ཨི་ལྡན་གྱི་ཕྲད་བྱ་བའི་ཚིག་གྲོགས་སུ་འཇུག་ཚུལ་ལ་དཔྱད་པ།

0
735

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ། བཟའཡི༷་ཡོད། འཐུང་གི༷་འདུག་ཅེས་པ་ལྟ་བུ་ཨི་ལྡན་གྱི་ཕྲད་བྱ་བའི་ཚིག་གྲོགས་སུ་སྦྱར་བའི་བརྗོད་ཚུལ་དེ་དག་དེང་འདིར་རྒྱུན་སྤྱོད་ཤིན་ཏུ་ཆེ་རུང་། འབྲི་སྟངས་གཅིག་གྱུར་མེད་པའི་དཀའ་ངལ་ཞིག་ཡོད་པ་དེ་ཉིད་སེལ་ཐབས་ལ་གཙོར་དམིགས་ཀྱིས། བོད་ཕྱི་ནང་གཉིས་སུ་དེ་དག་གི་ཕྲད་གི༷་སྒྲ་རྐྱང་པ་འབྲི་བའི་ལུགས་དར་སྟངས། གི༷་སོགས་བྱ་བའི་ཚིག་གྲོགས་སུ་སྦྱར་བ་རྗེས་འཇུག་ལ་ལྟོས་དགོས་མིན། དེ་དག་འབྲེལ་སྒྲ་དངོས་ཡིན་མིན། གི༷་དང་གིན༷་ཞེས་ན་རྟེན་ཡོད་མེད་ཀྱི་ཁྱད་པར། རྟགས་འཇུག་རྩ་བས་ཇི་ལྟར་བསྟན་ཚུལ། ཡུལ་སྐད་དང་ཡིག་སྐད་གང་ཡིན་སོགས་ལ་གཞུང་ལུགས་གཞི་རྩར་བཟུང་ནས་རང་གི་ལྟ་ཚུལ་དྲང་བརྗོད་བྱས་ཡོད།

གནད་ཚིག ཨི་ལྡན་གྱི་ཕྲད། བྱ་བའི་ཚིག་གྲོགས། འབྲེལ་སྒྲ། འབྲེལ་སྒྲ་ན་རྟེན་ཅན།    

ཐོག་མའི་སྐད་ཆ།

དེང་འདིར་བོད་ཡིག་གི་ཀ་ངོ་ར་ངོ་ཤེས་ཙམ་ནས་བོད་ཀྱི་ཕ་སྐད་མ་ཡིག་གི་རྩོམ་པ་པོའི་བར་གྱི་གྲངས་འབོར་ནི། སྔོན་ཆད་ལས་ལྡབ་འགྱུར་མང་དུ་སོང་ཡོད་པ་སྨོས་མེད་ཐོག ཡུལ་སྲོལ་དང་གོམས་གཤིས་མི་འདྲ་བ། རྒྱལ་ཁབ་དང་མི་རིགས་མི་གཅིག་པའི་ཡུལ་གྲུ་ཁག་ཏུའང་བོད་ཡིག་བོད་སྐད་ཤེས་མཁན་དང་སྦྱོང་མཁན་ཇེ་མང་ནས་ཇེ་མང་རེད། རང་རེའི་ཕ་སྐད་མ་ཡིག་འདི་ཉིད་འདི་ལྟར་འཕེལ་རྒྱས་སུ་འགྲོ་བ་ནི་རང་མི་རིགས་ཀྱི་བླ་སྲོག་ཡུན་གནས་དང་། དཔལ་ཡོན་གོང་འཕེལ་དུ་འགྲོ་རྒྱུའི་ལྟས་རྟགས་ཡིན་པས། འདི་ལས་དགའ་འོས་པ་ཞིག་གང་ན་ཡོད་མོད། ད་ལྟའི་རང་རེའི་སྤྱི་ཚོགས་སུ་རྒྱུན་སྤྱོད་ཆེ་བའི་ཐ་སྙད་སྐོར་ཞིག་ལ་དག་ཆ་གཅིག་འགྱུར་དང་། བཞེད་པ་གཅིག་མཐུན་ཡོང་མི་ཐུབ་པའི་དཀའ་ངལ་ཞིག་མིག་མཐོང་ལག་ཟིན་ཏུ་ཡོད།

དེ་ཡང་ཆེས་རྒྱུན་སྤྱོད་ཆེ་བ་ཞིག་ནི། ང་ཚོས་ཉིན་ལྟར་ཕན་ཚུན་ཁ་བརྡ་ཤོད་རེས་དང་། འཕྲིན་ཐུང་སྐུར་རེས་སོགས་བྱེད་དུས། ག་རེ་བྱེད་ཀྱི༷་ཡོད། ག་བ་འགྲོ་ཡི༷་ཡོད། གང་བཟའ་ཡི༷་ཡོད། ཅེས་སོགས་བྱ་བའི་ཚིག་གྲོགས་སུ་ཨི་ལྡན་གྱི་ཕྲད་སྦྱར་ནས་རྗོད་པར་བྱེད་ཅིང་འབྲི་མཁན་མང་ནའང་། ཕྲད་དེ་དག་མང་པོས་རྗེས་འཇུག་ལ་ལྟོས་ནས་བྱེད་ཀྱི༷་ཡོད། འགྲོ་ཡི༷་ཡོད་ལྟ་བུ་འབྲི་བ་དང་། རེ་འགས་བྱེད་གི༷་ཡོད། འགྲོ་གི༷་ཡོད་ཅེས་གི་སྒྲ་རྐྱང་པ་འབྲི་བ་དང་། ཡང་རྗེས་འཇུག་ན་རེ་སྦྱར་ནས་བྱེད་ཀྱི༷ན་ཡོད། འགྲོ་ཡི༷ན་ཡོད་ཅེས་སོགས་འབྲི་ཚུལ་སྣ་ཚོགས་ཤིག་ཡོད་པ་ནི། ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་ནས་ཀྱང་མཐོང་དང་མཐོང་མུས། བྲིས་དང་འབྲི་མུས་སུ་མཆིས་པ་འདི་ལགས་ན། འབྲི་ཚུལ་མི་འདྲ་བ་དེ་དག་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། འབྲི་སྟངས་གང་ཞིག་འཐད་མིན་བཅས་ལ་གཟུར་གནས་བློ་ཡིས་བརྟག་པར་མོས་སོ། །

གཞིས་སྡོད་བོད་མིའི་སྤྱི་ཚོགས་སུ་གི༷སྒྲ་དར་ཚུལ།

དེ་ཡང་གི་སྒྲ་རྐྱང་པ་འབྲི་བའི་ལུགས་འདི་ནི། དམུ་དགེ་བསམ་གཏན་གྱིས། “(གནད་བསྡུས)་ཟེར་བ་རྩོམ་པ་པོ་སོགས་ཀྱིས་མའོ་ཀྲུའུ་ཞིའི་གསུང་བཏུས་དེ་དྲངས་ནས། བོད་ཀྱི་ཡི་གེ་བཅོས་བསྒྱུར་དགོས་ཟེར་ཞིང་། ཡིག་གཟུགས་བཅོས་བསྒྱུར་བྱེད་པ་མིན་པར། བོད་ཀྱི་སྐད་དང་། བརྡ་སྤྲོད་པའི་གཞུང་། རྣམ་དབྱེ་ཚིག་ཕྲད་སོགས་བཅོས་བསྒྱུར་བྱེད་ཁུལ་བྱས་”[1] ཞེས་གསུངས་པར་ལྟར། མའོ་“ཡི་གེ་དེ་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་བཅོས་བསྒྱུར་དང་། སྐད་དེ་ངེས་པར་དུ་མང་ཚོགས་དང་ཉེ་བར་བྱེད་དགོས་”[2] ཞེས་པ་འདི་ལ་ཁུངས་བཅོལ་ཁུལ་གྱིས་བོད་ཡིག་གི་ཕྲད་རྣམ་དབྱེ་སོགས་ལ་བཟོ་བཅོས་བྱས་པར་གསལ་བས། སྐབས་དེ་ཤེད་ནས་འབྲེལ་སྒྲ་གཞན་གྱི་ཚབ་ཏུ་གི་སྒྲ་འབའ་ཞིག་འབྲི་བའི་འགོ་བརྩམས་པར་སྙམ།

