་བཞག །
གུང་རུ་རྒྱན་བཟང་བའི་ལེགས་བཤད་ཀྱི་གསུང་ཟུར་ལ་རྩོད་སྒྲུབ་གནང་མཁན་དག་གི་ལེགས་བཤད་མཇལ་དུ་ཡོད་པ་རྣམས་དཔྱད་གཞིའི་རྒྱུ་ཆ་གཉིས་པར་བེད་སྤྱོད་ཀྱིས་ཞིབ་ཏུ་དཔྱད་ཅིང་ལེགས་པར་བརྟགས་ཏེ། གྲུབ་པའི་དབང་ཕྱུག་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་རང་ཉིད་ཀྱི་རྩ་ཤེའི་ཊཱིཀྐའི་མཇུག་ཏུ། རྒྱལ་བ་ཀུན་གྱི་གསུང་གི་བདུད་རྩིའི་བཅུད། །མགོན་པོ་ཀླུ་སྒྲུབ་ཞབས་ཀྱི་བཀའ་ཡི་ཕུལ། །རྩ་བའི་ཤེས་རབ་ཅེས་གྲགས་ཉི་ཟླ་བཞིན། །འཇིག་རྟེན་འདི་ན་མཛེས་པའི་རྒྱན་གཅིག་པུ། །དེ་ཡི་དགོངས་པ་དཔལ་ལྡན་སངས་རྒྱས་བསྐྱངས། །ཀུན་མཁྱེན་ཟླ་བ་གྲགས་པའི་བཞེད་སྲོལ་བཞིན། །བློ་བཟང་རྒྱལ་བ་གཉིས་པས་བཀྲལ་བ་ལ། །ཞེས་པ་ལྟར། སྤྱིར་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་འདི་ཉིད་ཀྱི་དབུ་མའི་ལྟ་བ་ནི། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་བཟང་བློ་བཟང་རྒྱལ་བ་གཉིས་པས་ལྟ་བའི་ལེགས་བཤད་ཆེན་པོ་ལྔའི་ནང་ཇི་ལྟར་བཀྲལ་པ་ལྟར་ཡིན་པ་ཁུངས་སྐྱེལ་ཤིག་སེན་ར་སྤྲོད་དང་། ཁོང་ཆོས་བརྒྱུད་རིས་མེད་ཀྱི་ལྟ་གྲུབ་སྨྲ་བའི་གྲུབ་པའི་དབང་ཕྱུག་ཅིག་དང་རྣལ་འབྱོར་པ་ཞིག་ཡིན་པ་རྗེ་དེ་ཉིད་ཀྱི་སྐུ་ཚེའི་རྣམ་ཐར་དང་སྦྱར་ཏེ་དཔྱད་ཞིབ་ཞུས་ཡོད།
དཔྱད་ཞིབ་འདིའི་གལ་གནད།
དོན་གཉེར་ཅན་འགའ་ཞིག་གིས། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་(༡༦༠༧-༡༦༧༧) གསུང་རྩོམ་དུ་སྔ་རབས་པའི་ལྟ་བ་འདྲེས་ཤིང་། རྗེ་དེ་ཉིད་ཀྱིས་མཛད་པའི་རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་དུ། རབ་བྱེད་གཉིས་པ་དང་། བདུན་པ། བརྒྱད་པ། དགུ་པ། བཅུ་གཅིག་པ་རྣམས་ཀྱི་ཊཱིཀྐའི་མཇུག་ཏུ། རྒྱན་བཟང་བའི་གསུང་དང་ལེགས་པར་སྦྱར་བ་དང་། རྒྱན་བཟང་པའི་གསུང་བཞིན་རྣམ་བཤད་བྱས་པ་དང་། གསུང་ཇི་བཞིན་བཀོད་པ་དང་། གསུང་བཞིན་འདི་བྲིས་པར་གསུངས་པ་དང་། མཇུག་ཏུ་ཡང་། སྐབས་སྐབས་སུ་ཐུགས་སྲས་རྒྱན་བཟང་བའི་གསུང་གིས་བརྒྱན་ཚུལ་སྐོར་བཀོད་འདུག་པས་གུང་རུ་རྒྱན་བཟང་པའི་ལྟ་བས་ཤན་ཞུགས་ཡོད་པ་རེད། དེར་ལྟར་ན། ཆོས་རྗེ་རྒྱན་བཟང་བ་ནི། རྗེ་རིན་པོ་ཆེའི་དབུ་མའི་ཊཱིཀ་ཆེན་གཉིས་ཀྱི་གསུང་ལས་བརྒལ་བའི་གྲུབ་མཐའ་གཅིག་གཉིས་མཛད་མཁན་དེ་ཡིན་པའི་ཕྱིར་དང་། ཡང་། ལྟ་བའི་སྐོར་སོགས་ལ་རྗེའི་གསུང་དང་མི་མཐུན་པ་འགའ་ཞིག་བཤད་པའི་ཕྱིར། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་གསུང་རྩོམ་ལས་དབུ་མའི་སྐོར་ལ་རྗེ་རིན་པོ་ཆེའི་གསུང་དང་མི་མཐུན་པའི་བཤད་པ་ཡོད་སྲིད་པའི་ཕྱིར། ཞེས་ཟེར་ཞིང་། གོང་གི་རྟགས་རིམ་པར་གྲུབ་སྟེ། པཎ་ཆེན་བསོད་ནམས་གྲགས་པ་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མས་དེ་ལྟར་གསུངས་པའི་ཕྱིར། རྟགས་རིམ་པར་གྲུབ་སྟེ། པཎ་ཆེན་བསོད་ནམས་གྲགས་པའི་(༡༤༧༨-༡༥༥༤) བཀའ་གདམས་ཆོས་འབྱུང་ལས། [2] “དེ་ཡང་། སྟོང་ཐུན་དུ། ཡང་ན། གསུངས་ནས་དབུ་མའི་ཊཱིཀ་ཆེན་གཉིས་ཀྱི་གསུང་ལས་བརྒལ་བའི་གྲུབ་མཐའ་གཅིག་གཉིས་མཛད་པ་སོགས་ལས། མཁས་གྲུབ་རིན་པོ་ཆེ་མ་དགྱེས་ནས་བཀའ་བཀྱོན་ཏེ་ཕྱག་འབུལ་མ་བཞེས་པ་ཡིན་སྣང༌། འདི་ལ་བརྣགས་ནས་ཆོས་རྗེས་ཀྱང༌། “མི་རྣམས་ཕལ་ཆེར་གྲགས་པའི་རྗེས་སུ་འབྲང༌། །བློ་བཟང་གྲགས་པ་དགའ་ལྡན་གནས་སུ་གཤེགས། །བྱམས་ཆེན་ཆོས་རྗེ་མི་དབང་གཙུག་ན་མཛེས། །རྒྱལ་མཚན་བཟང་པོ་གངས་རིའི་ཁྲོད་འདིར་ལུས། །ཞེས་ཐུགས་འབྱུང་བའི་མགུར་གསུངས་ཞེས་གྲགས།” ཞེས་གསུངས་པའི་ཕྱིར།
ཡང་། ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཀྱང་།(༡༧༣༧-༡༨༠༢ ) མཚུངས་མེད་ཆོས་རྗེ་[3]ཞེས་གྲགས་པ་གུང་རུ་རྒྱལ་མཚན་བཟང་པོས་ལྟ་བའི་སྐོར་སོགས་ལ་རྗེའི་གསུང་དང་མི་མཐུན་པ་འགའ་ཞིག་བཤད་པར་བཤད་པའི་ཕྱིར་ཏེ། དེ་ཉིད་ཀྱིས་མཛད་པའི་གྲུབ་མཐའ་ཤེལ་དཀར་མེ་ལོང་ལས། [4] “མཚུངས་མེད་ཆོས་རྗེ་ཞེས་གྲགས་པ་གུང་རུ་རྒྱལ་མཚན་བཟང་པོས་ལྟ་བའི་སྐོར་སོགས་ལ་རྗེའི་གསུང་དང་མི་མཐུན་པ་འགའ་ཞིག་བཤད་པས། མཁས་གྲུབ་རྗེས། རྒྱན་བཟང་པ་ཁྱོད་ཀྱིས་གཞན་ཡང་ཟེར་ནས་བཤད་བཤད་མི་མཐུན་པ་མང་པོ་བྱེད་ཀྱིན་འདུག་གསུངས་ནས་བཀའ་བཀྱོན་པས། རྒྱན་བཟང་པ་ཐུགས་མུག་སྟེ། བློ་བཟང་གྲགས་པ་དགའ་ལྡན་གནས་སུ་གཤེགས། །བྱམས་ཆེན་ཆོས་རྗེ་མི་དབང་གཙུག་ན་མཛེས། །རྒྱལ་མཚན་བཟང་པོ་གངས་རིའི་ཁྲོད་དུ་ལུས། །ཞེས་སོགས་སྐྱོ་བའི་གཏམ་གསུངས།” ཞེས་སོགས་གསུངས་པའི་ཕྱིར་ཟེར།
དེ་ལ་ཐོག་མར། མཁས་པའི་དབང་པོ་འདི་དག་གི་གསུང་སྔ་ཕྱི་ལ་བརྟགས་ནས་གུང་རུ་རྒྱན་བཟང་པའི་རྗེ་རིན་པོ་ཆེའི་དབུ་མའི་ཊཱིཀ་ཆེན་གཉིས་ཀྱི་གསུང་ལས་བརྒལ་བའི་གྲུབ་མཐའ་གཅིག་གཉིས་མཛད་ཡོད་མེད་ལ་ལྟ་བ་དང་། མཚུངས་མེད་ཆོས་རྗེ་ཞེས་གྲགས་པ་གུང་རུ་རྒྱལ་མཚན་བཟང་པོས་ལྟ་བའི་སྐོར་སོགས་ལ་རྗེའི་གསུང་དང་མི་མཐུན་པ་འགའ་ཞིག་ཇི་ལྟར་བཤད་ཡོད་མེད་ལྟ་བ་གལ་ཆེ། དེ་ལ་དང་པོར། པཎ་ཆེན་བསོད་ནམས་གྲགས་པས། མཁས་གྲུབ་རིན་པོ་ཆེ་མ་དགྱེས་ནས་བཀའ་བཀྱོན་ཏེ་ཕྱག་འབུལ་མ་བཞེས་པའི་རྒྱུ་མཚན་དུ། དེ་ཡང་། སྟོང་ཐུན་དུ། ཡང་ན། གསུངས་ནས་དབུ་མའི་ཊཱིཀ་ཆེན་གཉིས་ཀྱི་གསུང་ལས་བརྒལ་བའི་གྲུབ་མཐའ་གཅིག་གཉིས་མཛད་པ་སོགས་ལས། མཁས་གྲུབ་རིན་པོ་ཆེ་མ་དགྱེས་ནས་བཀའ་བཀྱོན་ཏེ་ཕྱག་འབུལ་མ་བཞེས་པ་ཡིན་སྣང༌། ཞེས་པའི་ཚིག་གྲུབ་འདི་ཡིན་པས། ཆོས་རྗེ་གུང་རུ་རྒྱན་བཟང་པའི་སྟོང་ཐུན་དུ། ཡང་ན། ཞེས་པའི་ཚིག་ཡོད་མེད་དང་། དེ་མཚམས། དབུ་མའི་ཊཱིཀ་ཆེན་གཉིས་ཀྱི་གསུང་ལས་བརྒལ་བའི་གྲུབ་མཐའ་གཅིག་གཉིས་ཇི་ལྟར་བཤད་ཡོད་མེད་ལྟ་དགོས་པ་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མས། མཚུངས་མེད་ཆོས་རྗེ་ཞེས་གྲགས་པ་གུང་རུ་རྒྱལ་མཚན་བཟང་པོས་ལྟ་བའི་སྐོར་སོགས་ལ་རྗེའི་གསུང་དང་མི་མཐུན་པ་འགའ་ཞིག་བཤད་པས། མཁས་གྲུབ་རྗེས། རྒྱན་བཟང་པ་ཁྱོད་ཀྱིས་གཞན་ཡང་ཟེར་ནས་བཤད་བཤད་མི་མཐུན་པ་མང་པོ་བྱེད་ཀྱིན་འདུག་གསུངས་ནས་བཀའ་བཀྱོན་ཚུལ་ཇི་ལྟར་ཡིན་པ་ལྟ་དགོས།
དེ་ལ་ཐུའུ་བཀྭན་གྲུབ་མཐའ་ཤེལ་དཀར་མེ་ལོང་ལས།[5] “ཞྭ་ལུ་བ་ཚུལ་ཁྲིམས་རིན་ཆེན་གྱི་རྣམ་ཐར་ལས། ཚུལ་རིན་པ་འཇམ་དབྱངས་ཆོས་རྗེའི་དྲུང་དུ། ཆོས་གསན་པར་བྱོན་པས་རྟེན་འབྲེལ་མ་འཛོམས་པས། སེ་རར་མཚུངས་མེད་ཆོས་རྗེ་ལས་ཆོས་གསན་པར། ལྟ་བའི་འཆད་ཚུལ་རྗེའི་དངོས་སློབ་རྣམས་ཀྱི་བཤད་ཚུལ་དང་མི་མཐུན་པ་བྱུང་བ་ལ་རྒྱུ་མཚན་ཞུས་པར། རྒྱན་བཟང་པས་ཁོང་གཞན་ལ་ཅི་གསུངས་མ་ཤེས། ངེད་ལ་རྗེ་བླ་མས་སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་འདི་བཞིན་གསུངས་པ་ཡིན། ཞེས་གསུངས་ཞེས་འབྱུང༌། གུང་རུ་བའི་ལྟ་ཁྲིད་ནའང་འཆད་ཚུལ་དེ་བཞིན་བྱས་འདུག་སྟེ། རྗེ་ཉིད་ཀྱིས་ལྟ་བའི་དཔྱད་པ་མ་རྫོགས་གོང་དུ་གསུང་བ་ཡིན་ནམ་སེམས།” ཞེས་པའི་ལུང་ཚིག་འདིར་བལྟས་ན། ཆོས་རྗེ་གུང་རུ་རྒྱན་བཟང་པས་སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་གསུངས་ཡོད་མེད་ལ་ལྟ་བ་དང་། གུང་རུ་བའི་ལྟ་ཁྲིད་ནའང་འཆད་ཚུལ་དེ་བཞིན་བྱས་འདུག་གམ་མི་འདུག་ལྟ་རྒྱུ་གལ་ཆེ། དེ་ནས་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་གུང་རུ་རྒྱན་བཟང་པའི་གསུང་ཐམས་ཅད་ལ་ཚད་མར་འཛིན་གྱི་ཡོད་མེད་བརྟགས་ནས་ཞིབ་འཇུག་གི་དྲི་བར་ལན་འདེབས་རྒྱུ་གལ་གནད་ཆགས་ཡོད།
གུང་རུ་རྒྱན་བཟང་པའི་དབུ་མའི་སྟོང་ཐུན་དུ་ཡང་ན་གསུངས་ནས་དབུ་མའི་ཊཱིཀ་ཆེན་གཉིས་ཀྱི་གསུང་ལས་བརྒལ་བའི་གྲུབ་མཐའ་གཅིག་གཉིས་མཛད་ཡོད་མེད་ལྟ་བ།
དེ་ལ་བཀའ་གདམས་ཆོས་འབྱུང་ལས། “དེ་ཡང་། སྟོང་ཐུན་དུ། ཡང་ན། གསུངས་ནས་དབུ་མའི་ཊཱིཀ་ཆེན་གཉིས་ཀྱི་གསུང་ལས་བརྒལ་བའི་གྲུབ་མཐའ་གཅིག་གཉིས་མཛད་པ་སོགས་ལས། མཁས་གྲུབ་རིན་པོ་ཆེ་མ་དགྱེས་ནས་བཀའ་བཀྱོན་ཏེ་ཕྱག་འབུལ་མ་བཞེས་པ་ཡིན་སྣང༌།” ཞེས་པ་ལ། ཆོས་རྗེ་གུང་རུ་རྒྱན་བཟང་པའི་གསུང་གི་སྟོང་ཐུན་རྒྱས་པ་ལག་ཏུ་མ་ཆུད་ནའང་། སྟོང་ཐུན་བསྡུས་པ། རྗེ་དེ་ཉིད་ཀྱི་གསུང་འབུམ། པོད་གསུམ་པ། སེར་སྨད་དཔེ་མཛོད་ཁང་གིས་ཕྱི་ལོ་༢༠༡༤ ལོར་དཔར་མ། ཤོག་གྲངས་༡༧༧ ནས་༣༥༠ བར་བཞུགས་པ་དེ་དང་། སྟོང་ཐུན་འབྲིང་པོ་རྗེ་དེ་ཉིད་ཀྱི་གསུང་འབུམ་པོད་གཉིས་པ། ཤོག་ངོས་༢༨༥ ནས་༤༢༢ བར་བཞུགས་པ། ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་པ་ལ་ཞིབ་ཏུ་བལྟས་པར། རྗེ་རིན་པོ་ཆེའི་གསུངས་ཚུལ་ལས་གཞན། ཡང་ན། ཞེས་རྗེ་རིན་པོ་ཆེའི་དབུ་མའི་རྣམ་བཤད་གཉིས་ཀྱི་ཚིག་ཟིན་ལས་བརྒལ་བའི་བཤད་པ་མངོན་ཚན་ཅན་གྱི་གསུང་ཚིག་གཅིག་ཀྱང་མཇལ་རྒྱུ་མ་བྱུང་བར་མ་ཟད། བསྟན་བཅོས་དེ་ནི། ཕྱི་རོལ་པ་དང་། ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གོ་བདེ་བར་སྟོན་ཅིང་། ལྷག་པར་དུ། དབུ་མ་རང་རྒྱུད་པའི་ལུགས་ཅུང་ཟད་བསྡུས་ནའང་། ཐལ་འགྱུར་བའི་ལུགས་ཧ་ཅང་རྒྱས་པར་འཆད་འདུག །
ཐལ་འགྱུར་པས་རྟགས་ཀྱི་དགག་བྱ་ངོས་འཛིན་པའི་ཚུལ་ལ་གཉིས་སུ་ཕྱེ་སྟེ། ཆོས་ཐམས་ཅད་རྟོག་པས་བཏགས་ནས་བཞག་པའི་ཚུལ་དང་། དེ་ལས་ལྡོག་པའི་བདེན་ཚད་ངོས་གཟུང་བ། དེ་ཁོ་ན་ཉིད་ཀྱི་ལྟ་བ་གཏན་ལ་དབབ་པ་ལ། དགག་བྱ་འགོག་པའི་རིགས་པ་ངོས་གཟུང་བ་དང་། བཀག་པའི་བདེན་གཉིས་ཀྱི་རྣམ་གཞག་དཀའ་གནས་ཀྱི་མཐའ་བྱེ་བྲག་ཏུ་བཤད་པ་སོགས་མགོ་མཇུག་བར་གསུམ་གང་དུ་བལྟས་ཀྱང་། རྗེ་རིན་པོ་ཆེའི་དབུ་མའི་ཊཱིཀ་ཆེན་གཉིས་ཀྱི་ཚིག་དོན་ལས་བརྒལ་ཞིང་། མཁས་གྲུབ་རིན་པོ་ཆེས་ཕྱག་འབུལ་མ་བཞེས་ཤིང་བཀའ་བཀྱོན་གནང་དགོས་པའི་ཚིག་དོན་གང་ཡང་མི་འདུག་པར་མ་ཟད། ཐུའུ་བཀྭན་ཆོས་ཀྱི་ཉི་མས་གསུངས་པ་ལྟར། ལེགས་བཤད་ཀྱི་གཏེར་དུ་སྣང་ངོ་། །
དེ་ཡང་། གང་བཤད་པ་རྣམས་གོ་བདེ་ཞིང་ལུང་གི་སྤྲོས་པ་ཉུང་ལ་དོན་གནད་གསལ་པོར་སྟོན་པ་སོགས་ཁྱད་ཆོས་ཧ་ཅང་མང་བ་ཞིག་འདུག །བསྟན་བཅོས་ཀྱི་མཇུག་ཏུ་ཡང་། “མཉམ་མེད་བླ་མ་རྗེ་བཙུན་མཁྱེན་པའི་གཏེར། །རབ་འབྱམས་ཞིང་གི་རྡུལ་སྙེད་རྒྱལ་བ་ལ། །སྒྲུབ་པའི་མཆོད་པས་རྟག་ཏུ་དགྱེས་སླད་དུ། །མཐར་འཛིན་དགྲ་སྟེ་རང་བཞིན་མེད་པའི་ཚུལ། །འདིར་འབད་དྲི་མེད་དགེ་བའི་ཚོགས་རྣམས་ཀྱིས། །རང་བཞིན་སྟོང་པས་མེད་མཐའ་རྣམ་བསལ་ཏེ། །སྣང་བས་ཡོད་པའི་མཐའ་ནི་རྣམ་པར་སྤངས། །མཐའ་གཉིས་སྤངས་པ་ཐུན་མོང་མིན་པའི་གནད། །ད་དུང་སྐྱེ་བ་ཀུན་ཏུ་རྟོགས་གྱུར་ནས། །དཔལ་ལྡན་བླ་མའི་ཞིང་གི་མཐར་སོན་ཤོག །ཅེས་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་ཞལ་སྔ་ནས་ཀྱི་སྲོལ་ཕྱེ་བའི་ལམ་བཟང་དམ་པ་འདི་ནི། རིགས་པའི་གནས་ཕྲ་མོའི་ལམ་ནས་དྲངས་ཏེ། མཐའ་གཞན་དུ་སྲིད་པའི་གནས་བཀག་ནས་སླར་ཡང་ལམ་སྲོལ་བཟང་པའི་སྲོལ་ཕྱེ་བ་འདི་ནི། བདག་ཉིད་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་མདོ་ཁམས་སྟོད་པ་རྒྱལ་མཚན་བཟང་པོས་དབེན་གནས་བསམ་གཏན་གླིང་དུ་ཆོས་བར་གྱི་ཚེ་སྦྱར་བའོ།།”ཞེས་རྗེ་རིན་པོ་ཆེ་ལ་སྒྲུབ་པའི་མཆོད་པས་རྟག་ཏུ་དགྱེས་པ་བསྐྱེད་པའི་སླད་དུ། མཐར་འཛིན་གྱི་དགྲ་ཆོས་རྣམས་རང་བཞིན་གྱིས་མེད་པའི་ཚུལ། སྟོང་པས་མེད་མཐའ་བསལ་བ་དང་། སྣང་བས་ཡོད་མཐའ་རྣམ་པར་སྤངས་པ་སྟེ། མཐའ་གཉིས་སྤངས་པ་རྗེ་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་གནད་དེ་ཉིད། ཚེ་འདི་ཙམ་མ་ཡིན་པར་སྐྱེ་ཀུན་རྟོགས་པའི་ཐུགས་སྨོན་མཛད་པ་སོགས་གསུངས་འདུག །
འོན་ཀྱང་། ད་ལྟ་མཇལ་དུ་ཡོད་པའི་དབུ་མའི་སྟོང་ཐུན་བསྡུས་འབྲིང་གཉིས་ལ་དེ་འདྲ་མེད་ཀྱང་། དབུ་མའི་སྟོང་ཐུན་རྒྱས་པར་ཡོད་སྲིད་པའི་ཕྱིར་ཏེ། ཆོས་རྗེ་གུང་རུ་པས་མཛད་པའི་སྟོང་ཐུན་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་ཕྱིར་དང་། རྗེ་དེ་ཉིད་ཀྱི་སྟོང་ཐུན་རྒྱས་པར་ཡོད་སྲིད་པའི་ཕྱིར། དང་པོ་གྲུབ་སྟེ། ཐུའུ་བཀྭན་གྲུབ་མཐའ་ལས།[6] “དབུ་མའི་སྟོང་ཐུན་རྒྱས་འབྲིང་བསྡུས་གསུམ་སོགས་མཁས་པའི་ཡིད་འཕྲོག་པའི་བསྟན་བཅོས་མང་ཞིག་མཛད་འདུག །”ཅེས་གསུངས་པའི་ཕྱིར་ཟེར་ན། བདེན་སྲིད་དེ། དེང་སང་མཇལ་དུ་ཡོད་མེད་ཆ་མ་འཚལ་བའི་ཕྱིར་དང་། གལ་ཏེ། སྟོང་ཐུན་རྒྱས་པར་ཡོད་སྲིད་ནའང་། སྟོང་ཐུན་བསྡུས་འབྲིང་གཉིས་ལ་རྗེ་རིན་པོ་ཆེའི་དབུ་མའི་རྣམ་བཤད་གཉིས་དང་འབབ་ས་མ་མཐུན་པའི་གསུང་ཟུར་མངོན་ཚན་ཅན་དེ་འདྲ་ཡོད་ཆོག་པ་ལ་མེད་པའི་ཕྱིར་རོ། །
དབུ་མའི་སྟོང་ཐུན་འབྲིང་པོ་[7] ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་མཚན་བཏགས་པ་ཙམ་ལའང་གོ་རྒྱུ་ཆེ་བའི་བསྟན་བཅོས་དེ་ཉིད་ལ་ཞིབ་ཏུ་བལྟས་པར། རྗེ་རིན་པོ་ཆེའི་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་དང་། རྩ་ཤེའི་ཊཱིཀྐ་ཆེན་རིགས་པའི་རྒྱ་མཚོ་གཉིས་ཀྱི་ཚིག་དོན་ལས་བརྒལ་བའི་བཤད་པ་མངོན་ཚན་ཅན་དམིགས་བསལ་བ་གཅིག་ཀྱང་མཐོང་རྒྱུ་མེད་པར་མ་ཟད། སྟོང་ཐུན་བསྡུས་པ་དང་འདྲ་བར། གཞུང་གི་ས་གཅོད་སྟངས་ཕྱི་ནང་གི་གྲུབ་མཐའ་སྤྱི་དང་བྱེ་བྲག་གི་རྣམ་གཞག་བཤད་པ་དང་། ཁོག་འབུབས་ལུགས། བྱེ་བྲག་ཏུ་དབུ་མའི་ལྟ་བ་གཏན་ལ་དབབ་པ་ལ། མཐའ་གཉིས་སྤངས་པའི་དབུ་མའི་སྒྲ་དོན་དང་། མ་རིག་པ་ངོས་འཛིན། དེས་ཇི་ལྟར་བཟུང་བའི་ཚུལ། དེ་གཞན་ལུགས་དགག་པ་དང་རང་ལུགས་བཞག་པ། དང་པོ་ལ་རྟགས་ཀྱི་དགག་བྱ་ཁྱབ་ཆེས་པ་དགག་པ་དང་ཁྱབ་ཆུངས་པ་དགག་པ། དགག་བྱ་འགོག་པའི་རིགས་པ་ངོས་གཟུང་བ་དང་། བཀག་པ་བདེན་པ་གཉིས་ཀྱི་རང་བཞིན་དང་། དཀའ་བའི་གནས་བྱེ་བྲག་ཏུ་བཤད་པ། ཉམས་སུ་ལེན་ཚུལ་མདོར་བསྡུས་ཏེ་བསྟན་པ། དང་པོ་ལ་རང་རྒྱུད་པ་དང་ཐུན་མོང་བའི་རིགས་པ་དང་། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རིགས་པ། དང་པོ་ལ། དབུ་མ་རྒྱན་ལས་གསུངས་པའི་གཅིག་དུ་བྲལ་གྱི་གཏན་ཚིགས། དབུ་མ་རྩ་བ་ལས་གསུངས་པའི་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས། སྟོང་ཉིད་བདུན་ཅུ་པ་ལས་གསུངས་པའི་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་རིགས་པ། མདོ་ལས་གསུངས་པའི་རྟེན་འབྲེལ་གྱི་རིགས་པ་སྟེ། དབུ་མ་པའི་གཏན་ཚིགས་ཆེན་པོ་བཞིར་གྲགས་སོ། །
དེ་ལ་དང་པོ་གསུམ་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་དང་། ཕྱི་མ་འགལ་ཟླ་དམིགས་པའི་རྟགས་སོ། །དེ་དག་ལས་འཕྲོས་པའི་བདེན་གཉིས་ཀྱི་རང་བཞིན། ཡང་། དེ་དག་ལས་འཕྲོས་པའི་དཀའ་གནད་བརྒྱད་ཀྱི་སྐོར། དེ་དག་ལས་འཕྲོས་པའི་ཐལ་ཟློག་གི་སྐོར། དབུ་མའི་ལྟ་བ་ཞི་ལྷག་གིས་ཉམས་སུ་ལེན་ཚུལ་སོགས། ཚིག་གི་སྤྲོས་པ་ཉུང་ཞིང་དོན་གྱི་འགངས་སྟོན་པ་དང་གནད་ལ་ཁེལ་བ་ཁ་གསལ་བ་ཞིག་དང་། དོན་གནད་རེ་རེའི་ཐད་འགྲེལ་བཤད་གནང་སྟངས་ཕལ་ཆེར་སྟོང་ཐུན་བསྡུས་པ་དང་འདྲའོ། །
འོ་ན། ཡོངས་གྲགས་སུ། ཆོས་རྗེ་རྒྱན་བཟང་པའི་དབུ་མའི་ལྟ་བ་དེ་མ་ཡིན་དགག་གི་ལྟ་བ་ཡིན་པ་དང་། སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་ཁས་ལེན་གྱི་ཡོད་སྐོར་ཤོད་ཀྱིན་སྣང་སྟེ། ཆོས་རྗེ་གུང་རུ་པའི་སྟོང་ཐུན་ལས། དགག་བྱ་བདག་གཉིས་བཀག་པའི་སྟོང་ཉིད་མེད་དགག་ཡིན་པ་ཁ་གསལ་དུ་གསུངས་པའི་ཕྱིར་ཏེ། རྗེ་དེ་ཉིད་ཀྱི་གསུང་ལས། “མི་རྣམས་ཕལ་ཆེར་གྲགས་པའི་རྗེས་སུ་འབྲང་། །”ཞེས་ཐུགས་མུག་པའི་གསུང་བྱོན་པ་ལའང་ཐུགས་ཁག་མི་འདུག་སྙམ།
འོ་ན། ཇི་ལྟར་གསུངས་ཤེ་ན། སྟོང་ཐུན་འབྲིང་པོའམ་[8] ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན་ལས། “སྡུད་པ་ལས། ཕུང་བོ་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་དཔྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །” ཞེས་དང་། ཡང་། “མདོ་ལས། ཕུང་བོ་ལྔ་བོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་བར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གསུངས་པ་རྣམས་སྒྲ་ཇི་བཞིན་པ་ལ་འགལ་བ་ལྟར་སྣང་ཡང་མི་འགལ་བའི་ཚུལ་ནི། མདོ་སྔ་མས་བདེན་པ་རྣམ་པར་བཅད་ཙམ་མ་ཡིན་པའི་བདེན་མེད་ཡོད་པ་སོགས་ཆོས་གཞན་བཟུང་ན། བདེན་འཛིན་གྱི་མཚན་མ་ལ་སྤྱོད་པར་འགྱུར་ལ་ཤེར་ཕྱིན་གྱི་དོན་སྒོམ་པ་མ་ཡིན་ནོ། ། ཞེས་སྟོན་ནོ། །ཕྱི་མས་ནི་བདེན་པ་རྣམ་པར་བཅད་ཙམ་གྱི་མེད་དགག་བཟུང་ན། ཤེར་ཕྱིན་ལ་སྤྱོད་ཀྱི་མཚན་མ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །ཞེས་གསུངས་པ་དང་འགལ་བར་གསུངས་པ་ལས་ཤེས་སོ། །དེ་ལྟར་མིན་ན་མདོ་རྣམས་ནང་འགལ་བར་འགྱུར་བ་དང་། སྟོང་མི་སྟོང་དང་བདག་ཡོད་མེད་སོགས་གང་དུའང་བཟུང་ས་མེད་པར་གསུངས་པའི་ལུང་རྣམས་ལ་མོས་པ་ཙམ་དུ་ཟད་དོ། །
དེས་ན། དགག་པ་གཉིས་ཀྱི་སྒོ་ནས་སྤྲོས་པ་གཅོད་ལུགས་འདི་ཤེས་པར་བྱའོ། །མདོ་ལས་འགའ་ཡང་མཐོང་བ་མེད་པ་ནི་མཐོང་བ་དམ་པའོ། །ཞེས་གསུངས་པའི་དོན་ཡང་བདེན་མེད་མཐོང་བ་ནི། མཐོང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ལ། གང་དུའང་བཟུང་དུ་མེད་པ་ཙམ་ནི་མཐོང་བའི་མཆོག་ཏུ་གསུངས་པ་མ་ཡིན་ནོ། །” ཞེས་དང་། དེས་ན། “ལུང་གི་དོན་ནི་བདེན་པ་འགོག་པ་ན། རྟགས་དང་རྗེས་དཔག་གིས་དགག་བྱ་བཀག་ཙམ་མ་ཡིན་པའི་ཆོས་གཞན་མི་སྒྲུབ་ཅེས་སྟོན་པ་ཡིན་གྱི། དགག་བྱ་བཀག་པའི་མེད་དགག་ཙམ་སྒྲུབ་པ་དང་ཡུལ་དུ་མི་བྱེད་པར་སྟོན་པ་གཏན་མ་ཡིན་ནོ། །ཞེས་པ་ནས། དེས་ན། རང་བཞིན་མེད་པར་སྒྲུབ་པའི་རྟགས་དང་རྗེས་དཔག་གིས་མེད་དགག་ཙམ་སྒྲུབ་པ་དང་ཡུལ་དུ་བྱེད་པ་ཡིན་གྱི་མ་ཡིན་དགག་སྒྲུབ་པ་དང་ཡུལ་དུ་མི་བྱེད་ཅེས་པའི་དོན་ནོ། །ཞེས་དང་། དེས་ན། བདེན་པ་བཀག་པ་ཉིད་ཀྱིས་བདེན་མེད་སྒྲུབ་པ་ཡིན་ཏེ། བདེན་པ་མ་ཁེགས་ན་བདེན་མེད་མི་འགྲུབ་ཅིང་། བདེན་མེད་མ་འགྲུབ་ན་བདེན་པ་མི་ཁེགས་པའི་ཕྱིར་རོ། །ཞེས་དང་། ཡང་། སྟོང་ཐུན་དང་ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན་གཉིས་ཀར། [9] “དེས་ན། མྱུ་གུ་བདེན་པ་མེད་ཅེས་བརྗོད་པ་ན། མྱུ་གུ་བདེན་པ་རྣམ་པར་བཅད་ཙམ་ཡིན་ཞིང་ཆོས་གཞན་མ་འཕངས་ཀྱང་ཚིག་དེས་མྱུ་གུ་བདེན་མེད་བརྗོད་པ་དང་། རིགས་ཤེས་ཀྱིས་རྟོགས་པ་ཡིན་ཏེ། དཔེར་ན། བུམ་པ་མེད་ཅེས་བརྗོད་པ་ན། བུམ་པ་རྣམ་པར་བཅད་ཙམ་དེ་ལས་གཞན་པའི་ཆོས་མ་འཕངས་ཀྱང་ཚིག་དེས་བུམ་མེད་བསྟན་པ་དང་། ཚིག་དེའི་རྗེས་སུ་འབྲང་བའི་བློས་ཀྱང་བུམ་མེད་རྟོགས་པ་བཞིན་ནོ། །” [10] ཞེས་སོགས་བདེན་མེད་སྒྲུབ་པའི་རྟགས་དང་། རྟགས་དེས་སྒྲུབ་པའི་རིགས་པའི་རྗེས་དཔག་གིས་དགག་བྱ་བདེན་གྲུབ་བཀག་ཙམ་གྱི་མེད་དགག་རྟོགས་པ་དང་། མ་ཡིན་དགག་སྒྲུབ་པ་དང་ཡུལ་དུ་མི་བྱེད་ཅེས་ནན་ཏན་ཆེན་པོས་དཔེ་དང་བཅས་པར་གསུངས་པ་འདི་དག་རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོ་ཇི་ལྟ་བ་བཞིན་བཤད་པ་དང་། ཡང་། དེ་ཉིད་ལས། [11] “རང་བཞིན་མེད་པ་བདེན་པར་ཡོད་པར་འཛིན་པ་ནི། མེད་དགག་ལ་དམིགས་ནས་བདེན་པར་ཡོད་པར་བཟུང་བའི་ཕྱིར་སྒྲོ་འདོགས་ཀྱི་མེད་མཐའ་དང་།” ཞེས་དང་། “གལ་ཏེ་རང་བཞིན་གྱིས་གྲུབ་པ་རྟགས་ཀྱིས་བཀག་པས། རང་བཞིན་མེད་པ་རྟགས་ཀྱིས་བསྒྲུབས་པ་ཡིན་ན། འཇིག་རྟེན་བརྟགས་པ་ལས། འདི་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་པ་མིན། །ནག་པོ་མིན་ཞེས་སྨྲས་པ་ན། །དཀར་པོ་ཡིན་ཞེས་མ་བརྗོད་བཞིན། །ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། དེས་ནི་རང་བཞིན་མེད་པ་རྟགས་ཀྱིས་མི་འགྲུབ་པར་སྟོན་པ་མ་ཡིན་པར་དཔེར་བརྗོད་ཀྱིས་ཤེས་ཏེ་ནག་པོ་མིན་ཞེས་བརྗོད་པ་ན། ནག་པོ་བཀག་པ་ཙམ་ཡིན་གྱི་དེ་ལས་གཞན་པའི་དཀར་པོ་མ་བརྗོད་ཅེས་དཀར་པོ་བརྗོད་པ་བཀག་གི་ནག་པོ་མ་ཡིན་པ་ཙམ་མ་བརྗོད་ཅེས་པའི་དོན་མ་ཡིན་ནོ།།” ཞེས་སོགས་གསུངས་པ་རྣམས་གུང་བསྒྲིགས་ནས་བལྟས་ན། ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོའི་དགག་བྱ་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་མེད་དགག་ཏུ་བཞེད་པ་ཤིན་ཏུ་གསལ་ལོ། །
ད་དུང་སྟོང་ཐུན་འབྲིང་པོའི་མཇུག་བྱང་དུ། “ཀླུ་སྒྲུབ་དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །འོད་དཀར་ཟླ་བའི་ལམ་གྱིས་གསལ་མཛད་པའི། །གྲགས་པའི་ལེགས་པར་བཤད་ལ་ལེགས་བཤད་དུ། །ལེགས་པར་རྟོགས་པ་བདུད་རྩིའི་ཆུ་རྒྱུན་འདི། །རྣམ་དག་མན་ངག་ལུང་རིགས་ལ་བརྟེན་ནས། །གངས་ཅན་བསྟན་པའི་ཉི་མ་ཙོང་ཁ་པའི། །རྣམ་དག་ཐུགས་རྗེའི་དགོངས་པའང་འདི་ཉིད་ཅེས། །སྒྲོ་སྐུར་མེད་པར་རྒྱལ་མཚན་བཟང་པོས་སྦྱར། །” ཅེས་གཞུང་འདིར་བཤད་པའི་ལེགས་བཤད་རྣམས་ཀླུ་སྒྲུབ་ཡབ་སྲས་ཀྱི་ལེགས་བཤད་ལ་ལེགས་བཤད་དུ་ལེགས་པར་རྟོགས་པ་བདུད་རྩིའི་ཆུ་རྒྱུན་ལྟ་བུ་གང་དེ། རྣམ་པར་དག་པའི་མན་ངག་དང་ལུང་རིགས་ལ་བརྟེན་ནས་བོད་གངས་ཅན་གྱི་ལྗོངས་སུ་ཉི་མ་ལྟར་གསལ་བར་མཛད་མཁན་རྗེ་བླ་མ་ཙོང་ཁ་པའི་རྣམ་པར་དག་པའི་ཐུགས་རྗེའི་དགོངས་པ་འདི་ཁོ་ན་ཉིད་ཡིན་ཞེས་སྒྲོ་སྐུར་མེད་པར་སྦྱར་ཚུལ་གསལ་བཤད་གནང་འདུག །
མ་ཧཱ་པཎྚི་ཏ་རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོས། (༡༨༩༨-༡༩༤༦) [12] “གཉལ་སྟོན་དཀའ་འགྲེལ་དང་། བློ་གླིང་དང་། སྒོ་མང་ཡིག་ཆ་གསར་རྙིང་སོགས་ཀྱིས། བུདྡྷ་པཱ་ལི་ཏ་ལས། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་ཞེས་པའི་དོན་རང་གི་རྒྱུ་དུས་སུ་ཡོད་པ་ལ་འཆད་བཞེད་ལྟ་བུར་མཛད་ཀྱང་། གཞུང་འདིས་གཞན་གྲགས་ཀྱི་རྟགས་ཡང་དག་གཅིག་བསྟན་དགོས་ཤིང་། དེ་ལ་རྟགས་དེ་ལྟར་བཀོད་ཚེ། གཞི་རྟགས་ཀྱི་འབྲེལ་བ་མི་འགྲུབ་པས། རང་གི་བདག་ཉིད་ཐོབ་ཟིན་པ་ཞེས་བཤད་དགོས་སོ། །” གུང་རུ་རྒྱན་བཟང་བས་རྩ་ཤེའི་ཊཱིཀ་ཆེན་བཀག་ཚུལ་དང་། དེ་ལ་སྟོང་ཐུན་ཆེན་མོ་ལས་ལན་བཤད་ཚུལ་རྣམས་སྙིང་པོ་རབ་གསལ་དུ་བཀའ་སྩལ་འདུག་པ་ལ་བལྟ་བར་བྱ་ཡི། རྒྱན་བཟང་བའི་གཞུང་བདག་གིས་མ་མཐོང་བས་སྤྲོ་མ་ནུས་སོ། །” ཞེས་གུང་རུ་རྒྱན་བཟང་པས་རྩ་ཤེའི་ཌཱིཀྐ་ཆེན་བཀག་ཚུལ་དང་དེ་ལ་སྟོང་ཐུན་ལས་ལན་བཤད་ཚུལ་རྣམས་ལ་ཡང་ཞིབ་ཏུ་དཔྱད་དགོས་པར་སྣང་།