དེ་ནས་རིམ་བཞིན་<<མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས>>་དང་<<ཆུ་ངོགས་གཏམ་རྒྱུད་>>སོགས་བོད་བསྒྱུར་བྱས་ནས་བྱ་བའི་ཚིག་གྲོགས་ཙམ་མ་ཟད་འབྲེལ་སྒྲ་ཀུན་ཀྱི་ཚབ་ཏུ་གི་སྒྲ་འབའ་ཞིག་སྦྱར་ནས།  བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་ཀ་བའི་ཚོད་དང་གདུང་མའི་དོད་དུ་གྱུར་པའི་སུམ་རྟགས་གཉིས་ཀྱི་རྩ་ཚིག་དག་དང་རྒྱབ་འགལ་བྱས་ཤིང་། བོད་མི་མང་གི་ལྕེ་ལ་དོད་ཅིང་ངག་ལ་འཇགས་ཡོད་པའི་ཚིག་ཕྲད་གྱི༷་ཀྱི༷་སོགས་སྐོར་ཞིག་བཙན་གྱིས་རྒྱང་འབུད་བཏང་། མའོ་གསུང་རྩོམ་བོད་བསྒྱུར་བྱས་པའི་བརྒྱུད་རིམ་དང་འབྲེལ་ནས་ཧོར་གཙང་འཇིགས་མེད་ཀྱིས་ཀྱང་། “ཡ་ང་བའི་དོན་དག་གཞན་ཞིག་ལྷག་པ་ནི། བོད་ཡིག་འདི་བཀས་བཀོད་རྒྱུད་འཛིན་པའི་ལག་ཆ་ཡིན་སྟབས་ཚན་རིག་དང་མི་མཐུན་ཟེར་ནས་འབྲེལ་སྒྲ་”ཀྱི་གི་གྱི་འི་ཡི་”ལྔ་ལས”གི”གཅིག་པུ་ལས་གཞན་རྣམས་བེད་སྤྱོད་བཏང་མི་ཆོག་པ་དང་།”[3] ཞེས་གསུངས་པས་སྐབས་དེར་བོད་ཡིག་ནི་བཀས་བཀོད་རྒྱུད་འཛིན་པའི་ལག་ཆ་ཙམ་དུ་བརྩིས་ནས་འབྲེལ་སྒྲའི་ཕྲད་གཞན་རྣམས་ལ་རྫོགས་ཚིག་བཀོད་པར་གསལ།

འདི་ནི་རྒྱ་ཡིག་གི་འབྲེལ་སྒྲ་ལ་དཔེར་བླངས་ནས་“ཞྭ་དཔེར་ལྷམ་འགོད་”བྱས་པ་ཞིག་ཀྱང་ཡིན་འདུག་སྟེ། དམུ་དགེ་བསམ་གཏན་གྱིས་“རྒྱ་ཡིག་ལ་འབྲེལ་སྒྲ་(的)གཅིག་པུ་ཙམ་ལས་མེད་པས། བོད་ཡིག་ལའང་གི་གཅིག་པུས་ཆོག་གོ་ཟེར་བ་དང་། རྒྱ་ཡིག་ལ་རྣམ་དབྱེ་གཞན་མེད་པས། བོད་ཡིག་ལའང་མེད་པར་བྱེད་དགོས་ཟེར་རྒྱུ་ནི་དེ་བས་ཀྱང་མི་འཐད་དོ།།”[4] ཞེས་དགག་སྒྲུབ་མཛད་ཚུལ་ལས་ཤེས་སོ། །འོན་ཀྱང་མའོ་གསུང་རྩོམ་གཅེས་བཏུས་སོགས་སྐབས་དེར་རྒྱུ་རྐྱེན་སྣ་མང་གི་འོག་ནས་བསྒྱུར་བཞག་པའི་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་མི་མཐུན་པའི་འབྲི་ལུགས་འབྲི་སྟངས་དེ་དག་ལ་མ་ཡིན་ཡིན་ཁུལ་དང་། མ་ཤེས་ཤེས་མདོག་གིས་ད་དུང་རྒྱུན་མཐུད་ནས་འབྲི་བ་མི་རིགས་ཏེ། བོད་ཀྱི་མཁས་པ་མང་པོའི་མགྲིན་བརྒྱ་དབྱངས་གཅིག་གི་ནུས་མཐུ་ལ་བརྟེན་ནས་སྔོན་ཚོད་ནས་བརྡ་སྤྲོད་པའི་གཞུང་དང་མཐུན་པར་བཅོས་ཟིན་པས། རང་ཉིད་ཐོས་རྒྱ་ཉུང་དྲགས་པ་དང་ལྟ་རྒྱ་དོག་དྲགས་པའི་སྐྱོན་དུ་མི་འཇུག་པ་གལ་ཆེའོ་ཞེས་དྲན་སྐུལ་ལོ།།

བྱེས་སྡོད་བོད་མིའི་སྤྱི་ཚོགས་སུ་གི༷་སྒྲ་དར་སྟངས།

བྱེས་འབྱོར་བོད་མིའི་སྤྱི་ཚོགས་སུ་བྱ་བའི་ཚིག་གྲོགས་རྗེས་འཇུག་ལ་ལྟོས་མེད་ཀྱིས་གི་སྒྲ་འབྲི་བའི་སྲོལ་འདི། དུས་ནམ་ཞིག་ལ་མི་སུ་ཞིག་གིས་ཐོག་མ་བྲིས་ཡོད་མ་ཤེས་ཀྱང་། རྒན་ངག་དབང་རྡོ་རྗེས་(༢༠༠༨)བྲིས་པའི་<<གི་སྒྲའི་བཙན་འཛུལ་སླེབས་འདུག>>ཅེས་པར་བརྟགས་ན། དུས་དེ་ཙམ་ལ་གཞི་ནས་དར་བཞིན་པ་དང་བོད་ཀྱི་དུས་བབ་གསར་ཤོག་ཏུ་དེ་ལྟར་བྲིས་པ་ཐོག་མ་ཡིན་པར་འདྲ་སྟེ། ཁོང་གིས་“ང་རང་ཆེས་ཀློག་འདོད་པའི་བོད་ཀྱི་དུས་བབ་ནང་ཕྲད་ཀྱི་སྦྱོར་ཚུལ་དེ་མཐོང་སྐབས། འདས་པའི་ལོ་ངོ་བཅུ་གཉིས་ལ་ཕྱིར་བལྟས་བྱས་ཏེ་བསམ་གཞིགས་བྱེད་པའི་ཚེ། འདི་ལྟ་བུའི་སྦྱོར་ཚུལ་མཐོང་བ་དེ་རིང་ཐོག་མ་ཡིན།”ཞེས་དང་། “བོད་ཀྱི་དུས་བབ་འཇིག་རྟེན་འདིར་བྱོན་ནས་ལོ་ངོ་བཅུ་གསུམ་འགྲོ་བཞིན་པའི་དེ་རིང་གི་དུས་འདིར་གློ་བུར་དུ། བོད་ཀྱི་བརྡ་སྤྲོད་པའི་གཞུང་ནས་གསུངས་པའི་སྒྲ་སྦྱོར་གྱི་འགྲོས་དང་མི་མཐུན་པའི་འབྲེལ་སྒྲའི་སྦྱོར་ཚུལ་དམིགས་བསལ་བ་ཞིག་ཐོན་འདུག་པས། ངས་དུས་བབ་ཤོག་ངོས་ཚང་མར་སླར་ཡང་རགས་ཙམ་ཞིག་བལྟས་པ་ཡིན།”[5] ཞེས་གསུངས་པས་ཤེས་ནུས་སྙམ་ལ། (བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་༤༢༦དང་། སྤྱི་ལོ་༢༠༠༨ ལོའི་ ༩ པའི་ཚེས་༣༠ ཉིན་ཐོན་པ་དེའོ།།) གསར་ཤོག་དེར་གསལ་བའི་གི་སྒྲ་ཁོ་ན་བྲིས་པའི་དཔེ་མཚོན་སྐོར་ཞིག་ཁོང་གིས་བཀོད་འདུག་པ་ནི། “ལབ་ཐུབ༷་གི༷་མ་རེད། ཟེར་གི༷་རེད། ཐག་གཅོད༷་གི༷་ཡིན་”སོགས་བྱ་བའི་ཚིག་རོགས་སུ་འཇུག་པ་ཤ་སྟག་གོ །

བོད་གཞིས་བྱེས་གཉིས་ནི་གཅིག་ལ་གཅིག་བརྟེན་ནམ་གཅིག་གི་ཤུགས་རྐྱེན་གཅིག་ལ་ཐེབས་ཆོག་ཆོག་ཏུ་ཡོད་ནའང་། བྱེས་ནས་གི་སྒྲ་དེ་ལྟར་བྲིས་ཡོང་པ་དེ། བོད་ནས་འབྲེལ་སྒྲའི་ཕྲད་གཞན་དག་བེད་སྤྱོད་མི་ཆོག་པའི་ཤུགས་རྐྱེན་ཡིན་པའི་ངེས་པ་ནི་མེད་སྙམ་སྟེ། སྤྱིར་གི༷་སོགས་བྱ་བའི་ཚིག་གྲོགས་ལ་འཇུག་པའམ་བྱ་བའི་དུས་གསལ་བྱེད་དུ་སྦྱར་བའི་བརྗོད་ཚུལ་དེ་རིགས། དབུས་གཙང་ཕྱོགས་ཀྱིས་བརྗོད་པ་ཤས་ཆེ་ལ། དེ་བས་ལྷ་སའི་སྐད་དུ་གི་སྒྲའི་སྤྱོད་སྒོ་གཞན་ལས་ཆེ་བ་ང་ཚོས་མངོན་སུམ་རྣ་བས་ཉན་དུ་ཡོད་ཅིང་། ཁ་སྐད་ཞིབ་འཇུག་པ་དག་གིས་ཀྱང་གྲུབ་དོན་དེ་ལྟར་བཏོན་ཡོད། དེས་ན་ཚེ་རིང་ཐར་གྱིས་“བྱེས་སྡོད་བོད་མི་རྣམས་ཀྱི་སྐད་ལ་འགྱུར་ལྡོག་ངེས་ཅན་བྱུང་ཡོད་པ་རེད། དེའི་འགྱུར་ལྡོག་གཙོ་བོ་ནི་ཡུལ་སྐད་བཤད་མཁན་གྱི་བོད་མི་རྣམས་ཀྱིས་ཕན་ཚུན་བར་བརྡ་སྤྲོད་པའི་ཆེད་དུ་ཐུན་མོང་གིས་ཧ་གོ་བའི་ཐ་སྙད་འཚོལ་དགོས་པ་བྱུང་བས་ཡུལ་སྐད་རྣམས་ཀྱི་བར་དུ་ཕར་བསྲེས་ཚུར་བསྲེས་གང་མང་བྱུང་བ་དང་ནང་སྒོས་སུ་མདོ་ཁམས་པ་རྣམས་ཀྱིས་དབུས་གཙང་གི་སྐད་ལ་སློབ་སྦྱོང་གང་བཟང་བྱས་ཏེ་ཕན་ཚུན་ཧ་གོ་བར་གྱུར་པ་དེ་རེད།”[6] ཅེས་བཤད་པ་བཞིན་གི་སྒྲའི་ཤུགས་རྐྱེན་ཡང་དེ་ནས་བྱུང་བའི་ཐག་མི་ཆོད་ཀྱང་དོགས་པ་མི་སྐྱེ་ཀ་མེད་དུ་ཡོད།