དཔེར་ན། གུང་རུ་རྒྱལ་མཚན་བཟང་པོས། [13] “གྲངས་ཅན་སོགས་ཀྱིས་ཕྱི་ནང་སོགས་ཀྱི་དངོས་པོ་རྒྱུའི་དུས་ན་ཡོད་པ་ཁོ་ན་སྐྱེ་བར་འདོད་དོ། །དེ་འགོག་པ་ནི། བདག་ལས་ཕྱི་ནང་གི་དངོས་པོ་གང་དག་ཡུལ་དུས་གྲུབ་པའི་མཐའ་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། བདག་ལས་སྐྱེ་ན་སླར་ཡང་སྐྱེ་བ་དོན་མེད་དང་ཐུག་པ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཇི་ལྟར་འགྱུར་ན་སྐྱེ་བ་དོན་མེད་དུ་ཐལ་བ་ནི། ཕྱི་ནང་གི་དངོས་པོ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་རྒྱུའི་དུས་ནས་རྫོགས་པར་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་དོན་ཡོད་པའི་ཕྱིར།” ཞེས་པ་ལྟ་བུ་ནི། རྩ་ཤེའི་ཊཱིཀ་ཆེན་ལས། “དང་པོ་ནི། གྲངས་ཅན་གྱིས་མིག་ལ་སོགས་པ་ནང་དང་མྱུ་གུ་ལ་སོགས་པའི་ཕྱིའི་དངོས་པོ་རྣམས་རྒྱུ་དུས་ན་མེད་པ་སྐྱེ་བ་མི་འཐད་པར་མཐོང་ནས། མེར་མེར་པོ་དང་ས་བོན་ལ་སོགས་པའི་རྒྱུའི་བདག་ཉིད་དུ་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པ་རྣམས་དེ་དག་ལས་སྐྱེ་བར་འདོད་ཅིང་གསལ་ཟིན་ནས་སྐྱེ་བར་མི་འདོད་དོ། །དེ་འགོག་པ་ན་སྐྱེ་བ་དོན་མེད་དུ་ཐལ་བས་འགོག་པ་ནི།
མྱུ་གུ་ལ་སོགས་པ་རྣམས་སླར་ཡང་སྐྱེ་བ་དོན་མེད་པར་འགྱུར་ཏེ། རང་གི་བདག་ཉིད་ཐོབ་ཟིན་པའི་ཕྱིར།” ཞེས་གཞུང་སྦྱོར་འགོད་སྟངས་དང་ཚིག་ཟིན་མི་མཐུན་ན་ཡང་། དེ་ནི་གཞུང་སྦྱོར་འགོད་སྟངས་མ་མཐུན་པ་ཙམ་ལས་སྦྱོར་བ་དངོས་ནི། དབུ་མའི་སྟོང་ཐུན་ལས། [14] “འདི་ལྟར་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར། དཔེར་ན། མངོན་གསལ་གྱི་བུམ་པ་བཞིན་ནོ། །ཞེས་པའི་གཏན་ཚིགས་འདི་སློབ་དཔོན་གྱིས་མ་བསྟན་པའང་མ་ཡིན་ཏེ། ཚིག་གསལ་ལས། ”ཞེས་རྩ་ཤེའི་ཊཱིཀ་ཆེན་ལྟར་སྦྱོར་བ་བཀོད་འདུག་པའི་ཕྱིར་རོ། །མ་གཞི་ཐལ་ཟློག་གི་སྐབས་སུ་དགེ་ལྡན་ཡིག་ཆ་སོ་སོར་ཚིག་ཟིན་མི་མཐུན་པའི་བཤད་པ་ཧ་ཅང་མང་བའང་སྨོས་ག་ལ་དགོས།
ཀུན་མཁྱེན་འཇམ་དབྱངས་བཞད་པས་ཐལ་ཟློག་གི་སྐབས་སུ་གུང་རུ་རྒྱན་བཟང་པ་འགོག་ཚུལ།
ཐལ་ཟློག་གི་གཞུང་འདི་དག་གི་སྐབས་སུ། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས། (༡༧༢༨-༡༧༩༡ ) དབུ་མ་ལ་འཇུག་པའི་མཐའ་དཔྱོད་ནང་། ཆོས་རྗེ་རྒྱན་བཟང་པའི་མཚན་ནས་སྨོས་ཏེ་དགག་པ་དུ་མ་མཛད་ཅིང་། དེ་ཡང་། དཔེ་མཚོན་ཁ་ཤས་དགོད་ན། [15] ལེགས་ལྡན་གྱིས་སྐྱོན་བརྗོད་ལུགས་ལ་ཆོས་རྗེ་རྒྱན་བཟང་པ་ན་རེ། ལེགས་ལྡན་གྱིས་སྐྱོན་བརྗོད་པའི་གཞི་དངོས་པོ་རྣམས་བདག་ལས་སྐྱེ་བ། ནས། ནམ་ཡང་མི་སྐྱེ་བར་མི་འགྱུར་རོ་ཞེས་པའི་མདོ་རྒྱས་གཉིས་ཀ་འཛིན། སྐྱོན་བརྗོད་ཚུལ་རང་རྒྱུད་ཀྱིས་འགོག་གམ་ཐལ་འགྱུར་གྱིས་འགོག །རང་རྒྱུད་ཡིན་ན་གཏན་ཚིགས་དང་དཔེ་མ་བརྗོད་པ་དང་གཞན་གྱིས་ཉེས་པ་མ་བསལ་བའི་སྐྱོན་ཡོད།
ཐལ་འགྱུར་ཡིན་ན་སྒྲུབ་བྱེད་མི་འཕེན་པས་འགོག་མི་ནུས་པས་སྒྲུབ་བྱེད་འཕེན་དགོས་པས། མྱུ་གུ་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་ཡིན་པའི་ཕྱིར། ཞེས་པར་འགྱུར་བས་སླར་ཡང་སྐྱེ་བ་དོན་བཅས་མི་བཞེད་པའི་སློབ་དཔོན་གྱི་གྲུབ་མཐའ་དང་འགལ་བ་དང་ཤུགས་ལ་གཞན་སྐྱེ་འཕེན་པས། གཞན་སྐྱེ་མི་བཞེད་པའི་གྲུབ་མཐའ་དང་འགལ་ཞེས་སྨྲས་པ་ཡིན་ལ། ལེགས་ལྡན་གྱིས་སླར་ཡང་གི་དོན་མ་དགོངས་ན་ཟླ་བས་ཐལ་འགྱུར་གྱི་བཟློག་དོན་ཁས་མི་ལེན་སྨྲས་པ་ལ་འབྲེལ་མེད། རྗེ་རིན་པོ་ཆེས་གསུངས་པ་ལྟར་སྦྱོར་བའི་རྟགས་ཆོས་བཟློག་ཚུལ་ནན་བསྒྱུར་དེ་འདྲ་ལེགས་ལྡན་རྩོད་པ་ལ་མཁས་པས་མི་བྱེད་དམ་གསུང་ངོ༌། །
འདི་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལྟར་བཀག་ན། འོ་ན། ལེགས་ལྡན་ལྟ་བུའི་པཎ་ཆེན་དེས་ཡ་མཚན་པའི་འབྲེལ་མེད་ཀྱི་རྩོད་པ་གཅིག་སྨྲས་པར་ཐལ། མྱུ་གུ་ཆོས་ཅན། བདག་ལས་མི་སྐྱེ་སྟེ། སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་ཡིན་པའི་ཕྱིར་ཞེས་བཀོད་པའི་ཕྱོགས་ཆོས་མ་གྲུབ་པ་དང་འགལ་ཁྱབ་ཏུ་སོང་བ་ལ་སྐྱོན་ཅི་ཡང་མི་རྙེད་པར་སླར་ཡང་སྐྱེ་བ་དོན་བཅས་ཐུག་བཅས་མི་བཞེད་པ་དང་འགལ་ཞེས་པ་ཙམ་ཞིག་སྨྲས་པའི་ཕྱིར། དེ་སྐད་དུ་སྐལ་བཟང་མིག་འབྱེད་ལས། བཟློག་ཚུལ་དེ་འདྲ་ཆེས་མི་འཐད་དེ། སྐྱེ་བ་དོན་བཅས་དང་ཐུག་བཅས་མྱུ་གུ་བདག་ལས་མི་སྐྱེ་བའི་རྟགས་སུ་ཁས་ལེན་ན། རྟགས་དེའི་ཕྱོགས་ཆོས་མ་གྲུབ་ལ་ཁྱབ་པ་ཡང་འགལ་ཁྱབ་ཏུ་སོང་འདུག་ཅིང་རྟགས་ཀྱི་སྐྱོན་ལ་དེ་འདྲ་ལས་ཆེ་བ་ཇི་ཞིག་ཡོད།
དེ་ལྟར་ནའང་སྐྱོན་དེ་དག་བརྗོད་རྒྱུ་གཅིག་ཀྱང་མི་རྙེད་པར་སློབ་དཔོན་སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་མི་བཞེད་པའི་གྲུབ་མཐའ་དང་འགལ་ཞེས་པ་ཙམ་ཞིག་ཟེར་དགོས་པ་བྱུང་ཞིང༌། ལེགས་ལྡན་འབྱེད་ལྟ་བུའི་པཎྚི་ཏ་ཆེན་པོ་དེ་བས་ཀྱང་མཚར་ཆེའོ། །ཞེས་གསུངས་པའི་ཕྱིར།” ཞེས་ཆོས་རྗེ་རྒྱན་བཟང་པའི་འདོད་ཚུལ་སྔར་བཀོད་ནས་དེ་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལྟར་བཀག་ན། ཞེས་ཇི་ལྟར་འགོག་ཚུལ་གསུངས།
ཡང་། [16] “རྒྱན་བཟང་པས་རྟགས་ཆོས་སོ་སོར་བཟློག་པ་ཡིན་པས་རྟགས་བཟློག་ན་བསྒྲུབ་བྱ་བཟློག་དགོས་པ་མི་འཐད་གསུངས་པ་ཡང་དེ་བས་ཆེས་ཆེར་མི་འཐད་པར་ཐལ། སྤྱིར་རྗེ་དང་ལེགས་ལྡན་གང་གིས་ཀྱང་སྦྱོར་བ་དེའི་རྟགས་བཟློག་ན་བསྒྲུབ་བྱ་བཟློག་དགོས་གསུངས་པ་མ་ཡིན་ལ། སངས་རྒྱས་བསྐྱངས་ཀྱི་མདོར་བསྟན་གྱི་འགྲེལ་ངག་འདི་ལ་དེ་ལྟར་དགོས་སམ་སྙམ་པའི་དོགས་པ་ཆེ་བའི་ཕྱིར།” ཞེས་སོགས་གསུངས།
ཡང་། [17] “རྒྱུ་མཚན་འདི་འདྲ་དུ་མ་ལ་དགོངས་ནས་རྗེ་རིན་པོ་ཆེས་དེ་ལྟར་གསུངས་པ་མ་ཤེས་པར་རྗེའི་བུ་ཆེན་རྒྱན་བཟང་པ་ལྟ་བུ་སོགས་ཀྱིས་ཉེས་བཤད་སྣ་ཚོགས་སྣང་བས་རིགས་པ་ཞིབ་མོ་དགོས་ཀྱང་ཡི་གེ་མང་བས་འཇིགས་པས་ཐོ་རེ་འགོད་པར་བྱ། ཡང་། རྒྱན་བཟང་པས་གྲུབ་པའི་མཐའ་དང་འགལ་ཞེས་པའི་དངོས་བསྟན་གྱི་འགལ་ཆོས་ལ་སླར་ཡང་སྐྱེ་བ་དོན་བཅས་ཐུག་བཅས་དང་དོན་དམ་པར་གཞན་སྐྱེ་འཇོག་པ་དང༌།” ཞེས་སོགས་གསུངས།
[18] ཡང་། “ཁ་ཅིག་དང་རྒྱན་བཟང་པས་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི་སླར་ཡང་གི་དོན་དགོངས་ཟེར། ལ་ལས་རྒྱས་བཤད་ཀྱི་ཡང་སླར་ཡང་མ་དགོངས་ཟེར། གཞན་དག་གིས་ཡང་སྒྲ་གཟིགས་ཀྱང་དོན་མ་དགོངས་ཟེར་བ་རྣམས་མི་འཐད་པར་ཐལ། ལེགས་ལྡན་གྱིས་མདོར་བསྟན་གྱི་འགྲེལ་ངག་བཀག་ལ་རྒྱས་བཤད་མ་བཀག་པའི་རྒྱུ་མཚན་སྤྱི་དོན་དུ་བཤད་པ་ལྟར་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཤེས་རབ་སྒྲོན་མེར་རྒྱས་བཤད་མ་དྲངས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། གོང་དུ་མ་ཁྱབ་ན། ལེགས་ལྡན་གྱིས་མདོར་བསྟན་དེས་སླར་ཡང་སྐྱེ་བ་དོན་མེད་ཐུག་མེད་དུ་འཕངས་པར་དགོངས་པར་ཐལ། ལེགས་ལྡན་གྱིས་འདི་ལ་ཡང་སྒྲ་དགོངས་པའི་ཕྱིར། རྟགས་ཁས། འདོད་ན། བཟློག་དོན་སྐབས་སུ་ཡང་སྒྲ་འབྱུང་བར་ཐལ་ལོ། །” ཞེས་སོགས་གསུངས།
[19] ཡང་། “རྒྱན་བཟང་པས། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་ཡིན་ཏེ། ཡོད་པའི་ཕྱིར། དཔེར་ན། མངོན་གསལ་གྱི་བུམ་པ་བཞིན་ཞེས་པའི་གཞན་གྲགས་གཅིག་སངས་རྒྱས་བསྐྱངས་ཀྱིས་དངོས་སུ་བཀོད་པར་འདོད་པ་མི་འཐད་པར་ཐལ། དེ་ལྟར་ན་རྟགས་ལ་ལྟོས་པའི་འགལ་མ་གྲུབ་ཀྱི་ཉེས་པ་མ་བསལ་བའི་སྐྱོན་སྤོང་དགོས་པས་སངས་རྒྱས་བསྐྱངས་ཀྱིས་ཡོད་པ་རྟགས་སུ་མ་བཀོད་པའི་ཕྱིར། དེར་ཐལ། ཚིག་གསལ་ལས། གྲུབ་པ་ལ་སྒྲུབ་པ་ཉིད་གང་ཡིན་པ་དང་འགལ་བའི་དོན་ཉིད་གང་ཡིན་པ་སྤོང་བར་བྱ་བའི་ཕྱིར་འབད་པར་བྱེད་པར་འགྱུར་བ་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱང་ག་ལ་ཡོད།” ཅེས་གསུངས་པའི་ཕྱིར། ཞེས་སོགས་ཆོས་རྗེ་གུང་རུ་པའི་གསུང་ལ་དགག་སྒྲུབ་མཛད་འདུག །
ཀུན་མཁྱེན་འཇིགས་མེད་དབང་པོའི་དབུ་མའི་མཐའ་དཔྱོད་ལས་ཀྱང་། ཐལ་ཟློག་གི་སྐབས་སྐབས་གུང་རུ་རྒྱལ་མཚན་བཟང་པོའི་མཚན་ནས་སྨོས་ཏེ་དགག་པ་མཛད་ཅིང་། ཡང་དཔེར་ན། འདི་ལྟར། ཡང་། གྲུབ་མཐའ་ཀུན་ཤེས་པ་དང་། གུང་རུ་རྒྱལ་མཚན་བཟང་པོ་ན་རེ། རབ་རིབ་ཅན་ལ་སྐྲ་ཤད་དང་། ལས་ཅན་གྱི་ལྷ་དང་ཡི་དྭགས་ལ་བརླན་གཤེར་གྱི་སྟེང་གི་བདུད་རྩི་དང་རྣག་ཁྲག་མཐོང་བའི་དོན་རྣམས་དངོས་གནས་ལ་གྲུབ་མ་གྲུབ་ཀྱི་ཁྱད་པར་མེད་པས་མེད་ཅེས་ཟེར་ན། དེ་མི་འཐད་པར་ཐལ། རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་ནི་དབང་པོ་འཁྲུལ་བའི་སྣང་བ་ཡིན་པས་དོན་དངོས་གནས་ལ་མེད་ཀྱང་། ལས་ཅན་གྱི་ལྷ་དང་ཡི་དྭགས་གཉིས་ལ་སོ་སོར་སྣང་བའི་བདུད་རྩི་དང་རྣག་ཁྲག་དངོས་གནས་ལ་གྲུབ་པའི་ཁྱད་པར་འཐད་པའི་ཕྱིར། ཞེས་པ་ལྟ་བུ་དང་། ཡང་། རྣམ་བདེན་པ་ལ་དབྱེ་ན། གཟུང་འཛིན་གྲངས་མཉམ་པ། སྒོ་ང་ཕྱེད་ཚལ་པ། སྣ་ཚོགས་གཉིས་མེད་པ་དང་གསུམ་ཡོད།
འདི་གསུམ་གྱི་ཁྱད་པར་ལ་མཁས་པ་རྣམས་བཞེད་པ་མི་མཐུན་ཏེ། གུང་རུ་རྒྱལ་མཚན་བཟང་པོའི་དབུ་མའི་སྟོང་ཐུན་ལས། ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་ཁྲ་བོ་འཛིན་པའི་མིག་ཤེས་ཀྱིས་ཁྲ་བོ་འཛིན་པའི་ཚེ། ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་གཏད་ཅིང་། ཡུལ་ཅན་གྱི་ངོས་ནས་ཀྱང་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་རྣམ་བདེན་དུ་སྐྱེ་བར་འདོད་པས་ན་གཟུང་འཛིན་གྲངས་མཉམ་པ་དང་། དེ་ལྟར་འཛིན་པའི་ཚེ་ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་གཏད་ཅིང་། ཡུལ་ཅན་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་རྣམ་མེད་དུ་སྐྱེ་བར་འདོད་པས་ན་སྒོ་ང་ཕྱེད་ཚལ་བ་དང་། དེ་ལྟར་འཛིན་པའི་ཚེ་ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་མ་གཏད་ཅིང་ཁྲ་ཙམ་གྱི་རྣམ་པ་གཏད། ཡུལ་ཅན་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་རྣམ་མེད་དུ་མ་སྐྱེས་པར་ཁྲ་ཙམ་གྱི་རྣམ་པ་རྣམ་མེད་དུ་སྐྱེས་པར་འདོད་པས་ན་སྣ་ཚོགས་གཉིས་མེད་པ་ཞེས་བཤད། ཅེས་སོགས་གསུངས།
ཡང་། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་གུང་རུ་རྒྱན་བཟང་པའི་ལུང་སྒྲུབ་བྱེད་དུ་དྲངས་པའང་སྣང་སྟེ། དཔེར་ན། རྗེ་དེ་ཉིད་ཀྱིས་མཛད་པའི་འཇིགས་བྱེད་ཆོས་འབྱུང་ལས། “གུང་རུ་རྒྱན་བཟང་གིས་མཛད་པའི་རྗེའི་འདུན་ལེགས་མའི་ཊཱིཀྐ་ལས་ཀྱང་། བུམ་པའི་ཆུ་འདི་ཇོ་བོ་སྙེ་ཐང་དུ་སྐྱི་ཆུའི་འགྲམ་དུ་བཞུགས་དུས་རྗེ་བཙུན་འཇམ་དབྱངས་དང་རྗེ་བཙུན་བྱམས་མགོན་གཉིས་སྐུ་གསུམ་དང་གཅིག་གང་ཡིན་ལ་ཆོས་ཀྱི་བགྲོ་བ་མཛད་པའི་ཆུ་འདྲེས་པའི་ཆུ་ཡིན། འདི་ཇོ་བོ་ནས་བཟུང་སྟེ་དའི་བར་ལ་ལོ་སུམ་བརྒྱ་དང་བཅུ་སོང་། ད་བར་དུ་སྟེར་ས་མ་རྙེད། ད་ཁྱོད་ལ་སྟེར་བ་ཡིན་ཞེས་ཟེར། དེའི་ཚེ་ཆོས་ཀྱི་བགྲོ་བ་མཛད་པ་བོ་གཉིས་ཀྱང་སྣང་ངོ་། །”ཞེས་གསུངས་སོ། །
ཞེས་པ་ལྟ་བུ་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་། [20] པཎ་ཆེན་བདེ་ལེགས་ཉི་མ་གཉིས་ནས་ཀྱང་། [21] “དེས་ན། སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཀྱི་ཐུགས་ལ་འདི་ལྟ་བུའི་འཁྲུལ་གཞི་ཞིག་བྱུང་བ་ཡིན་གྱི། སངས་རྒྱས་བསྐྱངས་ལ་དོན་ལ་འཇུག་པའི་སྐྱོན་བརྗོད་གཅིག་སྐབས་འདིར་ག་ལ་འོང་། ལར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སོགས། །རྗེ་རྒྱལ་བ་གཉིས་པའི་བསྟན་སྲུང་གིས། །མི་ཁྱོད་ལས་མཁས་མཆོག་གཞན་མེད་ཅེས། །ལན་དུ་མར་བསྔགས་པའི་པཎྜི་ཏ། །ཁྱེད་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། །ཁོང་རང་རྒྱུད་མཁན་པོའི་ལུགས་བསྐྱར་བ། །དེ་ཁོ་ན་ཁོང་གི་བཞེད་པ་ཡིན། །གཞན་འབྲེལ་མེད་ཀྱི་བཤད་པས་བདག་མི་མགུ། །ཞེས་པ་འདི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །”ཞེས་གསུངས་པ་འདི་ཆོས་རྗེ་རྒྱན་བཟང་པ་ལ་གོ་རྒྱུ་བཏང་སྐོར་གྱི་བཤད་རྒྱུན་སྣང་ངོ་། །
སྤྱིར་ན། རྒྱ་གཞུང་དག་གི་ཚིག་དོན་འགྲེལ་སྐབས་ཅུང་ཟད་མི་མཐུན་པ་རེ་རྗེ་ཡབ་སྲས་ཀྱི་གསུང་གི་ནང་ལ་ཡང་ཡོད་ཆོག་པ་སྟེ། དཔེར་ན། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས། “འདི་ཡན་ཆད་སྟོང་ཐུན་ཆེན་མོ་སྐལ་བཟང་མིག་འབྱེད་ཀྱི་ལུགས་སོ། །ད་ནི་དགོངས་པ་རབ་གསལ་གྱི་ལུགས་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །”ཞེས་པ་ལྟ་བུ་སྣང་བས་ཀྱང་ཤེས་སོ། །
ཆོས་རྗེ་རྒྱན་བཟང་པའི་མཚན་ནས་སྨོས་ཏེ་འགོག་པ་དང་སྒྲུབ་བྱེད་དུ་འདྲེན་པའི་དཔེ་མཚོན་གཞན།
ཡང་། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས། [22] “ཆོས་རྗེ་རྒྱན་བཟང་པ་ན་རེ། ཤེས་པ་དང་ཚད་མའི་འཇོག་བྱེད་གཅིག་ཡིན་པར་སེམས་ཞེས་གསུངས་ནས་ཚད་མིན་གྱི་ཤེས་པ་མེད་ཟེར། དེ་ལ་འོ་ན། བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལྟར་གྱུར་པ་ནི་ཚད་མ་ཉིད་དུ་བརྟག་པར་རིགས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་ཚད་མ་ཉིད་དུ་ཐལ་བའི་ཕྱིར་རོ། །ཞེས་གསུངས་པ་འདིས་རྣམ་ཤེས་ཐམས་ཅད་ཚད་མ་ཡིན་པ་ཧ་ཅང་ཐལ་བར་བཤད་པ་མ་ཡིན་པར་ཐལ། རྣམ་ཤེས་ཐམས་ཅད་ཚད་མ་ཡིན་པ་ཟླ་བའི་ལུགས་ལ་འདོད་པ་ཁོ་ན་ཡིན་པའི་ཕྱིར། རྟགས་ཁས།” ཞེས་སོགས་གསུངས།
ཡང་། [23] “སྟོང་ཐུན་ལས། ཞེན་ཡུལ་ལ་འཁྲུལ་མ་འཁྲུལ་དང་། རང་དང་སྣང་ཚུལ་འགལ་བའི་ཚད་མ་ཡོད་མེད་སོགས་ཀྱིས་ལོག་ཤེས་ཡིན་མིན་དུ་འཇོག་པ་མིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཆོས་རྗེ་རྒྱན་བཟང་པ་ན་རེ། ཟླ་གཅིག་ཟླ་གཉིས་སུ་སྣང་བ་སོགས་རྟོག་མེད་ཀྱི་ཤེས་པ་ལ་ལོག་ཤེས་མེད་པར་ཐལ། རྟོག་མེད་ཀྱི་ཤེས་པའི་ཡུལ་གྱི་གཙོ་བོ་སྣང་ཡུལ་ལ་བྱེད་ཅིང༌། རང་གི་སྣང་བ་ལ་མངོན་སུམ་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྣང་བ་ཙམ་རྟོག་མེད་དེའི་སྣང་ཡུལ་གཙོ་བོ་མིན་སྣང་གཞིར་གྱུར་པའི་སྣང་བ་གཞི་གྲུབ་དགོས་པའི་ཕྱིར། དེ་ལྟར་ན་ཚད་མའི་རྣམ་བཞག་མཐའ་ཆོད་པར་ཚིག་ཉུང་ངུས་དཀའ་གནད་མཁས་པ་སྔ་མས་གཡས་འཇོག་མཛད་པ་ཀུན་ཀྱང་ལེགས་པར་བཤད་ཡོད་པས་རྗེས་སུ་དགའ་བར་གྱིས།” ཞེས་གསུངས་འདུག །
དཔེར་ན། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས། [24] “ཆོས་རྗེ་རྒྱན་བཟང་བ་ན་རེ། གཟུང་འཛིན་གྲངས་མཉམ་དང༌། སྒོ་ང་ཕྱེད་ཚལ་དང༌། སྣ་ཚོགས་གཉིས་མེད་གསུམ་དབུ་མ་རྒྱན་ལས་གསུངས་ཞེས་པ་ལ་གཞན་གཉིས་བཤད་ཀྱང༌། སྒོ་ང་ཕྱེད་ཚལ་ནི་དབུ་མ་རྒྱན་འདིར་ཉན་ཐོས་སྡེ་པའི་སྐབས་སུ་མི་འབྱུང་བས། ནང་དུ་སྣང་བའང་གཞན་ཉིད་ལ། །ཕྱི་རུ་སྣང་བའང་དེ་གཞན་ཉིད། །གསལ་བར་བྱ་དང་གསལ་བྱེད་ཉིད། །མར་མེ་བཞིན་དུ་དེ་ཉིད་མིན། །ཞེས་པས་མདོ་སེམས་ཐུན་མོང་དུ་བསྟན་ཟེར་ན་མ་གཏོགས་མི་འཐད་པར་སྣང་ལ། དེ་དག་གི་མིང་དོན་རྒྱན་བཟང་བས། སྔོན་པོ་དང་གྲུབ་བདེ་རྫས་གཅིག་པའི་སྔོན་པོའི་སྟེང་གི་བྱས་མི་རྟག་སོགས་ཇི་སྙེད་ཡོད་པ་དེ་སྙེད་ཀྱིས་རང་འཛིན་ཡུལ་ཅན་དེ་ལ་རྣམ་པ་གཏད་ལ། ཡུལ་ཅན་དེ་ལའང་སྔོ་སོགས་དེ་སྙེད་ཀྱི་རྣམ་ལྡན་དུ་སྐྱེ་བ་དཔེར་ན་ཁྲ་འཛིན་མིག་ཤེས་ལ་ཁྲ་བོའི་སྔོ་སོགས་ཇི་སྙེད་ཀྱི་རྣམ་པ་གཏད་པ་དེ་ལྟར་མིག་ཤེས་དེ་ཡང་སྔོ་སེར་སོགས་ཇི་སྙེད་ཀྱི་རྣམ་ལྡན་དུ་སྐྱེ་བ་བཞིན་ཏེ། དེས་ན། གཟུང་འཛིན་གྲངས་མཉམ་ཞེས་བྱའོ། །” ཞེས་སོགས་གསུངས་ཏེ་བཀག །
བསེ་ངག་དབང་བཀྲ་ཤིས་ཀྱིས། (༡༦༧༡-༡༧༣༨) [25] “ ཡང་ཆོས་རྗེ་རྒྱན་བཟང་བ་ན་རེ། འཇུག་ཡུལ་གྱི་ཐེག་པ་དགུའི་སྔ་མ་དྲུག་རྒྱུའི་ཐེག་པ་དང༌། ཕྱི་མ་གསུམ་འབྲས་བུའི་ཐེག་པ་ཟེར་བ་མི་འཐད་པར་ཐལ། སྔ་མ་བརྒྱད་རྒྱུའི་ཐེག་པ་ཡིན་ལ་དགུ་པ་རྣམ་ཀུན་མཁྱེན་པ་གཅིག་པུ་འབྲས་བུའི་ཐེག་པ་ཡིན་པའི་ཕྱིར།” ཞེས་སོགས་གསུངས།
ཡང་། ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོའི་གསུང་ལུང་དུ་དྲངས་ནས་སྒྲུབ་བྱེད་དུ་འགོད་པའང་དུ་མ་སྣང་བ་ལས། དཔེར་ན། ཕུར་ལྕོག་ངག་དབང་བྱམས་པས།(༡༦༨༢-༡༧༦༢) [26] “གུང་རུ་རྒྱལ་མཚན་བཟང་པོས་ཀྱང་རང་གི་སྟོང་ཐུན་ལས། འདི་ལ་ཁ་ཅིག་ན་རེ། ནང་སྡེ་ཡིན་ན་བདག་མེད་པའི་ལྟ་བ་ཁས་ལེན་པས་མ་ཁྱབ་སྟེ། ནང་སྡེ་བྱེ་བྲག་ཏུ་སྨྲ་བའི་ནང་ཚན་གནས་མ་བུའི་སྡེ་པ་ཁ་ཅིག་གིས་བརྗོད་དུ་མེད་པའི་བདག་ཁས་ལེན་པའི་ཕྱིར་རོ། །ཞེ་ན། སྐྱོན་མེད་དེ་བརྗོད་དུ་མེད་པའི་བདག་ནི། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཡིན་པར་འདོད་ལ། བདག་མེད་པའི་མེད་རྒྱུའི་བདག་ནི། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པའི་ཕྱིར། དཔེར་ན། བུམ་པ་མེད་པར་ཁས་བླངས་པ་དང་། སྣམ་བུ་ཡོད་པར་ཁས་བླངས་པ་བཞིན་ནོ། །ཞེས་དང་།” ཞེས་གསུངས་པ་ལྟ་བུ་དང་། ཡང་།[27] དེ་ཉིད་ལས། “གུང་རུ་རྒྱལ་མཚན་བཟང་པོ་ལ་སྔ་ཕྱི་འགལ་བའི་ལོག་རྟོག་སེལ་བ་དང་། ཞེས་པ་ནས། དང་པོ་ནི། གུང་རུ་རྒྱལ་མཚན་བཟང་པོས་གོང་དུ་རང་སྡེ་ཐམས་ཅད་ཀྱིས་གང་ཟག་གི་བདག་མེད་ཁས་ལེན་ཅིང་། ཁྱད་པར་དུ་གནས་མ་བུས་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་ཁས་ལེན་པར་གསུངས། ཞེས་པ་ནས། འདིའི་དོན་ནི་གནས་མ་བུས་རྫ་ས་ཡོད་ལ་རང་སྐྱ་ཐུབ་པས་ཁྱབ་པ་ཁས་ལེན་པར་ཐལ། བྱེ་བྲག་སྨྲ་བས་དེ་ལྟར་ཁས་ལེན་པ་གང་ཞིག །གནས་མ་བུའི་སྡེ་པ་བྱེ་བྲག་སྨྲ་བ་ཡིན་པའི་ཕྱིར་ཟེར་རྒྱུར་འདུག་པ་ཁྱེད་རང་ལ་ནི་རྟགས་ཕྱི་མ་མ་གྲུབ་འདུག །
གུང་རུ་བ་ལ་ཁྱབ་པ་མེད་དེ། སྤྱིར་བྱེ་བྲག་སྨྲ་བས། དེ་ལྟར་ཁས་ལེན་ན། བྱེ་བྲག་སྨྲ་བ་ཡིན་ཚད་ཀྱིས་ཁས་ལེན་མི་དགོས་ཏེ། དོན་སྨྲ་སྡེ་གཉིས་ཀྱིས། ཐེག་ཆེན་བཀའ་མ་ཡིན་པར་འདོད་ཀྱང་། དེ་གཉིས་གང་རུང་ཡིན་ན་དེ་ལྟར་ཁས་ལེན་པས་མ་ཁྱབ་པའི་ཕྱིར། དང་པོ་དེར་ཐལ། སྟོང་ཐུན་ཆེན་མོ་ལས། དོན་སྨྲ་གཉིས་ཀྱིས་ཆོས་ཀྱི་བདག་མེད་མི་འདོད་ཅིང་ཐེག་པ་ཆེན་པོ་བཀའ་མ་ཡིན་པར་འདོད་པར་གསུངས་པའི་ཕྱིར།” ཞེས་སོགས་གསུངས་པ་ལྟ་བུའོ། །
རྒྱན་བཟང་པའི་ལྟ་ཁྲིད་ནང་སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་བཤད་ཡོད་མེད་ལྟ་བ།
དེ་ཡང་། ཐུའུ་བཀྭན་གྲུབ་མཐའ་ལས། [28] “རྒྱན་བཟང་པས་ཁོང་གཞན་ལ་ཅི་གསུངས་མ་ཤེས། ངེད་ལ་རྗེ་བླ་མས་སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་འདི་བཞིན་གསུངས་པ་ཡིན། ཞེས་གསུངས་ཞེས་འབྱུང༌། གུང་རུ་བའི་ལྟ་ཁྲིད་ནའང་འཆད་ཚུལ་དེ་བཞིན་བྱས་འདུག་སྟེ། རྗེ་ཉིད་ཀྱིས་ལྟ་བའི་དཔྱད་པ་མ་རྫོགས་གོང་དུ་གསུང་བ་ཡིན་ནམ་སེམས།” ཞེས་པའི་ཚིག་གྲུབ་འདིར་ཞིབ་ཏུ་དཔྱད་ན། ལྟ་བའི་འཆད་ཚུལ་རྗེའི་དངོས་སློབ་རྣམས་ཀྱི་བཤད་ཚུལ་དང་མི་མཐུན་པ་བྱུང་ལུགས་སྟོང་ཉིད་ཀྱི་སྒོམ་ཚུལ་མ་ཡིན་དགག་གི་སྒོམ་ཚུལ་དང་། དེ་ཡང་། ཁོང་གི་ལྟ་ཁྲིད་ནའང་འཆད་ཚུལ་དེ་བཞིན་བྱས་ཡོད་མེད་ལྟ་དགོས་པ་ཡིན།
ད་དུང་རྗེ་ཉིད་ཀྱིས་ལྟ་བའི་དཔྱད་པ་མ་རྫོགས་གོང་དུ་ཆོས་རྗེ་གུང་རུ་རྒྱན་བཟང་པ་ལ་སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་འདི་བཞིན་གསུངས་པར་འདོད་པ་མི་འཐད་དེ། གུང་རུ་རྒྱན་བཟང་པ་(ཕྱི་ལོ་༡༣༨༣-༡༤༥༠) དགུང་ལོ་ཉི་ཤུའི་སྟེང་དུ་(ཕྱི་ལོ་༡༤༠༣) རྭ་སྒྲེང་དུ་ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དྲུང་དུ། བྱང་ཆུབ་ལམ་སྒྲོན། ཕར་ཕྱིན་ལམ་རིམ། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད་རྣམས་གསན། ཞེས་གུང་རུ་རྒྱན་བཟང་པ་དགོངས་པ་རྫོགས་རྗེས་ཀྱི་ལོ་བཞི་བར་བརྩམས་པའི་གཡུ་བས་མཛད་པའི་རྣམ་ཐར་དུ་འཁོད་[29] འདུག་པས། དེ་དུས་རྗེ་རིན་པོ་ཆེ་དགུང་ལོ་ཞེ་དྲུག་ཙམ་དུ་ཕེབས་ཟིན་ཏེ་ལྟ་བའི་དཔྱད་པ་རྫོགས་ཤིང་། ལྟ་བའི་རྟོགས་འབུལ་དུ། རྟེན་འབྲེལ་བསྟོད་པ་བརྩམས་ཟིན་པའི་ཕྱིར་ན། རྗེ་ཉིད་ཀྱིས་ལྟ་བའི་དཔྱད་པ་མ་རྫོགས་གོང་དུ་གསུང་བ་ཡིན་ནམ་སེམས། ཞེས་ཐུའུ་བཀྭན་རིན་པོ་ཆེས་གསུང་འདི་མི་འགྲིག་པ་ལོ་ཚིགས་ཀྱིས་ཤེས་པའི་ཕྱིར་རོ། །
དེ་ཡང་ཡིན་ཏེ། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། [30] “དེ་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་སུ་ལོ་གཅིག་བཞུགས་ཆོས་མང་དུ་གསུངས། དེ་ཡང་། ཐལ་རང་གི་ལྟ་བའི་གནད་རྣམས་ལ། བྱ་བྲལ་ལ་འབྱོན་པའི་གོང་ཉིད་ནས་དེ་བར་དུ་དཔྱད་པ་ནར་མར་མཛད་ནའང་། མཐར་ཐུག་པའི་གནད་ལ་མི་བདེ་བ་གཏན་ནས་ལོག་པའི་ངེས་པ་འདྲེན་མ་ཐུབ། གནས་དེར་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཐ་མི་དད་དུ་བྱས་ཤིང་གསོལ་བ་དྲག་ཏུ་འདེབས་པ་དང་། རིགས་པའི་དཔྱད་པ་ཞིབ་པར་མཛད་པས། བྱིན་གྱིས་བརླབས་པའི་མཚན་མ་ཁྱད་པར་ཅན་ཡང་བྱུང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་ལ་ལེགས་པར་གཟིགས་པས་ཀྱང་མཚམས་སྦྱར་ཏེ། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བའི་གནད་མཐར་ཐུག་པ་དང་། དགག་བྱའི་མཚམས་འཛིན་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས་ཤིང་། མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག །དེ་ཁོ་ན་ཉིད་ཀྱི་དོན་ལ་མཐའ་གཞན་དུ་དོགས་པའི་སྒྲོ་འདོགས་ལྷག་མ་མེད་པར་དྲུངས་ནས་ཕྱུང་བར་གྱུར་ཏེ། སྟོན་པ་ལ་ཤེས་ནས་དད་པ་ཐོབ་པའི་ཤུགས་ཀྱིས་དྲངས་པ། ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་བའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བའང་མཛད་དོ། །” ཞེས་རྗེ་རིན་པོ་ཆེ་དགུང་ལོ་ཞེ་གཅིག་པ་ཕྱི་ལོ་༡༣༩༧ ལོར་ལྟ་བའི་དཔྱད་པ་རྫོགས་པར་གསུངས་པའི་ཕྱིར་རོ། །མ་ཟད་རྒྱལ་དབང་ལྔ་པ་ཆེན་པོ་དང་། གུང་ཐང་བསྟན་པའི་སྒྲོན་མེ། དབལ་མང་པཎྜི་ཏ་སོགས་ཀྱིས་དགའ་ལྡན་བྱང་རྩེར་གུང་རུ་རྒྱན་བཟང་པ་སོགས་ལ་ལྟ་བ་དེ་འདྲ་ཞིག་གནང་སྐོར་གཤམ་དུ་གསལ་བ་ལྟར་ཏེ། དེ་སྐོར་དགའ་བྱང་རྩེར་གསུངས་ན། དགའ་ལྡན་བྱང་རྩེ་ནི། རྗེ་རིན་པོ་ཆེས་ཐུན་མོང་སྣང་ཚོད་ལ་ལྟ་བའི་དཔྱད་པ་རྫོགས་ནས་དགུང་ལོ་ང་གཉིས་པ་ཕྱི་ལོ་༡༤༠༩ ཕྱག་བཏབ་པ་ཡོངས་སུ་གྲགས་པའི་ཕྱིར་རོ། །
སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་འདི་བཞིན་གུང་རུ་བའི་ལྟ་ཁྲིད་ནའང་འཆད་ཚུལ་དེ་བཞིན་བྱས་འདུག་ཟེར་བ་འདི་ལ་བརྟག་ན། གུང་རུ་པའི་ལྟ་ཁྲིད་ལ་བལྟ་དགོས་ཀྱང་། ལྟ་ཁྲིད་ཀྱི་དཔེ་ནི། སེར་གཙུག་ནས་དཔར་བསྐྲུན་གནང་བའི་པོད་གསུམ་གང་དུའང་མ་མཇལ་ཞིང་། ཞྭ་ལུ་བ་ཚུལ་ཁྲིམས་རིན་ཆེན་འཇམ་དབྱངས་ཆོས་རྗེའི་དྲུང་དུ། ཆོས་གསན་པར་བྱོན་པས་རྟེན་འབྲེལ་མ་འཛོམས་པས། སེ་རར་མཚུངས་མེད་ཆོས་རྗེ་ལས་ཆོས་གསན་པར། ལྟ་བའི་འཆད་ཚུལ་རྗེའི་དངོས་སློབ་རྣམས་ཀྱི་བཤད་ཚུལ་དང་མི་མཐུན་པ་བྱུང་བ་དང་། རྒྱན་བཟང་པས་ཁོང་གཞན་ལ་ཅི་གསུངས་མ་ཤེས། ངེད་ལ་རྗེ་བླ་མས་སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་འདི་བཞིན་གསུངས་པ་ཡིན། ཞེས་པ་འདི་ལས། ཞྭ་ལུ་བ་ཚུལ་ཁྲིམས་རིན་ཆེན་གྱི་རྣམ་ཐར་ལ་བལྟ་དགོས་ཀྱང་དཔེ་མ་རག །
གང་ལྟར། གུང་རུ་རྒྱན་བཟང་པས་སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་གསུངས་ཡོད་མེད་བརྟག་པ་ལ། དོགས་གནས་གཅིག་ལ། གུང་རུ་རྒྱན་བཟང་པས། སྟོང་ཉིད་མ་ཡིན་དགག་ཏུ་འདོད་པ་མིན་ཀྱང་། སྟོང་ཉིད་སྒོམ་པ་ན་མ་ཡིན་དགག་གི་སྒོམ་ཚུལ་དགོས་པར་གསུངས་པའི་ཕྱིར་ཏེ། གཡུ་བས་མཛད་པའི་གུང་རུ་རྒྱན་བཟང་པའི་རྣམ་ཐར་དུ། [31] དགུང་ལོ་ཉེར་དྲུག་ནས་སོ་ལྔའི་བར་དུ་རྗེ་རིན་པོ་ཆེའི་དྲུང་ནས་ཆོས་གསན་པར་གསུངས་པའི་ནང་དུ། །དབུ་མ་སྙིང་པོ་རང་འགྲེལ་རྟོག་གེ་འབར་བ་དང་བཅས་པ། དབུ་མ་རྒྱན་གྱི་བཤད་པ་སྒོམ་རིམ། བྱམས་ཆོས་ལྔ་འགྲེལ་པ་དང་བཅས་པའི་ལུང་། ཕར་ཕྱིན་གྱི་འབྲེལ་ལམ་རིམ་པ་ཡོངས་སུ་རྫོགས་པའི་གཞི་གདམས་ངག་ཡན་ལ་གཅིག་དང་ལྔ། རྒྱུད་བླ་མའི་བཤད་པ། རྩོད་ཟློག །སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག་དང་གསུམ་རང་འགྲེལ་དང་བཅས་པ། འགྲེལ་པ་བུདྡྷ་པཱ་ལི་ཏ་དང་ཚིག་གསལ། རིགས་པ་དྲུག་ཅུ་པའི་འགྲེལ་པ་གཉིས་ཏེ། རིན་ཆེན་ཕྲེང་བའི་འགྲེལ་པ་མ་གཏོགས་པའི་རིགས་ཚོགས་འགྲེལ་པ་དང་བཅས་པ། རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོ། བཤེས་སྤྲིང་གི་བཤད་པ། བཞི་བརྒྱ་པའི་རྩ་འགྲེལ། འཇུག་པའི་རང་འགྲེལ་དང་བཅས་པ། དགོངས་པ་རབ་གསལ་གྱི་སེམས་ཙམ་པ་དགག་པ་ཡན་ཆད། བསླབ་བཏུས། སྤྱོད་འཇུག །
ཁྱད་པར་དུ་ལྟ་བ་ལ་སྒྲོ་འདོགས་ལྷག་མ་མེད་པ་བཅད། ལྟ་ཁྲིད་ཉེ་བརྒྱུད། ཤིན་ཏུ་ཉེ་བརྒྱུད་གཉིས་ལས་མྱོང་ཁྲིད་ཚར་བཞི་གསན།[32] ལྟ་ཁྲིད་ཉེ་བརྒྱུད་དང་རིང་བརྒྱུད་གཉིས་ལས་མྱོང་ཁྲིད་ཚར་བཞི་གསན། ཞེས་པའི་ཚིག་གྲུབ་འདི་ལ་བསམ་བློ་གཏོང་སྐབས། མྱོང་ཁྲིད་ཚར་བཞི་གསན་ཞེས་པ་འདིས། མྱོང་ཁྲིད་སྐབས་སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་ཞིག་རྗེ་རིན་པོ་ཆེས་གུང་རུ་རྒྱན་བཟང་པ་ལ་གསུངས་སྐོར་གོ་དགོས་པ་འདྲ་ཞིག་འདུག་སྟེ། འདི་དུས་སློབ་འཁོར་དུ་གུང་རུ་རྒྱལ་མཚན་བཟང་པོ་གཅིག་པུ་ཡིན་མི་སྲིད་ལ། དེ་དུས་སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་ཞིག་གསུངས་ཡོད་ན། གྲགས་ཚོད་ཅིག་ལ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་དང་། མུས་སད་པ་ཀུན་མཁྱེན་བློ་གྲོས་སེང་གེ་གཉིས་ནས་གཞན་སྟོང་ལྟ་བ་འཆད་ཀྱིན་ཡོད་ཚུལ་གྱི་ཤོད་སྲོལ་ཞིག་འདུག་སྟེ། དེ་ནི་དཔྱད་པའི་གཞི་སྟེ། རྗེ་དེ་གཉིས་ཀྱི་གསུང་རྩོམ་ད་ལྟ་མཇལ་དུ་ཡོད་པ་དག་ལ་ནི་དེ་འདྲ་བ་ཞིག་མ་མཇལ་ཞིང་། གཞན་མི་རྣམས་ཐམས་ཅད་གྲགས་པའི་རྗེས་སུ་འབྲངས་པ་དགོས་དོན་མ་མཆིས་སོ། །གཤམ་དུ་འབྲས་སྤུངས་ཁྲི་ཟུར་བསྟན་པ་བསྟན་འཛིན་གྱིས། བཤད་རྒྱུན་དེ་མི་བདེན་པའི་རྒྱུ་མཚན་དང་བཅས་གསུངས་ཏེ། མཐའ་གཅིག་ཏུ་དེ་ལྟ་བུ་ཡིན་མི་སྲིད་པའི་ཁ་ཚོན་གཅོད་དཀའ་སྟེ། དཔྱད་པའི་གཞིའོ། །
ཡང་། དོགས་གནས་ཤིག་ལ། གུང་རུ་རྒྱན་བཟང་པའི་སྟོང་ཐུན་འབྲིང་པོའམ་ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན་ལས། [33] “ལྷག་མཐོང་སྒོམ་ཚུལ་ནི། གང་ཟག་གི་བདག་གི་རྣམ་པ་ཤར་བར་བྱས་ནས་དེ་མེད་དོ་སྙམ་དུ་སེམས་རྩེ་གཅིག་ཏུ་ཡིད་ལ་བྱེད་དོ། །དེའི་རྗེས་སུ་ཆོས་ཀྱི་བདག་མེད་དོ་སྙམ་དུ་ངེས་པའི་ཚུལ་གྱིས་ཡང་དང་ཡང་དུ་སེམས་ཅིང་ཡིད་ལ་བྱེད་དོ། །དེ་ཡང་། རང་རྒྱུད་ཀྱིས་བསྡུས་པའི་བདག་དང་ཆོས་ལ་དཔྱད་པར་བྱའོ། །བདག་མེད་ཕྲ་བ་ལ་ཇི་ལྟ་བ་བཞིན་ངེས་པ་མ་འདྲོངས་ན། སྔར་བཤད་པ་ལྟར་གང་ཟག་གི་བདག་མེད་རགས་པ་དང་དེ་ནས་ཆོས་ཀྱི་བདག་མེད་ལ་ཡང་གཟུང་འཛིན་རྫས་ཐ་དད་པས་སྟོང་པ་ཙམ་དང་། དེ་ནས་འཛིན་པ་བདེན་པར་མེད་པ་དང་། དེ་ནས་སྒྱུ་མ་བཞིན་དུ་ཆོས་ཐམས་ཅད་བདེན་པར་མེད་དོ་སྙམ་དུ་ཡིད་ལ་བྱེད་ཅིང་རྩེ་གཅིག་ཏུ་ཡང་འཇོག་པར་བྱེད་དོ། །ངེས་པ་ཆུང་དུ་སོང་ན་གཅིག་དུ་བྲལ་ལ་སོགས་པའི་རིགས་པ་རྣམས་ཀྱིས་དཔྱད་ནས་ངེས་ངེས་ཆེར་སྟོང་ངེས་པ་གང་ཤས་ཆུང་བ་ལ་ལྷག་པར་དཔྱད་པར་བྱའོ། །དེ་ལྟར་མཉམ་གཞག་ཏུ་སྙིང་པོའི་དོན་སྟོང་པ་ཉིད་སྒོམ་པ་ན། རྗེས་ཐོབ་ཏུ་རྟེན་འབྲེལ་སྒྱུ་མར་རྟོགས་པའི་བློ་སྐྱེ་བ་ཡིན་ནོ། །དེ་ཡང་འཇའ་འོད་བཞིན་དུ་སེང་སེང་དུ་ཐོགས་མེད་དུ་སོང་བ་ཙམ་ལ་མི་བྱ་སྟེ། ཐོགས་མེད་ཙམ་ལ་གོམས་ཀྱང་ཐོགས་བཅས་ལ་བདེན་པར་འཛིན་པ་མི་ལྡོག་པའི་ཕྱིར་རོ། །
དེས་ན། ཡིད་ངོ་ན་རང་བཞིན་གྱིས་མེད་པར་ཐག་གཅོད་པ་སྣང་ངོ་ན་དོན་རྟེན་འབྲེལ་སྒྱུ་མ་ལྟ་བུར་འཆར་བ་གང་སྣང་ཐམས་ཅད་རང་བཞིན་མེད་པའི་མྱུ་གུ་ལ་སོགས་པར་སྣང་བའི་རྟེན་འབྲེལ་ལ་སྤྱོད་ལམ་གྱི་གནས་སྐབས་ཀུན་ཏུ་ཡང་དང་ཡང་དུ་བསྒོམ་པར་བྱའོ། །” ཞེས་པ་ལྟ་བུ་འདི་འདྲ་ལ་བསམ་པ་ཡིན་ནམ།
འོན་ཀྱང་། དབལ་མང་པཎྜིཏ་དཀོན་མཆོག་རྒྱལ་མཚན་གྱིས། (༡༧༦༤-༡༨༥༣) [34] “རྗེ་བདག་ཉིད་ཆེན་པོས་དགའ་ལྡན་བྱང་རྩེར་ལྟ་ཁྲིད་གནང་སྐབས། གུང་རུ་རྒྱན་བཟང་བས་ཀྱང་གསན་ནས་རང་གི་ལྟ་ཁྲིད་དུ་སྐྱོང་ཚུལ་ལུགས་གཉིས་བཀོད་པར་མཁས་གྲུབ་རིན་པོ་ཆེ་ནས་བཀའ་བཀྱོན་ཚུལ་དང་། ཤཱཀ་མཆོག་པས་རྒྱན་བཟང་བར་ངོ་འཛིན་གྱི་ཆེད་དུ་མཇལ་སྐབས། ལྟ་བ་སྒོམ་དུས་དགག་བྱ་བཀག་ཤུལ་གྱི་འཛིན་སྟངས་སྦྱོར་མི་དགོས་པའི་གསུང་འཕྲོས་གནང་ཚུལ་བདག་གི་རྣམ་འདྲེན་ཀུན་མཁྱེན་བླ་མའི་ཞལ་ནས་དངོས་སུ་ཐོས་པ་ལྟར་རྒྱན་བཟང་བའི་གསུང་དུ་ཡང་མི་འདྲ་བ་ཡོད་ལ།” ཞེས་གསུངས་པ་སོགས་ལ་བརྟགས་ན། ཆོས་རྗེ་གུང་རུ་རྒྱན་བཟང་པའི་གསུང་འབུམ་པོད་གསུམ་ཡོད་པའི་ནང་། དབུ་མའི་ལྟ་ཁྲིད་དང་སྟོང་ཐུན་རྒྱས་པ་སོགས་མཇལ་རྒྱུ་མེད་པའི་གནད་འགག་ཀྱང་དེར་ཐུག་འདུག་གམ། དེ་དག་ཏུ་རྗེ་རིན་པོ་ཆེའི་ཡོངས་གྲགས་ཀྱི་དབུ་མའི་ལྟ་བ་སྒོམ་ཚུལ་དང་མི་འདྲ་བ་ཞིག་གསུངས་ཡོད་སྙམ་པའི་དོགས་པ་ཞིག་རང་བཞིན་སླེབས་ཡོང་གིན་འདུག །
ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། (༡༧༨༡-༡༨༥༡) [35] “རྗེ་བཙུན་ཙོང་ཁ་པ་དེ་སྔོན་གྱི་དུས། །གསུང་བགྲོས་ཐོར་བུ་རྣལ་འབྱོར་ཆེན་པོའི་ཁྲིད། །བྱང་རྩེར་གུང་རུ་རྒྱན་བཟང་པ་སོགས་ལ། །ལྟ་ཁྲིད་ཕྱག་རྒྱ་པ་དང་མཐུན་པར་གསུངས། །ཕྱིས་དུས་དཔྱད་པ་རྫོགས་ཤིང་འཇམ་དབྱངས་ཀྱི། །ཞལ་གྱི་གདམས་པ་གཞུང་ལུགས་ཆེན་པོ་ཡི། །ལྟ་བ་རྙེད་ནས་མགོན་པོ་ཀླུ་སྒྲུབ་ཀྱི། །སྲོལ་འཛིན་སངས་རྒྱས་བསྐྱངས་དང་ཟླ་གྲགས་ཀྱི། །དགོངས་པ་མཆོག་ཏུ་རྟོགས་ནས་ལྟ་བ་ནི། །རིགས་པས་དཔྱད་སྒོམ་ཁོ་ན་འཐད་པའི་ཚུལ། །འཁོར་བའི་རྩ་བ་བདག་འཛིན་ལྷན་སྐྱེས་དང་། །དངོས་སུ་འགལ་བའི་བདག་མེད་བསྒོམ་དགོས་ཞེས། །ལྷག་མཐོང་ཆེན་མོ་དྲང་ངེས་རྣམ་འབྱེད་དང་། །ལམ་རིམ་ཆུང་བ་ལྟ་ཁྲིད་ཞལ་བཞེས་སོགས། །སྔ་རབས་ཀུན་གྱི་ལྟ་སྒོམ་གཉིས་ཀ་ལས། །ཁྱད་པར་འཕགས་ཤིང་རིམ་ལྔ་ཆོས་དྲུག་གི །གདམས་པ་ལ་ཡང་ཟབ་ཁྱད་དུ་མ་ཞེས། །རང་ཚུགས་ཐུབ་པར་མཛད་པར་མཐོང་གྱུར་ནས། །ཕལ་ཆེར་དེ་ཡི་རྗེས་འབྲངས་ལུགས་གཞན་དོར། །ཅི་རིགས་ཞེན་ལྟས་དེ་ལ་འདུ་མི་བྱེད། །ད་ལྟ་དེ་ཡི་ལྟ་སྒོམ་འགོག་པ་མང༌། །ནང་དུའང་ཅུང་ཟད་ལྟ་གྲུབ་བྱེ་བྲག་ཡོད། །དེ་ལྟ་ན་ཡང་འཕྲིན་ལས་ལྷག་པར་རྒྱས། །ཞེས་རྗེ་རིན་པོ་ཆེས་ཆོས་རྗེ་གུང་རུ་རྒྱན་བཟང་པ་སོགས་ལ་ལྟ་ཁྲིད་ཕྱག་རྒྱ་པ་དང་མཐུན་པར་གསུངས་ཤིང་། དུས་ཕྱིས་དབུ་མའི་ལྟ་བའི་དཔྱད་པ་རྫོགས་ཤིང་། རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་གདམས་ལྟར། དབུ་མའི་གཞུང་ལུགས་ཆེན་པོའི་ལྟ་བ་རྙེད་དེ། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མཆོག་ཏུ་རྟོགས་ནས། ལྷག་མཐོང་ཆེན་མོ་དང་དྲང་ངེས་རྣམ་འབྱེད། ལམ་རིམ་ཆུང་ངུ་སོགས་དང་། རིམ་ལྔ་གསལ་སྒྲོན་དང་ཆོས་དྲུག་གི་གདམས་པ་སོགས་གསུངས་ཏེ། སྔ་རབས་པའི་ལྟ་སྒོམ་གཉིས་ཀ་ལས་ཁྱད་པར་འཕགས་པའི་དབུ་མའི་ལྟ་བ་རང་ཚུགས་ཐུབ་པ་བརྩམས་པ་མཐོང་ནས་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོས་ཕལ་ཆེར་དེ་ཡི་རྗེས་སུ་འབྲངས་ནས་ལུགས་སྔ་མ་དེ་དོར་” བར་གསུངས་པ་ནི། གོང་དུ་བཤད་པ་ལྟར། གུང་རུ་རྒྱན་བཟང་པ་རྗེ་རིན་པོ་ཆེར་གསར་དུ་མཇལ་དུས་རྗེ་རིན་པོ་ཆེས་ལྟ་བའི་དཔྱད་པ་རྫོགས་ནས་ལོ་ལྔ་ཙམ་སོང་འདུག་པས། ལོ་ཚུགས་ཀྱིས་མི་འགྲིག་ཚུལ་གོང་དུ་བཤད་ཟིན་པ་ལྟར་རོ། །
འོན་ཀྱང་། རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་གི་སྐོར་གྱི་གསན་རྒྱུན་འགོད་སྐབས། [36] “དགའ་ལྡན་བཀའ་བརྒྱུད་ཀྱི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ། ཕྱག་ཆེན་གྱི་བཤད་པ་ཡང་གསལ་སྒྲོན་མེ་རྣམས་རྗེ་ཉིད་ལས་དངོས་སུ་ཐོབ། དེའང་ཁྲི་རིན་པོ་ཆེ་དཀོན་ཅོག་ཆོས་འཕེལ་དང་སྲས་ཁང་སྐུ་སྐྱེ་ངག་དབང་ཆོས་ཀྱི་རྒྱལ་མཚན་སོགས་དུས་དེའི་མཁས་གྲུབ་རྣམས་ཀྱིས་རྗེ་བཙུན་བཙོང་ཁ་པ་ཆེན་པོས་བྱང་རྩེར་གུང་རུ་རྒྱལ་མཚན་བཟང་པོ་སོགས་ལ་ལྟ་བ་ཕྱག་རྒྱ་པའི་ལུགས་དང་མཐུན་པར་གསུངས་ཤིང་། དེ་ལ་བརྟེན་ནས་མཚུངས་མེད་ཆོས་རྗེའི་དབུ་མའི་ཊཱིཀྐར་རང་ལུགས་དབུ་མའི་ལྟ་བ་བཤད་པའི་མཇུག་ཏུ། ཡང་ན། ཞེས་ཕྱག་རྒྱ་ཆེན་པོའི་ལུགས་བཀོད་པར་མཁས་གྲུབ་རིན་པོ་ཆེ་མ་དགྱེས་ནས་མཚུངས་མེད་རྗེ་ལ་ཁྱོད་ལ་ཡང་ན་སོགས་ཀྱི་བཤད་པ་ཡོད་ཅེས་བསྒྱུར་བྱང་དང་བཅས་མཇལ་ཁ་མ་བཏང་། དེ་ཉིད་ཀྱིས་ཀྱང་ངན་རྩོམ་ཞིག་[37] མཛད་ནས་ཕྱིར་བྱོན་ཚུལ་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ་གསལ་བ་ [38] ལྟར་ཡིན་པས། རྗེ་བླ་མ་ནས་བརྒྱུད་པའི་ཕྱག་ཆེན་ལ་གུང་རུ་རྒྱལ་མཚན་བཟང་པོ་སོགས་དགོས་རིགས་སུ་འདུག །
རྗེ་བླ་མ་ནས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོར་བརྒྱུད་པའི་སྲོལ་འདི་སྔོན་ཆད་མ་གྲགས་ཤིང་བཞེད་ཕུགས་དབུ་མའི་ལྟ་བ་ཡིན་པར་ཕྱག་ཆེན་ལ་ཐུན་མོང་མ་ཡིན་པའི་གཙིགས་སུ་མཛད་མི་འཐད། ཀླུ་སྒྲུབ་ལུགས་ཀྱི་ལྟ་བ་ཐུན་མོང་མ་ཡིན་པ་དེ་ག་ཡིན་ན་དེ་ལ་ཕྱག་ཆེན་གྱི་མིང་ཡང་འདོགས་པའི་དགོས་པ་ལྷག་པོ་མི་འདུག །ཅེས་གུང་རུ་རྒྱན་བཟང་པའི་དབུ་མའི་ཊཱིཀྐར་རང་ལུགས་དབུ་མའི་ལྟ་བ་བཤད་པའི་མཇུག་ཏུ། ཡང་ན་ཞེས་ཕྱག་རྒྱ་ཆེན་པོའི་ལུགས་བཀོད་པར་མཁས་གྲུབ་རིན་པོ་ཆེ་མ་དགྱེས་ནས་མཚུངས་མེད་རྗེ་ལ་ཁྱོད་ལ་ཡང་ན་སོགས་ཀྱི་བཤད་པ་ཡོད་ཅེས་བསྒྱུར་བྱང་དང་བཅས་མཇལ་ཁ་མ་བཏང་། དེ་ཉིད་ཀྱིས་ཀྱང་ངན་རྩོམ་ཞིག་མཛད་ནས་ཕྱིར་བྱོན་ཚུལ་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ་གསལ་བ་ལྟར་ཡིན་ཞེས་གསུངས་པ་དང་འབྲེལ་ནས་དགའ་ལྡན་བཀའ་བརྒྱུད་ཀྱི་ཕྱག་ཆེན་ཞེས་བཀའ་བརྒྱུད་པའི་གྲས་སུ་ཕར་འཚངས་པ་འདི་དགེ་མཚན་མེད་”སྐོར་གསུངས་ཤིང་། དེ་ཉིད་ཀྱིས་ངན་རྩོམ་ཞིག་མཛད་ནས་ཕྱིར་བྱོན་སྐོར་གསུངས་འདུག་ན། ངན་རྩོམ་ཅི་ཞིག་མཛད་པའང་བཙལ་ནས་བལྟ་དགོས་པར་སྣང་།
རྗེ་བཙུན་ཡེ་ཤེས་དབང་ཕྱུག་མཆོག་གིས། (༡༩༢༨-༡༩༩༧) [39] “ལམ་གཙོ་རྣམ་གསུམ་གྱི་ཚིག་དེ་ལ་བསམ་བློ་གཏོང་དུས། དབུ་མའི་ལྟ་བ་བརྙེས་པ་དེའི་ཚེ་ན་མ་ཡིན་དགག་བརྙེས་པ་ཆགས་འགྲོ་བ་རེད། ཚིག་དེ་ལ་བསམ་བློ་བཏང་ན་མེད་དགག་བརྙེས་པ་མིན་འདུག །རྟེན་འབྱུང་དང་སྟོང་པ་གཉིས་པོ་དེ་གཅིག་ནས་གཅིག་ལ་མི་གནོད་པར་ཤར་དགོས་པ་རེད། རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་རྟེན་འབྱུང་སྟོང་པའི་དོན་དུ་ཤར་བ་དང་། སྟོང་པ་རྟེན་འབྱུང་གི་དོན་དུ་ཤར་བ་དེ་འདྲ་གཅིག་བརྙེས་དགོས་པ་གསུངས་པ་རེད། འདི་ཡིན་ཙང་མཚུངས་མེད་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོའི་གསུང་ལ་མ་དད་ཟེར་བ་རྩ་བ་ནས་མེད་པ་རེད། མཚུངས་མེད་ཆོས་རྗེ་གུང་རུ་རྒྱལ་ཚན་བཟང་པོའི་དཔེ་ཆ་མེད་པ་རེད་མ་གཏོགས། གསུང་དེ་ལ་ལེགས་ཆ་ལེན་དགོས་པ་ཧ་ཅང་མང་པོ་ཡོད། ཐུའུ་བཀྭན་ཆོས་ཀྱི་ཉི་མས་དབུ་མའི་ལྟ་ཁྲིད་མང་པོ་གཟིགས་འདུག།།
ཁོང་གི་ཡིག་ཆ་རྣམས་དེ་སྔོན་སེ་རའི་གྲྭ་ཚང་བཞིའི་སྤྱི་མཐུན་ཡིག་ཆ་ཡིན་ཞིང་། མཚུངས་མེད་ཆོས་རྗེ་འདི་པས་ཞ་ལུ་པ་ཚུལ་ཁྲིམས་རིན་ཆེན་སོགས་ལ་སེ་རར་དབུ་མའི་ལྟ་བའི་སྐོར་གསུང་སྐབས་དང་། ཞ་ལུ་འཁྲུལ་ཞིག་པ་ཚུལ་ཁྲིམས་རྒྱལ་མཚན་གྱིས་[40] མཚུངས་མེད་ཆོས་རྗེའི་དྲུང་ནས་ཆོས་མང་པོ་གསན་ཅིང་། ཁྱད་པར་དུ་དབུ་མའི་ལྟ་བ་ལ་བདེན་གྲུབ་བཀག་ཙམ་གྱི་སྟོང་ཉིད་མེད་དགག་ལ་མི་བཞེད་པར་མཐའ་བྲལ་ཆེན་མོའི་ལྟ་བ་ལ་བཀྲལ་ནས་འཆད་ཀྱིན་འདུག་པར་ཐུགས་མོས་བྱུང་སྟེ། རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་གཞན་དང་ཁྱེད་འཆད་ཚུལ་ཅུང་མི་མཐུན་པར་འདུག་པ་ཅི་ལགས་ཞུས་པར། མཚུངས་མེད་ཆོས་རྗེའི་ཞལ་ནས། ངས་རྗེ་རིན་པོ་ཆེའི་ཞབས་རྡུལ་ཡུན་རིང་བསྟེན་ནས་གསུང་གི་བདུད་རྩི་མྱངས་པ་ཡིན་ཏེ། དེའི་བར་ལ་ནི་དབུ་མའི་ལྟ་བ་འདི་ཁོ་ན་གསུང་གིན་འདུག །
དངོས་སློབ་གཞན་དང་འཆད་ཚུལ་མི་མཐུན་པ་འདུག་པ་ཅི་ཡིན་མ་ཤེས་ཞེས་གསུངས་པར་གྲགས་པ་དང་། གང་གིས་མཛད་པའི་དབུ་མའི་ལྟ་ཁྲིད་ནང་རྗེ་ཙོང་ཁ་པའི་གསུང་རྒྱུན་བཀོད་པའི་ཞོར་དུ། ཡང་ན་ཞེས་ལྟ་བའི་བཞེད་མཚམས་རྣམ་གྲངས་སུ་བཀོད་པ་བཅས་ལ་བརྟེན་ནས། རྗེ་ཙོང་ཁ་པ་ཆེན་པོའི་དགོངས་པ་དང་མཐུན་མིན་ལ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བཀའ་བཀྱོན་བྱུང་བ་དང་། རྗེའི་དངོས་སློབ་གཞན་གྱི་དགོངས་པར་ཡང་མ་བབས་པ་བཅས་ཀྱིས་རྐྱེན་བྱས་ཏེ། མཚུངས་མེད་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོའི་ཞལ་ནས། “གཏམ་རྣམས་ཐམས་ཅད་གྲགས་པའི་རྗེས་སུ་འབྲང་། །བློ་བཟང་གྲགས་པ་དགའ་ལྡན་གནས་སུ་གཤེགས། །བྱམས་ཆེན་ཆོས་རྗེ་མི་དབང་གཙུག་ན་མཛེས། །རྒྱལ་མཚན་བཟང་པོ་གངས་རིའི་ཁྲོད་འདིར་ལུས། །”ཞེས་ཐུགས་སྐྱོ་བའི་མགུར་གསུངས་ཞེས་གྲགས་པ་དང་། དེ་བཞིན་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་། མཁས་གྲུབ་བསྟན་པ་དར་རྒྱས་ཀྱི་ཡིག་ཆ་དེ་གཉིས་སེ་ར་བྱེས་སྨད་གྲྭ་ཚང་གི་རྐང་འཛིན་ཡིག་ཆར་གྱུར་པ་ནས་བཟུང་། ཁོང་གི་གསུང་ལ་སློབ་གཉེར་བྱེད་པའི་སྲོལ་དེ་ཡང་རིམ་བཞིན་ཇེ་ཉུང་དུ་སོང་བར་མངོན།” ཞེས་གསུངས།
སེར་སྨད་སྤོམ་ར་དགེ་བཤེས་ཡེ་ཤེས་དབང་ཕྱུག་གི་གསུང་འདི་དག་གི་བབ་ལ་བརྟགས་ན། ལམ་གཙོ་ལས། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེ་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་པའི་དོན་ལ་བསམ་པར་སྣང་། སྣང་སྟོང་གྲོགས་སུ་འཆར་ཚུལ་སོགས་ཀྱི་སྐོར་ལ། རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱི་(༡༦༤༧ – ༡༧༡༦) དབུ་མའི་ལྟ་ཁྲིད་ཆེན་མོ་ལས། [41] མྱུ་གུ་བདེན་པར་མེད་པའི་རྒྱུ་མཚན་དུ་རྟེན་འབྲེལ་བཀོད་པ་ལ་རིགས་པའི་རྒྱལ་བོ་རྟེན་འབྲེལ་གྱི་གཏན་ཚིགས་ཟེར་ལ། རྒྱལ་བོ་ཟེར་དོན་སྦྱོར་བ་གཅིག་པོ་དེས་མཐའ་གཉིས་དངོས་སུ་སེལ་བས་ན་བསྟོད་ཚིག་སྟེ། རྟེན་འབྲེལ་ཡིན་པས་མེད་མཐའ་སེལ། བདེན་མེད་ཡིན་པས་ཡོད་མཐའ་སེལ་ལོ། །ཞེས་དང་། ཡང་རྗེ་དེ་ཉིད་ཀྱི་གསུང་ལས། [42] དེ་ཡང་། དགེ་སྡུག་གིས་བདེ་སྡུག་འབྱིན་པ་དང་མྱོང་བ་བོ་ཐམས་ཅད་རྟོག་པས་ཕར་བཏགས་པ་ཙམ་ཡིན་ཡང་། སྣང་བ་དེ་དགག་ཏུ་མེད་པར་འབྱུང་བ་ནི་མི་བསླུ་བའི་དོན་དང་། དེས་ན། བཅོས་མར་ཡོད་པས་ཡོད་གོ་ཆོད་པའོ། །བཅོས་མར་མཐོང་བའང་རྟེན་འབྲེལ་དུ་མཐོང་བ་ཙམ་གྱི་བདེན་འཛིན་གྱི་འཛིན་ཚུལ་ལམ་འཛིན་སྟངས་རང་ངོས་ནས་ཡོད་པ་ཀུན་འཇིག་ན། ཞེས་པ་ནི། རང་ངོས་ནས་མེད་པར་གོ་བ་སྟེ། དེ་ཡང་། ལྟོས་གྲུབ་དུ་གོ་བ་དང་ལྟོས་མེད་དུ་ཡོད་པ་ཁེགས་པ་དུས་རེས་འཇོག་མིན་པའོ། །པཎ་ཆེན་གྱིས། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །རང་བཞིན་གྲུབ་པའི་འཛིན་སྟངས་ཡིན་པར་གོ །ཞེས་སོ། །འདིར་རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །ཞེས་ངེས་ཤེས་ཀྱིས་སྒྲོ་འདོགས་སྐྱེ་མི་རུང་དུ་ནུས་ཤིང་། བདེན་འཛིན་ལྟ་བུ་སྒྲོ་འདོགས་ཡུན་ཅི་ཙམ་གོམས་ཀྱང་ངེས་ཤེས་སྐྱེ་མི་རུང་མི་ནུས་པས་གནོད་བྱ་གནོད་བྱེད་དུ་བཞག་པ་ལྟར་བདེན་པར་འཛིན་པའི་ངེས་ཤེས་ཞེས་ཐ་སྙད་མི་མཛད་པ་ཡང་མང་ལ། དེས་ན། ངེས་ཤེས་ཡུལ་གྱི་འཛིན་སྟངས་ལ་འབྲུ་ནོན་མི་འདྲ་བ་མང་མོད། སྐབས་དོན་ནི་གོང་དུ་བཤད་པ་དེའོ། །
པཎ་ཆེན་གྱིས་ཀྱང་། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀྱི། །རྒྱུན་ནི་སྐྱོང་རྒྱུའི་འཛིན་སྟངས་ནི། །རང་བཞིན་གྲུབ་པ་བཀག་ཙམ་གྱི། །མེད་དགག་དེ་ཡི་རྒྱུན་ལ་གོ །ཞེས་སོ། །ལྟོས་མེད་ཀྱི་སྟོང་བ་ལྟོས་ཡོད་ཀྱི་དོན་དུ་ཤར་བ་དེ་ནི་སྟོང་བ་ཉིད་རྟེན་འབྱུང་དོན་དུ་ཤར་བ་སྟེ། བཟློག་ན་རྣམ་བཞག་ཐམས་ཅད་མི་འཐད་ཅིང་འདི་ལ་ཆེས་འཐད་པར། རྩ་ཤེས་དང་། རྟེན་འབྲེལ་བསྟོད་པར་གསུངས་པ་ལ་བལྟ་ཞིང་ངེས་ཤེས་ཤུགས་དྲག་གལ་ཆེའོ། །དེ་ལྟར་སྣང་སྟོང་གཅིག་གྲོགས་གཅིག་བྱེད་པའི་སྟོང་བ་ཉིད་རྟེན་འབྱུང་གི་དོན་དུ་ལྟ་བའི་ངེས་ཤེས་རྩོད་མེད་དུ་འོང་བ་དགོས་པ་ནི། རྗེ་བཙུན་འཇམ་དབྱངས་ཀྱིས། སྣང་སྟོང་གཉིས་ལ་ཉེ་རིང་མི་རུང་། ཁྱད་པར་སྣང་བ་འདི་ལ་རྩིས་ཆེ་དགོས་གསུངས་པ་ལྟར་རོ། །སྣང་སྟོང་གཉིས་ཀྱི་དོན་གཅིག་ཆར་ཏུ་མི་འཆར་བར་རེས་འཇོག་གི་དུས་སུ་སྣང་བས་མེད་མཐའ་དང་སྟོང་བས་ཡོད་མཐའ་སེལ་བ་ཙམ་ཡིན་ཡང་། གཅིག་ཆར་འཆར་དུས་སུ་དེར་མ་ཟད་སྣང་བས་ཡོད་མཐའ་དང་སྟོང་བས་མེད་མཐའ་སེལ་ལོ། །
གཅིག་ཆར་འཆར་བ། དཔེར་ན། ཀླུ་ཐར་ཚུ་རི་ན་ཡོད་པར་ཤེས་པ་ཙམ་གྱིས་ཁོ་ཕ་རི་ན་མེད་པར་འཆར་བ་ལྟ་བུའོ། །བྱམས་པས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་གསུངས་པ་ལྟར། ས་བོན་དང་མྱུ་གུའི་ཆོས་ཉིད་སོགས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་བ་ཉིད་ཆོས་དབྱིངས་ནི་ངོ་བོ་དབྱེར་མེད་པ་ཡིན་ལ། ཆོས་ཀུན་ལ་རང་ངོས་ནས་སྟོང་བས་མ་ཁྱབ་པ་མེད་པའི་ཕྱིར་ན། དབྱིངས་སྟོང་བ་དེ་ཀུན་ཁྱབ་དང་། ཆོས་ཐམས་ཅད་རང་ངོས་ནས་མེད་པར་གནས་པའི་ཕྱིར་ན། དབྱིངས་དེ་ནི་ཀུན་གྱི་གནས་ལུགས་དང་། ཆོས་ཐམས་ཅད་ཀྱི་དང་། ལར་དང་། གདོད་མ་དང་། ཕུགས་དང་། གཏིང་དང་། དཔྱིས་དང་། རྩ་བ་དང་། དྲུངས་ནས་རང་ངོས་ནས་ཡོད་མ་མྱོང་བའི་ཕྱིར་ན། དབྱིངས་དེ་ནི་ཀུན་གྱི་གཤིས་དང་། རྩ་བ་སོགས་དང་། མྱུ་གུ་དང་། མྱུ་གུ་རང་ངོས་ནས་མེད་པ་གཉིས་རང་བཞིན་གཅིག་པ་ལྟར། དབྱིངས་དེ་ནི་ཀུན་གྱི་རང་བཞིན་དང་། ས་བོན་རང་ངོས་ནས་མེད་པའི་དབྱིངས་དེ་ས་བོན་དུ་ཤར་བ་དང་། ས་བོན་དུ་ཤར་བ་དེ་ནི། །ཁོ་རང་ངོས་ནས་མེད་པའི་དབྱིངས་དེ་དང་། ངོ་བོ་དབྱེར་མེད་པའི་ཚུལ་ཡུམ་ལས་རྒྱ་ཆེར་གསུངས་ཤིང་། སྟོང་བ་ཉིད་གཟུགས་སོ་ཞེས་པ་ལྟར། སྟོང་བའི་དབྱིངས་འདི་ཉིད་ས་བོན་དང་མྱུ་གུ་སོགས་སུ་སྣང་ཞིང་ཤར་བ་ཡིན་ལ། དེ་ལྟར་འཆར་བའི་རྐྱེན་ནི། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང། ཞེས་པ་ལྟར་ས་བོན་འཛིན་པའི་རྟོག་པ་ལས་ས་བོན་གྱིས་མྱུ་གུ་སྐྱེད་པར་འཛིན་པའི་རྟོག་པ་འབྱུང་ཞིང་། དེ་ལས་མྱུ་གུ་འཛིན་པའི་རྟོག་པ་འབྱུང་བ་སོགས་རྟོག་པའི་ཕྲེང་བ་བརྒྱུད་པའི་དབང་གིས། ཇི་སྲིད་རྟོག་པ་མ་ཟད་བར་དུ་སྟོང་བའི་དབྱིངས་འདི་སྣང་བ་སྣ་ཚོགས་སུ་འཆར་བ་ལ་ངེས་ཤེས་ཀྱི་གོམས་པ་བརྟན་ན། ཤེས་རྒྱུད་ཀྱི་གོ་སྐབས་འདི་མཐའ་གཉིས་སུ་འཛིན་པའི་ལྟ་ངན་གྱིས་འཕྲོག་མི་ཐུབ་བོ་ཞེས་བསྟན་པའི་ཕྱིར། རྗེ་བླ་མས། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་བས་མེད་མཐའ་སེལ་ཞིང་སྟོང་བ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་བཀའ་སྩལ་བ་དང་། པཎ་ཆེན་གྱིས་ཀྱང་། ཆོས་ཉིད་ལ་བལྟས་པའི་ཆོས་ཅན་བཀྲ། །ཆོས་ཅན་ལ་དཔྱད་པས་སྟོང་བར་བྲོས། །སྣང་སྟོང་གཉིས་རེས་འཇོག་མི་བྱེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །ཅེས་དང་། ཆོས་ཇི་སྙེད་བལྟས་པའི་གཞི་རྩ་བྲལ། །ཡུལ་ཆོས་ཉིད་ལ་བལྟས་པས་ཅིར་ཡང་སྣང་། །ཟབ་གསལ་གཉིས་མེད་ཀྱི་ལྷའི་རྣལ་འབྱོར་བསྒོམ་ན་ཡང་ཚུལ་འདི་ཉིད་གཅེས་སོ། །ཅེས་གསུངས། གང་ལྟར་སྐབས་འདིར་བཤད་པ་ཧ་ཅང་མང་ངོ་།།
གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོས་སྟོང་ཉིད་མེད་དགག་གི་སྒོམ་ཚུལ་གསལ་བར་གསུངས་པ།
གྲུབ་ཆེན་སྐལ་ལྡན་རྒྱ་མཚོས། རང་གི་ལྟ་ཁྲིད་དང་ཕྱག་ཆེན་གྱི་ཁྲིད་ཡིག་དག་ན། སྟོང་ཉིད་མེད་དགག་གི་སྒོམ་ཚུལ་གསལ་བར་གསུངས་ཤིང་། སྐབས་རེར་གུང་རུ་རྒྱན་བཟང་བའི་གསུང་ལ་ཅུང་ཟད་ཐུགས་བློ་མ་བདེ་བའི་གསུང་ཟུར་ཡང་སྣང་སྟེ། རྗེ་ཉིད་ཀྱི་དབུ་མའི་ལྟ་ཁྲིད་ལས། [43] “དེས་ན། དགག་བྱ་ཞེ་ཕུག་ཏུ་བཞག་ལ། སྣང་ཚུལ་ལྟར་མེད་སྙམ་པའི་ངང་དུ་ཡུད་ཙམ་བཞག །དེ་ཉིད་ལས་མ་གཡོས་པར་སླར་ཡང་བློའི་ཟུར་གཅིག་གིས་སྔར་གྱི་དགག་བྱ་མན་ཆད་དྲན་ཙམ་རེས་ངེས་ཤེས་ཇེ་ཆེར་བཏང་། ཡང་ངེས་ཤེས་སྔ་མ་མ་ཡལ་ཙམ་གྱི་དུས་སུ་སྔར་བཞིན་བསྐྱང་ངོ་། །འདི་ནི་བདག་གི་བླ་མ་སྡེ་བ་ཆོས་རྗེའི་ཞལ་ནས། བདག་དང་ཕུང་སོགས་ཀུན་རང་གི་ཆ་ཤས་ལ། །ལྟོས་ནས་གྲུབ་ཕྱིར་ན་མིང་བརྡས་བཏགས་པ་ཙམ། །བཏགས་ཙམ་མིན་པ་ཡི་ཡོད་པ་དེ་བློ་ངོར་བཀག །བཀག་པའི་མེད་དགག་དེ་འཛིན་སྟངས་ཡུལ་དུ་བསྐྱངས། །ཞེས་པའི་དགོངས་པའོ། །མིང་བརྡས་བཏགས་པ་ཙམ་མིན་པའི་ཡོད་པ་བཀག་ཙམ་གྱི་མེད་དགག་དེ་བློའི་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་ལྟ་བ་སྒོམ་དགོས་པའི་རྒྱུ་མཚན་དུ། བདག་དང་ཕུང་སོགས་ཀུན་རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པའི་ཕྱིར།” ཞེས་པ་འདི་བཀོད་གནང་འདུག །
ཡང་རྗེ་དེ་ཉིད་ཀྱི་ཞལ་སྔ་ནས། [44] “ཡང་། མཉམ་བཞག་ནམ་མཁའ་ལྟ་བུ་བྱ་བ། དཔེར་ན། ནམ་མཁའ་དེ་ཐོགས་པའི་རེག་བྱ་བཀག་ཙམ་གྱི་སྟེང་དུ་འཇོག་པ་བཞིན་དུ། ཟབ་མོ་སྟོང་པ་ཉིད་ལ་མཉམ་པར་བཞག་པའི་ཚེ་དགག་བྱ་བདེན་གྲུབ་བཅད་ཙམ་གྱི་མེད་དགག་གི་སྟེང་དུ་འཇོག་པ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་ལ། དེ་ལྟ་བུའི་ཟབ་མོ་སྟོང་པ་ཉིད་ལ་མཉམ་པར་བཞག་པའི་ཚེ། ངེས་ངོར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་གྲུབ་པ་མེད་སྙམ་པའི་ངེས་ཤེས་དམ་སྦྲེང་ངེ་བ་དང་། སྣང་ངོར་ཅི་ཡང་མི་སྣང་བ་གཉིས་ཚོགས་པ་དགོས་ལ། དེ་གཉིས་ཀྱི་ནང་ནས་ཀྱང་ངེས་ངོ་གཙོ་ཆེ་སྟེ། ངེས་ཤེས་ཀྱི་ཡུལ་ནི་ཟབ་མོ་སྟོང་པ་ཉིད་དངོས་ཡིན་ཞིང་། སྣང་ངོར་ཅི་ཡང་མི་སྣང་བ་ནི་སྟོང་པ་ཉིད་ཀྱི་དོན་སྤྱི་ཡིན་པའི་ཕྱིར། དེ་ལྟ་བུའི་མཉམ་བཞག་གི་རྩིས་སམ་ཤུགས་མ་ཡལ་བའི་ངང་ནས་རང་ལ་ཆོས་གང་གི་སྣང་བ་ཤར་ཡང་སྣང་བ་ལྟར་དུ་གྲུབ་པ་མི་འདུག་སྙམ་དུ་ངེས་ཤེས་འདྲོངས་ན། དེ་ནི་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྣམ་དག་ཡིན་ནོ།།” ཞེས་གསུངས།