ཀི༷་དང་ཀི༷ན་སོགས་ཅི་འདོད་དུ་འབྲི་བའི་ལུགས།

ཡང་དེང་གི་མི་སྐྱིད་སྣང་བ་མཐའ་ཡས་སྐོར་ཞིག་གིས་ནི་ཀི༷་དང་ཀི༷ན་གི༷ན་སོགས་ཁ་ནང་ཅི་འོང་དང་། རང་སྣང་གང་དྲན་དུ་འབྲི་བར་བྱེད་དེ། དཔེར་ན་ཉེ་སྔོན་ཁོ་བོས་ཞིབ་བཀླགས་བྱས་པའི་མི་རོ་རྩེ་སྒྲུང་གི་ཤོས་ངོས་ཉེར་གསུམ་པའི་ངོས་ཁོ་ན་ལའང་“མི་ཚོས་ཁོ་ལ་དྲན་གསལ་ཞེས་འབོད་ཀྱི༷ན་ཡོད།”ཅེས་དང་། “མི་རྣམས་ཀྱིས་ང་ལ་དྲན་གསལ་ཞེས་འབོད་ཀི༷ན་འདུག་ཅེས་ལན་བཏབ་པར་”ཞེས་དང་། “ཁྱོད་ལ་དྲན་གསལ་ཞེས་འབོད་ཀི༷་ཡོད་ན་”[7] ཞེས་ཅི་འདོད་གང་མོས་སུ་བཀོད་འདུག་པར་མ་ཟད། འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་ནས་དག་སྒྲིག་བྱས་ཏེ། མཚོ་སྔོན་མི་རིགས་དཔར་སྐྲུན་ཁང་གིས་པར་དུ་བསྐྲུན་ཚུལ་གསལ་འདུག་ནའང་། ཅི་ཞིག་དག་སྒྲིག་བྱས་མིན་ལ་ཁོ་བོ་མགོ་རྨོངས་པར་གྱུར།

སྤྱིར་གི༷་སོགས་ཨི་ལྡན་གྱི་ཕྲད་རྣམས་བྱ་བའི་ཚིག་གྲོགས་སུ་སྦྱར་བའི་བརྗོད་ཚུལ་དེ་རིགས་དབུས་གཙང་ཕྱོགས་ཀྱིས་བརྗོད་པ་ཤས་ཆེ་མོད། ཁམས་དང་ཨ་མདོའི་ཕྱོགས་སུའང་ཡོད་པ་མ་ཟད། ལྷག་པར་ཨ་མདོའི་ཕྱོགས་ནས་ཁྱོས་བྱེད་ཀི༷་ཡོད། དཔེ་ཆ་འདོན་ཀི༷་ཡོད་གི། ཁ་བ་འབབ་ཀི༷་ཡོད་གི་ཞེས་པ་ལྟ་བུ་ཀི་སྒྲ་སྦྱོར་མཁན་ཤིན་ཏུ་མང་། སྙན་ངག་པ་སེང་རྡོས་ཀྱང་<<རྩིད་པ་སྐྱེ་གིན་འདུག>>[8] ཅེས་པའི་རྩོམ་དུ། ‘རྩིད་པ་སྐྱེ་གི༷ན་འདུག’་ཅེས་པ་ནི་ཁོའི་ཕ་ཡུལ་དུ་“དམངས་ཁྲོད་ནས་བྱུང་བའི་ཟུར་ཟའི་ཁ་ཚིག་གསར་པ་”ཞིག་ཡིན་པ་དང་། ཁ་ཚིག་དེའི་དག་ཆ་ཡང་དེ་ལྟར་ཡིན་མིན་ངེས་གཏན་དཀའ་བར་བཤད། གཞན་ཡང་མདོ་དབུས་ཁམས་གསུམ་དུ་ཨི་ལྡན་གྱི་ཕྲད་བྱ་བའི་ཚིག་གྲོགས་སུ་སྦྱོར་གྱི་ཡོད་པ་ནི་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་བརྡ་སྤྲོད་གྱི་འགྲེལ་བའི་གཞུང་བཤད་དང་། དཔེར་བརྗོད་དག་ལས་གསལ་ཏེ་འོག་ཏུ་རྩ་བས་བསྟན་ཚུལ་སོགས་ལས་ཀྱང་ཤེས་པར་འགྱུར།

 གི༷་སོགས་བྱ་བའི་ཚིག་གྲོགས་སུ་སྦྱར་བ་རྗེས་འཇུག་ལ་ལྟོས་མིན།

དེ་ཡང་རྗེས་འཇུག་ལ་ལྟོས་མེད་དུ་གི་སྒྲ་རྐྱང་པ་འབྲི་མཁན་སོགས་ནི་གོང་དུ་གསལ་བ་ལྟར་དང་། རྗེས་འཇུག་ལ་ལྟོས་ནས་གི་སོགས་བྱ་བའི་ཚིག་གྲོགས་སྦྱར་བའི་ནང་གསེས་ལའང་། <<རྩ་བ་སུམ་ཅུ་པ་>>ལས་།“དང་པོ་གཉིས་ལ་དང་པོ་མཐུན།། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།། བདུན་པ་ཉིད་ལ་བདུན་པ་སྟེ།། ལྷག་མ་རྣམས་ལ་གྱ་སྦྱར་བ།།་ དེ་དག་ཨི་སྦྱར་འབྲེལ་བའི་ས།།”[9] ཞེས་གསུངས་པ་བཞིན་འབྲི་བའི་ལུགས་ཤིག་དང་། ཡང་གི༷་ཀྱི༷་གྱི༷་གསུམ་བྱ་བའི་ཚིག་གྲོགས་སུ་རྗེས་འཇུག་ལ་ལྟོས་ནས་སྦྱར་རུང་། མཐའ་མེད་ལ་ངས་ཟ་མ་ཟ་གི༷་ཡོད། ང་འགྲོ་གི༷་ཡོད་ཅེས་འབྲེལ་སྒྲའི་ཕྲད་ཀྱི་ཐོབ་ཐང་བཞིན་ཡི༷་མི་སྦྱོར་པར་གི༷་སྦྱར་བའི་ལུགས་ཤིག་ཀྱང་དར་ཁྱབ་ཆེ་ཙམ་འདུག་སྟེ། དཔེར་ན། སྐལ་བཟང་འགྱུར་མེད་ཀྱིས། “གྱིན་ཀྱིན་གིན་དང་ཡིན་བཞི་པོ།། ད་ལྟ་གསལ་བྱེད་ཚིག་གྲོགས་ཏེ།། སྦྱོར་ཚུལ་ན་མ་ར་ལ་གྱིན།། ད་བ་ས་ཀྱིན་ག་ང་གིན།། འ་དང་མཐའ་མེད་ཡིན་སྦྱར་མོད།། བརྗོད་བདེར་གིན་ཉིད་སྦྱར་བར་ལེགས།།”[10] ཞེས་བཤད་པ་དང་། འཇམ་དཔལ་སྐལ་ལྡན་གྱིས། “འ་དང་མཐའ་མེད་ཀྱི་བྱ་བའི་མཐར་ཡི་སྦྱར་ན། ཐོན་མ(མི)འི་གསུང་དང་མཐུན་རུང་། བརྗོད་མི་བདེ་བའི་དབང་གིས་རྟགས་འཇུག་སྐབས་བརྗོད་བདེ་འདྲེན་པ་ལྟར་དམགས་(དམིགས)བསལ་གི་འབྲི་དགོས་པ་ཡིན་” ཞེས་དང་། དེ་དག་གི་དཔེར་བརྗོད་དུ། ཞུ་གི་ཡིན། འགྲོ་གི་འདུག ཅེས་སོགས་བཀོད་ནའང་། སྔ་མ་སྟེ་འབྲེལ་སྒྲ་ན་རྟེན་ཅན་ལ་ཀུན་མཁྱེན་སི་ཏུ་སོགས་མཁས་པ་སྔ་མ་དག་གིས་མཐའ་མེད་ལ་ཡིན་བྲིས་པ་ལས་གིན་འབྲི་སྲོལ་མི་འདུག་པ་དང་། ཕྱི་མ་སྟེ་འབྲེལ་སྒྲ་རྐྱང་པ་ཡང་རྟགས་འཇུག་སྐབས་ཀྱི་བརྗོད་བདེ་འདྲེན་པ་དང་རིགས་བསྒྲེ་བ་ནི་སྐབས་དང་མི་འབྲེལ་ཞིང་། ལྷག་ཏུ་དེ་དག་འབྲེལ་སྒྲའི་ཕྲད་དུ་འདོད་ན་ནི་ངེས་པར་རྗེས་འཇུག་ལ་ལྟོས་དགོས་པའི་ཕྲད་ཡིན་སྟབས། མཐའ་མེད་ལ་ཡི་མ་གཏོགས་གི་སྦྱར་བའི་སྐབས་མེད་པར་སྙམ་ཞིང་། ཨུ་ཚུགས་ཀྱིས་སྦྱར་རུང་བརྡ་སྤྲོད་པའི་གཞུང་དང་རྒྱབ་འགལ་དུ་སོང་ཡོད་པ་ནི་སྨོས་ཀྱང་ཅི་དགོས།

ཡང་རཀ་ར་རིན་པོ་ཆེས་ནི། “བདག་གིས་སྦྱིན་སོགས་བགྱི༷ས་པའི་བསོད་ནམས་ཀྱིས།”ཞེས་དང་ “བྱང་ཆུབ་གནས་ལ་འགོད་པར་བགྱི༷། རབ་ཏུ་དྭང་(དང)བས་བསྟེན་པར་བགྱི༷། བྱང་ཆུབ་སེམས་ནི་བླ་ན་མེད། དམ་པ་བདག་གིས་སྐྱེད་པར་བགྱི༷།”[11]ཞེས་སོགས་ཁུངས་སུ་བྱས་ནས། བྱེད་བགྱི༷་འདུག བྱེད་བགྱི༷་མི་འདུག ཡོད་བགྱི༷་རེད། ཡོད་བགྱི༷་མ་རེད་ཅེས་ བགྱི༷། བགྱི༷ད། བགྱི༷ས་སོགས་འབྲི་དགོས་ཚུལ་གསུངས་ནའང་། དར་ཞབས་འཇམ་དཔལ་སྐལ་ལྡན་གྱིས། “དེ་ཚོ་ནི་བྱ་བ་དངོས་རང་གི་བྱ་བ་དང་། བྱེད་པ། འདས་པ་སྐུལ་ཚིག་ཏུ་འགྲོ་བ་ལས། བྱ་བྱེད་དང་སྐུལ་ཚིག་གསལ་བར་བྱེད་པའི་ཕྲད་ལ་འགྲོ་བ་ནི་གཅིག་ཀྱང་མ་མཐོང་”[12]་ཞེས་སོགས་དགག་བཞག་མང་དུ་བྱས་པ་དོན་ལ་གནས་ཤིང་། རཀ་ར་རིན་པོ་རང་ཉིད་ཀྱིས་ཀྱང་། “ཁྱོད་རང་གི་འབྲི་སྟངས་འདི་ཁུངས་གང་ལ་གཏུགས་བགྱི་ཡོད་དམ་ཞེས་དྲི་བ་བྱེད་མཁན་བྱུང་ཡང་། ཁུངས་འདི་བཙན་ལོས་ཡིན་མིན་མི་ཤེས་ཀྱང་”[13]ཞེས་གོང་གི་ཁུངས་དེ་དག་ཇི་ཙམ་བཙན་པོ་ཡིན་མིན་ལ་དོགས་པ་བྱས་ཤིང་། ན་ག་སངས་རྒྱས་བསྟན་དར་གྱིས་ཀྱང་། “རང་ངོས་ནས་འདི་ཐད་འགྲེལ་བརྗོད་ཅིག་བྱས་ན། འགྲོ་བགྱི་ཡོད། བྱེད་བགྱི་ཡོད། ཅེས་པ་ལྟ་བུའི་བགྱི་སྒྲ་འདི་ལ་ཁུངས་ཡོད་ཡོད་ལྟ་བུ་མང་པོ་ཞིག་གསུངས་འདུག་ཀྱང་། དེ་ཉིད་དུ་ལུང་འདྲེན་བྱས་པའི་ས་པཎ་གྱི་སྒྲ་ལ་འཇུག་པ་དང་། སྨྲ་སྒོ་མཚོན་ཆ། མཁས་པའི་ཁ་རྒྱན་སོགས་སུ་ཁུངས་འདི་ཡིན་གྱི་གསལ་ཁ་གང་ཡང་འཁོད་མེད།”[14] ཅེས་སོགས་མི་འཐད་ཚུལ་བཤད་པ་ལྟར་རོ།།

ཚིག་གྲོགས་གི༷་སོགས་འབྲེལ་སྒྲ་ཡིན་མིན།

དེས་ན་གི༷་ཀྱི༷་གྱི༷་ཡི༷་བཞི་པོ་དེ་དག་བྱ་བའི་ཚིག་གྲོགས་སུ་འཇུག་པ་ན། འབྲེལ་སྒྲའི་ཕྲད་དངོས་ཡིན་ནམ་ཞེ་ན། བོད་ཀྱི་བརྡ་སྤྲོད་རིག་པའི་རྩ་འགྲེལ་ཁུངས་མ་རྣམས་ལ་དོ་སྣང་ཆེར་མི་བྱེད་པར་གནའ་དེང་རྩོམ་རིག་གི་ཁྱད་པར་གླེང་བའི་ཁུལ་བྱེད་ཅིང་། སྔོན་ཆད་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་མ་བྲིས་པའི་འབྲི་ལུགས་ཤིག་མཐོང་ཚེ། དེ་མར་དེ་ལ་འཇུག་པར་སྤྲོ་བའི་གསར་བུ་སྐོར་ཞིག་གིས་ནི། དེ་དག་འབྲེལ་སྒྲ་མིན་པར་འདོད་དེ། དཔེར་ན། མི་བུ་དགའ་སྐྱིད་ཟེར་བས། “མང་པོ་ཞིག་གིས་རྣམ་དབྱེ་དྲུག་གསུམ་གྱི་ཕྲད་དང་བྱ་ཚིག་ད་ལྟ་བའི་ཚིག་གྲོགས་ཀྱི་དབྱེ་བ་འབྱེད་མ་ཐུབ་པར་ཉ་དང་ཉུང་མ་མཉམ་བསྲེས་བྱས་ཏེ་འགྲེལ་བརྗོད་ཀྱང་ཕྱིན་ཅི་ལོག་པ་རྒྱག་བཞིན་འདུག་ལ། སློབ་ཕྲུག་སྟོང་ཕྲག་མང་པོ་འདི་ལྟར་ལྔ་ལམ་དུ་རྫོང་བཞིན་ཡོད། བྱ་ཚིག་ད་ལྟ་བའི་ཚིག་གྲོགས་<གི་སྒྲ་>ལའང་རྣམ་དབྱེ་དྲུག་གསུམ་གྱི་ཐོབ་ཐང་སྦྱོར་ཚུལ་ལྟར་སྣ་འཐེན་ནས་ཁ་ནང་དུ་སླེབས་ཐབས་བྱེད་གི་འདུག འདི་ནི་རང་ལྕེར་རང་གིས་མདུད་པ་བརྒྱབ་པ་ཡིན།” ཞེས་གི་སྒྲ་བྱ་བའི་ཚིག་གྲོགས་སུ་འཇུག་པ་དེ་འབྲེལ་སྒྲ་མིན་པའི་རྒྱུ་མཚན་ཚིག་གཅིག་ལབ་རྒྱུ་མེད་པར། ངར་ངར་རྫིག་རྫིག་གིས་ཚིག་ངན་འགའ་རེ་བྲིས་འདུག