ཡང་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་ཞལ་སྔ་ནས། [45] “མེད་དགག་སྟོང་སང་དེའི་འཛིན་སྟངས་ཅུང་ཟད་ཞན་དུ་སོང་ན། མཉམ་བཞག་གི་ངང་ནས་སྔར་ལྟར་དཔྱད་ལ་རྩེ་གཅིག་ཏུ་སྒོམ་པ་ནི། མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ཡིན་ནོ། །འདི་ལ་གུང་རུ་རྒྱལ་མཚན་བཟང་བོ་ནི། གང་ཟག་རང་བཞིན་མེད་པར་ལྷང་གིས་ངེས་པ་ན། དེ་ཀའི་ངང་ལ་རྩེ་གཅིག་ཏུ་འཇོག་པ་སྐྱོང་ཚུལ་རྣམ་དག་ཏུ་མཛད་ཀྱང་། འདི་ལ་ནི། སྟོང་ཉིད་ཀྱི་གོ་བ་ལེགས་པར་བྱང་བ་ཞིག་ཡིན་ན་མ་གཏོགས། ཐོག་མའི་ལས་དང་པོ་པས་འདི་ལྟར་བྱས་ན། གནད་བཞི་དྲན་པའི་སྟོབས་མ་ཡལ་ཙམ་གྱི་དུས་ཐོག་མ་དེར་རང་ངོས་ནས་གྲུབ་པ་མེད་པར་ལྷང་གིས་ངེས་པའི་འཛིན་སྟངས་ཡོད་ཀྱང་། ཕྱིས་རྒྱུན་སྐད་ཅིག་མ་ཁ་ཡར་སོང་བ་ན། སྟོང་ཉིད་འཛིན་སྟངས་ཀྱི་ཡུལ་ནས་ཤོར་ཏེ། དམིགས་པའི་ཡུལ་ནས་རྒྱང་ཆད་དུ་འགྲོ་བས། སྟོང་ཉིད་བདེན་གྲུབ་ཀྱི་འཆར་ཚུལ་མི་འོང་མི་སྲིད་དོ་ཞེས་རྗེ་ཉིད་ཀྱི་ཞལ་གདམས་ལས་འབྱུང་ངོ་། །” ཞེས་ཡབ་རྗེ་སྐལ་ལྡན་རྒྱ་མཚོས། མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་གསུང་བ་ན། གུང་རུ་རྒྱལ་མཚན་བཟང་པོའི་གསུང་ཚུལ་འདི་སྟོང་ཉིད་ཀྱི་གོ་བ་ལེགས་པར་བྱང་བ་ཞིག་ཡིན་ན་མ་གཏོགས་ཞེས་ཞིབ་ཆ་མཛད་པ་ལ་བསམས་ན། སྟོང་ཉིད་ཀྱི་གོ་བ་ལེགས་པར་བྱང་བ་ཞིག་ཡིན་ན། གང་ཟག་རང་བཞིན་མེད་པར་ལྷང་གིས་ངེས་པ་ན། དེ་ཀའི་ངང་ལ་རྩེ་གཅིག་ཏུ་འཇོག་པ་སྐྱོང་ཚུལ་རྣམ་དག་ཏུ་མཛད་ན་འགྲིག་པ་ལྟ་བུ་ཞིག་གསུང་གིན་མེད་དམ་སྙམ། ཡང་ན། གསུང་ཚུལ་དེ་ཐུགས་ལ་མ་བདེ་བ་ཡིན་ནམ་ཡང་སྙམ།
ཡང་རྗེ་དེ་ཉིད་ཀྱིས། [46] “རང་རེའི་ལུགས་ལ། སྟོང་ཉིད་སྒོམ་པ་ལས་གཞན་པའི་ཕྱག་རྒྱ་ཆེན་པོ་སྒོམ་ཚུལ་མེད་དོ། །སྟོང་ཉིད་ལས་གཞན་པའི་ཕྱག་རྒྱ་ཆེན་པོ་མེད་པའི་ཕྱིར་ཏེ། ཆོས་གང་དང་གང་ཡིན་པའི་རང་བཞིན་སྟོང་ཉིད་ལ་ཕྱག་རྒྱ་ཆེན་པོར་བཞེད་པའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ། །ཞེས་དང་། སྒྲ་བཤད་དུ་ཡང་། ཆོས་རྣམས་སྟོང་པའི་ཕྱིར་ན་ཕྱག །དེ་ལས་མི་འདའི་ཕྱིར་ན་རྒྱ། །ཞེས་གསུངས་པའི་ཕྱིར།” ཞེས་གསུངས་སོ། །
ཡང་། གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱིས། [47] “བློ་ལ་སྣང་ཚུལ་ལྟར་གྱི་གང་ཟག་དེ་གཏན་ནས་མི་འདུག་སྙམ་པས། ངེས་པ་ལྷང་གིས་རྟོགས་པ་ན། མེད་དགག་དེ། འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས། ནམ་མཁའ་ལྟར་མཚན་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བར་རྩེ་གཅིག་ཏུ་མཉམ་པར་བཞག་ནས་བསྒོམ་པར་བྱའོ། །”ཞེས་གསལ་བར་གསུངས་སོ། །
ཡང་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོས། [48] “ལོ་ལ་དཔྱད་ཚུལ་ནི། རང་གི་བློ་ལ་ལོ་སྙམ་པའི་རམ་རམ་འཛིན་པའི་ལོ་དེ་སྣང་ཚུལ་ལྟར་གྲུབ་ན། རང་གི་གདགས་གཞི་ཟླ་བ་བཅུ་གཉིས་དང་གཅིག་གམ་ཐ་དད་ཡིན། གཅིག་ཡིན་ན་ནི་ཟླ་བ་བཅུ་གཉིས་པོ་ཡང་གཅིག་ཏུ་འགྱུར་ལ། ཐ་དད་ཡིན་ན་ནི། བློས་ཟླ་བ་རེ་རེ་ནས་བསལ་བའི་ཤུལ་ན་ཡང་ལོ་ཡོད་དགོས་པ་ལ་མི་འདུག་པས། བློ་ལ་སྣང་བ་ལྟར་གྱི་ལོ་དེ་གཏན་ནས་མེད་སྙམ་པའི་ངེས་ཤེས་དང་། སྣང་ངོར་དགག་བྱ་བཅད་ཙམ་གྱི་མེད་དགག་གཉིས་ལྷན་ཅིག་ཏུ་སྐྱོང་ངོ་། །” ཞེས་ལྷན་ཅིག་པའི་སྐྱོང་ཚུལ་འདི་བཞིན་གསུངས། འདི་ལྟར་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་ལྟ་ཁྲིད་དང་ཕྱག་ཆེན་གྱི་ཁྲིད་ཡིག་སྔ་ཕྱི། གཞན་ཡང་། ལམ་ཁྲིད་སྔ་ཕྱིའི་ལྟ་བ་འཚོལ་ལུགས་དང་སྒོམ་ཚུལ་གང་དུ་བལྟས་ཀྱང་། སྟོང་ཉིད་མེད་དགག་ཡིན་པ་དང་། སྟོང་ཉིད་སྒོམ་པ་ན། མིང་བརྡས་བཏགས་པ་ཙམ་མིན་པའི་ཡོད་པ་བཀག་ཙམ་གྱི་མེད་དགག་དེ། བློའི་འཛིན་སྟངས་ཀྱི་ཡུལ་དུ་སྦྱར་ནས་ལྟ་བ་སྒོམ་དགོས་པར་གསུངས་པ་ལས། ཡུལ་གྱི་ལྟ་བ་མ་ཡིན་དགག་དང་། སྟོང་ཉིད་སྒོམ་པ་ན་མ་ཡིན་དགག་གི་སྒོམ་ཚུལ་ཞིག་གསུང་གི་ཟུར་ཙམ་དུའང་མི་སྣང་ངོ་། །
མ་ཟད་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱིས། [49] “རྗེའི་ཐུགས་སྲས་ཤེས་རབ་སེང་གེས་གནད་བཞི་ལ་བརྟེན་ནས་ང་མེད་པར་ངེས་པ་ན་དེ་ཀའི་སྟེང་དུ་འཇོག །ངེས་ཤེས་ཀྱི་ཤུགས་ཞན་དུ་སོང་བ་ན། དགག་བྱའི་སྣང་བ་དང་། སྒྲུབ་བྱེད་ཀྱི་རིགས་པ་རྣམས་དྲན་ལམ་དུ་བྱས་ཏེ་ང་སྣང་ཚུལ་ལྟར་དུ་མེད་སྙམ་པའམ། སྣང་ཚུལ་ལྟར་གྱི་ང་མེད་སྙམ་པ་གང་བདེའི་སྒོ་ནས་ལྟ་བ་སྐྱོང་བ་རྗེའི་དགོངས་པར་བཞེད་ལ། རྗེའི་ཐུགས་སྲས་གུང་རུ་རྒྱལ་མཚན་བཟང་པོས་ནི། གནད་བཞི་ལ་བརྟེན་ནས་ང་མེད་པར་ངེས་པའི་ངེས་ཤེས་དེ་ཀའི་རྒྱུན་སྐྱོང་བ་ནི་རྗེའི་དགོངས་པར་བཞེད། གང་ལྟར་རུང་དགག་བྱའི་སྣང་ཚུལ་དང་སྒྲུབ་བྱེད་ཀྱི་རིགས་པ་རྣམས་མ་བརྗེད་པའི་ངང་ནས་ངེས་ཤེས་ཀྱི་རྒྱུན་བསྐྱངས། ངེས་ཤེས་ཤུགས་ཞན་དུ་འགྲོ་བ་ན། བློ་བྱིན་ལས་མ་གཡོས་པར་བློའི་ཟུར་གཅིག་གིས་གོང་གི་དགག་བྱའི་སྣང་ཚུལ་དང་། སྒྲུབ་བྱེད་ཀྱི་རིགས་པ་རྣམས་དྲན་ལམ་དུ་བྱས་ནས་རྒྱུན་བསྲིངས་ལ་ཤུགས་ཇེ་བརྟན་དུ་བཏང་སྟེ། དེ་ཀའི་སྟེང་དུ་རྩེ་གཅིག་ཏུ་འཇོག །སྐབས་སྐབས་སུ་ཤེས་བཞིན་གྱིས་བྱ་ར་བྱས་ཏེ་སྐྱོང་བ་ནི། སྟོང་ཉིད་ལ་དམིགས་པའི་ཞི་གནས་སྐྱོང་ཚུལ་ཡིན་ལ། ཞེས་པ་ནས། མཉམ་བཞག་ནམ་མཁའ་ལྟ་བུ་ཞེས་བརྗོད་པ་ནི། ནམ་མཁའ་དེ་ཐོགས་པའི་རེག་བྱ་བཀག་ཙམ་གྱི་སྟེང་དུ་འཇོག་པ་བཞིན་དུ། དེ་ལྟ་བུའི་མཉམ་བཞག་དེ་ཡང་དགག་བྱ་བཅད་ཙམ་གྱི་མེད་དགག་གི་སྟེང་དུ་འཇོག་པ་ལ་དགོངས་པ་ཡིན་ནོ། །” ཞེས་རྗེ་ཤེས་རབ་སེང་གེ་དང་གུང་རུ་རྒྱན་བཟང་པའི་ལུགས་སོ་སོར་བཀོད་ནས་རྗེ་ཤེས་རབ་སེང་གེའི་བཞེད་པ་ལྟར། རང་ལུགས་སུ་ལྟ་བ་སྐྱོང་ཚུལ་འཐད་ལྡན་དུ་གསུངས་སོ། །
དེ་བཞིན་དུ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ཐུགས་སྲས་རྗེ་ཤེས་རབ་བཀྲ་ཤིས་དཔལ་བཟང་པོས་ཀྱང་། རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་གདམས་ཀླུ་སྒྲུབ་ཐུགས་བཅུད་སྙིང་གི་བདུད་རྩི་ཆེས་ཆེར་མངར་བ་ལས། [50] “བདག་གཞན་ཐམས་ཅད་བློའི་སྣང་བ་ཙམ་དང་བློས་ཕར་བཅོས་པ་ཙམ་དང་། མིང་གིས་བཏགས་པ་ཙམ་མ་གཏོགས། ལུས་སེམས་གཉིས་ཚོགས་པའི་རང་གི་གདགས་གཞི་དེ་དང་། རང་གི་ངོས་དེ་དང་། རང་གི་ཕྱོགས་དེ་ན་ང་མེད་པར་ཐག་བཅད་དོ། །བླ་མ་ལ་ལས་ནི་སྔར་གཏན་ལ་ཕབས་པའི་དགག་བྱ་དེ་དྲན་ནས་དེ་མེད་སྙམ་དུ་བསྒོམ་པས་འཐུས་ཤིང་། པུ་ཏོ་བས། ཅུང་ཟད་མི་རྟོག་ཉིད་དུའང་གནས་བྱ། །ཞེས་པ་ལྟར་ངེས་ཤེས་ཀྱི་བར་དུ་བློས་ཅི་ཡང་མི་འཛིན་པར་སྡོད་པ་ཡང་གསུངས། འོན་ཀྱང་། རྒྱས་བཤད་ཀྱི་སྐབས་སུ་བཤད་པའི་ངེས་ཤེས་སྐྱོང་ཚུལ་དེ་རྒྱལ་བ་གཉིས་པའི་བཞེད་པ་དམ་པའོ། །སྣང་ངོ་ན་ཅི་ཡང་མི་སྣང་བ་དང་། དགག་བྱ་མེད་པར་ལྷང་གིས་ངེས་པ་གཉིས་ལས། ཕྱི་མ་གཙོ་བོ་ཡིན་ཏེ། མི་སྣང་བ་ཙམ་གྱིས་མི་ཆོག་པར་རང་བཞིན་གྱིས་མེད་པར་བལྟ་དགོས་པའི་ཕྱིར་ཏེ། ཕུང་བོ་ལྔ་བོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་བར་རྣམ་པར་དག་པར་རྗེས་སུ་བལྟའོ། །”ཞེས་གསུངས་སོ། །ཞེས་བླ་མ་གོང་མ་ཚོས་གསུང་ཚུལ་བཀོད་ནས། རང་ལུགས་ལྟ་བུར། མི་སྣང་བ་ཙམ་གྱིས་མི་ཆོག་པར་རང་བཞིན་གྱིས་མེད་པར་བལྟ་དགོས་པར་ནན་ཏན་མཛད་དོ། །བཞེད་ཚུལ་འདི་དག་ནི། རྗེ་རིན་པོ་ཆེའི་ལྷག་མཐོང་ཆེན་མོ་ལས་གསུངས་པ་དང་མཐུན་པ་ཡིན་ཏེ། དེ་ཉིད་[51] ལས། “དེས་ན་ལྟ་བ་རྙེད་ཀྱང་སྐྱོང་བའི་ཚེ་ན་སྔར་གྱི་ལྟ་བས་གཏན་ལ་ཕབ་པའི་དོན་དྲན་པར་བྱས་ནས་སྟོང་པ་ཉིད་བསྒོམ་དགོས་ཀྱི། ཅིར་ཡང་མི་རྟོག་པའི་ཙོམ་འཇོག་ཙམ་ཞིག་བྱས་པས་སྟོང་ཉིད་བསྒོམ་པར་མི་འགྲོའོ། །འདིར་རང་གི་ལུགས་ཀྱི་ཅིར་ཡང་མི་རྟོག་པ་ཞེས་སྔར་ཞི་གནས་དང་སྐབས་འདི་དག་ཏུ་མང་དུ་འབྱུང་བ་ནི། འདི་ནི་འདིའོ་འདི་ནི་འདི་མིན་ནོ་ཞེས་མང་དུ་མི་དཔྱོད་པར་དམིགས་པ་ཞིག་བཟུང་ནས་གནས་པ་ལ་བྱེད་ཀྱི་རྟོག་བྲལ་དུ་འདོད་པ་མིན་ནོ། །”ཞེས་གསུངས་སོ།།
རྗེ་རིན་པོ་ཆེས་བོད་སྔ་མ་ཁ་ཅིག་གིས་འདོད་པའི་སྟོང་ཉིད་སྒོམ་ཚུལ་ཐད་ལོག་རྟོག་འགོག་ཚུལ།
རྗེ་རིན་པོ་ཆེའི་ལྷག་མཐོང་ཆེན་མོའི་ནང་། [52] འདིའི་ཐད་གཞན་ལུགས་དགག་ཚུལ་བཞི་གསུངས་ཤིང་། དེ་ལ་གཞན་ལུགས་བཞི་ལས། དང་པོ་ནི། “ཁ་ཅིག་ན་རེ། བདག་མེད་པར་རྟོགས་པའི་ལྟ་བ་གང་ཡང་མ་རྙེད་ཀྱང་སེམས་ཅིར་ཡང་མི་རྟོག་པར་བཟུང་ན། དེས་ཡིན་ལུགས་ཀྱི་དོན་བསྒོམས་པར་འགྱུར་བ་ཡིན་ཏེ། ཡིན་ལུགས་སྟོང་པ་ཉིད་དེ་འདི་ཡིན་འདི་མ་ཡིན་གྱི་ངོས་བཟུང་ཐམས་ཅད་དང་བྲལ་བ་ཡིན་པས། དེ་ལྟར་འཇོག་པའི་ཚུལ་དེ་གནས་ལུགས་དང་མཐུན་པར་ཞུགས་པ་ཡིན་པའི་ཕྱིར་ཏེ། ཡུལ་ཅིར་ཡང་མ་གྲུབ་པ་ལ་བློས་ཀྱང་ཅིར་ཡང་མི་འཛིན་པའི་ཕྱིར་རོ། །ཞེས་སྨྲའོ། །”[53]
འདི་འགོག་བྱེད་ཀྱི་རིགས་པ་རྣམས་ཀྱི་དོན་བསྡུ་ན། དེ་ཉིད་[54] ལས། “དེས་ན་ལྟ་བ་གཏན་ལ་འབེབས་པའི་ལུང་རིགས་རྣམས་ལ་སྦྱོང་བ་ནི་ཐ་སྙད་པའི་ཚིག་ཙམ་ལ་འབྱམས་པའོ་ཞེས་སྨྲའོ། །འདི་ནི་སངས་རྒྱས་ཀྱི་གསུང་རབ་དང་རྒྱན་དྲུག་ལ་སོགས་པའི་མཁས་པའི་གཞུང་ཐམས་ཅད་སྤོང་བའི་ལོག་རྟོག་གི་ཐ་ཆད་ཡིན་ཏེ། དེ་དག་གིས་ནི་རིགས་པ་དང་ལུང་གི་དོན་དེ་གཏན་ལ་འབེབས་པ་ཁོ་ན་མཛད་པའི་ཕྱིར་རོ། །
གཞན་ཡང་། བདག་གཉིས་སུ་མཚན་མར་བཟུང་བའི་བློས་ཇི་ལྟར་བཟུང་བ་དེ་ཇི་འདྲ་བ་ཞིག་ཡིན་པ་དེ་ལེགས་པར་དཔྱད་ནས་རྣམ་པར་དག་པའི་ལུང་རིགས་ཀྱིས། ཁོས་བཟུང་བ་ལྟར་མེད་པ་ལ་ངེས་པ་དྲངས་པའི་སྒོ་ནས་འཁྲུལ་བའི་བརྫུན་ཕུགས་རྡིབ་པ་ཞིག་དགོས་ཀྱི། དེ་འདྲ་བའི་ངེས་པ་ཅི་ཡང་མ་རྙེད་པར་སེམས་བཟུང་བ་ཙམ་ནི། དེའི་ཚེ་བདག་གཉིས་ཀྱི་ཡུལ་ལ་མི་འཕྲོ་བ་ཡིན་དུ་ཆུག་ཀྱང་དེ་ཙམ་གྱིས་བདག་མེད་པའི་དོན་རྟོགས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཉིད་འཐུག་པོ་ལོག་པ་དང་བརྒྱལ་བ་ལ་སོགས་པའི་ཚེ་ཡང་། དེ་དག་ལ་སེམས་འཕྲོ་བ་མེད་པས་དེ་དག་གིས་ཀྱང་བདག་མེད་རྟོགས་པར་ཧ་ཅང་ཐལ་བར་འགྱུར་རོ། །འདི་ནི་དཔེར་ན་མཚན་མོ་རྒྱུས་མེད་པའི་བྲག་ཕུག་ཏུ་སྲིན་པོ་ཡོད་དམ་མེད་སྙམ་དུ་འཇིགས་པ་ན། སྒྲོན་མེ་བཏེག་ནས་དེར་འདུག་མི་འདུག་ལེགས་པར་རྩད་བཅད་ནས་འཇིགས་པ་དེ་མི་སེལ་བར་སྲིན་པོ་ལ་རྟོག་པའི་རྟོག་པ་དེ་འཕྲོར་མ་འཇུག་པར་སེམས་ཟུངས་ཤིག་ཟེར་བ་དང་འདྲ་བ་ཡིན་ནོ།།”[55] ཞེས་དང། ཡང་། “དེས་ན། བདག་ཏུ་འཛིན་པའི་ཡུལ་རིགས་པས་སུན་ཕྱུང་བའི་ཡང་དག་པའི་ལྟ་བ་མ་རྙེད་པར་བདག་གཉིས་ལ་སོགས་པ་ལ་འཕྲོ་བའི་སེམས་མི་འཕྲོ་བར་བཟུང་བ་ཙམ་གྱིས་བདག་མེད་པའི་དོན་བསྒོམ་པར་འདོད་པ་དང་སོ་སོ་སྐྱེ་བོས་བདག་མེད་རྟོག་བྲལ་གྱི་ཤེས་པས་བསྒོམ་པར་འདོད་པ་ནི། ལུང་དང་རིགས་པའི་ལམ་ལས་ཆེས་ཆེར་འཁྱམས་པའོ། །”[56] ཞེས་གསུངས།
གཉིས་པ་ནི། “ཁ་ཅིག་ན་རེ། བདག་མེད་པའི་སྟོང་པ་ཉིད་ཀྱི་ལྟ་བ་མ་རྙེད་པར་ཅིར་ཡང་མི་རྟོག་པར་འཇོག་པ་ཙམ་ནི། སྟོང་ཉིད་བསྒོམ་པར་མི་རིགས་པ་ཁོ་བོ་ཅག་ཀྱང་འདོད་པས་སྔ་མ་མི་རིགས་མོད། འོན་ཀྱང་། བདག་མེད་པའི་ངེས་དོན་གྱི་ལྟ་བ་རྙེད་ཕྱིན་ཆད་གང་ཟག་དེས་མི་རྟོག་པར་བཞག་པ་ཐམས་ཅད་སྟོང་ཉིད་བསྒོམས་པ་ཡིན་ནོ་ཞེས་སྨྲའོ། །”[57]
འདི་བཀག་པའི་སྡོམ་ནི། “དེས་ན། ལྟ་བ་རྙེད་ཀྱང་སྐྱོང་བའི་ཚེ་ན་སྔར་གྱི་ལྟ་བས་གཏན་ལ་ཕབ་པའི་དོན་དྲན་པར་བྱས་ནས་སྟོང་པ་ཉིད་བསྒོམ་དགོས་ཀྱི། ཅིར་ཡང་མི་རྟོག་པའི་ཙོམ་འཇོག་ཙམ་ཞིག་བྱས་པས་སྟོང་ཉིད་བསྒོམ་པར་མི་འགྲོའོ། །འདིར་རང་གི་ལུགས་ཀྱི་ཅིར་ཡང་མི་རྟོག་པ་ཞེས་སྔར་ཞི་གནས་དང་སྐབས་འདི་དག་ཏུ་མང་དུ་འབྱུང་བ་ནི། འདི་ནི་འདིའོ་འདི་ནི་འདི་མིན་ནོ་ཞེས་མང་དུ་མི་དཔྱོད་པར་དམིགས་པ་ཞིག་བཟུང་ནས་གནས་པ་ལ་བྱེད་ཀྱི་རྟོག་བྲལ་དུ་འདོད་པ་མིན་ནོ། །” [58] ཞེས་གསུངས།
གསུམ་པ་ནི། “ཁ་ཅིག་ན་རེ། ལྟ་བ་མ་རྙེད་པའི་མི་རྟོག་པར་འཇོག་པ་སྟོང་ཉིད་སྒོམ་པར་བྱེད་པའི་དང་པོ་ཡང་མི་འདོད་ལ། ལྟ་བ་རྙེད་ནས་མི་རྟོག་པར་གང་བཞག་ཀྱང་སྟོང་ཉིད་བསྒོམ་པར་མི་འདོད་ཀྱི། འོན་ཀྱང་། ཅིར་ཡང་མི་རྟོག་པར་སྐྱོང་རེས་ཀྱིས་དེའི་སྔོན་རོལ་ཏུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ཚར་གཅིག་བཏང་ན་དེའི་འོག་ཏུ་མི་རྟོག་པར་གང་བཞག་ཐམས་ཅད་སྟོང་ཉིད་ཀྱི་དོན་བསྒོམས་པར་འགྱུར་རོ་ཞེས་སྨྲའོ། །”[59]
འདི་བཀག་པའི་སྡོམ་ནི། “དེས་ན། ལྟ་བའི་དཔྱད་པ་བྱས་ནས་རང་བཞིན་མེད་པར་གཏན་ལ་ཕབ་པའི་དོན་ལ་བཞག་པ་ཡིན་ཀྱང༌། དེ་ནས་ཅུང་ཟད་སོང་བ་ན་ལྟ་ཐོག་ཏུ་བཞག་པ་ཤོར་ནས་སྤྱིར་བློ་ཅི་ལ་ཡང་མི་རྟོག་པར་གནས་པ་ནི། སྟོང་པ་ཉིད་ཀྱི་སྒོམ་མ་ཡིན་པས་རྟོག་པ་སྦྱང་བར་བྱས་ཏེ། ལྟ་ཐོག་ཏུ་གནས་མི་གནས་བྱ་ར་ཐུ་རེ་བྱས་ནས་སྐྱོང་དགོས་སོ། །” [60] ཞེས་གསུངས།
བཞི་པ་ནི། “ཁ་ཅིག་ན་རེ། དེ་ལྟར་སྔ་མ་གསུམ་མི་འདོད་ཀྱི། སྟོང་ཉིད་བསྒོམ་པའི་ཚེ་སྟོང་ཉིད་ལ་ངེས་པ་དྲངས་ཏེ། དེ་ནས་དེའི་དོན་དེ་ལ་སེམས་བཟུང་ནས་དེ་ལས་གཞན་དུ་མི་དཔྱོད་པར་འཇོག་པ་ནི། སྟོང་ཉིད་ཕྱིན་ཅི་མ་ལོག་པར་བསྒོམ་པ་ཡིན་ཏེ། ལུགས་དང་པོ་ལྟར་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའང་མེད་ལ། ལུགས་གཉིས་པ་ལྟར་མི་རྟོག་པར་སྐྱོང་བའི་ཚེ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་མི་བྱེད་པ་ཡང་མིན་ཞིང༌། ལུགས་གསུམ་པ་ལྟར་ལྟ་བའི་དཔྱད་པ་སྔོན་དུ་བཏང་ཡང་དེ་ནས་ལྟ་ཐོག་ཏུ་མི་གནས་པའི་མི་རྟོག་པ་ཡང་མིན་པའི་ཕྱིར་རོ། །ཞེས་སྨྲ་བའོ། །” [61] འདི་བཀག་པའི་སྡོམ་ནི། དེ་ཉིད་[62] ལས། “རང་གི་ལུགས་ནི། བདག་མེད་པའི་ངེས་དོན་གྱི་ལྟ་བ་མ་རྙེད་ན། དེའི་རྒྱུད་ཀྱི་སྒོམ་ཐམས་ཅད་བདག་མེད་ལ་བློ་ཁ་མ་ཕྱོགས་པར་འགྱུར་བས་བདག་མེད་པའི་ལྟ་བ་རྙེད་པ་ཞིག་དགོས། དེ་ཡང་། གོ་བ་ཙམ་ཡོད་པས་མི་ཆོག་པས་སྐྱོང་བའི་ཚེ་ལྟ་བ་དྲན་ནས་དཔྱོད་པ་དང་དཔྱད་པའི་དོན་དེ་ཉིད་ལ་བསྒོམ་པ་ཞིག་དགོས་ལ། དེ་ལ་ནི་བདག་མེད་པའི་དོན་ལ་མི་དཔྱོད་པར་འཇོག་པ་དང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྒོམ་པ་གཉིས་ཀ་དགོས་ཀྱི། ཕྱོགས་རེ་བས་མི་ཆོག་གོ །” ཞེས་འཇོག་སྒོམ་དང་དཔྱད་སྒོམ་གཉིས་ཀ་དགོས་པའི་རྒྱུ་མཚན་དང་། དེ་ལ་རྩོད་པ་སྤང་བ། སྐྱོང་ཚུལ་གྱི་གནད་རྣམས་ཀྱང་དེར་ཞིབ་ཏུ་གསུངས་པ་ལས་ཤེས་པར་བྱའོ།།
མཁས་གྲུབ་རིན་པོ་ཆེས་སྟོང་ཉིད་མེད་དགག་གི་སྒོམ་ཚུལ་ནན་པོ་གསུངས་པ།
མཁས་གྲུབ་རིན་པོ་ཆེས། སྟོང་ཉིད་སྒོམ་པའི་གོ་རིམ་དང་། སྒོམ་པའི་ཚེ་ན། དགག་བྱ་བཀག་པའི་མེད་དགག་འཛིན་སྟངས་ཀྱི་ཡུལ་དུ་སྦྱོར་དགོས་པ། སྣང་ངོ་དང་ངེས་ངོའི་ཁྱད་པར་སོགས་འདི་ལྟར་གསུངས་ཏེ། དབུ་མའི་ལྟ་ཁྲིད་མུན་སེལ་སྒྲོན་མེ་[63] ལས། “མདོ་ལས་ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་ལྟར་ཀུན་ལ་བློས་སྦྱར་བྱ། །ཞེས་གསུངས་པ་སོགས་དང་། ཐོག་མར་ད་ལྟ་རྒྱུད་ལ་སྐྱེ་སླ་ཞིང་དེ་ནས་ཆོས་གཞན་ལའང་ཁ་འཕོས་པས་སྐྱེ་སླ་བའི་དགོས་པ་སོགས་རྒྱུ་མཚན་དུ་མས་ཐོག་མར་གང་ཟག་གི་བདག་མེད་དང་། དེ་ནས་ཆོས་ཀྱི་བདག་མེད་བསྒོམ་པའི་གོ་རིམ་ལྷག་མཐོང་གཉིས་སུ་གསུངས་པ་ལྟར། ངེས་པ་བསྐྱེད་ནས་གོ་རིམ་དེ་ལྟར་སྒོམ་དགོས་ཀྱི་གོ་རིམ་གྱི་བརྡ་ཙམ་ཡང་མེད་པའི་གང་བྱུང་བྱུང་ནས་སྐྱོང་བ་ལ་གསུང་རབ་དང་མཐུན་པའི་མྱོང་བ་ཤིན་ཏུ་དཀའ། དེ་ལ་ཐོག་མར་རྗེ་ཉིད་ཀྱིས་དྲང་ངེས་རྣམ་འབྱེད་དང་། རྩ་འཇུག་སོགས་ཀྱི་རྣམ་བཤད་གཉིས་དང་། ལྷག་མཐོང་ཆེན་མོ་སོགས་ཐམས་ཅད་དུ་དགག་པའི་རྣམ་གཞག་ཡང་ཡང་མཛད་པ་ནི། ད་ལྟའི་ཀློག་པ་པོ་དག་གིས་བསྡུས་པ་ཚིག་ཙམ་གྱིས་དགག་སྒྲུབ་བགྱི་བ་ལ་ཉེ་བར་མཁོ་བའི་ཆེད་དུ་མ་ཡིན་གྱི། དོན་དམ་དཔྱོད་བྱེད་ཀྱི་རྩ་བའི་རྟགས་ཀྱི་བསྒྲུབ་བྱ་དང་། རྟགས་དེ་ལ་བརྟེན་པའི་རིག་ཤེས་རྗེས་དཔག་གི་དངོས་སུ་རྙེད་པའི་གཞལ་བྱ་དང་། རྗེས་དཔག་དེའི་རྒྱུན་གོམས་པར་བྱས་པའི་སྒོ་ནས་ལྟ་བ་སྐྱོང་བའི་ངེས་ཤེས་ཀྱི་འཛིན་སྟངས་ཀྱི་ཡུལ་དུ་སོང་བ་དང་། ངེས་ཤེས་དེ་ཉིད་ཀྱི་རྒྱུན་གོམས་པར་བྱས་པ་ལས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་ཡེ་ཤེས་སྐྱེས་པའི་གཞལ་བྱར་སོང་བའི་དོན་རྣམས་ནི་མེད་དགག་ཡིན་པར་ཤེས་པའི་དོན་དུ་གསུངས་པ་ཡིན་ཏེ། རང་བཞིན་གྱིས་གྲུབ་པ་བཅད་ཙམ་མ་གཏོགས་ཆོས་གཞན་བློ་ཡུལ་དུ་འཕངས་པའི་མ་ཡིན་དགག་ཀུན་རྫོབ་ཡིན་པས། རིག་ཤེས་ཀྱི་རྙེད་དོན་གྱི་དོན་དུ་འོངས་ས་མེད་པར་ཤེས་པར་བྱ་བ་དང་། མེད་དགག་བློ་ངོར་དགག་བྱ་བཅད་ནས་ཆོས་གཞན་མ་འཕངས་པ་ཙམ་ལ་འཇོག་མི་ཤེས་པར། སྟོང་ཉིད་མེད་དགག་ཡིན་ན་ཆད་སྟོང་དུ་འགྱུར་བས་སྟོང་ཉིད་བསྒོམ་པའི་ཚེ་ཅི་ཡང་ཡིད་ལ་མི་བྱེད་པར་སྨྲ་བ་དགག་པའི་ཆེད་དང་། ལྟ་བ་སྐྱོང་བའི་ཚེ་ཡང་མ་ཡིན་དགག་བསྒོམ་པའི་གོལ་ས་གཅོད་པའི་དོན་དང་བློ་ཡུལ་དུ་འཆར་ཚུལ་ལ་མི་ལྟ་བར་ཚིག་ཙམ་ལ་འཆོལ་ནས། དོན་དམ་བདེན་པ་དོན་དམ་བདེན་པ་མིན། ཆོས་ཉིད་ཆོས་ཉིད་མིན་ཞེས་སྨྲ་བ་སོགས་ཀྱི་ལོག་རྟོག་དགག་པའི་ཆེད་དུའོ། །
དེས་ན་ད་ལྟ་སྣང་ངོའི་གཉིས་སྣང་རགས་པ་མ་ལོག་ཀྱང་ངེས་ངོར་ཀུན་རྫོབ་ཀྱི་སྣང་ཆ་ལོག་པའི་ངེས་ཤེས་ཀྱི་རྒྱུན་སྐྱོང་ཚུལ་ལེགས་པར་ཤེས་ནས་བསྐྱངས་པས། ངེས་ངོའི་སྟོང་ཉིད་ལ་གསལ་སྣང་ཆེར་སོང་བ་ཙམ་གྱིས་སྣང་ངོའི་གཉིས་སྣང་ཇེ་ཕྲར་སོང་སྟེ། མཐར་སྣང་ངོར་གཉིས་སྣང་ཕྲ་མོའང་ལོག་པ་དང་། ངེས་ངོའི་སྟོང་ཉིད་དང་ཡུལ་ཅན་གྱི་བློ་ཆུ་ལ་ཆུ་བཞག་པ་བཞིན་དུ་འགྱུར་བ་ཡིན་གྱི། ད་ལྟ་ངེས་ངོར་ཡང་མ་ཡིན་དགག་ཀུན་རྫོབ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་བསྐྱངས་པས། དེ་གོམས་སྟོབས་ཀྱིས་གསལ་སྣང་ཇེ་ཆེར་སོང་བས་གཉིས་སྣང་གི་སྤྲོས་པ་ཇེ་ཆུང་དུ་འགྲོ་ན་ནི། ཡུལ་ཀུན་རྫོབ་ལ་གསལ་སྣང་ཇེ་ཆེར་སོང་བས། ཀུན་རྫོབ་ཀྱི་སྣང་བ་ཇེ་ཆུང་དུ་འགྱུར་བ་སོགས་ལས། རྒྱུ་འབྲས་ཀྱི་འགྲེལ་པ་ཡ་མཚན་ཆེ་བ་བླུན་པོ་སུ་ཞིག་གིས་ཤེས་པར་འགྱུར། དེ་བས་ན་བཤད་པ་བྱེད་པའི་ཚེ། གོང་དུ་བཤད་པའི་དགག་པའི་རྣམ་གཞག་རྗེའི་རྣམ་གཞག་རིམ་པ་ལས་འབྱུང་བ་དེ་དག་འགྲིག་འགྲིག་སྨྲ་ཤེས་ཀྱང་ལྟ་བ་སྐྱོང་བའི་ལུགས་སུ་བྱས་པ་ན། དེ་དག་མི་དྲན་ན་ཁ་བཤད་དང་ཉམས་ལེན་སོ་སོར་སོང་བའི་རྟགས་ཡང་དག་ཏུ་ཤེས་པར་གྱིས་ཤིག །
ད་ལྟ་ནས་གང་ཟག་དང་ཆོས་ཀྱི་བདག་མེད་བསྒོམ་པ་གང་ལ་ཡང་མཉམ་གཞག་ཏུ་དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་དགག་ངེས་ཡུལ་དུ་བྱས་པ་ནམ་མཁའ་ལྟ་བུའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དང་། དེ་ལས་ལངས་པའི་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་རྣལ་འབྱོར་ཡིད་ལ་བྱེད་ཚུལ་ལེགས་པར་ཤེས་ནས་བསྒོམ་པ་དགོས་ཤིང་། ནམ་མཁའ་ལྟ་བུ་ཞེས་པ་ནི། ནམ་མཁའ་ལ་མཐའ་དབུས་ཀྱི་དབྱེ་བ་གང་ཡང་གཟུང་དུ་མེད་པ་ལྟར། བློས་གང་དུ་མི་འཛིན་པ་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ལ། གཞན་དག་འདོད་པ་ལྟར་མ་ཡིན་གྱི། ནམ་མཁའ་ལ་ཐོགས་པའི་རེག་བྱ་བཅད་ཙམ་དུ་གནས་པ་དང་མཚུངས་པར་ལྡན་པ་རང་བཞིན་གྱིས་གྲུབ་པ་བཅད་ཙམ་དུ་གནས་པའི་ཆོས་ཉིད། ངེས་ཡུལ་དུ་བྱས་ནས་བསྒོམ་པའི་དོན་དུ་བདག་གི་བླ་མ་བཞེད་དོ། །དེ་ལ་ཡང་རིགས་པ་ལ་བློ་ཁ་ཕྱོགས་པ་ལ་བདག་མེད་རིགས་པའི་ལམ་ནས་ངེས་པ་སྐྱེ་བའི་རྒྱུན་སྐྱོང་ཚུལ་དང་། ཟབ་མོ་སྟོང་པ་ཉིད་ལ་མོས་པ་ཙམ་ཡོད་ཀྱང་ཐབས་གང་གིས་ཀྱང་ད་ལྟ་རིགས་ལམ་དུ་འཇུག་མི་ནུས་པའི་དབང་པོ་རྟུལ་བོ་ལ་མཐའ་གཉིས་སུ་མི་འཛིན་པར་རང་བཞིན་མེད་པའི་དམ་བཅའི་དོན་འཛིན་སྟངས་ཀྱི་ཡུལ་དུ་དཔྱོད་པའི་ཡིད་དཔྱོད་གོམས་སུ་འཇུག་པའི་སྒོ་ནས་སྟོང་ཉིད་ལ་བག་ཆགས་འཇོག་པ་སོགས་ཀྱི་དགོས་པ་སྒྲུབ་པ་ལྷུར་ལེན་པའི་འཁྲིད་ཚུལ་སོ་སོར་ཤེས་པ་དང་། སྟོང་ཉིད་བསྟན་པའི་སྣོད་དུ་རུང་མི་རུང་བརྟགས་ནས་འཁྲིད་པ་སོགས་ཀྱི་རྣམ་གཞག་ལེགས་པར་ཆགས་ནས་འཁྲིད་པ་དགོས་སོ། །དེ་ཡང་། བདག་མེད་རིགས་པས་ངེས་པའི་ངེས་ཤེས་སྐྱོང་རྒྱུ་མེད་ན་ཡིད་དཔྱོད་ཙམ་གྱིས་སྒྲོ་འདོགས་གཅོད་མི་ནུས་སོ། །
བོད་ཀྱི་བསམ་གཏན་པ་མང་པོ་ཞིག་གི་གཏམ་ལས། རིགས་པས་ལྟ་བ་བཙལ་མི་དགོས་ཀྱི། ཆོས་གང་ལ་ཡང་འདི་ཡིན་འདི་མིན་སོགས་གང་གི་ཡང་ངོས་བཟུང་བྱ་ས་མེད་པ་དེ་གནས་ལུགས་ཀྱི་གཤིས་ཡིན་པས། དེ་ལ་སེམས་ཀྱིས་ཀྱང་འདི་ཡིན་འདི་མིན་སོགས་གང་དུའང་མི་འཛིན་པར་འཇོག་པ་དེ་གནས་ལུགས་དང་མཐུན་པར་འཇོག་པ་ཡིན་པའི་ཕྱིར་ན་ཡུལ་ཅིར་ཡང་མ་གྲུབ་པ་ལ་བློས་ཀྱང་ཅིར་ཡང་མི་འཛིན་པར་གང་དུའང་ཡིད་ལ་མི་བྱེད་པའི་ངང་ལ་འཇོག་པ་ནི་གནས་ལུགས་བསྒོམ་པ་ཡིན་ནོ་ཞེས་ཟེར་རོ། །
ཡུལ་ཅིར་ཡང་མ་གྲུབ་པ་ཞེས་པ་འདི་ཡིན་འདི་མིན་གང་དུའང་གཟུང་བྱར་མ་གྲུབ་པ་ལ་འདོད་པར་འདུག་པས། ཆད་ལྟ་ཆེན་པོ་བླ་ན་མེད་པ་དེ་ནི་སྐུར་འདེབས་མཐར་ཐུག་པ་ཡིན་གྱི་དེ་ལྟར་འཛིན་པ་ནི། གནས་ལུགས་ཀྱི་ལྟ་བ་མིན་ལ་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ནི། རྒྱ་ནག་ཧྭ་ཤང་གི་སྒོམ་ལུགས་སོར་བཞག་ཡིན་གྱི་གནས་ལུགས་བསྒོམ་པའི་དོན་མེད་ཅིང་། ཁྱེད་རང་གནས་ལུགས་སུ་འདོད་པའི་ཡུལ་ཅིར་ཡང་མ་གྲུབ་པ་དེ་གང་དུའང་མ་གྲུབ་པའི་རྒྱུ་མཚན་ལ་བརྟེན་ནས་ངེས་པ་ལྟ་བ་སྐྱོང་བའི་སྔོན་དུ་འགྲོ་དགོས་ན། ལྟ་བ་སྐྱོང་བའི་སྔོན་དུ་ལྟ་བ་རིག་པས་ངེས་མི་དགོས་པ་འགལ་ལ། ཡུལ་ཅིར་ཡང་མ་གྲུབ་པ་མ་ངེས་ཀྱང་ཅི་ཡང་ཡིད་ལ་མ་བྱས་པ་ཙམ་གྱིས་གནས་ལུགས་བསྒོམས་པར་འགྱུར་ན་གཉིད་འཐུག་པོ་ལོག་པ་དང་བརྒྱལ་བ་ལ་སོགས་པའི་ཚེའང་གནས་ལུགས་བསྒོམ་པར་ཧ་ཅང་ཐལ་ལོ། །
ཧྭ་ཤང་སྤྱོད་ཕྱོགས་ཀྱི་ཐབས་ཀྱི་ཆ་ལ་སྐུར་བ་འདེབས་ལ་ཁོ་བོ་ཅག་ཐབས་ཀྱི་ཆ་ལའང་སློབ་པས་ཁྱད་པར་ཡོད་དོ་ཞེས་སྨྲས་པས་ནི་ལྟ་སྒོམ་ཁྱད་མེད་པ་གསལ་བར་ཁས་བླངས་ཏེ། གཞན་དུ་ན་ལྟ་སྒོམ་ལའང་ཁྱད་པར་འདི་ལྟ་བུ་ཡོད་དོ་ཞེས་སྨྲ་རྒྱུ་དགོས་པ་ལ་མི་འདུག་པའི་ཕྱིར་རོ། །ཡང་ཁ་ཅིག་ལྟ་བ་རིགས་པས་གཏན་ལ་ཕབ་པའི་སྒོ་ནས་ལྟ་བ་རྙེད་པ་དགོས་ཀྱང་། དེ་ལྟར་ལྟ་བ་རྙེད་ཕྱིན་ཆད་གང་ཟག་དེས་ཅིར་ཡང་མི་རྟོག་པར་བཞག་པ་ཉིད་ཀྱིས་ལྟ་བ་སྐྱོང་བ་དང་གནས་ལུགས་བསྒོམ་པར་འགྱུར་རོ་ཞེས་འདོད་པའང་གང་ཟག་དེས་ལྟ་བ་རྙེད་ཕྱིན་ཆད་གཉིད་འཐུག་པོ་ལོག་པ་དང་ཞི་གནས་རྐྱང་བ་བསྒོམ་པ་སོགས་ཐམས་ཅད་གནས་ལུགས་བསྒོམ་པར་ཧ་ཅང་ཐལ་བ་སོགས་གནོད་པ་དུ་མ་ཡོད་དོ། །
ཡང་། ཁ་ཅིག་མི་རྟོག་པ་བསྒོམ་རེས་ཀྱིས་སྔོན་དུ་སོ་སོར་རྟོག་པའི་དཔྱད་པ་ཚར་རེ་བྱས་ནས། དེའི་རྗེས་སུ་མི་རྟོག་པར་གང་བཞག་ཐམས་ཅད་སྟོང་ཉིད་བསྒོམས་པར་འགྱུར་རོ་ཞེས་ཟེར་བ་ལའང་གཉིད་ལོག་ཁར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ཚར་གཅིག་བྱས་ནས་དེའི་རྗེས་སུ་གཉིད་འཐུག་པོ་ལོག་པ་གནས་ལུགས་བསྒོམ་པར་ཐལ་བ་སོགས་ཧ་ཅང་ཐལ་བ་དུ་མ་ཡོད་མོད་ཀྱི་རྒྱས་པར་རྗེའི་གསུང་རབ་ལྷག་མཐོང་ཆེན་མོ་ལས་ཤེས་པར་བྱའོ། །ཡང་། གང་ཟག་ཇི་ལྟར་གྲུབ་བཙལ་བས་ཅུང་ཟད་ཀྱང་མ་གྲུབ་པར་ངེས་པ་སྐྱེས་སྐྱེས་ཀྱི་བར་དུ་དཔྱད། ངེས་པ་སྐྱེས་པ་དང་དེ་ཉིད་ལ་དྲན་པས་བཟུངས་ནས་སེམས་གཡོ་མེད་དུ་འཇོག་ཅེས་ཟེར་བ་དང་། སེམས་གང་དུ་གྲུབ་བཙལ་བས་གང་དུའང་མ་གྲུབ་པར་ངེས་པ་རྙེད་པ་ན་དེ་ཉིད་ལ་དྲན་པས་བཟུངས་ནས་གཡོ་མེད་དུ་འཇོག་ཅེས་ཟེར་བ་ནི་ལྷག་མཐོང་ཆེན་མོ་ལས་ཁ་ཅིག་ན་རེ་དེ་ལྟར་སྔ་མ་གསུམ་མི་འདོད་ཀྱི་སྟོང་ཉིད་བསྒོམ་པའི་ཚེ་སྟོང་ཉིད་ལ་ངེས་པ་དྲངས་ཏེ་དེ་ནས་དེའི་དོན་ལ་སེམས་བཟུངས་ནས་དེ་ལས་གཞན་དུ་མི་དཔྱོད་པར་འཇོག་པ་ནི་སྟོང་ཉིད་ཕྱིན་ཅི་མ་ལོག་པར་བསྒོམ་པ་ཡིན་ཏེ། ལུགས་དང་པོ་ལྟར་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པ་ཡང་མེད་ལ། ལུགས་གཉིས་པ་ལྟར་མི་རྟོག་པར་སྐྱོང་བའི་ཚེ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་མི་བྱེད་པའང་མིན་ཞིང་། ལུགས་གསུམ་པ་ལྟར་ལྟ་བའི་དཔྱད་པ་སྔོན་དུ་བཏང་ཡང་དེ་ནས་ལྟ་ཐོག་ཏུ་མི་གནས་པའི་མི་རྟོག་པ་ཡང་མིན་པའི་ཕྱིར་རོ་སྙམ་ན། འདི་ནི་ལྟ་བའི་དཔྱད་པ་བྱས་ཟེར་བའི་དོན་ལྟ་བ་དྲན་ཙམ་བྱས་ནས་ལྟ་ཐོག་ཏུ་འཇོག་སྒོམ་ཁོ་ན་བྱེད་པ་ལ་སྟོང་ཉིད་བསྒོམས་པར་འདོད་པ་ཡིན་པས་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ད་ལྟ་སྟོང་ཉིད་ལ་འཇོག་སྒོམ་བྱེད་པའི་ཞི་གནས་ཙམ་ཡོད་ཀྱི་དཔྱད་སྒོམ་ལྷག་མཐོང་གི་སྐྱོང་ཚུལ་མེད་པས། ཞེས་སོགས་གསུངས་པའི་ཕྱོགས་སྔ་མ་དེ་ཡིན་པས་རྗེའི་གསུང་གིས་དམིགས་ཕུག་ནས་བཀག་པའི་དགག་ཡུལ་གྱི་འདོད་པ་དེ་རྗེའི་བཞེད་པར་སྨྲ་བར་མི་བྱའོ། །
དེ་ཡང་། སྟོང་ཉིད་ངེས་པའི་ངེས་ཤེས་ལྷ་ངོས་ཀྱིས་སྐྱེས་པ་ཙམ་ན་དེའི་ངང་ལ་དཔྱད་པ་མི་བྱེད་པར་གཡོ་མེད་དུ་བཞག་པས་རིག་པ་ངར་དང་ལྡན་པའི་དང་སིང་ངེ་བ་ལ་རྟོག་པ་རིགས་མི་མཐུན་གཞན་གང་ཡང་མི་འཕྲོ་བར་ཡུན་རིང་ཐུང་ཅི་རིགས་སུ་གནས་པ་བྱུང་བ་ན་རིག་པ་ངར་དང་ལྡན་པའི་གསལ་ཆ་ཡོད་པ་དང་སྟོང་ཉིད་ལ་དམིགས་པའི་རྒྱུན་ཡིན་པ་ཙམ་ལ་སྟོང་ཉིད་ངེས་པའི་ངེས་ཤེས་ཀྱི་ཤུགས་མ་ཡལ་བར་འཁྲུལ་བའི་ནོར་བ་ཤིན་ཏུ་ཆེ་ཞིང་། རིག་པ་ངར་ཐོན་པའི་གསལ་ཆ་ཡོད་པ་ནི་ཞི་གནས་རྐྱང་བ་མཚན་ཉིད་པ་ལ་འབྱུང་བ་ལྟ་ཅི་སྨོས། བྱིང་བ་ཕྲ་མོ་ཡང་ཆོད་པའི་སེམས་གནས་ཐམས་ཅད་ལ་འབྱུང་ལ་རིགས་པས་དགག་བྱ་བཀག་པའི་སྟོང་ཉིད་ངེས་ཏེ་དེ་འདྲའི་སྟོང་ཉིད་ཀྱི་རྣམ་པ་ཤར་བའི་སྒོ་ནས་དམིགས་ཡུལ་དུ་བྱས་པའི་འཇོག་སྒོམ་ནི་ཞི་གནས་རྐྱང་བ་ལའང་ཡོད་པས་ལྟ་བའི་སྐྱོང་ལུགས་སུ་འགྲོ་བ་ནི་འཛིན་སྟངས་ཀྱི་སྐྱོང་ཚུལ་ལ་རག་ལས་པར་ལྷག་མཐོང་ཆེ་ཆུང་གཉིས་ལས་ཞིབ་པར་གསུངས་པ་ཤེས་དགོས་སོ། །
ད་ལྟ་ལྟ་བ་སྐྱོང་བའི་འཇོག་སྒོམ་ནི་ངེས་ཤེས་སྐྱེས་པའི་ངང་ལ་སེམས་དམིགས་པ་གཞན་ལ་ཡེངས་ཀྱིས་དོགས་པ་རང་རིག་པའི་ངར་ཤོར་དུ་དོགས་པ་དང་དམིགས་ཡུལ་མ་བརྗེད་ཙམ་གྱི་དྲན་ཤེས་བསྟེན་ནས་གཡོ་མེད་དུ་འཇོག་པ་ཙམ་མིན་པའི་འཇོག་ལུགས་ཁྱད་པར་བ་རང་དང་། དེ་ཡང་འཇོག་ཡུན་མི་རིང་བར་ཡང་ཡང་དཔྱོད་པ་དང་། ཐོག་མར་དཔྱོད་པ་དང་འཇོག་པའི་བར་བར་དུ་དཔྱོད་པའི་དཔྱོད་ཚུལ་གྱི་ཁྱད་པར་སོགས་ལེགས་པར་ཤེས་པ་ཞིག་གིས་བསྐྱང་དགོས་ཀྱི། དེ་ལྟ་མིན་པར་ངེས་ཤེས་ཀྱི་རྒྱུན་སྐྱོང་བར་རློམས་ཀྱང་རློམས་པ་ཙམ་དུ་ཟད་དོ། །
ངེས་ཤེས་ཀྱི་རྒྱུན་བསྐྱངས་པར་བསྒོམས་ནས། སྟོང་ཉིད་དམིགས་ཡུལ་དུ་བཞག་པ་མ་བརྗེད་ཀྱང་ངེས་ཤེས་བསྐྱངས་པའི་ལྟ་བ་སྐྱོང་ཚུལ་དུ་མ་སོང་བའི་མཚམས་དེ་རིག་དཀའ་བའི་ནོར་བ་ཡིན་གྱི། ངེས་ཤེས་སྐྱེས་པའི་ངང་ལ་བསྒོམས་ཀྱང་སྟོང་ཉིད་ལ་དམིགས་པའང་ཤོར་ནས། རྟོག་པ་གཞན་འཕྲོ་རྒྱུ་ཅིའང་མེད་པར་འདི་ཡིན་མེད་ལ། ཧད་དེ་ལས་པ་ནི་ཐོག་མར་ངེས་ཤེས་སྐྱེས་ཀྱང་དེའི་རྒྱུན་སྐྱོང་ལུགས་ཧྭ་ཤང་གི་སྒོམ་དུ་སོང་བ་ཁ་ནང་དུ་ཕྱོགས་ན་རིག་སླ་ལ། དེར་མ་ཟད་ལྟ་ཐོག་ཏུ་བཞག་པར་བསྒོམ་པའི་ཚེའང་ཡིད་ངོར་སྣང་བ་གཞན་གང་ཡང་མེད་པར་ནམ་མཁའ་དྭངས་པ་ལྟར་སྟོང་སང་ངེ་བ་ལ་སེམས་གསལ་ངར་དང་ལྡན་པའི་ཉམས་འཆར་ཚུལ་བྱུང་བའི་ནམ་མཁའ་སྟོང་སང་འདྲ་བའི་ཉམས་སྣང་དེ་ལ་སྟོང་ཉིད་རྟོགས་པར་འཁྲུལ་བའང་འབྱུང་སྟེ། འོན་ཀྱང་དེ་ནི་སྟོང་ཉིད་ཇི་ལྟ་བུ་ཞིག་ཡིན་པ་དང་། སྟོང་ཉིད་ངེས་པའི་ངེས་ངོ་དང་སྣང་ངོའི་ཁྱད་པར་སོགས་ཀྱི་གོ་བ་ཞིབ་པར་ཆགས་ནའང་འཁྲུལ་བ་དེ་ལྡོག་གོ །” ཞེས་གསུངས།
གུང་ཐང་བསྟན་པའི་སྒྲོན་མེས་སྟོང་ཉིད་མེད་དགག་གི་སྒོམ་ཚུལ་གསུངས་པ།
གུང་ཐང་བསྟན་པའི་སྒྲོན་མེས། (༡༧༦༢-༡༨༢༣) [64] “ཕལ་ཆེར་མེད་དགག་བྱས་ན་ཅང་མེད་དུ་གོ་སྟེ། སྤྲོས་བྲལ་ཞེས་པའི་མིང་སྙན་པོ་ལ་དགའ་ཞིང་། སྤྲོས་བྲལ་གྱི་དོན་ཡང་དགག་བྱའི་བདག་གི་སྤྲོས་པ་བཀག་ཙམ་ལ་བྱས་ན་མེད་དགག་དང་ཁྱད་མེད་དུ་འགྲོར་དོགས་ནས་རྣམ་རྟོག་གི་སྤྲོས་པ་ཡིད་ངོར་བཅད་ཙམ་གྱི་ཧད་དེ་བ་དེ་ལ་བཞག་པའི་དབང་གིས་འདམ་གྱི་ཕུར་པ་བཞིན་རང་ལུགས་སོ་མི་ཟིན་པ་ཁོ་ན་བྱུང་བ་ཡིན་ཏེ། རྩ་ཤེས་ཊཱིཀ་ཆེན་ལས། སྤྲོས་བྲལ་རྟོགས་སོ་བྱས་ན་ཤིན་ཏུ་རངས་ཤིང་དགའ་ལ། སྤྲོས་པ་མེད་པ་དགག་པ་འཇལ་ལོ་བྱས་ན་མི་བཟོད་པ་ནི། དགག་བྱ་རྣམ་པར་བཅད་ཙམ་ཞིག་མེད་དགག་གི་དོན་ཡིན་པ་མ་རྟོགས་པར་མེད་དགག་ཐམས་ཅད་རི་བོང་གི་རྭ་དང་འདྲ་བའི་ཅང་མེད་དུ་འདོད་པའི་བློ་སྐྱོན་ཡིན་ཏེ།” ཞེས་གསུངས་སོ། །
འདི་ནི་གནད་ཤིན་ཏུ་ཆེ་སྟེ། མཁས་གྲུབ་རྗེའི་ལྟ་ཁྲིད་ཆེན་མོ་ལས། རྗེ་ཉིད་ཀྱི་དྲང་ངེས་རྣམ་འབྱེད་དང་། རྩ་འཇུག་གི་རྣམ་བཤད་གཉིས་དང་། ལྷག་མཐོང་ཆེན་མོ་རྣམས་སུ་དགག་པའི་རྣམ་གཞག་ཡང་ཡང་མཛད་པ་ནི། ཞེས་པ་ནས། སྟོང་ཉིད་མེད་དགག་ཡིན་ན་ཆད་སྟོང་དུ་འགྱུར་བས། སྟོང་ཉིད་སྒོམ་པའི་ཚེ་ཅིའང་ཡིད་ལ་མི་བྱེད་པར་སྨྲ་བ་དགག་པའི་ཆེད་དང་། ལྟ་བ་སྐྱོང་བའི་ཚེའང་མ་ཡིན་དགག་བསྒོམ་པའི་གོལ་ས་གཅོད་པའི་དོན་དང་། བློ་ཡུལ་དུ་འཆར་ཚུལ་ལ་མི་ལྟ་བར་ཚིག་ཙམ་ལ་འཆེལ་ནས་དོན་དམ་བདེན་པ་དོན་དམ་བདེན་པ་མིན། ཆོས་ཉིད་ཆོས་ཉིད་མིན་ཞེས་སྨྲ་བ་སོགས་ཀྱི་ལོག་རྟོག་དགག་པའི་དོན་དུའོ། །ཞེས་གསུངས་པ་ལྟར་རོ། །ཞེས་པ་ནས། དེས་ན། འཕགས་པའི་མཉམ་གཞག་གི་འཛིན་སྟངས་ལ་དགག་བྱ་བཅད་ཙམ་གྱི་མེད་དགག་འོང་བར་བློ་འཚུབ་མི་དགོས་པར་མ་ཟད། རྗེ་བླ་མས་དེ་ལྟར་གསུངས་པ་འདི་མདོ་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། “ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་ཤེར་ཕྱིན་བསྒོམ་པའི་ཚེ་རང་བཞིན་མེད་པ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་དགོས་པར་གསུངས་ལ། ཡུལ་ཆོས་ཉིད་དེ་དངོས་པོ་གཞན་སྒྲུབ་པའི་ཆ་ནས་མི་འཇོག་པར་དགག་བྱ་བཀག་ཙམ་གྱི་ལྡོག་པ་ཁོ་ནས་འཇོག་དགོས་པས་མེད་དགག་ལས་མ་འདས་ཚུལ་ཡང་དགོངས་འགྲེལ་ལས། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་ཞེས་གསུངས་པའི་ཕྱིར་དང་། རྩ་ཤེས་སུ། འགག་པ་མེད་པ་སྐྱེ་མེད་པ། །”ཞེས་སོགས་ཀྱིས་དོན་དམ་པར་སྐྱེ་འགག་སོགས་བརྒྱད་མེད་པ་མཉམ་གཞག་གི་ཡུལ་དུ་གསུངས་ལ། བཞི་བརྒྱ་པའི་འགྲེལ་པར་ཡང་། “གང་ཞིག་ཞི་བའི་སྒོ་གཉིས་སུ་མེད་པ་དེ་ནི་བདག་མེད་པའོ། །གང་ཞིག་ལྟ་བ་ངན་པ་རྣམས་འཇིག་པར་བྱེད་པ་དེ་ནི་བདག་མེད་པའོ། །
གང་ཞིག་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་དེ་ནི་བདག་མེད་པའོ། །”ཞེས་བདག་མེད་པ་ཁོ་ན་གསལ་བར་གསུང་གི །མིང་ནས་སྨོས་ཐུབ་མི་ཐུབ་བྱས་ཏེ་གང་དུའང་མི་འཛིན་པའི་ཆམ་མེ་ཧད་དེ་ཐལ་ལེ་ཞེས་མ་གསུངས་སོ། །ཞེས་དང་། ལྟ་བ་སྐྱོང་བའི་སྒོམ་དངོས་གཞིའི་དུས་སྔར་བཙལ་བའི་ལྟ་བ་དེ་སྟོར་ནས་གཞན་ཞིག་བསྒོམ་པ་ནི། དཀྱུས་གཞན་དུ་བསྟན་ནས་རྟ་གཞན་དུ་བརྒྱུག་པ་ལྟར། ཐོས་བསམ་སྒོམ་གསུམ་འབྲེལ་མེད་དུ་སོང་བ་ཡིན་ཏེ། བེའུ་བུམ་སྔོན་པོ་ལས། ཁ་ཅིག་ཐོས་བསམ་དུས་ན་རིགས་པས། །རང་བཞིན་མེད་པར་གཏན་ལ་ཕབ་ལ། །སྒོམ་དུས་མི་རྟོག་འབའ་ཞིག་བསྒོམ་ཟེར། །དེ་ལྟ་ན་ནི་འབྲེལ་མེད་སྟོང་ཉིད། །ལོགས་སུ་བསྒོམས་ཕྱིར་གཉེན་པོར་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །
[65] “གུང་རུ་རྒྱན་བཟང་པས་ཀྱང་ཕྱོགས་སྔའི་འདོད་པ་དེ་རང་ལུགས་སུ་བྱས་སྣང་སྟེ། [66] ཁོང་གི་གསུང་ལས། དགག་བྱ་བཀག་ཤུལ་གྱི་འཛིན་སྟངས་སྦྱོར་བ་འདི་མཁས་གྲུབ་དགེ་ལེགས་པ་རང་གིས་རྩལ་བཤད་བྱས་པའི་ཁ་འཛིན་རི་བོ་དགེ་ལྡན་པ་ཡོངས་ཀྱིས་སྒྲོག་པར་སྣང་། རྗེ་རིན་པོ་ཆེ་དང་བླ་མ་རྗེ་བཙུན་རེད་མདའ་བ་གཉིས་དགག་བྱ་ངོས་འཛིན་ཕྲ་ཞིབ་དཔྱོད་ཚུལ་བག་ཙམ་རྩིང་ཞིབ་ལས། མཉམ་གཞག་སྐྱོང་ཚུལ་འདྲ། ཞེས་གསུངས་མོད་ཀྱང་། དེ་ནི་མཁས་གྲུབ་རྗེའི་རང་བཟོ་མ་ཡིན་པར་རྗེ་རང་གི་བཞེད་པ་ཡིན་པ་རྩ་ཤེས་ཊཱིཀ་ཆེན་སོགས་གསུང་རབ་རྣམས་ལ་བལྟས་པས་ཤེས་ཤིང་། ཁྱད་པར་དུ་ལྷག་མཐོང་ཆེན་མོ་[67] ལས། འདིར་གལ་ཆེ་བ་ནི་མ་རིག་པས་སྒྲོ་བཏགས་པའི་འཛིན་སྟངས་སུན་ཕྱུང་བའི་སྒོ་ནས་དེའི་ལྡོག་ཕྱོགས་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་ཀྱི་སྟེང་དུ་ངེས་པ་ཤུགས་དྲག་བསྐྱེད་ནས་སྟོང་ཉིད་སྒོམ་དགོས་པ་ཡིན་གྱི། བདག་འཛིན་དང་མ་རིག་པའི་འཛིན་སྟངས་སུན་མ་ཕྱུང་བར་སྟོང་ཉིད་ཟུར་བ་ཞིག་ལ་བྱས་ནས་བསྒོམས་ཀྱང་བདག་འཛིན་ལ་ཅིའང་མི་གནོད་པས། འདྲེ་ཤར་སྒོར་གནོད་པ་ལ་གླུད་ནུབ་སྒོར་གཏོང་བ་དང་འདྲའོ་ཞེས་གོང་མ་རྣམས་གསུངས་པ་མད་པར་སྣང་ངོ་། །”ཞེས་གསུངས་ཏེ། ལྟ་བ་དངོས་གཞིའི་དུས་བདག་མེད་ཀྱི་འཛིན་སྟངས་ཅན་དུ་བྱེད་དགོས་པ་པོ་ཏོ་བ་སོགས་བཀའ་གདམས་གོང་མ་རྣམས་དང་རྗེ་བླ་མ་དགོངས་པ་གཅིག་ཏུ་འབབ་པར་སྣང་ངོ་། །
ཡང་། གུང་ཐང་བསྟན་པའི་སྒྲོན་མེས། དགེ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟིན་བྲིས་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་ལས། “མདོ་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་སྟོན་པའི་ཤེར་མདོ་རྣམས་ཡིན་ཏེ། ལྟ་བའི་དབྱེ་བ་མཐའ་ཡས་པ་ཞིག་ཡོད་ཀྱང་། གནས་ལུགས་ཕྱག་རྒྱ་ཆེན་པོ་འདི་ལ་མ་བརྟེན་པར་ཐེག་པ་གསུམ་པོ་གང་གིས་ཀྱང་ཐར་པ་ཐོབ་མི་ནུས་པས་ཀླུ་སྒྲུབ་ཀྱིས་ཀྱང། ཉན་ཐོས་རང་སངས་རྒྱས་རྣམས་དང། །སངས་རྒྱས་རྣམས་ཀྱིས་ངེས་བསྟན་པའི། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །ཅེས་གསུངས་ལ་རྗེ་བླ་མས་ཀྱང་དགའ་ལྡན་བྱང་རྩེར་གུང་རུ་རྒྱལ་མཚན་བཟང་པོ་སོགས་ལ་ཕྱག་ཆེན་གྱི་ཁྲིད་དང། ཡོངས་གྲགས་དབུ་མའི་ལྟ་ཁྲིད་གཉིས་གནང་བས་སྒོམ་གསར་རྙིང་གི་ཐ་སྙད་ཀྱང་བྱུང་ལ། དོན་ལྟ་བ་ལ་ཕྲ་རགས་མེད་ཀྱང། བསྒོམ་པའི་ཚེ་སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་ཐོག་མར་བཙལ་ཏེ། དེའི་སྟེང་ནས་དོན་དམ་པའི་ངོ་བོ་བཙལ་ན་རྙེད་སླ་བས་སྒོམ་ཚུལ་གྱི་ཁྱད་ཙམ་ཞིག་ཡོད་པ་ཡིན་ནམ་སྙམ།” ཞེས་སྒོམ་གསར་རྙིང་གི་ཐ་སྙད་བྱུང་སྐོར་དང་། དོན་དམ་པའི་ངོ་བོ་འཚོལ་དཀའ་སླའི་ཁྱད་པར་ཙམ་ཡོད་པ་ཡིན་ནམ། ཞེས་གསུངས།
འབྲས་སྤུངས་མཁན་ཁྲི་སྒོ་མང་མཁན་ཟུར་བསྟན་པ་བསྟན་འཛིན་(༡༩༡༧-༢༠༠༧) གྱིས། [68] “དེ་ལ་གུང་རུ་རྒྱན་བཟང་པ་ནི། རྗེ་ཡི་ལུགས་འཛིན་གྱི་བུ་སློབ་གྲལ་ནས་མཁས་པ་དང་འཕྲིན་ལས་ཆེ་གྲས་སུ་གྲགས་ལ། ཁོང་གིས་རྗེ་ཡི་དྲུང་ནས་གསུང་རབ་ཀྱི་གདམས་པ་ཇི་སྙེད་དང་། ཁྱད་པར་དབུ་མའི་ལྟ་ཁྲིད་དང་། ཕྱག་ཆེན་གྱི་ཟབ་ཁྲིད་གཉིས་ཀ་གསན་སྐད་འདུག་ཀྱང་། གནས་ལུགས་མཐར་ཐུག་མ་ཡིན་དགག་ཏུ་བཞེད་པ་དང་། མཉམ་གཞག་དངོས་ལ་འཛིན་སྟངས་མི་སྦྱོར་བར་མཛད་སྐད་ལྟར་ན། རྗེ་གསུང་དང་དབུ་སེམས་ཀྱི་རྒྱ་གཞུང་ཆེན་པོ་གང་དང་ཡང་མི་མཐུན་པ་ཁོ་ནའོ། །
དེ་འདྲ་ལས་གཞན་རྗེས་འཇུག་མཚན་ཉིད་ཀྱི་གཞུང་བཤད་པ་རྣམས་གསུང་རབ་ཀྱི་དགོངས་པ་འགྲེལ་ཚུལ་ལ་རིགས་པའི་རྣམ་འགྱུར་གྱིས་གསུང་སྒྲོས་མི་མཐུན་པ་ཇི་ལྟར་འབྱུང་བ་ཡིག་ཆ་སོ་སོར་གསལ་བ་ལྟར་ལ། དེ་ལྟ་ནའང་མདོ་སྔགས་ཀྱི་ཟབ་གནད་གང་གི་སྐབས་སུ་ཡང་རྗེ་ཉིད་ཀྱིས་དག་ཐེར་རྨད་དུ་བྱུང་བར་མཛད་ཅིང་། བཀའ་མི་འགྱུར་བ་ཚད་མས་རྒྱས་བཏབ་པ་ལས་ནི་ནམ་ཡང་འདའ་བར་མ་བྱེད་ཅིང་། ཁྱད་པར་ལྟ་བསྒོམ་སྤྱོད་གསུམ་དང་བསྐྱེད་རྫོགས་འགངས་ཆེ་ཅི་འདྲ་ཞིག་ཡིན་རུང་དེ་དག་གི་གནད་ལ་ཡང་དག་པའི་ངེས་པ་འདྲོངས་དང་མ་འདྲོངས་བསྒོམས་མྱོང་ཐོན་དང་མ་ཐོན་ཅི་རིགས་སུ་ཡོད་པར་མངོན་པ་ལས་འཆད་པའི་བབས་ལ། རྗེས་འཇུག་གི་མཁས་གྲུབ་ཐམས་ཅད་དགོངས་དབྱངས་གཅིག་གྱུར་ལས་མི་མཐུན་པ་ཅུང་ཟད་ཅིག་མི་འབྱུང་བ་འདི་ནི། རི་བོ་དགེ་ལྡན་པ་རྣམས་ཀྱི་བསྟན་པའི་ཁྱད་ཆོས་ཤིག་ཏུ་སེམས་སོ། །
དེའི་ཕྱིར་མཁས་གྲུབ་རྗེས་རྗེ་ལ་བསྟོད་པ་དད་པའི་རོལ་མཚོ་ལས། མི་བཟད་དུས་མཐའ་འདིར་འོངས་ཚེ། །ཁྱེད་ཀྱིས་མ་བཟུང་དམ་ཆོས་ཀུན། །ཆུ་དང་བྲལ་བའི་པདྨོ་ནི། །བ་མོས་རེག་པ་ལྟ་བུར་གྱུར། །ཅེས་གསུངས་པ་རྣམ་བཅད་ཡོངས་གཅོད་ཀྱི་རང་བཞིན་བརྗོད་པ་ཁོ་ནར་སྣང་ངོ་། །
འགའ་ཤས་ཀྱིས་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་དང་། དེ་ཉིད་ཀྱི་སློབ་མ་བློ་གྲོས་རིན་ཆེན་སེངྒེ་གཉིས་ལྟ་བ་གཞན་སྟོང་དང་། བྱམས་ཆེན་ཆོས་རྗེ་ཤཀྱཱ་ཡེ་ཤེས་ཀྱི་ལྟ་བའང་ལུགས་གཞན་དུ་གནས་པ་ལྟར་སྒྲོགས་ཀྱང་། ཆོས་རྗེ་རྣམ་གཉིས་ནས་སྔ་རྩོམ་འགའ་ཞིག་དང་། མར་མི་སོགས་ལྟར་གཞན་ངོར་སྟབས་བསྟུན་གྱིས་བཤད་པ་གཞན་ཡང་ཡོད་སྲིད་ཀྱང་། རང་བཞེད་མཐར་ཐུག་ནི་རྗེ་ཡི་བཀའ་སྲོལ་ཁོ་ནར་མངོན་ཏེ། འཇམ་དབྱངས་ཆོས་རྗེས་ཆོས་སྡེ་ཆེན་པོ་འབྲས་སྤུངས་བཏབ་ནས་ཆོས་རྗེ་རང་ཉིད་ཀྱིས་འཆད་ཉན་དང་དར་རྒྱས་དེ་ཙམ་མཛད་ཅིང་། ཀུན་མཁྱེན་མུས་སྲད་པས་ཀྱང་སེར་བྱེས་བཏབ་ནས་དེ་བཞིན་དུ་བསྐྱངས་ཀྱང་རྣམ་གཉིས་ཀྱིས་གཞན་སྟོང་སྤེལ་བའི་སྒྲོས་ཙམ་ཡང་མ་གྲགས་པའི་ཕྱིར་དང་། གཞན་དུ་ན་རང་བཞེད་མཐར་ཐུག་གཞན་སྟོང་ཡིན་ཚེ། འབྲས་སྤུངས་དང་སེར་བྱེས་སུ་དེ་ཉིད་ཀྱི་བཤད་སྲོལ་ཅིའི་ཕྱིར་མི་འཛུག་སྟེ། དེ་ལ་སུས་ཀྱང་འགོག་ཏུ་མེད་པའི་ཕྱིར་ཏེ། དཔེར་ན། ཇོ་ནང་པ་བཞིན་ནོ། །
དེ་བཞིན་དུ་བྱམས་ཆེན་ཆོས་ཀྱི་རྗེས་སེ་རའི་ཆོས་སྡེ་བཏབ་སྟེ། རྗེ་ཡི་བཀའ་སྲོལ་གཙང་མར་འཛུགས་པ་ལས་བཤད་སྲོལ་གཞན་མ་བྱུང་ཞིང་། རྒྱ་ནག་ཏུ་གོང་མའི་དབུ་བླར་ཕེབས་ཏེ། འཕྲིན་ལས་ཤིན་ཏུ་རྒྱས་ཀྱང་རྗེ་ཡི་རིང་ལུགས་སྤེལ་བ་ཁོ་ན་ལས་གཞན་མི་སྣང་བས་གོང་གི་བརྗོད་གཏམ་དེ་འདྲ་ནི་མ་བརྟག་པ་ཁོ་ནའོ། །”ཞེས་གནས་ཚུལ་མང་པོ་ཞིག་ལ་བསྡོམས་བསྐྱོན་ཏེ། དེ་ལ་གུང་རུ་རྒྱན་བཟང་པ་ནི། རྗེ་ཡི་ལུགས་འཛིན་གྱི་བུ་སློབ་གྲལ་ནས་མཁས་པ་དང་འཕྲིན་ལས་ཆེ་གྲས་སུ་གྲགས་ལ། ཁོང་གིས་རྗེ་ཡི་དྲུང་ནས་གསུང་རབ་ཀྱི་གདམས་པ་ཇི་སྙེད་དང་། ཁྱད་པར་དབུ་མའི་ལྟ་ཁྲིད་དང་། ཕྱག་ཆེན་གྱི་ཟབ་ཁྲིད་གཉིས་ཀ་གསན་སྐད་འདུག་ཀྱང་། གནས་ལུགས་མཐར་ཐུག་མ་ཡིན་དགག་ཏུ་བཞེད་པ་དང་། མཉམ་གཞག་དངོས་ལ་འཛིན་སྟངས་མི་སྦྱོར་བར་མཛད་སྐད་ལྟར་ན། རྗེ་གསུང་དང་དབུ་སེམས་ཀྱི་རྒྱ་གཞུང་ཆེན་པོ་གང་དང་ཡང་མི་མཐུན་པ་ཁོ་ནའོ། །ཞེས་ཤུགས་ཆེན་པོ་གསུངས་འདུག་སྟེ། རྗེ་ཤེས་རབ་སེང་གེ་ནས་བརྒྱུད་པ་ཞིག་དང་། རྗེ་གུང་རུ་རྒྱན་བཟང་པ་ནས་བརྒྱུད་ཚུལ་གཉིས་ལ་སྒོམ་གསར་རྙིང་གི་ཐ་སྙད་ཅིག་འཐད་ཕྱིན་ཆད། ཡང་བསྐྱར་དགོངས་པ་བཞེས་དགོས་པ་ཞིག་ཆགས་འདུག །
གུང་ཐང་བསྟན་པའི་སྒྲོན་མེའི་གསུང་ལས་འབྱུང་བ་ལྟར། དགག་བྱ་བཀག་ཤུལ་གྱི་འཛིན་སྟངས་སྦྱོར་བ་འདི་མཁས་གྲུབ་དགེ་ལེགས་པ་རང་གིས་རྩལ་བཤད་བྱས་པའི་ཁ་འཛིན་རི་བོ་དགེ་ལྡན་པ་ཡོངས་ཀྱིས་སྒྲོག་པར་སྣང་། རྗེ་རིན་པོ་ཆེ་དང་བླ་མ་རྗེ་བཙུན་རེད་མདའ་བ་གཉིས་དགག་བྱ་ངོས་འཛིན་ཕྲ་ཞིབ་དཔྱོད་ཚུལ་བག་ཙམ་རྩིང་ཞིབ་ལས། མཉམ་གཞག་སྐྱོང་ཚུལ་འདྲ། ཞེས་པ་འདི་ཆོས་རྗེ་གུང་རུ་པའི་གསུང་ཡིན་ན། འདི་རྗེ་རིན་པོ་ཆེའི་སྐུ་ཚེ་སྟོད་ཀྱི་བརྩམས་ཆོས་སུ་འབྱུང་བའི་གསུང་དང་འདྲ་བོ་འདུག་སྟེ། རྟག་ཏུ་ངུའི་རྟོགས་བརྗོད་ལས། ཆོས་རྣམས་རྡུལ་ཙམ་དམིགས་པ་མེད་ན་ཡང་། །གཞན་ངོར་རྟེན་འབྲེལ་ཙམ་ཞིག་ཁས་ལེན་ལ། །ཞེས་དང་། དེ་བཞིན་དུ་ལེགས་བཤད་གསེར་ཕྲེང་ལས། [69] བདེན་དངོས་མེད་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་མ་ཡིན་དགག་མཉམ་གཞག་གི་དམིགས་པར་བཤད་ཅིང་། དེ་ཡང་། ཡུལ་ཡུལ་ཅན་ཐ་དད་པར་སྣང་བ་མིན་གྱི་མཉམ་གཞག་རང་རིག་གི་ཚུལ་གྱིས་ཉམས་སུ་མྱོང་བའི་སྣང་བ་རང་བཞིན་གྱིས་སྟོང་པ་ཡིན་ནོ། །ཞེས་དང་། དེ་ལྟར་ན་ཇི་ལྟ་བ་རྟོགས་པ་ན་མཉམ་གཞག་ན་ཆོས་རྣམས་ལ་འཛིན་པ་མཐའ་དག་ཉེ་བར་ཞི་བས་ཅིར་ཡང་མི་འཛིན་པ་ལ་འདོགས་པས་ས་བཅུ་གཅིག་མཉམ་གཞག་གི་ཆོས་ཉིད་རྟོགས་ཚུལ་ལ་ཁྱད་པར་མེད་ལ། ཞེས་དང་།
ཡང་། [70] མདོར་ན། གཤིས་ལུགས་དང༌། ཆོས་ཉིད་དང་རང་བཞིན་སྤྲོས་བྲལ་དོན་དམ་པའི་བདེན་པ་རྣམས་རྟོགས་ཞེས་པའི་དོན། ཡེ་ཤེས་ལ་འཛིན་པ་མཐའ་དག་ཉེ་བར་ཞི་བས་དེ་རྣམས་ལ་དམིགས་པའི་ཤེས་པ་མི་སྐྱེ་བ་ལ་བྱེད་ཀྱི། དངོས་སུ་ན་འགའ་ཞིག་འགའ་ཞིག་གིས་དམིགས་བྱ་དམིགས་བྱེད་དུ་བྱས་པ་མིན་ཏེ། དཔེར་ན། ཤེས་པ་ཡུལ་ཇི་འདྲ་བ་དེའི་རྣམ་པར་སྐྱེས་པ་ན་རང་དུས་ལ་ཡུལ་དེ་མེད་ཀྱང་དེ་རྟོགས་པར་འཇོག་པ་དང་འདྲ་བར། མཉམ་གཞག་གིས་ཆོས་ཉིད་མཐའ་གང་དུ་ཡང་མི་གནས་པ་དང་རྗེས་སུ་མཐུན་པར་མཐའ་གང་དུ་ཡང་མི་འཛིན་པ་ན། དེ་དང་དེ་རྟོགས་པར་ཐ་སྙད་བྱས་པ་སྟེ། དབུ་མ་ལ་འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་བསྟེན་ལས་དེ་ཡིས་དེ་ཉིད་རྟོགས་པར་བརྗོད་པ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཞེས་སོ། །ཞེས་གསུངས་པ་འདི། དེ་ཡང་། ལམ་རིམ་ཆུང་ངུ་ལས། ཆོས་རྣམས་ཡེ་གདོད་མ་ནས་དེ་ལྟར་སྟོང་པ་ལ་སྟོང་པར་ཤེས་པ་ཙམ་ཡིན་པས་བློས་བྱས་ཀྱི་སྟོང་པའང་མིན་ཞིང༌། ཤེས་བྱ་ཐམས་ཅད་དེ་ལྟར་འདོད་པས་ཉི་ཚེ་བའི་སྟོང་པའང་མིན་པས། དེ་བསྒོམས་པས་བདེན་འཛིན་གྱི་མངོན་ཞེན་མཐའ་དག་གི་གཉེན་པོར་ཡང་འགྲོའོ། །
ཟབ་མོའི་དོན་དེ་བློ་གང་གི་ཡང་ཡུལ་དུ་མི་རུང་བ་མིན་གྱི། ཡང་དག་པའི་ལྟ་བས་གཏན་ལ་ཕེབས་པ་དང༌། ཡང་དག་པའི་དོན་སྒོམ་པའི་སྒོམ་པས་ཡུལ་དུ་བྱེད་ནུས་པས། ལམ་དུས་སུ་ཉམས་སུ་ལེན་མི་ནུས་པ་དང༌། རིག་རྒྱུ་དང་རྟོགས་རྒྱུ་ཅི་ཡང་མེད་པའི་སྟོང་པ་ཡང་མིན་ནོ། །ཞེས་རྟོགས་རྒྱུ་དང་རིག་རྒྱུ་ཅི་ཡང་མེད་པའི་སྟོང་པ་ཡང་མིན་པ་དང་། ཉི་ཚེ་བའི་སྟོང་པ་དང་བློས་བྱས་ཀྱི་སྟོང་པ་ཡང་མིན་པར་ནན་ཏན་གསུངས་པ་ནི། ལེགས་བཤད་གསེར་ཕྲེང་གི་ཚིག་ཟིན་དང་མི་འདྲ་བའི་སྐུ་ཚེ་སྨད་ཀྱི་བཤད་པ་སྟེ། འདི་དག་ལ་གུང་བསྒྲིགས་ནས་ཕྲ་ཞིང་ཞིབ་པའི་བློས་ཡང་དང་ཡང་དུ་དཔྱད་ཅིང་མཁས་པ་རྣམས་ཀྱིས་རྗེ་བླ་མའི་གསུང་གི་ཟུར་རེ་རེ་ལ་ཡང་གོ་རིགས་མྱོང་གསུམ་གྱིས་འཛིན་མཚམས་འབྱེད་པ་ལྟར། རང་ཅག་རྣམས་ཀྱིས་ཀྱང་ཚུལ་དེ་ལྟ་བུ་ལ་བརྩོན་པ་གལ་ཆེའོ།།
མ་ཡིན་དགག་དང་མེད་དགག་གི་སྒོམ་ཚུལ་ཐད་སྔ་ཕྱིའི་མཁས་པ་རྣམས་བཞེད་ཚུལ་མི་འདྲ་བ།
བཀའ་དྲིན་ཟླ་མེད་ཕྱག་ན་པདྨོ་རྒྱལ་མཆོག་བཅུ་བཞི་པ་ཆེན་པོས། [71] “པཎ་ཆེན་ཐམས་ཅད་མཁྱེན་པས། སོ་སོར་མིང་འདོགས་མང་ན་ཡང་དེ་ཐམས་ཅད་དགོངས་པ་གཅིག་རེད་ཅེས་འཕྲལ་དུ་ཐག་བཅད་དེ་མི་གསུངས་པར། སོ་སོར་མིང་འདོགས་མང་པོ་ཡོད་ཅིང་། ཁྲིད་ཚུལ་མི་འདྲ་བ་ཡོད་པ་དང་། ཁྲིད་ཚུལ་མི་འདྲ་བའི་སྟེང་ནས་གོ་བ་ལེན་ཚུལ་ཕྲན་བུ་མི་འདྲ་བ་དང་། ཐ་སྙད་མི་འདྲ་བ་སྦྱར་བའི་ཚིག་གིས་དྲངས་པའི་རྟོག་པ་ལ་འཆར་ཚུལ་དེ་ཡང་ཕྲན་བུ་མི་འདྲ་བ་དེ་འདྲ་ཡོང་རྒྱུ་ཡོད་ཀྱང་། ཚིག་ཐད་ཀ་ཐད་ཀའི་གོ་བ་ཙམ་ལ་མི་འཇོག་པར། ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཞེས་ངེས་དོན་སྟོན་པའི་མདོ་བསྟན་བཅོས་ཀྱི་ལུང་དང་། གཞུང་གོང་འོག་གུང་བསྒྲིགས་ནས་དཔྱད་ཤེས་པའི་རིགས་པ་གཉིས་ལ་མཁས་ཤིང་། དེ་ཡང་། ཚིག་གིས་ཐག་ཆོད་པ་གཙོ་བོར་མི་བྱེད་པར་ནང་གི་ཉམས་མྱོང་དང་སྦྱར་ནས་གོ་རིགས་ཟུང་འབྲེལ་གྱི་སྟེང་ནས་དཔྱད་པ་བྱས་ཏེ། ལྟ་བའི་གོ་བ་ཆགས་པ་ཞིག་གིས་བལྟས་པ་ན། དེ་ཐམས་ཅད་དགོངས་པ་གཅིག་ཏུ་འབབ་པ་ཞིག་ཡོང་གི་རེད་ཅེས་ཁྱད་པར་གྱི་ཚིག་འགའ་ཞིག་གསུངས་འདུག །
ཁྱད་པར་དེ་དང་ལྡན་པའི་ཐོག་ནས་བསམ་བློ་བཏང་ན། དགོངས་པ་གཅིག་ཏུ་འབབ་ཀྱི་རེད་ཅེས་པཎ་ཆེན་ཐམས་ཅད་མཁྱེན་པས་ཞིབ་ཚགས་པོའི་སྟེང་ནས་གསུངས་འདུག །འདི་པཎ་ཆེན་རང་གིས་ངེས་དོན་གྱི་དགོངས་པ་སྒྲ་ཇི་བཞིན་པ་ཡིན་དགོས་ཤིང་། ངས་ཀྱང་དེ་པཎ་ཆེན་གྱི་དགོངས་པ་རང་བྱས་ནས་སྒྲ་ཇི་བཞིན་པ་ཡིན་སྙམ་པ་དྲན་གྱི་ཡོད། འདི་ལྟར་ཡིན་པའི་སྒྲུབ་བྱེད་ཏོག་ཙམ་བཤད་རྒྱུ་ཡོད།
ཕྱག་ཆེན་གྱི་ཁྲིད་ཡིག །དཔེར་ན། ཀེའུ་ཚང་གི་ཕྱག་ཆེན་ཁྲིད་ཡིག་འདི་ཧ་ཅང་ཡག་པོ་ཡོད་པ་དང་། ཁྲིད་ཀྱི་གསུང་བཤད་མང་པོ་ཞིག་དེའི་སྟེང་ནས་གནང་གི་ཡོད་པ་རེད་འདུག །དཔེར་ན། དྲན་པ་སྤྱིའི་སྐྱོང་ཚུལ་དང་། དྲན་པ་གསར་པས་སྐྱོང་ཚུལ། དྲན་པ་རྙིང་པས་སྐྱོང་ཚུལ། རན་འཚམས་ཀྱིས་སྐྱོང་ཚུལ་ཞེས་གསུངས་པ་རྣམས་ཀེའུ་ཚང་གི་ཕྱག་ཆེན་གྱི་ཁྲིད་ཡིག་ནང་ཐ་སྙད་འདི་སྦྱར་གནང་པ་མ་གཏོགས། ཨ་ཁུ་ཤེས་རབ་ཀྱི་ཁྲིད་ཡིག་དང་། གུང་ཐང་རིན་པོ་ཆེའི་ཟིན་བྲིས་ནང་ལ་ཡང་ཐ་སྙད་འདི་མེད་པར་མངོན། དེ་བཞིན་དུ་དངུལ་ཆུ་དྷརྨ་བྷ་དྲའི་གསུང་ཞིག་མཐོང་བར་འདིའི་ནང་ལ་ཡང་ཐ་སྙད་འདི་མེད་པ་ལྟ་བུར་འདུག །
དེས་ན། ཐ་སྙད་དེ་དག་ནི་ཀེའུ་ཚང་གི་ཁྲིད་ཡིག་གི་སྟེང་ནས་གཙོ་བོར་གསུང་གི་ཡོད་པར་མངོན། ཀེའུ་ཚང་གི་ཁྲིད་ཡིག་ནང་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་དེ་དྲང་དོན་ཡིན། སྒྲ་ཇི་བཞིན་པ་མ་ཡིན། པཎ་ཆེན་ཐམས་ཅད་མཁྱེན་པས་མ་གསུངས་ཀ་མེད་ཆགས་པ་མ་གཏོགས། ལྟ་བའི་དགོངས་པ་གཅིག་ཏུ་འབབ་ཤེས་ཀྱི་མ་རེད་ཅེས་ཟེར། དེའི་སྒྲུབ་བྱེད་དུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་སྐུ་འབུམ་ལ་ཕྱག་ཆེན་གྱི་ཁྲིད་གནང་པའི་སྐབས། ཀུ་རེའི་ཚུལ་དུ་ད་ལྟ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་བཞུགས་མེད་པ་མ་གཏོགས་བཞུགས་ཡོད་ན། ལྟ་བ་མ་ཡིན་དགག་ཏུ་འདོད་པ་དང་། མེད་དགག་ཏུ་འདོད་པ་གཉིས་དགོངས་པ་གཅིག་ཏུ་འབབ་ཚུལ་ཇི་ལྟར་ཡིན་ཞེས་བཀའ་འདྲི་ཞུ་དགོས་པར་འདུག་ཅེས་དེ་འདྲ་གསུང་སྲོལ་ཞིག་འདུག་པ་དེ་དྲངས་འདུག །