ཡང་ཁོས་“གི་སྒྲའི་ཐུན་མོང་མ་ཡིན་པའི་འཇུག་ཚུལ་འདི་ནི་བོད་ཀྱི་ཁ་སྐད་ནང་ན་ཡོད་ཡོད་འདྲ་ཡང་། སུམ་རྟགས་མཁན་པོ་རྣམས་ཀྱི་དགོངས་པའི་དབྱིངས་ནས་རིང་དུ་དོར་བའི་བོད་ཀྱི་བྱ་ཚིག་ད་ལྟ་བའི་ཚིག་གྲོགས་དམིགས་བསལ་བ་ཞིག་ཡིན།”[15] ཞེས་རང་གིས་མ་མཐོང་བ་རྒྱུ་མཚན་དུ་བྱས་ནས་བོད་ཀྱི་བརྡ་སྤྲོད་མཁན་པོ་རྣམས་ལ་ཡང་ཟུར་ཟ་རྣ་ལ་གཟན་པ་ཞིག་བྱས་པ་ནི། རང་གི་ཤེས་རྒྱ་དང་ཀུན་སྤྱོད་ཀྱི་རང་མདོག་མངོན་པ་ཙམ་དུ་ཟད། བཀྲ་ཤིས་གཡུ་སྒྲོན་ཟེར་བས་ཀྱང་།“སུམ་རྟགས་མཁན་པོ་ཚོས་ཀྱང་སུམ་རྟགས་ཀྱི་དགོངས་པ་འགྲེལ་བ་བྱེད་སྐབས་’ཁོང་ཁ་ལག་ཟ་གི་འདུག’ཅེས་པའི་’གི’ཡིག་དེ་རྣམ་དབྱེ་དྲུག་པའི་དོན་གྱི་འཇུག་ཡུལ་གྱི་ནང་གསེས་གང་རུང་ཞིག་ཡིན་མིན་སྐོར་འགྲེལ་བ་བྱེད་རྒྱུར་གཡོལ་གང་ཐུབ་བྱེད་ཀྱི་ཡོད”[16] ཅེས་སུམ་རྟགས་མཁན་པོ་ཚོས་ཐག་གཅོད་མ་ནུས་པ་ཞིག་ཁོ་མོས་ཐག་གཅད་རྒྱུ་ཡིན་མདོག་གིས།“དོན་དངོས་ཐོག་དེ་ནི་བོད་ཀྱི་སྐད་ཡིག་འཕེལ་རྒྱས་སོང་བའི་དབང་གིས་བརྗོད་འདོད་ཀྱི་དོན་མཚོན་བྱེད་ཀྱི་སྐད་ཆ་ལའང་འཕེལ་རྒྱས་སོང་བས་ཐོན་མིའི་སྐུ་དུས་སུ་བརྩམས་པའི་སུམ་རྟགས་གཞུང་གིས་ད་ལྟའི་བོད་ཀྱི་སྐད་འགྲོས་ལ་ཡོངས་སུ་རྫོགས་པའི་འགྲེལ་བ་བྱེད་ཐབས་ཅི་ལ་ཡོད་”[17] ཅེས་གི༷་སྒྲ་བྱ་བའི་ཚིག་གྲོགས་སུ་འཇུག་པ་དེ་རིགས་ནི། སུམ་རྟགས་རྩ་གཞུང་ནས་མ་གསལ་བ་ཞིག་བོད་སྐད་ཀྱི་འགྱུར་འགྲོས་ལས་ཕྱིས་ཐོན་པ་ཡིན་ཚུལ་བཤད་ལ། དེ་ཉིད་འབྲེལ་སྒྲ་མིན་པའི་ཚུལ་དུ་ཡང་“འབྲེལ་སྒྲའི་ཕྲད་གྱི་སྒྲ་ཡི་སྦྱོར་ཚུལ་དང་སྤྱིའི་ཆ་ནས་མཚུངས་ཀྱང་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གྱི་འབྲེལ་བ་གང་ཡང་མི་སྟོན་པས་དོན་གྱི་ཁྱད་པར་གནམ་ས་ལྟར་རོ།།”[18] ཞེས་འབྲེལ་སྒྲ་མིན་པར་བཤད།

དེ་ནི་སློབ་དཔོན་འཕགས་པ་ལྷས།“འཇིག་རྟེན་ཡོངས་སུ་མི་ཤེས་གང་། །དེ་ནི་ཐུབ་པའི་ལྟ་བུར་མངོན།།”[19] ཞེས་གསུངས་པར་བཞིན་རང་ཉིད་ཀྱིས་གོ་བ་མ་ལོན་སྦྱངས་པ་མ་ཐུབ་པའི་སྐྱོན་ཡིན་པ་ལས། ཐོན་མིས་མ་མཛད་པ་དང་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་“དགོངས་པའི་དབྱིངས་ནས་དོར”བཞག་པ་དང་“འགྲེལ་བ་བྱེད་རྒྱུར་གཡོལ་གང་ཐུབ་བྱེད་ཀྱི་ཡོད་”པ་ཞིག་ག་ལ་ཡིན། ན་ག་སངས་རྒྱས་བསྟན་དར་གྱིས་ཀྱང་། དེ་དག་འབྲེལ་སྒྲ་མིན་པར་འདོད་དེ། ཁོང་གིས་“འོན་ཀྱང་ད་དུང་ཨི་ལྡན་གྱི་ཕྲད་ཡིན་ཞིང་། འབྲེལ་སྒྲ་མིན་པར་མ་ཟད་འབྲེལ་སྒྲའི་སྦྱོར་ཚུལ་དང་མི་མཐུན་པར་སྦྱར་བ་དེ་འདྲ་ཡང་ཡོད། དཔེར་ན། རྒྱས་པ་འགྲོ་གི་འདུག་ལྟ་བུའོ། །བརྒྱ་ལ་འགྲོ་གི་ཡོད་ན་ཡང་ལྟ་བུ་ལ་འགྲོ་ཡི་ཡོད་ཅེས་བྲིས་ན་བརྗོད་པ་མི་བདེ་བ་ཙམ་ལས་དོན་ལ་འཁྲུལ་བ་གང་ཡང་མེད”[20] ཅེས་དེ་དག་འབྲེལ་སྒྲ་མིན་པའི་ཁར་མཐའ་མེད་ལ་ཡི་སྦྱར་ན་བརྗོད་བདེ་མེད་པར་བཤད།

ཁོ་བོས་ནི་ཇི་ལྟར་བསམས་ཤིང་། གང་ལ་བརྟགས་རུང་བྱ་བའི་དུས་གསལ་བྱེད་དུ་འཇུག་པའི་ གི༷་ཀྱི༷་གྱི་ཡི༷་ བཞི་བོ་ནི་འབྲེལ་སྒྲ་ཉིད་ལས་གཞན་དུ་མ་འདས་ཤིང་། འབྲེལ་སྒྲ་ལ་དབྱེ་ཚུལ་མི་འདྲ་བ་དང་དབྱེ་བ་མཐའ་ཡས་པ་ཞིག་ཡོད་པ་ལས། གལ་སྲིད་བདག་གཅིག་གི་འབྲེལ་སྒྲ་དང་། དེ་བྱུང་གི་འབྲེལ་སྒྲ་གཉིས་སུ་ཕྱེ་བའི་དབང་དུ་བཏང་ཚེ། མཚན་ཉིད་གཞུང་ནས་བཤད་པའི་འབྲེལ་བ་དང་གཅིག་ཏུ་བཟུང་ན་ནི་མི་རིགས་ཏེ། བདག་གི་ལྷ་མོ་དབྱངས་ཅན་མ་ཞེས་པའམ་རི་བོང་གི་རྭ་ཞེས་པ་ལྟ་བུའི་འབྲེལ་སྒྲའི་སྔོན་རྗེས་གཉིས་བར་འབྲེལ་བ་གཉིས་པོ་གང་ཡང་མ་གྲུབ་པའི་ཕྱིར་དང་། གཞན་ཡང་“རྒྱས་པ་འགྲོ་གི་འདུག” ཁོང་ཁ་ལག་ཟ་གི་འདུག་ཅེས་སོགས་གི༷འམ་ཡི༷་རྣམས་མཐའ་རྟེན་ནམ་རྫོགས་ཚིག འདུག རེད། ཡོད་སོགས་དང་སྦྱར་བས་འབྲེལ་སྒྲ་མིན་སྙམ་ན་མི་འཐད་དེ། དེབ་འདི་ངའི་ཡིན། མྱུ་གུ་དེ་ཁྱེད་ཀྱི་རེད། ཅེས་པའི་འི་དང་ཀྱི་ཡང་འབྲེལ་སྒྲ་མིན་པར་ཐལ་ཞིང་། བདག་གིའོ་ལྟ་བུ་འབྲེལ་སྒྲའི་མཐའ་རུ་རྫོགས་ཚིག་སྦྱར་བ་གཞུང་རྙིང་རྣམས་སུ་ཤིན་ཏུ་མང་ངོ་།། རྡོ་རྗེ་རྒྱལ་པོས་ཀྱང་། དེ་དག་འབྲེལ་སྒྲ་ཡིན་མིན་ཐད་ཀྱི་དྲིས་ལན་དུ།“རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཞེས་པ་དེར་ནང་གསེས་ཕྱེས་ན། ཡུལ་དང་ཡུལ་ཅན་གྱི་འབྲེལ་སྒྲ་དང་། རྟེན་དང་བརྟེན་པའི་འབྲེལ་སྒྲ། ངོ་བོ་གཅིག་པའི་འབྲེལ་སྒྲ། ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་སྒྲ་སོགས་ཇི་སྙེད་ཅིག་མཆིས་ཀྱང་། མདོར་བསྡུས་ན་མིང་དོན་ཕན་ཚུན་འབྲེལ་བ་ཙམ་ཞིག་སྟོན་པའི་སྒྲའམ་ཕྲད་ཡིན་པས་གོང་གསལ“བྱེད་ཀྱི་ཡོད་པ་རེད།” “བཤད་ཀྱི་ཡོད་པ་རེད” “ཤོད་ཀྱི་ཡོད་པ་རེད།” “ཡོད་ཀྱི་རེད།” “བྱེད་ཀྱི་འདུག” “འབྲི་གི་འདུག”ཅེས་པའི་ཀྱི་སྒྲ་དང་གི་སྒྲ་དེ་དག་ཚིག་སྔ་ཕྱི་འབྲེལ་བྱེད་ཀྱི་འབྲེལ་སྒྲ་ཡིན་པ་སྨོས་ཅི་དགོས།”[21] ཞེས་གསུངས་པ་འདི་རིགས་ལ་ལེགས་པར་བརྟགས་ཤིང་། ཡང་ཡང་བསམས་ན་འབྲེལ་སྒྲ་ཡིན་པའི་ངེས་པ་གཏིང་ནས་རྙེད་རྒྱུ་ཡོད་པར་སྙམ་མོ།།