ང་རང་ཚོ་རིགས་གཅིག་གིས་པཎ་ཆེན་ཐམས་ཅད་མཁྱེན་པས་དཔྱད་ན་དགོངས་པ་གཅིག་ཏུ་འབབ་གསུངས་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པར་དགོས་པའི་དབང་གིས་མ་གསུངས་ཀ་མེད་ཆགས་པ་རེད་ཅེས་གསུང་སྲོལ་ཞིག་ཡོང་གི་འདུག །སྔོན་མ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་དང་བཀའ་མོལ་ཞིག་བྱུང་མྱོང་། ཁུ་ནུ་བླ་མ་རིན་པོ་ཆེས། ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །ཞེས་ཚིག་འདི་སྐྱོར་གནང་སྟེ་གཉིས་ཚོགས་གསུངས་འདུག་ཅེས་གསུངས། འདི་གནད་འགག་འདུག །དེ་ལྟར་ངེས་དོན་གྱི་ལུང་དང་རིགས་པ་ལ་བརྟེན་ནས་གཞུང་གོང་འོག་བསྒྲིགས་ཏེ། དགོངས་པ་དཔྱིས་ཕྱིན་པར་བཀྲལ་བའི་སྟེང་ནས་ཉམས་མྱོང་དང་སྦྱར་ཏེ། ལྟ་བའི་དཔྱད་པ་བྱེད་མཁན་ཞིག་གིས་དཔྱད་ན། དགོངས་པ་གཅིག་ཏུ་འབབ་ཐུབ་ཀྱི་རེད་ཅེས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་དེ་ལྟར་གསུངས། འདི་དངོས་གནས་ཡིན།” ཞེས་དང་། ཡང་། [72] “གོང་དུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ལྟ་བ་མ་ཡིན་དགག་ཏུ་འདོད་པ་དང་ལྟ་བ་མེད་དགག་ཏུ་འདོད་པ་གཉིས་གཅིག་ཏུ་ཡོང་ཤེས་ཀྱི་མ་རེད་ཅེས་གསུངས་པ་རེད་ཅེས་པ་འདི་ཡང་གནད་འགག་ཞིག་ཆགས་ཀྱི་ཡོད།
འདི་ལ་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ནང་དེ་འདྲ་ཞིག་ཐོན་ཏེ། དེ་ཡང་། རྣམ་ཐར་ཕྱི་མོ་བསྒྲུབས་ནས། ཁོང་སྐུ་ཚེ་སྨད་ལ་རི་བོ་རྩེ་ལྔར་ཕེབས་པའི་སྐབས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྣང་བ་གསལ་པོ་ཞིག་བྱུང་བའི་སྐབས་ཤིག་ལ། ཚད་མ་རྣམ་འགྲེལ་གྱི་དཀའ་གནད་སྙིང་དོན་རྣམས་དམིགས་བསལ་གྱི་དགོངས་པར་ཤར་ཏེ། འདི་ཡིག་ཐོག་ལ་བཀོད་བཞག་པ་དེའི་ནང་རྣམ་འགྲེལ་ལེའུ་དང་པོ་དང་། གཙོ་བོ་ལེའུ་གཉིས་པའི་ཚད་འབྲས་ཀྱི་རྣམ་གཞག་དང་། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཅེས་པ་དེ་གསུངས་ནས། དེའི་མཇུག་དེར། དེ་དག་གི་དོན་བསྒོམ་པའི་ཚེ། རང་གི་མྱོང་བ་ལ་བརྟེན་ནས་གཟུགས་ལ་སོགས་པ་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་ཀྱི་གཞིར་འདོགས་བྱེད་ཀྱི་རྟོག་པ་ལ་མ་ལྟོས་པར་ཡེ་མི་འཆར་བས། ཚུལ་འདི་ལ་དཔག་ནས་ཕྱི་རོལ་གྱི་སྣང་བ་ནང་ཤེས་པའི་རྫས་སུ་མཐའ་ཆོད་པ་དང་། ཞེས་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ཀྱིས་ཕྱི་རོལ་འགོག་པ་དེ་གསུངས་ཤིང་། དེ་ནས། ཤེས་པ་རང་ཉིད་གསལ་རིག་མྱོང་ཙམ་གྱི་ངོ་བོ་ཡན་གར་བར་འཆར་ལ། རིགས་པས་དགག་པའི་ངེས་ཤེས་ཀྱི་འཛིན་སྟངས་དགག་བྱ་བཀག་པའི་མེད་དགག་ལ་ཞུགས་པ་ཡིན་ཀྱང་། ལས་དང་པོ་པས་གསལ་རིག་གི་སྣང་ཆ་འགོག་མི་ནུས་པས་དེ་ག་ལ་མཉམ་པར་འཇོག་དགོས་ཞེས་གསུངས། གོ་སོང་ངམ།
ཚུལ་འདི་ལ་བསམས་ནས་ཕྱག་ཆེན་པ་གོང་མ་རྣམས་ཀྱིས་སྣང་བ་སེམས་སུ་ཐག་བཅད། སེམས་ཉིད་སྟོང་པར་ཐག་བཅད། སྣང་སྟོང་དབྱེར་མེད་དུ་ཐག་བཅད་ཅེས་སོགས་དང་། དེ་བཞིན་དུ་རྩེ་གཅིག་དང་སྒོམ་མེད་སོགས་རྣལ་འབྱོར་བཞིའི་ཐ་སྙད་བྱེད་པ་དང་། ཡང་། འགའ་ཞིག་གིས། གསལ་སྟོང་འཛིན་མེད་ཀྱི་ངང་ལ་མཉམ་པར་འཇོག་པ་ཡིན་ཟེར་བའི་ཐ་སྙད་བྱེད་པ་རྣམས་ཉམས་མྱོང་བརྡ་ཡིས་སྟོན་པའི་ལུགས་ཡིན་པས་གཞུང་དང་འགལ་སྐྱོན་ཡེ་མེད། ངས་ལུང་དྲངས་པའི་སྙིང་པོ་འདི་ཡིན་ཏེ། རིགས་པས་དགག་པའི་ངེས་ཤེས་ཀྱི་འཛིན་སྟངས་དགག་བྱ་བཀག་པའི་མེད་དགག་ལ་ཞུགས་པ་ཡིན་ཀྱང་། ཞེས་གསུངས་ཏེ། ངེས་ཤེས་ཀྱི་འཛིན་སྟངས་དགག་བྱ་བཀག་པའི་མེད་དགག་ལ་ཞུགས་པ་ཡིན་ཀྱང་། དེ་ལྟ་བུའི་འཛིན་སྟངས་ཅན་དེ་བློ་ཞིག་ལ་སླེབས་ཀྱི་ཡོད་པ་མ་གཏོགས་གཞན་མ་ཡིན་པར་བརྟེན། དགག་བྱ་བཀག་ཙམ་གྱི་མེད་དགག་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་ཐུ་རེར་འཛིན་མཁན་དེ་བློ་ཆགས་བསྡད་ཡོད།
ལས་དང་པོ་པས་གསལ་རིག་གི་སྣང་ཆ་འགོག་མི་ནུས་པས་དེ་ག་ལ་མཉམ་པར་འཇོག་དགོས་པར་གསུངས། འདིའི་གནད་དེ་རྗེ་རིན་པོ་ཆེས་རིམ་ལྔ་གདན་རྫོགས་ཀྱི་ནང་། རེ་ཞིག་སྟོང་ཉིད་མི་སྒོམ་པར་བདེ་བ་སྒོམ་པ། ཞེས་པ་ཞིག་ཡོང་གི་འདུག །དེ་ལྟ་བུའི་སྒོམ་རྒྱག་མཁན་གང་ཟག་དེ་སྟོང་ཉིད་རྟོགས་ཟིན་པའམ། ཡང་ན། སྟོང་པ་ཉིད་ལ་ཉམས་མྱོང་ཐོན་ཡོད་རུང་མེད་རུང་གོ་བ་ཕྱིན་ཅི་མ་ལོག་པར་ངེས་པ་ཞིག་གིས་ཕྱག་ཆེན་སྒོམ་ནའང་འདྲ། རྫོགས་ཆེན་སྒོམ་ནའང་འདྲ། འདི་ལྟར་འགྲོ་དགོས་ཀྱི་འདུག །གོང་དུ་ཞུས་པ་བཞིན་རྫོགས་ཆེན་སྒོམ་མཁན་གྱིས་ཧད་དེ་བ་ལ་ཟང་ཐལ་ལེ་ཟེར་བའི་སེམས་ཧད་དེ་འཇོག་པའི་མི་རྟོག་པ་ཙམ་མ་ཡིན་པར་ཧད་དེ་བའི་མི་རྟོག་པ་དེ་ཉིད་མགོ་ལྟ་བུར་བྱས་ནས་འདིའི་བརྒྱུད་ནས་སྐབས་འདིར་ངོ་སྤྲོད་རྒྱུ་དེ་རིག་པ་ཟང་ཐལ་དེ་ངོ་སྤྲོད་པ་མ་གཏོགས། སེམས་ཧད་དེ་འཇོག་པའི་མི་རྟོག་པ་ཙམ་དེ་ཉིད་ངོ་སྤྲོད་ཀྱི་མི་འདུག །
སེམས་ཧད་དེ་བའི་མི་རྟོག་པ་དེའི་བརྒྱུད་ནས་རིག་པ་ཟང་ཐལ་འདི་རྗེན་ལ་ཕུད་ནས་འདིའི་སྟེང་ལ་ངོ་འཕྲོད་པ་ཞིག་དགོས་ཀྱི་ཡོད་པས་ལས་སླ་བོ་རྩ་བ་ནས་མི་འདུག །དེར་བརྟེན། དེའི་སྔོན་འགྲོ་ལ་སེམས་ཀྱི་འབྱུང་གནས་འགྲོ་གསུམ་གྱི་མཚང་འཚོལ་བ་ཞེས་དབུ་མའི་དཔྱད་པ་བྱ་རྒྱུའི་མཐའ་བཞིའི་སྐྱེ་འགོག་ཆ་ཚང་སླེབས་ཡོང་གི་ཡོད། དེས་ན། རྫོགས་ཆེན་སྒོམ་མཁན་གྱི་གང་ཟག་དེས་ལྟ་བའི་དཔྱད་པ་སྔོན་ལ་ཕྱིན་ཚར་འདུག །གང་ལྟར་རང་བཞིན་མེད་པའི་ལྟ་བ་གཏན་ལ་ཕབ་ནས་གང་ལ་གང་འཚམ་ངེས་སྡོད་མཁན་ཞིག་གིས་མདོ་སྔགས་ཐུན་མོང་བའི་ལྟ་བ་ངེས་ཟིན་པའི་རྗེས་སུ། ལྟ་བ་ངེས་བྱེད་ཀྱི་བློ་དེ་མདོ་ལས་ཁྱད་པར་དུ་འཕགས་པ་ཞིག་བསྒྲུབ་ཀྱི་ཡོད་པ་རེད། གང་ལྟར་རྩྭ་རྔ་བ་ལ་རེ་ཞིག་ཟོར་བ་བརྡར་ཞེས་པའི་དཔེ་ལྟར། སྟོང་ཉིད་ངེས་ཟིན་ནས་སྟོང་ཉིད་སྒོམ་བྱེད་ཀྱི་བློ་ཁྱད་པར་བ་ཞིག་བསྒྲུབ་པའི་དོན་དུ་རེ་ཞིག་སྟོང་ཉིད་མི་སྒོམ་པར་བདེ་བ་རྩལ་དུ་བཏོན་པ་འདི་སླེབས་སོང་ངམ། དེ་བཞིན་དུ་བྱས་ཏེ་སྐབས་འདིར་ཡང་སྟོང་ཉིད་ངེས་ཟིན་ཅིང་། སྟོང་ཉིད་སྒོམ་བྱེད་ཀྱི་བློ་ཁྱད་པར་བ་ཞིག་ཡོང་བའི་དོན་དུ། སྐབས་རེར་རང་བཞིན་སྟོང་པ་ཉིད་ཡིན་པའི་གསལ་ཙམ་རིག་ཙམ་མྱོང་ཙམ་གྱི་བདག་ཉིད་ཀྱི་ཤེས་པ་བདེན་སྟོང་སྒྱུ་མ་ལྟ་བུ། འདི་མ་ཡིན་དགག་རེད་སོང་ངམ། མ་ཡིན་དགག་དགོས་ཀྱི་འདུག །འདིས་རིམ་པས་འཛིན་སྟངས་སྟོང་པ་ཉིད་ལ་ཞུགས་པའི་དགག་བྱ་བཀག་ཙམ་གྱི་སྟོང་སང་དེ་གའི་ངང་ལ་བློའི་ཤུགས་ལྟ་བུ་ཕར་སླེབས་པ་དེ་འདྲ་ཡོང་གི་རེད།
དེས་ན། ག་ལེ་ག་ལེར་གཉིས་སྣང་ནུབ་པའི་དགག་བྱ་བཀག་ཙམ་གྱིས་སྟོང་སང་དེ་ག་མ་གཏོགས་མེད་པའི་མེད་དགག་འཛིན་སྟངས་ལ་ཡོད་པའི་བློ་དེ་ཡང་བསྐྱེད་ཡོང་གི་རེད། ཡིན་ནའང་ཐོག་མར་སྒོམ་པའི་གནས་སྐབས་ལ་མ་ཡིན་དགག་བསྒོམ་པ་ཞིག་ཀྱང་སླེབས་ཀྱི་འདུག །དེའི་དགོས་པ་ཡུལ་ཅན་གྱི་ངོས་ནས་ཁྱད་ཞུགས་པ་ཞིག་བསྒྲུབ་སྙིང་འདོད་ནས་སམ། ཡུལ་ཅན་གྱི་ངོས་ནས་ཁྱད་ཞུགས་པ་ཞིག་བསྒྲུབ་དགོས་ཀྱི་ཡོད་པར་བརྟེན། རེ་ཞིག་སྟོང་ཉིད་མི་བསྒོམ་པར་བདེ་བ་སྒོམ་པ། ཞེས་རྗེ་རིན་པོ་ཆེས་རིམ་ལྔ་གདན་རྫོགས་ཀྱི་ནང་དེ་ལྟ་བུའི་ས་བཅད་ཅིག་ཡོད་སྙམ། དེའི་ཁོག་མར་འབྲེལ་ནས་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ་ཁོང་རྫོགས་ཆེན་པ་མཁས་པ་ཆེན་པོ་ཞིག་ཡིན་ལ། སེར་ཤུལ་གྱི་དགེ་ལྡན་པའི་དགེ་བཤེས་དང་། མཁན་པོ་དེ་འདྲའི་སྐུ་མདུན་ནས་གཞུང་ཆེན་མོ་གསན་ཏེ་དགེ་ལུགས་ཀྱི་གཞུང་ཡང་ཐུགས་རྒྱུས་ཡོད་པ་དང་། དེ་བཞིན་རྗེ་རིན་པོ་ཆེའི་གསུང་གསང་སྔགས་གསར་མའི་སྐོར་ཡང་ཐུགས་རྒྱུད་ལ་ཆ་ཚང་ཡོད་པ་དང་། དེའི་སྟེང་རང་ཉིད་ཀྱིས་ཕ་ཆོས་སམ་སྒོས་ཀྱི་ཆོས་སྐད་དེ་རྫོགས་ཆེན་གྱི་ཆོས་སྐད་ཆགས་པར་བརྟེན། རྫོགས་ཆེན་གྱི་ཉམས་བཞེས་གནང་ནས་དངོས་གནས་རྟོགས་པའི་ཀློང་བརྡོལ་པ་ཞིག་ཆགས་ཡོད་པ་རེད།
ཁོང་གིས། སྟོང་ཉིད་མ་ཡིན་དགག་ཏུ་འདོད་པ་དང་། མེད་དགག་ཏུ་འདོད་པ་གཉིས་ཡོང་བ་འདི་ལ། རྒྱུད་གསང་བ་སྙིང་པོ་འཆད་ཉན་གནང་མཁན་གྱི་རྫོགས་ཆེན་གྱི་མཁས་པ་ཚོའི་གསུང་རྒྱུན་ལ། ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་མེད་དགག་གཙོ་བོ་ཡིན། ལྟ་བ་སྒོམ་པའི་གནས་སྐབས་སུ་མ་ཡིན་དགག་གཙོ་བོ་ཡིན། ཞེས་དེ་འདྲ་གསུང་སྲོལ་ཞིག་ཡོང་གི་འདུག། །མདོར་ན། རྗེ་རིན་པོ་ཆེའི་རེ་ཞིག་སྟོང་ཉིད་མི་བསྒོམ་པར་བདེ་བ་སྒོམ་པར་གསུངས་པ་དེ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་དང་། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་གསུང་བཅས་དེ་དག་གུང་བསྒྲིགས་ཡོང་དུས། བསྒོམ་རྒྱུ་རིམ་པས་བྱས་ནས་ཟབ་མོ་སྟོང་པ་ཉིད་སྒོམ་གྱི་ཡོད་པ་རེད། མདོ་སྔགས་ཐུན་མོང་གི་སྟོང་པ་བཤད་པའི་ཚེ། དགག་བྱ་བཀག་ཙམ་གྱིས་སྟོང་སང་མེད་དགག་ཞིག་དང་། ཤེས་བྱ་ཁོ་རང་དགག་བྱ་བཅད་ལྡོག་ནས་ངེས་དགོས་པ་ཞིག་དང་། དེ་ཡང་། དགག་བྱ་བཀག་ཙམ་དེ་ག་མ་གཏོགས་འདིས་ཆོས་གཞན་འཕེན་རྒྱུ་མེད་པ་དེ་དངོས་པོའི་གཤིས་སམ་ཆོས་ཁོ་རང་གི་གནས་སྟངས་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་དང་། དེ་ཉིད་ཡུལ་དུ་བྱེད་པའི་བློ་དེས་ཀྱང་དགག་བྱ་བཀག་ཙམ་དེ་ག་མ་གཏོགས་ངེས་ཀྱི་ཡོད་པ་མ་རེད་དེ། ཡིན་ནའང་སྐབས་འདིར་སྟོང་ཉིད་སྒོམ་པ་གཅིག་པུ་མིན་པར་སྟོང་ཉིད་སྒོམ་བྱེད་ཀྱི་བློ་ཁྱད་པར་བ་ཞིག་བསྒྲུབ་དགོས་པར་བརྟེན། དེའི་ངོས་ནས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་སྟེ། དཔེར་ན། མདོ་ཡི་སྐབས་སུ་བདེན་མེད་བསྒོམ་པའི་ཚེ། ཆོས་ཅན་གང་ཡིན་རུང་ཆོས་ཅན་གྱི་སྣང་བ་དེ་ཉིད་གནས་ཐབས་ཀྱི་འབད་བརྩོན་བྱེད་དགོས་ཀྱི་མེད། སྔགས་ཀྱི་སྐབས་སུ་ཁྱད་གཞིའམ་ཆོས་ཅན་ལྷ་སྐུའི་སྟེང་ནས་སྟོང་ཉིད་བསྒོམ་པའི་ཚེ་ལྷའི་གསལ་སྣང་དེ་ཡང་གནས་དགོས་པར་བརྟེན། མྱུ་གུ་བདེན་མེད་རྟོགས་པའི་རྗེས་དཔག་ལ་མྱུ་གུའི་སྣང་བ་མི་འཆར་བར་འདོད་པའི་ལུགས་དང་གཏན་ནས་མི་འདྲ། ཞེས་གསུངས།
དེ་ལྟར་གསུངས་པ་ནི་སྟོང་ཉིད་སྒོམ་པའི་བློ་ཡིན་པ་གཅིག་པ་རེད་དེ། ཡིན་ནའང་སྟོང་ཉིད་ལ་ངེས་པ་ཤུགས་ཆེ་རུ་ཕྱིན་པའི་སྐབས། ཆོས་ཅན་གྱི་སྣང་བའམ་གཉིས་སྣང་དེ་ཡང་ཇེ་ཕྲ་ཇེ་ཕྲར་ཕྱིན་ནས་མཐར་འགགས་འགྲོ་བཞིན་ཡོད། འོན་ཀྱང་། སྐབས་གཅིག་གི་རིང་ལ་ཆོས་ཅན་གྱི་སྣང་བ་དེ་ཡང་ཆེད་དུ་གཉེར་ནས་གནས་དགོས་པའི་གནད་འགག་ཅིག་ཆགས་ཀྱི་འདུག །དེ་བཞིན་སྐབས་འདིར་སྐབས་ཐོབ་ཀྱི་དགོས་པ་དེ་སྟོང་ཉིད་སྒོམ་པ་གཅིག་པུ་མིན་པར་སྟོང་ཉིད་སྒོམ་བྱེད་ཀྱི་བློ་ཁྱད་པར་བ་ཞིག་བསྒྲུབ་དགོས་པའི་གནས་ཚུལ་ཞིག་ཆགས་པར་བརྟེན། དེ་འདྲའི་སྟེང་ནས་ཁྱད་པར་ཞིག་ཡོང་གི་ཡོད་པ་མིན་ནམ་སྙམ།
དེ་ལྟ་བུའི་རྣལ་འབྱོར་པས་འོད་གསལ་གྱི་ཉམས་མྱོང་བཏོན་པ་གཙོ་བོར་བྱེད་པ་ཡིན་པས་མ་ཡིན་དགག་བསྒོམ་པ་ཞིག་ཆགས་པ་མིན་ནམ་སྙམ་སྟེ། འདི་ངའི་བསམ་ཚུལ་ཡིན། མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་པ་བཞིན་རྫོགས་ཆེན་གྱི་གཞུང་གི་ནང་ལ་ཡང་སྐབས་རེར་དཔྱད་པ་ཡོངས་སུ་མ་རྫོགས་པའི་སྟེང་ནས་བཤད་པ་ཐག་ཆོད་པ་མེད་པ་དེ་འདྲ་ཡང་ཡོང་གི་རེད། དེ་བཞིན་བཀའ་བརྒྱུད་ཀྱི་ཕྱག་ཆེན་བསྟན་པའི་གཞུང་དེ་འདྲའི་ནང་ལ་ཡང་རྩོམ་པ་པོ་རང་ཉིད་ཀྱི་དགོངས་པའམ་གདུལ་བྱའི་ངོ་ལ་ལྟོས་ནས་ཡིན་ནའང་འདྲ། གང་ལྟར་གསུང་ཅི་རིགས་དེ་འདྲ་ཡོང་རྒྱུ་ཡོད་པ་ཡིན། དེ་ཡང་། བཀའ་བརྒྱུད་དང་རྙིང་མ་ཁོ་ན་ལ་མ་ཡིན་པར་ས་སྐྱ་ལའང་དེ་དེ་བཞིན་ཡོང་བསྡད་པ་རེད། དགེ་ལུགས་ལའང་དེ་དེ་བཞིན་ཡོང་རྒྱུ་རེད། འདི་ངས་སྔོན་མ་ནས་ཞུ་བཞིན་ཡོད་པ་མ་གཏོགས། དེ་རིང་གསར་པ་ཞུས་པ་ཞིག་མིན། ངས་ཐོག་མར་ལམ་རིམ་བཤད་པའི་སྐབས་ནས་ཀྱང་ཁང་པ་འདི་ག་རང་ལ་ཞུས་པ་ཡིན།
སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས། ཕྱག་རྫོགས་སེམས་ངོ་ཡི་སྒོམ་ཡང་། །རྟག་ཆད་གཡང་ས་ལ་ལྷུང་འདུག །ཅེས་པ་འདི་ཏོག་ཙམ་ཧང་རྒྱག་ལྟ་བུ་གནང་འདུག །ཕྱག་ཆེན་དང་རྫོགས་ཆེན་ཁེར་རྐྱང་ཟུར་དུ་བཏོན་དགོས་པ་མི་འདུག །རྩ་བའི་ཕྱག་རྫོགས་ཀྱི་ལུགས་དེར་རྩིས་ན་ནི། མཁས་གྲུབ་ཐམས་ཅད་མཁྱེན་པས་རྫོགས་ཆེན་དང་ཕྱག་ཆེན་གཉིས་ཀ་རྣམ་དག་ཡིན་པར་ཞལ་གྱིས་བཞེས་ཟིན་པར་བརྟེན། ཕྱག་ཆེན་དང་རྫོགས་ཆེན་གྱི་རྩ་བའི་ཁུངས་དེ་རྣམ་དག་མ་ཡིན་ཞེས་གསུང་དགོས་དོན་མི་འདུག་ལ། གསུང་ཐུབ་ཀྱི་ཡང་མ་རེད། ཕྱག་ཆེན་དང་རྫོགས་ཆེན་གྱི་མིང་འཁྱེར་ནས་བཤད་བཞག་པའི་བཤད་པའི་རྣམ་གྲངས་ལ་ཡིད་བརྟན་འཕེར་བ་མེད་པ་བཞིན། ས་སྐྱས་གསལ་སྟོང་འཛིན་མེད་ལ་ཡང་ཡོང་རྒྱུ་མ་གཏོགས་མེད་པ་རེད། དེ་ཙམ་དུ་མ་ཟད་དགེ་ལུགས་པའི་ལྟ་བ་སྨྲ་མཁན་ནང་ནའང་མཁས་གྲུབ་ནོར་བཟང་རྒྱ་མཚོས་གསུངས་པ་བཞིན་རེད།
དེ་བཞིན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཀྱང་ཟུར་ཙམ་ཐོན་ཡོང་གིན་འདུག །གང་ལྟར་དགེ་ལུགས་པའི་ནང་ལ་ཡིན་ནའང་ཡབ་རྗེ་རྒྱལ་བ་གཉིས་པའི་དགོངས་པ་དཔྱིས་ཕྱིན་པ་མཁྱེན་མ་མཁྱེན་དེ་འདྲ་ཡོང་རྒྱུ་རེད། བཀའ་བརྒྱུད་དང་རྫོགས་ཆེན་ཁོ་ན་ལ་འགལ་འདུ་གཏོང་དགོས་པ་མི་འདུག དཔེར་ན། གུང་ཐང་རིན་པོ་ཆེས་བསྟོད་པ་དོན་ལྡན་མ་ལས། ཕྱག་རྫོགས་གསལ་སྟོང་འཛིན་མེད་ཅེས། །འགྲོ་འོང་གཟུགས་ཅན་ལྟར་མེད་དང་། །འབྱུང་འཇིག་རགས་པའི་མི་རྟག་ཚུལ། །མཐོང་བྱ་མ་མཐོང་བརྒྱལ་འདྲ་འམ། །གཟུགས་སུ་མ་གྲུབ་གསལ་རིག་ཙམ། །མྱོང་ལ་བདེན་མཐོང་རློམ་འཆང་ཞིང་། །ཕྱོགས་གླང་གྲགས་པ་སོགས་ཀྱིས་ཀྱང་། །དེ་ཉིད་མ་མཐོང་སྨྲ་བ་མཚར། །ཞེས་ཕྱག་ཆེན་དང་། རྫོགས་ཆེན་དང་། ས་སྐྱའི་གསལ་སྟོང་ཟུང་འཇུག་བཅས་གསུམ་ཆ་བཀག་འདུག །
དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་ལྟ་མགུར་ཨ་མ་ངོས་འཛིན་ལས། “ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག །ཚུགས་ཐུབ་བདེན་གྲུབ་སོགས་བརྡ་ལ་ཞེན་ནས། །སྣང་བ་ལིང་ལིང་དེ་རང་སོར་བཞག་ནས། །འགོག་རྒྱུ་རྭ་ཅན་ཞིག་འཚོལ་བར་སྣང་སྟེ། །དེ་འདྲ་ཨ་མ་ཡི་བཞིན་རས་དེ་ན། །ལང་ལང་ལིང་ལིང་དེ་ཡོད་སྐད་མི་འདུག །གནད་འགག་མ་ཕིགས་པའི་བཤད་བཤད་མང་ན། །ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ །” ཞེས་དགེ་ལུགས་པའི་བསམ་བློའི་ནང་ཨ་མ་རྒན་མོ་དེ་བྲོས་པའི་ཉེན་ཁ་ཡོད་པ་རེད་ཅེས་དགེ་ལུགས་པ་ལ་ཡང་ཟུར་ཟ་གནང་འདུག །
དེས་ན། ས་སྐྱ་ཡིན་ནའང་འདྲ། དགེ་ལུགས་ཡིན་ནའང་འདྲ། བཀའ་བརྒྱུད་ཡིན་ནའང་འདྲ། རྙིང་མ་ཡིན་ནའང་འདྲ། གང་ལྟར་མི་ཤེས་པས་བཤད་པའི་ནང་ན་གཞུང་གི་ཐག་མ་ཆོད་པ་དང་ཚིག་སྐྱོན་ལྷག་པ་དེ་འདྲ་ཡོང་རྒྱུ་རེད། ཅེས་སོགས་གསུངས་པ་རྣམས་ལ་ཕྲ་ཞིབ་རིགས་པས་ལེགས་པར་དཔྱད་དེ། སྟོང་པ་ཉིད་དང་སྟོང་པ་ཉིད་སྒོམ་ཚུལ་ལ་ལུང་རིགས་ཉམས་མྱོང་བཅས་སྦྱར་ཏེ། དཔྱད་དགོས་པའི་གནས་ཤིན་ཏུ་མང་བར་སེམས་སོ། །ཞེས་སོགས་གསུངས་པ་སོགས་ལ་དཔགས་ན། ལྟ་བའི་རྣལ་འབྱོར་པ་ཚོས་དབུ་མའི་ལྟ་བ་མཐར་ཐུག་སྒོམ་པའི་ཚེ། མ་ཡིན་དགག་དང་མེད་དགག་གི་སྒོམ་ཚུལ་གང་ཡིན་ཐད། གངས་རིའི་ཁྲོད་ཀྱི་ཆོས་བརྒྱུད་སོ་སོ་སྤྱི་དང་བྱེ་བྲག་ཏུ་ཡང་འཇམ་མགོན་བླ་མའི་རྗེས་འཇུག་གི་མཁས་ཤིང་གྲུབ་པ་བརྙེས་པར་ཡོངས་གྲགས་རྩོད་མེད་དག་གི་འཆད་རྩོད་རྩོམ་གསུམ་ཉམས་མྱོང་བཅས་ཅུང་མི་མཐུན་པ་རེ་བྱུང་ཡོད་པ་དངོས་འབྲེལ་རེད་འདུག་པས། ད་དུང་ཕྲ་ཞིང་ཞིབ་པའི་ལུང་དང་རིགས་པ་ཙམ་མ་ཡིན་པར་སྒོམ་པའི་ཉམས་མྱོང་ལ་སྦྱར་ཏེ་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
དེའི་ཕྱིར། གུང་ཐང་བསྟན་པའི་སྒྲོན་མེས། [73] “རང་རེ་དགེ་ལྡན་པའི་ཁྲོད་ནའང་རྗེ་ཡབ་སྲས་ཀྱི་དགོངས་པ་ལེགས་པར་རྙེད་དེ་ཕ་རྗེས་བུས་ཟིན་པ་ཁ་ཤས་རེ་མ་གཏོགས། ཕལ་མོ་ཆེས་རང་བཞིན་མེད་པ་དང་། བདེན་པར་མེད་ཟེར་ཤེས་པ་ཙམ་རྒྱུ་མཚན་དུ་བྱས་ཏེ། ཟླ་བའི་འཇུག་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་པའི་རྗེས་ཟློས་བྱས་ཏེ། མཁས་པ་དེ་དག་གིས་མ་དགོངས་པའི་གནད་རང་གིས་གོ་བའི་ཁུལ་བྱེད་པ་ཧམ་པ་ཆེས་པ་ཡིན་ནོ། །”ཞེས་གསུངས་པ་ལྟ་བུ་མཐོང་ན། སེམས་ལ་རང་བཞིན་གྱིས་འཇིགས་སྣང་རེ་དང་། མཐར་ཐུག་གི་ལྟ་བའི་སྐོར་དགོངས་པ་གཅིག་ཏུ་འབབ་མིན་སོགས་ཀྱི་འཕྲོས་མང་པོ་བྱུང་འདུག་པར་ཐུགས་ཁག་མི་འདུག་སྙམ་མོ།།
པཎ་ཆེན་བསོད་ནམས་གྲགས་པ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་གཉིས་ཀྱིས་གུང་རུ་རྒྱན་བཟང་པའི་སྐྱོ་མགུར་དེའི་གནས་བབ་ལ་གཟིགས་ཚུལ།
མཁས་གྲུབ་རིན་པོ་ཆེས་གུང་རུ་རྒྱན་བཟང་པའི་ཕྱག་འབུལ་མ་བཞེས་པ་སོགས་པ་དཔགས་ན། རྗེའི་བུ་ཆེན་དེ་དག་ཐུགས་ནང་མ་མཐུན་པ་དེ་འདྲ་ཨེ་ཡིན་སྙམ་ན། དེ་འདྲ་མིན་ཏེ། པཎ་ཆེན་བསོད་ནམས་གྲགས་པས། [74] “དེ་ཡང་། དགོས་པའི་དབང་གིས་གདུལ་བྱའི་སྣང་ངོར་དེ་ཙམ་བསྟན་པར་ཟད་ཀྱི། དངོས་པོ་ལ་མཁས་གྲུབ་རིན་པོ་ཆེས་ཐུགས་ཐག་པ་ནས་བཀའ་བཀྱོན་པ་དང་། ཆོས་རྗེ་པས་ཐུགས་འཛིན་མཛད་པ་ཅི་མཆིས་ཏེ། འཕགས་པ་འོད་སྲུངས་ཆེན་པོ་དང་ཀུན་དགའ་བོ་བཞིན་ནོ། །” ཞེས་གསུངས་པའི་ཕྱིར་རོ།།
ཐུའུ་བཀྭན་ཆོས་ཀྱི་ཉི་མས། [75] “དེང་སང་དགེ་བཤེས་སུ་རློམ་པ་ཚོས། རྒྱན་བཟང་པ་དང་ཀུན་མཁྱེན་པའི་ཡིག་ཆ་མིག་གིས་ལྟ་བ་ཙམ་ཡང་མི་རུང་བའི་ཚོད་དུ་བྱེད་མོད། བློ་གྲོས་ཅན་གྱིས་མཐོང་ན། མཁས་པ་མགུ་བའི་ལེགས་བཤད་ཀྱི་གཏེར་དུ་སྣང་ངོ༌། །” ཞེས་གསུངས་པ་འདི་དག་དང་པོ་ནས་བསམ་བློའི་ནང་ཉར་རྒྱུ་གནད་འགག་ཡིན། སྐྱོ་མགུར་དེ་རྣམ་ཐར་གཞན་དུ་ཡང་བེད་སྤྱོད་གནང་བ་ཡོད་དེ། དཔེར་ན། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས། དེ་སྐབས་ཐུའུ་བཀྭན་རིན་པོ་ཆེ་ནས། ལྕང་སྐྱ་ཐམས་ཅད་མཁྱེན་པ་པེའི་ཅིང་དུ་བཞུགས། རྗེ་ཉིད་བོད་དུ་ཕེབས་པས། ཁོ་བོ་ནི་གུང་རུ་རྒྱན་བཟང་གིས། བློ་བཟང་གྲགས་པ་དགའ་ལྡན་གནས་སུ་གཤེགས། །བྱམས་ཆེན་ཆོས་རྗེ་མི་དབང་གཙུག་ན་མཛེས། །རྒྱལ་མཚན་བཟང་པོ་གངས་རིའི་ཁྲོད་འདིར་ལུས། །ཞེས་སྐྱོ་ཚིག་གསུངས་པ་ལྟ་བུ་ཞིག་ཡོང་འདུག་ཅེས་ཞུས་པ་ལ། ཞལ་འཛུམ་པ་ཞིག་མཛད་ནས་ཁྱེད་རང་ཡང་གཞན་ཞིག་ཏུ་ཕེབས་དགོས་ཡོང་སྲིད་གསུངས། ཞེས་པ་ལྟ་བུ་མང་ངོ་། །གང་ལྟར། འགའ་ཞིག་གིས། གུང་རུ་རྒྱན་བཟང་པ་དགེ་ལུགས་པའི་ནང་ནས་ཁེར་རྐྱང་དུ་ཕུད་སྐོར་ཡི་གེར་འབྲི་མཁན་བྱུང་ནའང་། དེ་ནི་ཕྱོགས་གཅིག་ཙམ་མ་གཏོགས་མ་མཐོང་བའི་སྐད་ཆར་ཉན་པའི་ནོངས་པ་སྟེ། དཔྱད་ཞིབ་འདིི་མགོ་མཇུག་བར་གསུམ་ཚང་མ་མཐོང་ན། གཞི་ནས་ཁེར་རྐྱང་དུ་ཕུད་མེད་པ་མཁྱེན་ངེས་ལགས།
རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་དུ་སྐབས་སྐབས་སུ་རྒྱན་བཟང་བའི་གསུང་གིས་བརྒྱན་པར་གསུངས་པ་ཇི་ལྟར་ཡིན་བཤད་པ།
གྲུབ་པའི་དབང་ཕྱུག་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་དུ། སྐབས་སྐབས་སུ་རྒྱན་བཟང་བའི་གསུང་གིས་བརྒྱན་ནས་རྩ་ཤེའི་དགོངས་པ་འགྲེལ་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། འདི་ལ་གཞུང་དེ་གཉིས་ཀྱི་སྤྱིའི་ཁོག་འབུབས་ལུགས་དང་། ས་བཅད། ཚིག་དོན་འགྲེལ་ཚུལ་བཅས་ཕྱོགས་ཡོངས་ནས་གཤིབས་བསྡུར་གྱིས་དཔྱད་ཞིབ་ཞུ་དགོས་པ་དང་། ལྷག་པར་དུ། རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་གི་རབ་བྱེད་གང་གི་མཇུག་ཏུ་རྒྱན་བཟང་བའི་གསུང་གིས་བརྒྱན་ཚུལ་ལྟ་བུ་གསུངས་འདུག་པ་རྣམས་རྒྱན་བཟང་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བསྡུས་དོན་གྱི་རབ་བྱེད་དེ་དང་དེ་ལ་བསྡུར་ཏེ་བལྟ་དགོས།
དེ་ཡང་། རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་རབ་བྱེད་གཉིས་པ་ཤོག་གྲངས་༡༦ ནས་༣༢ བར་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་བསྡུས་དོན། [76] རབ་བྱེད་གཉིས་པ་ཤོག་གྲངས་༡༢ ནས་༢༢ བར་དང་། རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་རབ་བྱེད་བདུན་པ་ཤོག་གྲངས་༦༥ ནས་༨༧ བར་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་བསྡུས་དོན་རབ་བྱེད་བདུན་པ་ཤོག་གྲངས་༣༩ ནས་༥༢ བར་དང་། རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་རབ་བྱེད་བརྒྱད་པ་ཤོག་གྲངས་༨༨ ནས་༩༦ བར་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་བསྡུས་དོན་རབ་བྱེད་བརྒྱད་པ་ཤོག་གྲངས་༥༢ ནས་༥༦ བར་དང་། རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་རབ་བྱེད་དགུ་པ་ཤོག་གྲངས་༩༧ ནས་༡༠༤ བར་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་བསྡུས་དོན་རབ་བྱེད་དགུ་པ་ཤོག་གྲངས་༥༦ ནས་༦༠ བར་དང་། རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་རབ་བྱེད་བཅུ་པ་ཤོག་གྲངས་༡༠༥ ནས་༡༡༦ བར་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་བསྡུས་དོན་རབ་བྱེད་བརྒྱད་པ་ཤོག་གྲངས་༦༠ ནས་༦༦ བར་དང་། རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་རབ་བྱེད་བཅུ་གཅིག་པ་ཤོག་གྲངས་༡༡༧ ནས་༡༢༢ བར་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་བསྡུས་དོན་རབ་བྱེད་བཅུ་གཅིག་པ་ཤོག་གྲངས་༦༦ ནས་ ༦༩ བར་གཤིབས་བསྡུར་གྱིས་བལྟས་པར། རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་གི་རབ་བྱེད་སོ་སོའི་མཆོད་བརྗོད་དང་མཇུག་རྩོམ། གཞུང་གི་ས་བཅད་དང་པོ་དང་གཉིས་པ་སོགས་གང་དང་གང་ཡིན་ཁ་གསལ་དུ་བཏང་བ། ས་བཅད་ཀྱིས་བསྡུས་པའི་རྩ་ཚིག་མཉམ་སྦྱར་དུ་བཀོད་པ། རྩ་དང་སྦྱར་བ་ན། རྩ་བ་དང་གཞུང་གི་མཚམས་སྦྱར་ཙམ་ལས་གུང་རུ་རྒྱན་བཟང་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བསྡུས་དོན་གྱི་ཚིག་འགྲོས་རང་སོར་བཞག་ལྟ་བུ་ཞིག་ཡིན་འདུག་པ་ལ་བལྟས་ན། ཡབ་རྗེ་བླ་མས་སྐབས་སྐབས་སུ་ཆོས་རྗེ་གུང་རུ་རྒྱན་བཟང་པའི་གསུང་གིས་བརྒྱན་ཡོད་པར་ཁ་གསལ་དུ་གསུངས་པ་ཞིག་ཡིན་འདུག །གཞན་རབ་བྱེད་དང་པོ་དང་། བཅོ་བརྒྱད་པ། ཉེར་ལྔ་པ་དང་། ཉེར་དྲུག་པ། ཉེར་བདུན་པའི་ཊཱིཀྐ་རྣམས་ནི། རྒྱན་བཟང་པའི་གསུང་དང་ཐུན་མོང་མ་ཡིན་པར་རང་རྩོམ་དུ་སྦྱར་བའང་ཤེས་དགོས་སོ། །
ཡབ་རྗེ་སྐལ་ལྡན་རྒྱ་མཚོས་རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་ཇི་ལྟར་མཛད་པའི་སྔ་ཕྱི།
དེ་ཡང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས། [77] “དགུང་ལོ་རེ་བརྒྱད་ལ་སོགས་པའི་སྐབས་འདིར་མདོ་རྒྱུད་རབ་འབྱམས་དང་། བྱེ་བྲག་བཀའ་པོད་ལྔ། ཁྱད་པར་དབུ་ཕར་གཉིས། དེ་ལས་ཀྱང་དབུ་མའི་སྐོར་ལ་དཔེ་གཟིགས་བསམ་བརྗོད་ལས་འདས་པ་མཛད་ཅིང་། ཞལ་ནས། ངས་ལོ་བཅུ་གཅིག་བཅུ་གཉིས་ནས་བཟུང་བདུན་ཅུའི་བར་དུ་ལོ་དྲུག་ཅུའི་རིང་ལ་སློབ་གཉེར་དང་མ་བྲལ་བར་བྱས་པས་ད་གཟོད་རྒྱལ་བའི་གསུང་རབ་ཀྱི་དོན་གོ་བ་ཞིག་བྱུང་། ཞེས་གསུངས། ཐུགས་སྲས་ཤེས་རབ་བཀྲ་ཤིས་པས་རྗེ་འདི་ལས་ཟབ་མོ་དབུ་མའི་གནད་དོན་རྗེན་པར་སྟོན་པའི་ལེགས་བཤད་ཀྱི་བགོ་སྐལ་བླངས་པ་ཐམས་ཅད་ཕྱིས་ཐོར་བུར་བསྡུས་ཏེ། ཕལ་སྐལ་སོགས་མ་བཅོས་པར་ཟིན་བྲིས་ཕྱོགས་བསྡེབས་མཛད་པ་ལྟ་ཁྲིད་ཆེན་མོ་ཡིན།” ཞེས་གསུངས།
ཡང་། རྗེ་དེ་ཉིད་ཀྱིས། [78] “དགུང་ལོ་རེ་དགུ་པར་ཐུགས་སྲས་ཤེས་རབ་བཀྲ་ཤིས་(༡༦༤༧‑༡༧༡༦) པས་ཡི་གེ་བ་བྱས་ཏེ། རྩ་ཤེའི་ཊཱིཀྐ་དཔག་བསམ་ལྗོན་ཤིང་སྔར་ནས་གསུང་བཞིན་པ་གྲུབ་པར་མཛད། ཀུན་གཟིགས་ལྔ་པ་ཆེན་པོའི་མདུན་དུ་རབ་བྱེད་དང་པོ་དང་བཅོ་བརྒྱད་པ་གཉིས་ཀྱི་འགྲེལ་པ། གསེར་སྲང་གང་། ཇ་ཁལ་གཅིག །རྟ་རྩེ་དྲ་སྒ་སྲབ་འཕྲོད་མ་བཅས་ཕུལ་པའི་ལན་དུ། རུང་མཐུན་གོས་ཀྱི་གསོལ་རས། སྲུང་མདུན་བཅས་དགྱེས་པའི་བཀའ་ལུང་དང་། རྒྱལ་སྲས་རིན་པོ་ཆེར་ཡང་རབ་བྱེད་དེ་གཉིས་ཀྱི་འགྲེལ་པ། འབུལ་བའི་རྣམ་གྲངས་བཅས་ཕུལ་བར། གསུང་ལན་ཚིགས་སུ་བཅད་པའི་བསྔགས་བརྗོད་སྩལ། རྣམ་ཐར་བསམ་འཕེལ་དབང་རྒྱལ་དུ། རྩ་ཤེའི་ཊཱིཀྐ་ཡོངས་རྫོགས་གྲུབ་འཕྲལ་རབ་བྱེད་གཉིས་ཀྱི་ཊཱིཀྐ་ཡས་ཕྱིན་སོ་སོར་ཕུལ་བར་གསུངས་འདུག་ཀྱང་། གཞུང་རང་ལ་མཇལ་ན་རབ་བྱེད་བཅོ་བརྒྱད་པའི་ཊཱིཀྐ་སྔ་མོ་ཞིག་ནས་མཛད་ཟིན་པ་དང་། རྒྱལ་སྲས་གསུང་ལན་ལ་དཔགས་ན། ཊཱིཀྐ་རྩོམ་པའི་དབུ་བཙུགས་ནས་རབ་བྱེད་དང་པོའི་ཊཱིཀྐ་ཙམ་གྲུབ་པ་ན། རབ་བྱེད་དེ་གཉིས་ཙམ་གྱི་འགྲེལ་པ་ཡར་ཕུལ་བ་ཡིན་ནམ་སྙམ་མོ། །
ཞལ་ནས། རྩ་ཤེའི་ཊཱིཀྐ་འདི་ཚོ་འབྲི་བ་དང་། ལར་དེང་སང་གི་ཆོས་བཤད་ཕལ་ཆེ་བ་བློ་ལ་གང་གཏད་མིན། དེ་དང་དེ་བཤད་པའི་རྒྱུ་མཚན་ཤས་ཆེར། སློབ་མའི་ཐ་ཤལ་ཟླ་གྲགས་ལ། །ཆོས་ཀྱི་ཐ་མ་སྐྱེ་མེད་བསྟན། །ཟེར་པ་ལྟར། ངས་འདི་བྲིས་པ་ཁྱེད་ཚོས་བདག་གྱིས། ཁྱེད་ཚོ་སློབ་མའི་ཐ་མ་མིན། སློབ་མ་གཞན་སླེབ་རྒྱུ་ཡོད་རུང་ངའི་ནམ་ཟླ་ཚར། ཞེས་ཐུགས་སྲས་ཤེས་རབ་བཀྲ་ཤིས་དང་། བྱང་ཆུབ་ངག་དབང་བསོད་ནམས། དགོན་ལུང་གྲགས་པ་དར་རྒྱས། རབ་འབྱམས་པ་སངས་རྒྱས་དར་རྒྱས། ངོ་མོ་དཔལ་ལྡན་རྒྱ་མཚོ་རྣམས་ལ་གསུངས།” ཞེས་གསུངས་པ་འདི་ལ་གོ་རྒྱུ་དམིགས་བསལ་བ་ཞིག་ཡོད་པའང་མཁྱེན་པར་འགྱུར་རོ། །
གཞན་ཡང་། ཡབ་རྗེའི་རྣམ་ཐར་བསམ་འཕེལ་དབང་གི་རྒྱལ་པོར།[79] དགུང་ལོ་རེ་དགུ་པའི་སྐབས་སུ་དབུ་མ་རྩ་བ་ཤེས་རབ་ཀྱི་ཊཱིཀྐ་ཚང་མ་ཞིག་མཛད་དེ། རང་བྱེད་དང་པོ་དང་བཅོ་བརྒྱད་པ་གཉིས་ཀྱི་ཊཱིཀྐ་འབུལ་བའི་རྣམ་གྲངས་དུ་མ་དང་བཅས་པ། རྒྱལ་དབང་རིན་པོ་ཆེ་དང་རྒྱལ་སྲས་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་ཕྱོགས་སུ་སོ་སོར་ཕུལ་བའི་ལན་དུ། རྒྱལ་དབང་མཆོག་གི་བཀའ་ཤོག་ལས། དེང་འཚོ་བ་བདེ་ཞིང་རྣམ་དཀར་ལ་བརྩོན་པ་ནས་ཡི་གེ་རྟེན་ཁ་བཏགས་གོས་ཡུག་གསུམ་གསེར་ཞོ་བཅུ་ཇ་ཁལ་གཅིག་རྟ་སྒ་སྲབ། རབ་བྱེད་དང་པོ་དང་བཅོ་བརྒྱད་པའི་ཊཱིཀྐ་དང་བཅས་པ་འབྱོར་བས་ལེགས་ཚོགས་སུ་གྱུར།
རྒྱུ་མཚན་རྣམས་ཡིད་འཇགས་བྱེད། རྟེན་སྲུང་མདུད། རུང་མཐུན་གྱི་གོས་དང་བཅས་ཡར་ཚེས་ལ་བྲིས། ཞེས་དང་། རྒྱལ་སྲས་རིན་པོ་ཆེའི་བཀའ་ཤོག་ལས། དགའ་ལྡན་ཆོས་གླིང་ནས་གནས་རི་ཁྲོད་དཔོན་སློབ་ལ། ལས་དཀའ་བ་ཁྱད་བསད་བཤེས་གཉེན་བསྟེན། །ཆོས་ཟབ་མོའི་གདམས་པས་ཐུགས་རྒྱུད་གཏམས། །གནས་དབེན་པར་རྩེ་གཅིག་སྒྲུབ་ལ་བརྩོན། །རྗེ་མི་ལ་གཉིས་པ་གང་དེའི་དྲུང་། །བདག་མོས་པའི་ཡིད་ཀྱིས་མཆིད་འདི་ཞུ། །རིགས་ཆོས་ལ་སད་པའི་དམ་པ་ཁྱེད། །ཉམས་བདེ་སྟོང་རོལ་པའི་དགའ་སྟོན་ལ། །ཐུགས་དགྱེས་དགུར་སྤྱོད་པས་ཚིམས་ལགས་སམ། །བློ་འཇིག་རྟེན་ཆོས་དང་མ་འདྲེས་པའི། །ཕྱི་ཆོས་པའི་སྣང་བརྙན་བདག་འདྲ་ཡང་། །འཕྲལ་བླང་དོར་ཕྲན་བུའི་ཉམས་ལེན་ལ། །དབྱར་ཉལ་འགྲོའི་ཆུ་བཞིན་གནས་པ་ལགས། །དངོས་དེང་འདིར་ཆེད་དུ་གསོལ་བའི་རྐྱེན། །དཔལ་སྐལ་ལྡན་རྒྱ་མཚོ་ཁྱོད་ཉིད་ཀྱིས། །གནས་བཀྲ་ཤིས་འཁྱིལ་གྱི་སྒྲུབ་གནས་དེར། །དོན་བསམ་གཏན་བརྒྱ་དང་བདུན་ཅུ་ལྷག །ཆོས་ཟབ་དགུར་སྤྱོད་པའི་ཉམས་ལེན་གནད། །ཐུན་འདི་ཕྱིའི་དོན་འབྲས་སྐལ་བར་ལྡན། །དེང་འདིར་ཡང་ཤེར་ཕྱིན་སྙིང་པོའི་དོན། །ཆོས་རབ་བྱེད་དང་པོ་བཅོ་བརྒྱད་པ། །གོ་ཚིག་དོན་རྒྱལ་བའི་བཀའ་དང་མཚུངས། །འཕྲོ་དེ་ཀུན་མ་ལུས་རྩོམ་པར་ཞུ། །གཏམ་ཆོས་ལྡན་འདའ་ཡིས་མོས་ཉིད་ལ། །རྗེ་ཁྱོད་ཉིད་སྲིད་མཐར་ཞབས་པད་བརྟན། །བུ་ཡིད་ཆེས་སྙིང་ནས་གསོལ་བ་འདེབས། །སྒོམ་བསམ་གཏན་རི་ཁྲོད་དཔོན་སློབ་ལ། །རྟེན་འདང་བའི་རྟེན་འབྲེལ་བཟང་བར་ཕུལ། །དོན་དེ་སྒྲོགས་ལྷ་བྱ་གོང་མོ་དེ། །དེང་ཁྱོད་དྲུང་འཆི་མེད་ལམ་བཟང་ངོས། །གླུ་འབྲུག་སྒྲ་ལྡིར་ཞིང་སོང་ངོ་ལགས། །ཞེས་བྱ་བའི་བཀའ་ཕེབས་གནང་བྱུང་། ཞེས་སོགས་གསུངས།
རབ་བྱེད་དང་པོ་དང་གསུམ་པ་དང་བཅོ་བརྒྱད་པ་རྣམས་རྒྱུན་གྱི་ཞལ་འདོན་གྲས་སུ་ཡོད་ལ། སྐབས་རེར། རྩ་ཤེའི་རབ་བྱེད་ཚང་མ་གསུངས་པ་གནང་། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ལྟ་བ་དང་འབྲེལ་བའི་ཡིག་ཆ་རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་དང་། དབུ་མའི་ལྟ་ཁྲིད་རྟེན་འབྲེལ་རིགས་པའི་ཡང་སྙིང་རྡོ་རྗེའི་གཟེགས་མ། དབུ་མའི་ལྟ་ཁྲིད་དགེ་སློང་ཐོས་བསམ་རྒྱ་མཚོར་སྩལ་པ། ཕྱག་ཆེན་བརྒྱུད་འདེབས་དང་། དགེ་ལྡན་ཕྱག་ཆེན་གདམས་ངག་རྒྱ་མཚོ་ལས་བཏུས་པ། དགེ་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ཉམས་ཁྲིད། ཕྱག་ཆེན་ཁྲིད་ཡིག །ལྟ་བའི་གླུ་ཕྲེང་ཚན་པ་༢༨ གང་དུ་བལྟས་ཀྱང་། སྟོང་ཉིད་མ་ཡིན་དགག་དང་། སྟོང་ཉིད་མ་ཡིན་དགག་གི་སྒོམ་ཚུལ་ཞིག་མཇལ་དུ་མེད་པར་མ་ཟད། དེ་ལས་ལྡོག་སྟེ། སྟོང་ཉིད་མེད་དགག་དང་། སྟོང་ཉིད་མེད་དགག་གི་སྒོམ་ཚུལ་གསུངས་ཡོད་སྐོར་འདིར་ཡང་ཟུར་ཙམ་གསལ་བར་བཤད་ཅིང་། ཕྱག་ཆེན་ཁྲིད་ཡིག་ཁག་ཏུའང་སྔ་རབས་པའི་ལྟ་བའི་ཤན་བརྡེག་པ་གང་ཡང་བྱུང་མེད་ཚུལ་རྒྱས་པ་ནི། ཁོ་བོས་བྲིས་པའི་ཡབ་རྗེ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་དབུ་མའི་ལྟ་མགུར་གྱི་ཁྱད་ཆོས་གླེང་བའི་ནང་ཞིབ་ཏུ་བཀོད་པ་ལས་ཤེས་པར་བྱའོ། །
ཞིབ་འཇུག་གི་གྲུབ་དོན།
ཆོས་རྗེ་གུང་རུ་རྒྱན་བཟང་པའི་གསུང་རྩོམ་པོད་གསུམ་མཇལ་དུ་ཡོད་པའི་ནང་། རྗེ་རིན་པོ་ཆེའི་དབུ་མའི་རྣམ་བཤད་གཉིས་དང་མི་མཐུན་པའི་བཤད་པ་མངོན་གསལ་དམིགས་བསལ་བ་མཇལ་དུ་མེད་པ་དང་། གཞན་མཇལ་དུ་མེད་པའི་གསུང་རྩོམ་དབུ་མའི་ལྟ་ཁྲིད་དང་། སྟོང་ཐུན་རྒྱས་པ་སོགས་སུ་ཅུང་ཟད་གསར་བཤད་རེ་ཡོད་ངེས་ཏེ། ཆོས་རྗེ་དེ་ཉིད་ཀྱི་མཚན་ནས་དངོས་སུ་སྨོས་ཏེ་དགག་སྒྲུབ་མཛད་མཁན་རི་བོ་དགེ་ལྡན་པའི་ཡིག་ཆ་ཆེན་པོ་གསུམ་གྱི་བདག་པོ་རྣམས་དང་། གུང་ཐང་བསྟན་པའི་སྒྲོན་མེ། དབལ་མང་པཎྜི་ཏ་སོགས་མི་ཉུང་བ་ཞིག་ཡོད་པ་དེས་ཤེས་ལ། གཞན་སྟོང་ཉིད་མ་ཡིན་དགག་དང་། མཐར་ཐུག་གི་ལྟ་བ་མ་ཡིན་དགག་གི་སྒོམ་ཚུལ་བཤད་ཡོད་སྐོར་གསུངས་པ་རེད་ཟེར་བ་རྣམས་ལ་ད་དུང་ཞིབ་ཏུ་བརྟགས་ནས་ཁ་ཚོན་གཅོད་རྒྱུ་ལས། རལ་གྲི་གནམ་གཡུགས་བྱེད་མི་རུང་ཞིང་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་རབ་བྱེད་དང་པོ། རྐྱེན་བརྟག་པ་དང་། བཅོ་བརྒྱད་པ། བདག་དང་ཆོས་བརྟག་པ་དང་། རབ་བྱེད་ཉེར་ལྔ་པ། མྱ་ངན་ལས་འདས་པ་བརྟག་པ་དང་། རབ་བྱེད་ཉེར་དྲུག་པ། སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་དང་། རབ་བྱེད་ཉེར་བདུན་པ། ལྟ་བ་བརྟག་པ་བཅས་རབ་བྱེད་ལྔའི་ཊཱིཀྐ་རྣམས་ས་བཅད་དང་བཅས་པ་ཕྲན་ཚེགས་རེ་མ་གཏོགས་པ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་ཐུན་མོང་མ་ཡིན་པ་དང་། གཞན་ཡང་། རབ་བྱེད་གཉིས་པ། འགྲོ་འོང་བརྟག་པ་དང་། རབ་བྱེད་གསུམ་པ། དབང་པོ་བརྟག་པ་དང་། རབ་བྱེད་བཞི་པ། ཕུང་པོ་བརྟག་པ་རྣམས་ཅུང་ཟད་འདྲེས་པ་ཅན་དུ་བཞུགས་པ་ལས་གཞན། གུང་རུ་རྒྱན་བཟང་པའི་དབུ་མའི་རྩ་ཤེའི་བསྡུས་དོན་དང་ཚིག་དོན་འགྲེལ་ཚུལ་གུང་རུ་བའི་གསུང་སོར་བཞག་ལྟ་བུར་སྣང་ནའང་། སྟོང་ཉིད་མ་ཡིན་དགག་དང་། མ་ཡིན་དགག་གི་སྒོམ་ཚུལ་ཞིག་གསུངས་མེད་པ་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད་འདུག །
གཞན་ཡང་། མཚུངས་མེད་ཆོས་རྗེ་གུང་རུ་རྒྱན་བཟང་པའི་གསུང་རྩོམ་རྣམས་ནི། དགོས་ངེས་ཀྱི་ལུང་རིགས་སྤྲོས་པ་ལས་གཞན། སྤྲོས་བཤད་ཉུང་ལ་ཁ་གསལ་བ། ཐུའུ་བཀྭན་པས་གསུངས་པ་ལྟར། བློ་གྲོས་ཅན་གྱིས་མཐོང་ན་མཁས་པ་མགུ་བའི་ལེགས་བཤད་ཀྱི་གཏེར་དུ་སྣང་ཞིང་། རྗེ་དེ་ཉིད་རྗེ་རིན་པོ་ཆེའི་བུ་སློབ་ཀྱི་ནང་ནས་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་གྲས་སུ་བརྩི་བ་ནི། དོན་དང་ལྡན་པ་ཞིག་ཏུ་སྣང་ལ། ཚིག་ཟིན་ཅུང་ཟད་མི་མཐུན་པ་ཙམ་ལ་དོགས་སློང་དང་དགག་བཞག་གི་ཡི་གེ་འབྲི་རེས་བྱས་པ་ནི། སྔོན་གྱི་མཁས་པ་ལུང་དང་རིགས་པ་སྨྲ་བའི་དབང་ཕྱུག་རྣམས་ཀྱི་སྤྱི་ལུགས་ལྟ་བུར་སྣང་ངོ་།།
ངེད་ཀྱི་ཞིབ་འཇུག་འདིའི་ཞན་ཆ་ནི། གུང་རུ་རྒྱན་བཟང་པའི་སྟོང་ཐུན་རྒྱས་པ་དང་། དབུ་མའི་ལྟ་ཁྲིད་ལག་ཏུ་མ་འབྱོར་བ་དང་། ཞིབ་འཇུག་གི་རྒྱུ་ཆ་རྣམས་ཞིབ་ཏུ་ཀློག་པའི་དུས་ཚོད་ཀྱིས་མ་ལྡང་བ་སོགས་ཀྱི་དབང་གིས་ད་དུང་དཔྱད་གླེང་འདི་ཕུན་སུམ་ཚོགས་པ་ཞིག་ཏུ་རློམ་དཀའ་བས་དོན་གཉེར་ཅན་ཚོས་གུང་རུ་རྒྱན་བཟང་པའི་གོང་གསལ་གསུང་དེ་གཉིས་ཐབས་འཚོལ་གནང་སྟེ། ཞིབ་འཇུག་གནང་ཐུབ་ན་ལེགས།
དཔྱད་ཡིག་དང་ཞབས་མཆན།
[1] གྲུབ་དབང་སྐལ་ལྡན་རྒྱ་མཚོ། དབུ་མའི་བསྟན་བཅོས་ཀྱི་རྒྱལ་པོ་རྩ་བ་ཤེས་རབ་ཀྱི་ཊཱིཀྐ་དཔག་བསམ་ལྗོན་ཤིང་། ༢༠༢༢ དགའ་བྱང་ཐོས་བསམ་ནོར་གླིང་དཔེ་མཛོད། ཤོག་གྲངས་༣༣ པར། རབ་བྱེད་གཉིས་པའི་ཊཱིཀྐའི་མཇུག་ཏུ། རྒྱལ་བ་གཉིས་པའི་གསུང་རབ་གཞིར་བཞག་ལ། །སྐབས་སུ་གང་བདེ་ཐུགས་སྲས་རྒྱལ་བཟང་གསུང་། ལེགས་པར་སྦྱར་ཏེ་བྲིས་པའི་དགེ་བ་དེས། །དེ་ཉིད་དཔྱོད་པའི་བློ་གྲོས་རྒྱས་གྱུར་ཅིག །ཅེས་དང་། ཡང་། ཤོག་གྲངས་༩༦ པར། རབ་བྱེད་བརྒྱད་པའི་ཊཱིཀྐའི་མཇུག་ཏུ། རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་དང་། །རྒྱལ་མཚན་ཏོག་ལྟར་མཁས་བཙུན་བཟང་པོའི་རྒྱན། །གསུང་བཞིན་རབ་བྱེད་བརྒྱད་པའི་རྣམ་བཤད་བྱས། །དགེ་བས་འགྲོ་ཀུན་ལྟ་སྒོམ་རྩེར་སོན་ཤོག །ཅེས་དང་། ཡང་། ཤོག་གྲངས་༡༠༤ པར། རབ་བྱེད་དགུ་པའི་ཊཱིཀྐའི་མཇུག་ཏུ། རྒྱལ་དབང་བློ་བཟང་རྒྱལ་མཚན་བཟང་པོའི་གསུང་། །ཇི་བཞིན་བཀོད་པས་བདག་གཞན་འགྲོ་བ་རྣམས། །བདག་མེད་ལམ་ནས་ཐར་པའི་གྲོང་ཞུགས་ཏེ། །ཆོས་སྐུའི་དགའ་སྟོན་རྟག་ཏུ་མྱོང་གྱུར་ཅིག །ཅེས་དང་། ཡང་། ཤོག་གྲངས་༡༠༤ པར། རབ་བྱེད་བཅུ་གཅིག་པའི་ཊཱིཀྐའི་མཇུག་ཏུ། བློ་བཟང་ཡབ་རྗེ་རྒྱལ་མཚན་བཟང་གཉིས་ཀྱི། །གསུང་བཞིན་འདི་བྲིས་འདིས་ཀྱང་འགྲོ་ལ་ཕན། །ཕན་པའི་གཙོ་བོ་སྐྱེ་མེད་ལྷ་ལམ་ནས། །མཁྱེན་བརྩེའི་ཚ་ཟེར་འབུམ་ཕྲག་འགྱེད་གྱུར་ཅིག །ཅེས་དང་། ཡང་། ཤོག་གྲངས་༣༢༣ པར། ཊཱིཀྐའི་མཇུག་ཏུ། སྐབས་སྐབས་ཐུགས་སྲས་རྒྱན་བཟང་གསུང་གིས་བརྒྱན། ། ཞེས་གསུངས་སོ། །
[2] པཎ་ཆེན་བསོད་ནམས་གྲགས་པ། བཀའ་གདམས་ཆོས་འབྱུང་། པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ་པོད་བཅུ་གཅིག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༡༣༣ ན་གསལ།
[3] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས། མཚུངས་མེད་ཆོས་རྗེ་ནི། ཆུ་མོ་ཕག་ལ་ལྷོ་རོང་སྟོད་དུ་སྐུ་འཁྲུངས། འཇམ་དབྱངས་ཆོས་རྗེ་འཁྲུངས་ནས་ལོ་བཞི་སོང་། འདི་ནས་ལོ་གཉིས་འདས་པའི་ཤིང་གླང་སྟེ། མཁས་གྲུབ་ཆོས་རྗེའི་འཁྲུངས་ལོའང་ཡིན། དབུས་སུ་ཕེབས་ནས་རྗེ་རིན་པོ་ཆེ་དང་། བྱང་སེམས་རྭ་སྒྲེང་བ་སོགས་བསྟེན་ཏེ། གཞུང་ལུགས་ལ་སྦྱངས་པས་མཁས་པའི་དབང་པོར་གྱུར། རྗེ་རིན་པོ་ཆེས་མཁན་པོ། འདུལ་འཛིན་པས་ལས་སློབ། རྒྱལ་ཚབ་ཆོས་རྗེས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། སྔ་སོར་གསང་ཕུ་སྦེ་སེར་དུ་བཤད་ཉན་མཛད་པ་ན། གུང་རུ་རྒྱན་བཟང་ཞེས་སྙན་གྲགས་ཀྱིས་གླིང་བཞི་ཁྱབ། ཆེན་པོ་དྭགས་པོ་དང་སློབ་དཔོན་དགེ་རྒྱས་སོགས་ལུང་རིགས་ཀྱིས་བཅོམས་པས་ཀྱང་སྙན་གྲགས་ཇེ་རྒྱས་ཇེ་རྒྱས་སུ་སོང༌། ང་སྐྱེ་བོ་མི་ནག་པ་བཅུའི་ཁྲོད་དུ་བསྔོ་གཏམ་བྱེད་པ་བས། དགེ་བཤེས་བརྒྱ་ཕྲག་གཅིག་གི་ནང་དུ་བགྲོ་གླེང་འཕེན་པ་སླ་ཞེས་ཞལ་ཤོམ་གསུང་བ་ཡིན་སྣང་། དེ་ནས་སྦེ་སེར་གྱི་ཐུགས་ཁུར་བསྐྱངས་ཏེ། ལོ་ཤས་བྱ་བྲལ་འཆད་ཉན་མཛད་པའི་སྟེང་ནས་སེ་རའི་གདན་སར་བྱོན་པ་བཙུན་མོ་ཚལ་དང་གཉིས་འཛིན་མཛད་དེ། ལོ་སུམ་ཅུ་སྐོར་ཞིག་སྤྱིར་བཀའ་ཆེན་མང་པོ་དང་། ཁྱད་པར་དབུ་མའི་གཞུང་བཤད་ལེགས་པར་བགྱིས་ཤིང་། ཚད་མའི་བསྟན་བཅོས་མཁས་པ་དགའ་བསྐྱེད། ཕར་ཕྱིན་གྱི་ཊཱིཀྐ། རྩ་འཇུག་གི་ཊིཀ་ཆུང་། སྟོང་ཐུན་སོགས་བརྩམས་པའི་སྒོ་ནས་བསྟན་པ་ལ་བྱ་བ་མཛད། ཅེས་པ་ནས། ཆོས་རྗེ་འདིའི་ཆེ་བའི་ཡོན་ཏན་ཡང༌། གཟིམས་ཁང་གི་ཐབ་སྤྱོད་མ་གཏོགས་ཕྱག་རྫས་ཕལ་ཆེར་སྦྱིན་གཏོང་མཛད་པ། མཐའ་བྲལ་དབུ་མའི་ལྟ་བ་ཐུགས་ལ་མངའ་བ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འབྱོངས་པ་སོགས་ཏེ་ཡ་མཚན་ནོ། །དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེར་བསྐྱངས་ནས་དགུང་ལོ་རེ་བརྒྱད་པ་ལྕགས་ཕོ་རྟའི་ཧོར་ཟླ་བདུན་པའི་ཡར་ངོའི་ཚེས་བཅུ་ལ་སེ་རའི་གཟིམས་ཁང་ཉིད་དུ་ཡ་མཚན་པའི་ལྟས་དང་བཅས་ཏེ་སྐུ་གཤེགས། འཇམ་དབྱངས་ཆོས་རྗེ་གཤེགས་པའི་ཕྱི་ལོ་ཡིན། སྐུ་གདུང་རིལ་པོར་བཞུགས་པ་དེང་སང་གི་བར་དུ་ཡང་རིང་བསྲེལ་མང་དུ་འཛག་པ་དང་། གདོན་གྱིས་གཟིར་བའི་མིས་མཇལ་བ་ཙམ་གྱིས་ནད་གདོན་ཞི་ནུས་པ་སོགས་བྱིན་རླབས་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་སོ། །
[4] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། ༡༩༨༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༣༢༤ ན་གསལ།
[5] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། ༡༩༨༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༣༢༤ ན་གསལ།
[6] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། ༡༩༨༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༣༢༤ ན་གསལ།
[7] གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ། པོད་གཉིས་པ། ༢༠༡༤ སེར་སྨད་དཔེ་མཛོད་དཔར་མ། བསྡུ་སྒྲིག་གསལ་བཤད། ཤོག་གྲངས་༢ ན་གསལ།
[8] གུང་རུ་རྒྱལ་མཚན་བཟང་པོ། ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན། གསུང་འབུམ་པོད་གཉིས་པ། ༢༠༡༤ སེར་སྨད་དཔེ་མཛོད་ཁང་། ཤོག་གྲངས་༣༩༡ ན་གསལ།
[9] གུང་རུ་རྒྱལ་མཚན་བཟང་པོ། ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན། གསུང་འབུམ་པོད་གཉིས་པ། ༢༠༡༤ སེར་སྨད་དཔེ་མཛོད་ཁང་། ཤོག་གྲངས་༣༨༩ ན་གསལ།
[10] གུང་རུ་རྒྱལ་མཚན་བཟང་པོ། ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན། གསུང་འབུམ་པོད་གཉིས་པ། ༢༠༡༤ སེར་སྨད་དཔེ་མཛོད་ཁང་། ཤོག་གྲངས་༣༩༡ ན་གསལ།
[11] གུང་རུ་རྒྱལ་མཚན་བཟང་པོ། ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན། གསུང་འབུམ་པོད་གཉིས་པ། ༢༠༡༤ སེར་སྨད་དཔེ་མཛོད་ཁང་། ཤོག་གྲངས་༣༩༢ ན་གསལ།
[12] མ་ཧཱ་པཎྜིཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དྲང་ངེས་ལེགས་བཤད་སྙིང་པོའི་འཇུག་ངོགས། སྨད་ཆ། ༢༠༠༦ སེར་བྱེས་དཔེ་མཛོད། ཤོག་གྲངས་༢༤༡ ན་གསལ། ཤོག་གྲངས་༣༡༠ ན་གསལ།
[13] གུང་རུ་རྒྱལ་མཚན་བཟང་པོ། དབུ་མ་རྩ་བ་ཤེས་རབ་ཀྱི་བསྡུས་དོན། གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ། པོད་གཉིས་པ། ༢༠༡༤ སེར་སྨད་དཔེ་མཛོད་ཁང་། ཤོག་གྲངས་༣ པ་ན་གསལ།
[14] གུང་རུ་རྒྱལ་མཚན་བཟང་པོ། གུང་རུ་རྒྱལ་མཚན་བཟང་པོའི་གསུང་དབུ་མའི་སྟོང་ཐུན། གསུང་འབུམ་པོད་གསུམ་པ། ༢༠༡༤ སེར་སྨད་དཔེ་མཛོད་ཁང་། ཤོག་གྲངས་ ༢༨༡ ན་གསལ།
[15] ཀུན་མཁྱེན་འཇམ་དབྱངས་བཞད་པ། དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། གླེགས་བམ་དགུ་པ། ༢༠༡༥ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། ཤོག་གྲངས། ༣༣༦ ན་གསལ།
[16] ཀུན་མཁྱེན་འཇམ་དབྱངས་བཞད་པ། དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། གླེགས་བམ་དགུ་པ། ༢༠༡༥ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། ཤོག་གྲངས། ༣༣༩ ན་གསལ།
[17] ཀུན་མཁྱེན་འཇམ་དབྱངས་བཞད་པ། དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། གླེགས་བམ་དགུ་པ། ༢༠༡༥ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། ཤོག་གྲངས། ༣༤༠ ན་གསལ།
[18] ཀུན་མཁྱེན་འཇམ་དབྱངས་བཞད་པ། དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། གླེགས་བམ་དགུ་པ། ༢༠༡༥ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། ཤོག་གྲངས། ༣༣༩ ན་གསལ།
[19] ཀུན་མཁྱེན་འཇམ་དབྱངས་བཞད་པ། དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། གླེགས་བམ་དགུ་པ། ༢༠༡༥ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། ཤོག་གྲངས། ༣༦༢ ན་གསལ།
[20] རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན། ༢༠༠༩ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་གྲངས། ༢༡༣ ན་གསལ།
[21] པཎ་ཆེན་བདེ་ལེགས་ཉི་མ། དབུ་མའི་དགོངས་རྒྱན་རིན་པོ་ཆེའི་འཕྲེང་བ། ༢༠༡༥ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་གྲངས་༢༠༠ ན་གསལ།
[22] ཀུན་མཁྱེན་འཇམ་དབྱངས་བཞད་པ། དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། གླེགས་བམ་དགུ་པ། ༢༠༡༥ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། ཤོག་གྲངས། ༥༤༡ ན་གསལ།
[23] ཀུན་མཁྱེན་འཇམ་དབྱངས་བཞད་པ། དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། གླེགས་བམ་དགུ་པ། ༢༠༡༥ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། ཤོག་གྲངས། ༥༨༢ ན་གསལ།
[24] ཀུན་མཁྱེན་འཇམ་དབྱངས་བཞད་པ། གྲུབ་པའི་མཐའ་རྣམ་པར་གཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ། ༢༠༡༥ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། ཤོག་གྲངས། ༢༣༨ ན་གསལ།
[25] བསེ་ངག་དབང་བཀྲ་ཤིས། བསམ་གཟུགས་མཐའ་དཔྱོད་འབྲིང་པོ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་གྲངས་༩ པ་ན་གསལ།
[26] ཕུར་ལྕོག་ངག་དབང་བྱམས་པ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་ནས་བདག་མེད་པའི་དོན་གཏན་ལ་འབེབས་པ་ཡིད་ཀྱི་གདུང་སེལ། ཕུར་ལྕོག་ངག་དབང་བྱམས་པའི་གསུང་འབུམ། དཔེ་རིང་དཔར་མ། ཤོག་གྲངས།༡༡ ན། གསལ།
[27] ཕུར་ལྕོག་ངག་དབང་བྱམས་པ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་ནས་བདག་མེད་པའི་དོན་གཏན་ལ་འབེབས་པ་ཡིད་ཀྱི་གདུང་སེལ། ཕུར་ལྕོག་ངག་དབང་བྱམས་པའི་གསུང་འབུམ། དཔེ་རིང་དཔར་མ། ཤོག་གྲངས།༡༡ བ། གསལ།
[28] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། ༡༩༨༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༣༢༤ ན་གསལ།
[29] སེར་སྨད་གྲྭ་ཚང་གི་མཁན་ཐོག་གཉིས་པ་གཡུ་བ་བརྩོན་འགྲུས་བཟང་པོ། གུང་རུ་རྒྱལ་མཚན་བཟང་པོའི་རྣམ་ཐར་མདོར་བསྡུས་དད་པའི་རོལ་མཚོ། འཕྲུལ་དེབ། ཤོག་གྲངས་༡༦ ན་གསལ།
[30] མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་བཙུན་བླ་མ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ༢༠༡༥ ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་གྲངས༡༣༧ ན་གསལ།
[31] དེ་ནས་བྱི་བ་ལོ་ནས་བྱ་ལོའི་བར་དགུང་ལོ་ཉེར་དྲུག་ནས་སོ་ལྔའི་བར་དུ། རག །པོ་ཏ་ལ། ཐེག་ཆེན་གླིང་། སྣེའུ་གཞིས་ཁ། གྲུམ་བུ་ལུང་། ལྷ་ས། དགེ་ལྡན། བཀྲ་ཤིས་དོ་ཁ་རྣམས་སུ། རྗེ་རིན་པོ་ཆེ་ལ་ལམ་རིམ་བརྒྱུད་པའི་གསོལ་འདེབས། སྟོན་པ་ལ་ཟབ་མོ་རྟེན་འབྱུང་གསུང་བའི་སྒོ་ནས་བསྟོད་པ་ལེགས་བཤད་སྙིང་པོ་བྱིན་རླབས་ཉེར་འཇུག།།འོད་དཔག་མེད་ཀྱི་བསྟོད་པ་ཞིང་མཆོག་སྒོ་འབྱེད། བྱམས་མགོན་གྱི་བསྟོད་པ་ཚངས་པའི་ཅོད་པཎ་དང་གསོལ་འདེབས། འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། ཉམས་མགུར། རང་གི་རྟོགས་བརྗོད། རྟག་ངུའི་རྟོགས་བརྗོད། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད། སྟོབས་བཞིའི་ཁྲིད། ཐོག་མཐའ་བར་དགེའི་སྨོན་ལམ། ཀླུ་སྒྲུབ་ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ། ལྷ་ལས་ཕུལ་བྱུང་གི་བསྟོད་པ། ཁྱད་པར་འཕགས་བསྟོད་གཉིས་འགྲེལ་པ་དང་བཅས་པ། སྤེལ་མར་བསྟོད་པ། ཕུང་པོ་གསུམ་པའི་མདོ། ཤེས་རབ་སྙིང་པོ། བཟང་སྤྱོད་སྨོན་ལམ། བྱམས་སྨོན། སྐྱེས་རབས་གོང་མ། བྱང་ཆུབ་ལམ་གྱི་རིམ་པ་རྒྱས་བསྡུས་གཉིས། སོ་སོར་ཐར་པའི་མདོ། འདུལ་མཛོད་ཀྱི་དཀའ་གནད། བྱང་སེམས་ཀྱི་སྨོན་འཇུག་སྡོམ་པ། བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད། དྲང་ངེས་རྣམ་འབྱེད། ཚད་མ་རྣམ་འགྲེལ་ལ་རྒྱན་དང་ལྷ་ཤཱཀ་ལུགས་སོ་སོའི་འབྲེལ། དཀའ་གནས་དང་བཅས་མང་རབ། དམིགས་བརྟགས་ཚར་གཅིག །ཞེས་པ་ནས། བླ་མ་ལྔ་བཅུ་པ། རྩ་ལྟུང་རྣམ་བཤད། གསང་འདུས་སྒྲུབ་དཀྱིལ་རྣམ་གཞག་རིམ་པའི་རྣམ་བཤད། རིམ་ལྔ་གསལ་སྒྲོན། རིམ་ལྔ་དམར་ཁྲིད། མདོར་བྱས། མདོར་བསྲེ། རིམ་ལྔ། སྤྱོད་བསྡུས་སྒྲོན་མེ། རྣམ་གཞག་རིམ་པ། སྒྲུབ་ཐབས་ཀུན་བཟང་། རྩ་རླུང་གི་འགྲེལ་པ་སྒྲོན་གསལ་མཆན་བུ་མཐའ་གཅོད་དང་བཅས་པ། རྒྱུད་ཕྱི་མའི་ལེའུ་བཅོ་བརྒྱད་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། ལྷ་མོ་བཞིས་ཞུས་ཀྱི་རྣམ་བཤད་ཤིས་བརྗོད་སྨོན་ལམ་དང་བཅས་པ། དུས་འཁོར་དབང་མདོར་བསྟན་གྱི་འགྲེལ་བའི་ཊཱིཀྐ་བཤད་པ་དང་བཅས་པ། འགྲེལ་ཆེན་དྲི་མེད་འོད་ཀྱི་ལེའུ་དང་པོའི་བཤད་ལུང་། ཡང་། ལེའུ་ལྔ་ཡོངས་རྫོགས་ཀྱི་ལུང་། ནཱ་རོ་ཆོས་དྲུག །འཕོ་ཁྲིད་ཀྱི་ལུང་བསྲེ་འཕོའི་གདམས་པ། བདེ་མཆོག་གི་ཤིས་བརྗོད་སྨོན་ལམ། འཇམ་དབྱངས་ཨ་ར་པ་ཙ་དཔའ་བོ་གཅིག་པའི་རྗེས་གནང་། མདོར་ན། བདེ་མཆོག་གི་སྐོར་མ་གཏོགས་པ་རྗེ་ཉིད་ཀྱིས་མཛད་པའི་སྔགས་མཚན་ཉིད་ཀྱི་སྐོར་རྫོགས་པར་གསན།