ཚིག་གྲོགས་གི༷་དང་གི༷ན་སོགས་ན་རྟེན་ཡོད་མེད་ཀྱི་ཁྱད་པར།

ད་ནི་འདིར་བྱ་བའི་ཚིག་གྲོགས་རྗེས་འཇུག་ན་ཡིག་རྟེན་ཅན་གྱི་ གི༷ན་ཀྱི༷ན་གྱི༷ན་ཡི༷ན་ བཞི་པོ་དང་། འབྲེལ་སྒྲ་རྐྱང་པ་ གི༷་ཀྱི༷་གྱི༷་ཡི༷་ བཅས་ཀྱི་བར་ཁྱད་པར་ཅི་ཡོད་འཆད་དགོས་པ་གནད་དུ་མཐོང་སྟེ། དེ་ཡང་རྟགས་ཀྱི་འཇུག་པའི་འགྲེལ་བྱེད་ཕལ་མོ་ཆེས་ཚིག་གྲོགས་ཀྱིས་བསྒྱུར་བའི་དུས་ད་ལྟ་བའི་དཔེར་བརྗོད་བཀོད་པ་ན། གཟིགས་ཀྱི༷ན་འདུག འགྲོ་ཡི༷ན་ཡོད། འཕེལ་གྱི༷ན་འདུག ལྟ་བུ་སོགས་རྗེས་འཇུག་ན་ཡིག་ཅན་ཤ་སྟག་ཏུ་བཀོད་པ་ནི་ཞལ་གཅིག་མཐུན་ལྟ་བུར་སྣང་མོད། སྤྱིར་མཁས་པ་དེ་དག་གི་གསུང་རབ་རྣམས་སུ་བྱ་བའི་ཚིག་གྲོགས་ལ་གི༷་དང་གི༷ན་སོགས་རྗེས་འཇུག་ན་ཡིག་ཡོད་མེད་ཅི་རིགས་ཤིག་ཡོད་པ་ནི་འདིར་བགྲངས་ཀྱིས་མི་ལང་ནའང་། རྩོམ་ཐུང་འདིའི་གོང་འོག་ཏུ་ལུང་འདྲེན་ཞུས་པ་དག་ལས་ཀྱང་ན་ཡིག་ཡོད་མེད་སྣ་ཚོགས་ཤིག་མངོན་པར་གསལ།

འོན་ཀྱང་ན་ཡིག་ཡོད་མེད་ཀྱི་ཁྱད་པར་དཔྱད་བརྗོད་དམ་འགྲེལ་བརྗོད་ཞིབ་གསལ་བྱས་བཞག་པ་དེ་འདྲ་ནི་མཐོང་སྐལ་དུ་མ་གྱུར་མོད། འདིའི་སྐོར་ཉི་སྐུ་བླ་དང་དཀོན་མཆོག་རྒྱ་མཚོ་གཉིས་ཀྱིས།“གི་(གིན)ཡོད། གི་(གིན)འདུག གི(གིན)ཡོད་རེད”[22] ཅེས་’གིན’སྒྲ་གུག་རྟགས་ནང་བཅུག་ནས་གི༷་དང་གདམ་ང་ཅན་དུ་བྱས་འདུག་པ་དང་། ན་ག་སངས་རྒྱས་བསྟན་དར་གྱིས། དུས་གསུམ་སྤྱིའི་དཔེར་བརྗོད་དུ་“འདེབས་བཞིན་པ། འདེབས་ཀྱིན་འདུག”[23] ཅེས་དང་། ཐོར་བུ་བའི་དཔེར་བརྗོད་དུ་“གཅོད་བཞིན་པ། གཅོད་ཀྱིན་འདུག”[24] ཅེས་སོགས་ན་ཡིག་སྦྱར་བ་དང་། ཡང་འོག་ཏུ་“དུས་ཀྱི་དབང་དུ་བྱས་ན། སྐྱེས་བུ་དང་པོ་སྦྱར་སྐབས་ད་ལྟ་བ་གསལ་བྱེད་དུ་གྱི་སྒྲ་འབྲི་དགོས། དཔེར་ན། ང་མཆོད་རྟེན་སྐོར་གྱི་ཡོད་ལྟ་བུའོ། །སྐྱེས་བུ་གཉིས་པ་དང་གསུམ་པ་སྦྱར་ཚེ་ད་ལྟ་བ་གསལ་བྱེད་དུ་གྱི་འདུག་གི་སྒྲ་འབྲི་དགོས། དཔེར་ན། ཁྱེད་རང་མཆོད་རྟེན་སྐོར་གྱི་འདུག་དང་། ཁོང་མཆོད་རྟེན་སྐོར་གྱི་འདུག་ལྟ་བུའོ།།”[25] ་ཞེས་རྗེས་འཇུག་ན་ཡིག་ཡོད་མེད་ཅི་རིགས་སུ་བྲིས་པ་དང་། དེ་བཞིན་རྡོ་རྗེ་རྒྱལ་པོས་ཀྱང།“གཅོད་བཞིན་པ། གཅོད་བསྒང་རེད། གཅོད་ཀྱི་འདུག་ལྟ་བུ་ལས་ཀ་བྱེད་བཞིན་པ་སྟོན་པ་ནི་དུས་ད་ལྟ་བའོ།།”[26] ཞེས་དང་། “ཤིང་འཆད་ཀྱི་འདུག འཆད་བཞིན་པ་རེད། འཆད་པར་བྱེད་ལྟ་བུ་བྱ་བ་ཡོང་བཞིན་པ་སྟོན་པ་ནི་དུས་ད་ལྟ་བ་བཅས་ཡིན”[27]ཞེས་དང་། “སྔོན་འཇུག་གི་མ་ནིང་ག་ད་གཉིས་པོ་དེ་དུས་རྐྱང་ད་ལྟ་བ་ལ་གཙོ་ཆེར་འཇུག་པ་ནི། དཔེར་ན། གཅོད་ཀྱིན་འདུག གཅོད་སྒང་རེད། གནོན་བཞིན་པ། དཀྲུ་མུས་སུ་གནས། དཀྲི་གི་འདུག །དབང་བཞིན་པ་རེད་ལྟ་བུའོ།།”[28]ཞེས་ན་ཡིག་ཡོད་མེད་ཅི་རིགས་སུ་གསལ་ཞིང་ཐ་ན་གཅོད་ཀྱི་འདུག་ཅེས་པ་དུས་ད་ལྟ་བའི་དཔེར་བརྗོད་སྔ་ཕྱི་གཉིས་བཀོད་པ་ལའང་ན་ཡིག་ཡོད་མེད་ཀྱི་ཁྱད་འདུག་པ་དང་།

ཡིག་ནོར་དུག་ཏུ་འཛིན་པའི་སྒྱུ་རྩལ་བ་སྨན་བླ་སྐྱབས་ཀྱིས་<<ཕ་ཡུལ་ལ་ལོག་ཐེངས་རེ་རེ་>>ཞེས་པའི་ནང་དུའང་“ཁྱེར་འོང་གི་འདུག” “དར་འོང་གི་འདུག” “རྒོལ་གྱིན་འདུག” “དྲུང་འོང་གི་འདུག” “མངོན་ཡོང་གིན་འདུག”[29]ཅེས་ན་ཡིག་ཡོད་མེད་ཅི་རིགས་སུ་བྲིས་པ་སོགས་རབ་ཏུ་མང་པོ་ལ་བརྟགས་ན། རྗེས་འཇུག་ན་ཡིག་ཡོད་མེད་ཀྱི་ཁྱད་པར་ནི་དོན་གྱི་རྣམ་པ་དང་། ཚིག་གི་སྡེབ་སྦྱོར་སོགས་ཀྱི་ཐོག་ནས་དུས་ཀྱི་ཁྱད་པར་མ་འདྲེས་གསལ་བར་སྟོན་པའི་དགོས་པ་ཡོད་མེད་ལ་རག་ལས་པ་འདྲ་སྟེ། དོར་ཞི་རིན་པོ་ཆེས།“དུས་མཚོན་བྱེད་ཀྱི་ཚིག་གྲོགས་ཞེས་པ་ནི། བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་བྱ་ཚིག་ཅི་རིགས་དང་བསྡེབས་ནས་བྱས་ཟིན་འདས་པ་དང་། བྱེད་བཞིན་ད་ལྟ་བ། བྱ་འགྱུར་མ་འོངས་པའི་དོན་མ་འདྲེས་གསལ་བར་མཚོན་པའི་སྒྲའི་ཁྱད་པར་བ་སྐོར་ཞིག་སྟེ། བྱས་ཟིན་འདས་པ་མཚོན་པའི་ཚིག་གྲོགས། ཟིན། ཚར། གྱུར། གྱུར་ཏོ། །བྱས་སོ་སོགས་དང་། བྱེད་བཞིན་ད་ལྟ་བ་མཚོན་པའི་ཚིག་གྲོགས། གོ་ངོ་དོ་ནོ་སོགས་རྫོགས་ཚིག་སྐོར་དང་། བྱེད་ཀིན་ཡོད། བྱེད་ཀྱིན་འདུག་སོགས་དང་”[30] ཞེས་བྱེད་ཀྱིན་འདུག་ཅེས་པ་ནི་ད་ལྟ་བའི་དུས། དུས་གཞན་དང་མ་འདྲེས་གསལ་བར་མཚོན་པའི་སྒྲ་ཡིན་པ་གསུངས།