[32] སེར་སྨད་གྲྭ་ཚང་གི་མཁན་ཐོག་གཉིས་པ་གཡུ་བ་བརྩོན་འགྲུས་བཟང་པོ། གུང་རུ་རྒྱལ་མཚན་བཟང་པོའི་རྣམ་ཐར་མདོར་བསྡུས་དད་པའི་རོལ་མཚོ། འཕྲུལ་དེབ། ཤོག་གྲངས་ ༢༢ ན་གསལ།
[33] གུང་རུ་རྒྱལ་མཚན་བཟང་པོ། ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན། གསུང་འབུམ་པོད་གཉིས་པ། ༢༠༡༤ སེར་སྨད་དཔེ་མཛོད་ཁང་། ཤོག་གྲངས་༤༡༩ ན་གསལ།
[34] དབལ་མང་དཀོན་མཆོག་རྒྱལ་མཚན། བདེན་གཏམ་སྙིང་རྗེའི་རོལ་མཚོ་ལས་ཟུར་དུ་ཕྱུང་བ་ས་རྙིང་བཀའ་བརྒྱུད་སོགས་ཀྱི་ཁྱད་པར་མགོ་སྨོས་ཙམ་མུ་ཏོའི་རྒྱངས་འབོད་ཀྱི་ཚུལ་དུ་བྱ་གཏོང་སྙན་སྒྲོན་བདུད་རྩིའི་བསང་གཏོར། དགག་ལན་ཕྱོགས་བསྒྲིགས། ༡༩༩༧ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༧༡༦ ན་གསལ།
[35] ཞབས་དཀར་ཚོགས་དྲུག་རང་གྲོལ། རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། པོད་བདུན་པ། ཕྱི་ལོ་ ༢༠༠༢ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༣༡༠ ན་གསལ།
[36] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན། གླེགས་བམ་གཉིས་པ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ཕྱི་མ། པོད་ཁ་པ། ༢༠༡༤ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཤོག་གྲངས་༢༤༩ ན་གསལ།
[37] ངན་རྩོམ་ཞིག་མཛད་གསུངས་པ་ནི། “ལྕང་མ་ཐམས་ཅད་ཆུ་ཡི་ཕྱོགས་སུ་གཡོན། །མི་རྣམས་ཐམས་ཅད་ཕྱུག་པོའི་བུ་ལ་དགའ། །མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་དུ་སྐྱེས། །མི་རྣམས་ཕལ་ཆེར་གྲགས་པའི་རྗེས་སུ་འབྲང༌། །བློ་བཟང་གྲགས་པ་དགའ་ལྡན་གནས་སུ་གཤེགས། །བྱམས་ཆེན་ཆོས་རྗེ་མི་དབང་གཙུག་ན་མཛེས། །རྒྱལ་མཚན་བཟང་པོ་གངས་རིའི་ཁྲོད་འདིར་ལུས། །”སོགས་གསུངས་པ་འདི་ཡིན་པ་དང་། དེ་ཡང་། མི་རྣམས་ཐམས་ཅད་ཕྱུག་པོའི་བུ་ལ་དགའ།།ཞེས་པ་ནི། མཁས་གྲུབ་རིན་པོ་ཆེ་ལ་ཟུར་ཟ་བའི་ཚིག་ཡིན་པ་རེད་ཟེར། དེ་ཡང་། ཁོང་གཙང་ལ་སྟོད་མྱང་རྡོག་གཞུང་དུ་ ༡༣༨༥ ལོར་དཔོན་རིགས་ཕྱུག་པོ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས་པ་དེ་ལ་བརྗོད་པ་རེད་ཟེར་སྲོལ་ཡོད་པ་འདྲ། ཞེས་སེར་བྱེས་མཁས་པའི་དབང་པོ་ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོའི་གསུང་རྒྱུན་ལས་འབྱུང་ཚུལ་དཔལ་ལྡན་སྟོད་རྒྱུད་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྡོ་རྗེ་འཛིན་མཁས་གྲུབ་ནོར་བཟང་དང་ཞལ་འཕྲོས་ཤིག་གི་སྐབས་སུ་བདག་ལ་གསུངས་སོ།།
[38] ཕྱི་ལོ་༡༥༢༩ ལོར་པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། ཞེས་པ་དེ་ཡིན།
[39] ཤཱཀྱའི་དགེ་སློང་གཡུ་པ་བརྩོན་འགྲུས་བཟང་པོས་མཛད་པའི་རྣམ་ཐར་གཞིར་བཞག་སྟེ། མཚུངས་མེད་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོའི་མཛད་རྣམ་བཀོད་པ། འཕྲུལ་དེབ། ཤོག་གྲངས་༨༥ ན་གསལ།
[40] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། ༡༩༨༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༣༢༤ ན་ཞྭ་ལུ་བ་ཚུལ་ཁྲིམས་རིན་ཆེན་གྱི་རྣམ་ཐར་ལས། ཚུལ་རིན་པ་འཇམ་དབྱངས་ཆོས་རྗེའི་དྲུང་དུ་ཞེས་གསུངས་པས། ཚུལ་ཁྲིམས་རིན་ཆེན་དང་ཚུལ་ཁྲིམས་རྒྱལ་མཚན་གང་ཡིན་བརྟག་དགོས་སོ། །
[41] ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ཐུགས་སྲས་རྗེ་ཤེས་རབ་བཀྲ་ཤིས། རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་གདམས་ཀླུ་སྒྲུབ་ཐུགས་བཅུད་སྙིང་གི་བདུད་རྩི་ཆེས་ཆེར་མངར་བ། རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱི་གསུང་རྩོམ་གཅེས་བཏུས། ༢༠༡༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༡༧ ན་གསལ།
[42] ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ཐུགས་སྲས་རྗེ་ཤེས་རབ་བཀྲ་ཤིས། རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་གདམས་ཀླུ་སྒྲུབ་ཐུགས་བཅུད་སྙིང་གི་བདུད་རྩི་ཆེས་ཆེར་མངར་བ། རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱི་གསུང་རྩོམ་གཅེས་བཏུས། ༢༠༡༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༤༣ ན་གསལ།
[43] གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་ལས་དབུ་མའི་ལྟ་ཁྲིད་དགེ་སློང་ཐོས་བསམ་རྒྱ་མཚོ་ལ་བསྩལ་པ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༡༣༥ ན་གསལ།
[44] གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། འཇམ་པའི་དབྱངས་སྐལ་ལྡན་རྒྱ་མཚོའི་གསུང་ལས་དགེ་ལྡན་ཕྱག་ཆེན་ཟབ་ཁྲིད་གདམས་ངག་རྒྱ་མཚོ་ནས་བཏུས་པ་ལེགས་པར་བཞུགས། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༢༢༦ ན་གསལ།
[45] གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། དགེ་ལྡན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ཉམས་འཁྲིད་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་བ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༢༥༠ ན་གསལ།
[46] གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། དགེ་ལྡན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ཉམས་འཁྲིད་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་བ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༢༥༣ ན་གསལ།
[47] གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། ཕྱག་ཆེན་གྱི་འཁྲིད་ཡིག ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༢༦༣ ན་གསལ།
[48] གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། མཐའ་བྲལ་དབུ་མའི་ལྟ་འཁིད་རྟེན་འབྲེལ་རིགས་པའི་ཡང་སྙིང་རྡོ་རྗེ་གཟེགས་མ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༡༣༢ ན་གསལ།
[49] གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། རྗེ་མཚུངས་མེད་ཆོས་ཀྱི་རྒྱལ་པོ་སྐལ་ལྡན་རྒྱ་མཚོའི་གསུང་ལས་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་ཉམས་འཁྲིད་ཐེག་ཆེན་མཛེས་རྒྱན། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༤༥༠ ན་གསལ།
[50] ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ཐུགས་སྲས་རྗེ་ཤེས་རབ་བཀྲ་ཤིས། རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་གདམས་ཀླུ་སྒྲུབ་ཐུགས་བཅུད་སྙིང་གི་བདུད་རྩི་ཆེས་ཆེར་མངར་བ། རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱི་གསུང་རྩོམ་གཅེས་བཏུས། ༢༠༡༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༧༡ ན་གསལ།
[51] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༧ ན་གསལ།
[52] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༠ ན་གསལ།
[53] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༠ ན་གསལ།
[54] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༣ ན་གསལ།
[55] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༣ ན་གསལ།
[56] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༧ ན་གསལ།
[57] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༧ ན་གསལ།
[58] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༧ ན་གསལ།
[59] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༧ ན་གསལ།
[60] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༨ ན་གསལ།
[61] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༨ ན་གསལ།
[62] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༦༩༨ ན་གསལ།
[63] མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་ཡབ་སྲས་ཀྱིས་མཛད་པའི་ལྟ་བའི་གསུང་རྩོམ་ཕྱོགས་བསྡུས། གངས་ཅན་ཁྱད་ནོར་དཔེ་ཚོགས། དབུ་མའི་ལྟ་ཁྲིད་མུན་སེལ་སྒྲོན་མེ། ཤོག་གྲངས་ ༤༧༨ ན་གསལ།
[64] གུང་ཐང་བསྟན་པའི་སྒྲོན་མེ། འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ། ཕྱི་ལོ་༢༠༠༢ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཐེ་ཝན་དཔར་མ། ཤོག་གྲངས་༧༨ ན་གསལ།
[65] གུང་ཐང་བསྟན་པའི་སྒྲོན་མེ། འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ། ཕྱི་ལོ་༢༠༠༢ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཐེ་ཝན་དཔར་མ། ཤོག་གྲངས་༨༤ ན་གསལ།
[66] གྲོལ་མཆོག །ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ཞིབ་མོ་རྣམ་འབྱེད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། མ་པ། གླེགས་བམ་བཅུ་དྲུག་པ། ཤོག་གྲངས་༢༤ པ་ལས། ཆུ་ཕོ་ཁྱི་དགུང་ལོ་བཅོ་ལྔའི་ངོ་གཟིགས་ཙམ་དེ་ཡི་སྐབས། སྣེའུ་རྫོང་ནས་ས་དགེའི་གྲུབ་མཐའི་ཞལ་འཛིན་ལ་བརྟེན་པའི་བཀའ་ལུང་འཛེར་བག་ཤིན་ཏུ་ཆེ་བ་བྱུང་བའི་གནང་བཀག་ལ་བརྟེན་ནས། སེ་ར་ཚོར་གུང་རུ་བ་རྒྱལ་མཚན་བཟང་པོ་ལས་དཔྱིད་ཆོས་ཤིག་ལ། དབུ་མ་ཚིག་གསལ་གྱི་གཞུང་ཆོས་རྒྱས་པ་གསན་ཞིང་། ཁོང་གི་གསུང་ལས་དགག་བྱ་བཀག་ཤུལ་གྱི་འཛིན་སྟངས་སྦྱོར་བ་འདི་མཁས་གྲུབ་དགེ་ལེགས་པ་རང་གིས་རྩལ་བཤད་བྱས་པའི་ཁ་འཛིན་རི་བོ་དགེ་ལྡན་པའི་ཆར་གཏོགས་ཡོངས་ཀྱིས་
སྒྲོག་པར་སྣང་། རྗེ་རིན་པོ་ཆེ་དང་། བླ་མ་རྗེ་བཙུན་རེད་མདའ་བ་གཉིས་དགག་བྱའི་ངོས་འཛིན་ཕྲ་ཞིབ་དཔྱོད་ཚུལ་བག་ཙམ་རྩིང་ཞིབ་ལས། མཉམ་གཞག་ལ་འཇོག་ཚུལ་འདྲ། ལར་རང་མདོ་སྡུད་པར། རྩ་དང་ཤིང་ལས་མེ་བྱུང་བས་ནི་དེ་ཉིད་སྲེག །ཅེས་ཤིང་དགྲ་མེ། མེ་དགྲ་ཤིང་ཡིན་ཞིང་། ཤིང་སྲེག་པ་ལ་མེ་དགོས། མེ་སྦོར་བ་ལ་ཤིང་དགོས། ཤིང་ཟད་མཐར་མེ་འཆི། ཕན་ཚུན་མེད་ན་མི་འབྱུང་གིས། བལྟོས་ཆོས་རྟེན་འབྲེལ་ཡིན་དངོས་སུ་གསུང་ལས་ཐོས་གསུང་། ཕྱིས་གུང་རུ་བས་མཛད་པའི་དབུ་མའི་དཔེ་ཞིག་སྤྱན་ལམ་འབྱོར་པ་ལ་ཡང་དེ་ཉིད་ཁོ་ན་བྲིས་གནང་ངོ་།།ཞེས་པཎ་ཆེན་དངོས་ཀྱིས་སྣར་ཐང་ཀ་བཞི་པ་གྲགས་པ་ཤེས་རབ་ཚུལ་ཁྲིམས་ཕྱིས་མངའ་རིས་ཀྱི་པུ་རངས་རྒྱལ་བྱེད་ཚལ་གྱི་ཆོས་དཔོན་གནང་བ་དེ་ལ་གསུངས་པའི་ངག་རྒྱུན་དྲུང་བཙུན་བཟང་པོ་བརྟན་པ་ལས་སོ། །ཞེས་ཤཱཀ་མཆོག་པ་དགུང་ལོ་བཅོ་ལྔའི་སྐབས་གུང་རུ་པའི་དྲུང་ནས་གསུང་ཆོས་ཞུ་སྐབས་གསུངས་ཚུལ་བཀོད་འདུག །
[67] རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་༧༡༡ ན་གསལ།
[68] འབྲས་སྤུངས་མཁན་ཁྲི་སྒོ་མང་མཁན་ཟུར་བསྟན་པ་བསྟན་འཛིན། ལྟ་བའི་ཉམས་མགུར་ཐུན་མོང་མ་ཡིན་པ་ཨ་མ་ངོ་ཤེས་ཀྱི་རྣམ་བཤད་གྲུབ་བཞིའི་སྙིང་ནོར། ཕྱི་ལོ་༢༠༡༧ འབྲས་སྤུངས་སྒོ་མང་དཔེ་མཛོད། ཤོག་གྲངས་༡༩༡ ནས་གསལ།
[69] རྗེ་བློ་བཟང་གྲགས་པ། ལེགས་བཤད་རིན་པོ་ཆེ་གསེར་གྲི་ཕྲེང་བ། སྟོད་ཆ། ༢༠༠༠ སེར་བྱེས་དཔེ་མཛོད། ཤོག་གྲངས་༤༡༢ ན་གསལ།
[70] རྗེ་བློ་བཟང་གྲགས་པ། ལེགས་བཤད་རིན་པོ་ཆེ་གསེར་གྲི་ཕྲེང་བ། སྟོད་ཆ། ༢༠༠༠ སེར་བྱེས་དཔེ་མཛོད། ཤོག་གྲངས་༤༡༣ ན་གསལ།
[71] རྒྱལ་མཆོག་བཅུ་བཞི་པ་ཆེན་པོ། ཆོས་ལུགས་རིས་མེད་ཀྱི་བཀའ་ཁྲིད། ༸གོང་ས་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་གསུང་འབུམ། པོད་ཆ་པ། ༸ གོང་ས་ཏཱ་ལའི་བླ་མའི་བཀའ་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས། ༨༠ ན་གསལ།
[72] ཆོས་ལུགས་རིས་མེད་ཀྱི་བཀའ་ཁྲིད། ༸གོང་ས་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་གསུང་འབུམ། པོད་ཆ་པ། ༸གོང་ས་ཏཱ་ལའི་བླ་མའི་བཀའ་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས། ༡༠༥ ན་གསལ།
[73] གུང་ཐང་བསྟན་པའི་སྒྲོན་མེ། འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ། ཕྱི་ལོ་༢༠༠༢ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཐེ་ཝན་དཔར་མ། ཤོག་གྲངས་༧༢ ན་གསལ།
[74] པཎ་ཆེན་བསོད་ནམས་གྲགས་པ། བཀའ་གདམས་ཆོས་འབྱུང་། པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ་པོད་བཅུ་གཅིག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༡༣༣ ན་གསལ།
[75] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། ༡༩༨༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་༣༢༤ ན་གསལ།
[76] གཞུང་འདི་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་དོན་འགྲེལ་ཚུལ་རྗོད་ཚིག་བསྡུས་བསྡུས་ཙམ་གྱིས་རབ་བྱེད་རྣམས་ཀྱི་དོན་མཐའ་དག་བསྡུས་ནས་བསྟན་པ་ཙམ་དུ་མ་ཟད། རྗེ་རིན་པོ་ཆེའི་རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོའི་ས་བཅད་གཞིར་བཟུང་རྩ་ཤེའི་ཚིག་དོན་འགྲེལ་གནང་བ་ཞིག་རེད་འདུག །
[77] རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ། ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ། གསུང་འབུམ། པོད་ཁ་པ། རོང་པོ་དགོན་ཆེན་དཔར་མ། དཔེ་རིང་། ཤོག་གྲངས་༩༥ ན་གསལ།
[78] རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ། ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ། གསུང་འབུམ། པོད་ཁ་པ། རོང་པོ་དགོན་ཆེན་དཔར་མ། དཔེ་རིང་། ཤོག་གྲངས་༩༥ ན་གསལ།
[79] རོང་པོ་གྲུབ་ཆེན་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་བསམ་འཕེལ་དབང་གི་རྒྱལ་པོ། གསུང་འབུམ་པོད་དང་པོ། ཤོག་གྲངས་༥༤ ན་གསལ།
དཔྱད་གཞིའི་ཡིག་ཆ།
༡ གྲུབ་དབང་སྐལ་ལྡན་རྒྱ་མཚོ། དབུ་མའི་བསྟན་བཅོས་ཀྱི་རྒྱལ་པོ་རྩ་བ་ཤེས་རབ་ཀྱི་ཊཱིཀྐ་དཔག་བསམ་ལྗོན་ཤིང་། ༢༠༢༢ དགའ་བྱང་ཐོས་བསམ་ནོར་གླིང་དཔེ་མཛོད།
༢ པཎ་ཆེན་བསོད་ནམས་གྲགས་པ། བཀའ་གདམས་ཆོས་འབྱུང་། པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ་པོད་བཅུ་གཅིག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༣ ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། ༡༩༨༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༤ གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ། པོད་གཉིས་པ། ༢༠༡༤ སེར་སྨད་དཔེ་མཛོད་དཔར་མ།
༥ གུང་རུ་རྒྱལ་མཚན་བཟང་པོ། ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན། གསུང་འབུམ་པོད་གཉིས་པ། ༢༠༡༤ སེར་སྨད་དཔེ་མཛོད་ཁང་།
༦ མ་ཧཱ་པཎྜིཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དྲང་ངེས་ལེགས་བཤད་སྙིང་པོའི་འཇུག་ངོགས། སྨད་ཆ། ༢༠༠༦ སེར་བྱེས་དཔེ་མཛོད། ཤོག་གྲངས་༢༤༡ ན་གསལ།
༧ གུང་རུ་རྒྱལ་མཚན་བཟང་པོ། དབུ་མ་རྩ་བ་ཤེས་རབ་ཀྱི་བསྡུས་དོན། གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ། པོད་གཉིས་པ། ༢༠༡༤ སེར་སྨད་དཔེ་མཛོད་ཁང་།
༨ གུང་རུ་རྒྱལ་མཚན་བཟང་པོ། གུང་རུ་རྒྱལ་མཚན་བཟང་པོའི་གསུང་དབུ་མའི་སྟོང་ཐུན། གསུང་འབུམ་པོད་གསུམ་པ། ༢༠༡༤ སེར་སྨད་དཔེ་མཛོད་ཁང་།
༩ ཀུན་མཁྱེན་འཇམ་དབྱངས་བཞད་པ། དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། གླེགས་བམ་དགུ་པ། ༢༠༡༥ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་།
༡༠ རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན། ༢༠༠༩ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།
༡༡ པཎ་ཆེན་བདེ་ལེགས་ཉི་མ། དབུ་མའི་དགོངས་རྒྱན་རིན་པོ་ཆེའི་འཕྲེང་བ། ༢༠༡༥ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།
༡༢ ཀུན་མཁྱེན་འཇམ་དབྱངས་བཞད་པ། གྲུབ་པའི་མཐའ་རྣམ་པར་གཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ། ༢༠༡༥ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་།
༡༣ བསེ་ངག་དབང་བཀྲ་ཤིས། བསམ་གཟུགས་མཐའ་དཔྱོད་འབྲིང་པོ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།
༡༣ ཕུར་ལྕོག་ངག་དབང་བྱམས་པ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་ནས་བདག་མེད་པའི་དོན་གཏན་ལ་འབེབས་པ་ཡིད་ཀྱི་གདུང་སེལ། ཕུར་ལྕོག་ངག་དབང་བྱམས་པའི་གསུང་འབུམ། དཔེ་རིང་དཔར་མ།
༡༤ སེར་སྨད་གྲྭ་ཚང་གི་མཁན་ཐོག་གཉིས་པ་གཡུ་བ་བརྩོན་འགྲུས་བཟང་པོ། གུང་རུ་རྒྱལ་མཚན་བཟང་པོའི་རྣམ་ཐར་མདོར་བསྡུས་དད་པའི་རོལ་མཚོ། འཕྲུལ་དེབ།
༡༥ མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་བཙུན་བླ་མ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ༢༠༡༥ ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།
༡༦ དབལ་མང་དཀོན་མཆོག་རྒྱལ་མཚན། བདེན་གཏམ་སྙིང་རྗེའི་རོལ་མཚོ་ལས་ཟུར་དུ་ཕྱུང་བ་ས་རྙིང་བཀའ་བརྒྱུད་སོགས་ཀྱི་ཁྱད་པར་མགོ་སྨོས་ཙམ་མུ་ཏོའི་རྒྱངས་འབོད་ཀྱི་ཚུལ་དུ་བྱ་གཏོང་སྙན་སྒྲོན་བདུད་རྩིའི་བསང་གཏོར། དགག་ལན་ཕྱོགས་བསྒྲིགས། ༡༩༩༧ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༡༧ ཞབས་དཀར་ཚོགས་དྲུག་རང་གྲོལ། རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། པོད་བདུན་པ། ཕྱི་ལོ་ ༢༠༠༢ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༡༨ རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན། གླེགས་བམ་གཉིས་པ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ཕྱི་མ། པོད་ཁ་པ། ༢༠༡༤ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་།
༡༩ གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། དགེ་ལྡན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ཉམས་འཁྲིད་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་བ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༢༠ གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། དགེ་ལྡན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ཉམས་འཁྲིད་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་བ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༢༡ གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། ཕྱག་ཆེན་གྱི་འཁྲིད་ཡིག ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༢༢ གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། མཐའ་བྲལ་དབུ་མའི་ལྟ་འཁིད་རྟེན་འབྲེལ་རིགས་པའི་ཡང་སྙིང་རྡོ་རྗེ་གཟེགས་མ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༢༣ གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། རྗེ་མཚུངས་མེད་ཆོས་ཀྱི་རྒྱལ་པོ་སྐལ་ལྡན་རྒྱ་མཚོའི་གསུང་ལས་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་ཉམས་འཁྲིད་ཐེག་ཆེན་མཛེས་རྒྱན། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ། ༡༩༩༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༢༤ གུང་ཐང་བསྟན་པའི་སྒྲོན་མེ། འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ། ཕྱི་ལོ་༢༠༠༢ དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཐེ་ཝན་དཔར་མ།
༢༥ འབྲས་སྤུངས་མཁན་ཁྲི་སྒོ་མང་མཁན་ཟུར་བསྟན་པ་བསྟན་འཛིན། ལྟ་བའི་ཉམས་མགུར་ཐུན་མོང་མ་ཡིན་པ་ཨ་མ་ངོ་ཤེས་ཀྱི་རྣམ་བཤད་གྲུབ་བཞིའི་སྙིང་ནོར། ཕྱི་ལོ་༢༠༡༧ འབྲས་སྤུངས་སྒོ་མང་དཔེ་མཛོད།
༢༦ རྒྱལ་མཆོག་བཅུ་བཞི་པ་ཆེན་པོ། ཆོས་ལུགས་རིས་མེད་ཀྱི་བཀའ་ཁྲིད། ༸གོང་ས་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་གསུང་འབུམ། པོད་ཆ་པ། ༸ གོང་ས་ཏཱ་ལའི་བླ་མའི་བཀའ་འབུམ་སྡུད་སྒྲིག་ཁང་།
༢༧ པཎ་ཆེན་བསོད་ནམས་གྲགས་པ། བཀའ་གདམས་ཆོས་འབྱུང་། པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ་པོད་བཅུ་གཅིག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༢༨ རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ། ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ། གསུང་འབུམ། པོད་ཁ་པ། རོང་པོ་དགོན་ཆེན་དཔར་མ། དཔེ་རིང་།
༢༩ རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ། ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ། གསུང་འབུམ། པོད་ཁ་པ། རོང་པོ་དགོན་ཆེན་དཔར་མ། དཔེ་རིང་།
༣༠ ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ཐུགས་སྲས་རྗེ་ཤེས་རབ་བཀྲ་ཤིས། རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་གདམས་ཀླུ་སྒྲུབ་ཐུགས་བཅུད་སྙིང་གི་བདུད་རྩི་ཆེས་ཆེར་མངར་བ། རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱི་གསུང་རྩོམ་གཅེས་བཏུས། ༢༠༡༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༣༡ རྗེ་ཙོང་ཁ་པ། ལམ་རིམ་ལྷག་མཐོང་ཆེན་མོ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་།
༣༢ མཁས་གྲུབ་དགེ་ལེགས་དཔལ་བཟང་། དབུ་མའི་ལྟ་ཁྲིད་མུན་སེལ་སྒྲོན་མེ། གསུང་འབུམ་པོད་ཇ་པ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་།
༣༣ གྲོལ་མཆོག །ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ཞིབ་མོ་རྣམ་འབྱེད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། གླེགས་བམ་བཅུ་དྲུག་པ། རྫོང་སར་བཤད་གྲྭ་དཔར་མ།
– – – – –