དཔའ་རིས་སངས་ཀྱིས། “ཚིག་སྦྱོར་དུ་དུས་གསལ་བྱེད་ཀྱི་སྒྲ་སྦྱོར་མི་སྦྱོར་དགོས་པ་ཡོད་མེད་ལ་རག་ལས་”[31] ཞེས་དང་། “དུས་ཀྱི་ཁྱད་པར་གསལ་བར་སྟོན་པའི་དགོས་པ་ཡོད་ན། གཟིགས་ཀྱིན་ཡོད། གཟིགས་གོ་གི གཟིགས་པར་བྱ། གཟིགས་རྒྱུ་རེད། གཟིགས་ཟིན། གཟིགས་བྱུང་། ལྟ་བུ་སོགས་ཚིག་གྲོགས་ཀྱིས་བསྒྱུར་དགོས།”[32] ཞེས་དུས་ཀྱི་ཁྱད་པར་གསལ་བར་སྟོན་པའི་དགོས་པ་ཡོད་ན། གཟིགས་ཀྱིན་ཡོད་ཅེས་འབྲི་དགོས་པར་གསུངས་པ་འདི་རིགས་རབ་ཏུ་བདེན་པར་མཐོང་སྟེ། དེ་ལྟ་ན་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་ཚིག་གྲོགས་ཀྱིས་བསྒྱུར་བའི་དུས་ད་ལྟ་བའི་དཔེར་བརྗོད་དུ་བཀོད་པ་རྣམས་ལ་དུས་ཀྱི་ཁྱད་པར་གསལ་བར་བསྟན་པའི་དགོས་པ་ཡོད་སྟབས། ཀྱི༷ན་གྱི༷ན་སོགས་རྗེས་འཇུག་ན་རྟེན་ཅན་རྣམས་སྦྱར་བ་དང་། དུས་ཀྱི་ཁྱད་པར་ཙམ་བསྟན་ཀྱང་དམིགས་ཀྱིས་དགོས་པ་ཆེར་མེད་པ་རྣམས་ལ་ཀྱི༷་གྱི༷་སོགས་ན་ཡིག་མེད་པ་འབྲེལ་སྒྲ་རྐྱང་པས་འཐུས་པ་སྟེ། <<བོད་རྒྱ་ཚིག་མཛོད་ཆེན་མོ་>>ལས་ཀྱང་། “ཀྱིན། ཀྱི་ཞེས་པའི་འཇུག་ཚུལ་དང་མཐུན་ཞིང་བཞིན་ཞེས་པ་དང་འཇུག་པ་གཅིག་པའི་དུས་ད་ལྟ་བའི་ལས་སྟོན་བྱེད་ཕྲད་གཞན་དབང་ཅན་ཞིག”[33] ཅེས་ཀྱི༷ན་ནི་བྱ་ཚིག་ད་ལྟ་བའི་ཚིག་གྲོགས་སུ་འཇུག་པའི་ཚེ། ཀྱི་དང་འཇུག་པ་མཐུན་ཞིང་བཞིན་དང་འཇུག་པ་གཅིག་པར་བཤད་པས་སོ། །

འགའ་རེས་རྒྱུན་ཞུགས་ཀྱི་བྱ་བ་དང་། བྱེད་བཞིན་པའི་བྱ་བ་ཞེས་ཁྱད་པར་ཕྱེས་འདུག་ནའང་། བོད་སྐད་དུ་ངས་ནམ་རྒྱུན་སྙན་ངག་འབྲི་བཞིན་ཡོད་ཅེས་དང་། ངས་ད་ལྟ་སྙན་ངག་འབྲི་བཞིན་ཡོད་ཅེས་དེ་གཉིས་ལ་བཞིན་སྒྲ་འཇུག་མིན་ལ་ཁྱད་པར་མེད་ལ། ཀྱི༷ན་གྱི༷ན་སོགས་བཞིན་དང་འཇུག་པ་གཅིག་ཏུ་ཚིག་མཛོད་རྣམས་སུ་གསལ་བས་མི་འཐད་དོ། །མདོར་ན་འབྲེལ་སྒྲ་དེ་དག་ལ་རྗེས་འཇུག་ན་ཡིག་སྦྱར་མིན་ནི། དུས་ཀྱི་ཁྱད་པར་དམིགས་ཀྱིས་སྟོན་པའི་དགོས་པ་ཡོད་མེད་ལ་རག་ལས་པ་ཡིན་གྱི། ངེས་པར་ན་ཡིག་སྦྱར་དགོས་པའི་དོན་ནི་གཏན་མིན་ནོ་སྙམ། དེ་ལྟར་བྱས་ན་མཁས་པ་རྣམས་ཀྱི་དཔེར་བརྗོད་དང་ལག་ལེག་བར་ལ་འགལ་བ་མེད་ཅིང་། ལུང་རིགས་ཀྱི་རྒྱབ་རྟེན་དང་བཅས་ལ། དཔའ་རིས་སངས་རྒྱས་ཀྱིས། ‘གིན’ཀྱིན’གྱིན་ཡིན་’བཞི་ལ་“འབྲེལ་སྒྲ་ན་རྟེན་ཅན་”[34] ཞེས་བཏགས་པ་ཡང་དོན་ལ་གནས་པ་ཡིན་ཏེ། འབྲེལ་སྒྲ་རྐྱང་པ་ གི༷་ཀྱི༷་གྱི༷་ཡི༷་ བཅས་ལ་དུས་ཀྱི་ཁྱད་པར་གསལ་བར་བསྟན་པའི་ཕྱིར་དུ་ན་ཡིག་རེ་སྦྱར་བར་འགྱུར་བའི་ཕྱིར་རོ།།

རྡོ་རྗེ་རྒྱལ་པོས། “འགའ་རེས་དེ་དག་(བྱེད་ཀྱི་ཡོད་པ་རེད། ཤོད་ཀྱི་ཡོད་པ་རེད། ཡོད་ཀྱི་རེད། བྱེད་ཀྱི་རེད། འབྲི་གི་འདུག)ལ་རྗེས་འཇུག་ན་རེ་སྦྱར་ནས་བྱེད་ཀྱིན་ཞེས་དང་འབྲི་གིན་ཞེས་པ་སྦྱོར་བའང་མཐོང་བས་དེའི་ཐད་ལ་བཤད་ན། ཡོད་ཀྱི་རེད་ཅེས་པའི་ཀྱི་ལ་རྗེས་འཇུག་ན་རྩ་བ་ནས་མི་འཇུག་ཅིང་། བྱ་བ་བྱེད་བཞིན་ཡོད་པར་གསལ་བོར་སྟོན་བྱེད་དུ་བྱེད་ཀྱིན་བྱེད་ཀྱིན་དང་། འགྲོ་གིན་འགྲོ་གིན་ཞེས་སོགས་རྗེས་འཇུག་ན་སྦྱོར་བའང་ཡོད་ཀྱང་སྦྱོར་ཚུལ་གྱི་དབྱེ་མཚམས་མ་ནོར་བ་བྱ་དགོས་སོ།།”[35] ཞེས་གསུངས་ནའང་། དེ་ནི་ཤོད་ཀྱིན་ཡོད་པ་རེད་ཅེས་པར་ན་ཡིག་མི་ཐོབ་པའི་དོན་མིན་པར། ཡོད་ཀྱིན་རེད་ཅེས་ན་ཡིག་སྦྱར་ན་མི་འགྲིག་པས་དབྱེ་མཚམས་མ་ནོར་བ་བྱ་དགོས་པའི་དོན་ཡིན་པར་སྙམ་སྟེ། དེ་ལ་ཡོད་བཞིན་རེད་ཅེས་བཞིན་སྒྲ་མི་ཐོབ་ཅིང་། ཀྱིན་སོགས་བཞིན་དང་འཇུག་པ་གཅིག་པས་སོ། །གཞན་དུ་ན་ཁོང་ཉིད་ཀྱིས་གཅོད་ཀྱི༷ན་འདུག འཁེལ་གྱི༷ན་འདུག་ཅེས་སོགས་ན་ཡིག་སྦྱར་བའང་མི་འཐད་པར་འགྱུར་བའི་ཕྱིར་རོ།།

དགེ་བཤེས་ཐུབ་བསྟན་སྦྱིན་པས་འབྲེལ་སྒྲ་ན་རྟེན་ཅན་ནི་“དྲན་བཞིན་དུ་འདུག་ཅེས་པ་ལྟ་བུ་དང་བྱ་བ་ཞིག་འཇུག་བཞིན་ཙམ་དུ་མ་ཟད། དུས་ཡུན་ཡང་ཅུང་ཡོད་པ་ལྟ་བུར་སྟོན་པའི་དོན་དང་མཚུངས་པར་མངོན་”པས། “ཡི་གེ་འབྲི་ཡི་ཡོད།” “འབྲི་ཡི་འདུག་” “མཐོང་གི་འདུག་” ཅེས་པ་ལྟ་བུའི་ད་ལྟ་བ་སྟོན་པའི་ཨི་ལྡན་གྱི་ཚིག་གྲོགས་དང་གཏན་ནས་མི་འདྲ་”[36]ཚུལ་གསུངས་མོད། དོན་ནི་གོང་ཞུས་བཞིན་དོན་གྱི་རྣམ་པ་དང་། ཚིག་གི་སྡེབ་སྦྱོར་སོགས་ཀྱི་ཐོག་ནས་དུས་ཀྱི་ཁྱད་པར་མ་འདྲེས་གསལ་བར་སྟོན་པའི་དགོས་པ་ཡོད་མེད་ལ་རག་ལས་པ་ལས། ན་རྟེན་ཅན་མི་ཐོབ་པ་ནི་མ་ཡིན་ཏེ། ཡི་གེ་འབྲི་བཞིན་ཡོད། འབྲི་བཞིན་འདུག་ཅེས་བཞིན་སྒྲ་འཇུག་ཅིང་སྐབས་འདིར་ཀྱིན་སོགས་བཞིན་དང་འཇུག་པ་གཅིག་པའི་ཕྱིར།

སུམ་རྟགས་རྩ་བས་དངོས་སུ་བསྟན་མིན།

འོ་ན་ཨི་ལྡན་གྱི་ཕྲད་བྱ་བའི་ཚིག་གྲོགས་ལ་འཇུག་པ་དེ་དག སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྩ་གཞུང་ནས་གསལ་གྱི་ཡོད་དམ་ཞེ་ན། འདི་ནི་ཆེས་གནད་ཀྱི་དམ་པར་མཐོང་སྟེ་སྤྱིར་འབྲེལ་སྒྲའི་སྐོར་ལ་སུམ་ཅུ་པ་ལས། ཕྲད་གྲུབ་དང་སྒྲ་འཇུག་ལྷན་དུ་བསྟན་ཅིང་“དེ་དག་ཨི་སྦྱར་འབྲེལ་བའི་ས”་[37] ཞེས་པ་ཙམ་ལས་དབྱེ་བ་འདི་དང་དེ་ལ་འཇུག་ཅེས་ཞིབ་གསལ་བསྟན་མེད་ཅིང་། བྱེ་དྲག་ཏུ་འབྲེལ་སྒྲ་ན་རྟེན་ཅན་ནི། གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས། “སུམ་ཅུ་པའི་རྩ་བའི་ལུང་གིས་མ་ཟིན་པའི་ད་ལྟ་གསལ་བྱེད་ཀྱི་ཕྲད་ནི་གིན་དང་།  གྱིན། ཀྱིན་གསུམ་ཡིན་ཏེ།”[38] ཞེས་བཤད་པ་བཞིན་སུམ་ཅུ་པའི་རྩ་བས་དངོས་སུ་བསྟན་མེད་པར་སེམས། ཡིན་ཡང་ཨི་ལྡན་གྱི་ཕྲད་བྱ་བའི་ཚིག་གྲོགས་སུ་འཇུག་པའི་ཚུལ་དེ། རྟགས་འཇུག་གི་ཅིའི་ཕྱིར་འཇུག་པའི་སྐབས་ནས་ཡོངས་སུ་བསྟན་པར་སྣང་བས་དེ་ཉིད་འདིར་འཆད་པར་བྱའོ།།

དེ་ཡང་སློབ་དཔོན་ཐོན་མི་མཆོག་གིས།<<ལུང་སྟོན་པ་རྟགས་ཀྱི་འཇུག་པ།>>ལས། “ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་(དང)་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །”[39] ཞེས་གསུངས་པ་ལས་སྔོན་འཇུག་གི་ཕོ་བ་ཡིག་ནི་དུས་གསུམ་ལས་འདས་པ་དང་། དངོས་པོ་བདག་གཞན་གཉིས་ལས་གཞན་བསྒྲུབ་པའི་ཕྱིར་དུ་འཇུག་པ་དང་། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་དངོས་པོ་བདག་གཞན་གཉིས་ཀར་དང་། དུས་གསུམ་ལས་ད་ལྟ་བ་བསྒྲུབ་པའི་ཕྱིར་དུ་འཇུག་པར་བསྟན་ཅིང་། སྔོན་འཇུག་གི་མོ་འ་ཡིག་ནི་དངོས་པོ་བདག་གཞན་གཉིས་ལས་བདག་དང་། དུས་གསུམ་ལས་ད་ལྟ་དང་མ་འོངས་པ་བསྒྲུབ་པའི་ཕྱིར་འཇུག་པ་སོགས་གསུངས་པ་ནི་འདིར་ཞིབ་བཤད་དགོས་དོན་ཅང་མེད་ནའང་། འོ་ན་མ་ནིང་ག་ད་གཉིས་པོ་དེ་དངོས་པོ་བདག་གཞན་ལ་འཇུག་པ་བསྟན་པས། དུས་ད་ལྟ་དང་མ་འོངས་པར་འཇུག་པ་གོ་ནུས་པ་དང་། མོ་འ་ཡིག་ཀྱང་དངོས་པོ་བདག་ལ་འཇུག་པ་བསྟན་པས་དུས་ད་ལྟར་འཇུག་པ་གོ་ནུས་པས། ཅིའི་ཕྱིར་སླར་ཡང་“ད་ལྟར་ཆེད་”ཅེས་དང་“ད་མ་འོངས་ཕྱིར”ཞེས་བསྟན་པ་ཡིན་ཞེ་ན།

དེ་ནི་བདག་གཞན་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་བསྟན་པའི་ཕྱིར་ཡིན་ལ། དེ་འདྲའི་ད་ལྟ་བ་ལ་བྱེད་མེད་ལས་ཚིག་ཀྱང་ཡོད་མོད། གཙོ་བོ་ཚིག་གྲོགས་ཀྱིས་བསྒྱུར་བའི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཚིག་ད་ལྟ་བ་རྣམས་བསྟན་པ་ཡིན་ཏེ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། “ཅིའི་ཕྱིར་འཇུག་གི་གཞུང་འདི་འཆད་པའི་སྐབས་སུ་དུས་གསུམ་གྱི་དབྱེ་བས་བཤད་པ་རྣམས་ནི། བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་ལྷག་མ་རྣམས་བསྡུ་བའི་དོན་དུ་བལྟ་བར་བྱའོ།།”[40] ཞེས་བདག་གཞན་ལས་ལོགས་སུ་དུས་གསུམ་བསྟན་པའི་དགོས་པ་བཤད་ཅིང་། རྩ་བར་“ད་ལྟར་ཆེད་”ཅེས་པའི་དོན་འགྲེལ་བ་ན། “མ་ནིང་གི་སྔོན་འཇུག་གཉིས་པོ་དེ་བཤད་མ་ཐག་པའི་བདག་གཞན་གཉིས་པོ་དེར་མི་གཏོགས་པའི་དུས་ད་ལྟ་བ་ལ་འཇུག་པའི་ཚུལ་ནི། བྱེད་པ་པོ་བདག་དང་འབྲེལ་བའི་བྱེད་པའི་ཚིག་གི་དཔེར་བརྗོད་པ་དེ་རྣམས་ཉིད་ཚིག་གྲོགས་ཀྱིས་བསྒྱུར་བ་ལས་ཤེས་པར་བྱའོ།།”[41] ཞེས་དང་། “འདིར་ནི་དོན་གྱིས་བདག་བྱེད་པའི་ཚིག་ཡིན་ཡང་གཞན་གྱི་སྒྲ་ལ་དེ་དང་ཤེད་མཚུངས་སྦྱར་རྒྱུ་མེད་པས་གོང་སྨོས་བདག་སྒྲའི་ཁོངས་སུ་སྡུད་པར་མི་འོས་པའི། གཅར་གྱིན་སྣང་(སྣང་ནི་འདུག་ཅེས་པའི་དོན)ངོ་། གཅར་བཞིན་པའོ།། དཀྲི་ཡིན་འདུག་གོ །དཀྲི་བཞིན་པའོ། །ལྟ་བུ་སྔར་སྨྲོས་པའི་བདག་སྒྲའི་བྱེད་ཚིག་དེ་རྣམས་ཉིད་བརྗོད་ཚུལ་ཚིག་གྲོགས་ཀྱི་ཁྱད་པར་དང་བཅས་པས་དཔེར་བརྗོད་པར་བྱའོ།།”[42] ཞེས་རྩ་བས་མ་ནིང་ག་ད་གཉིས་པོ་དུས་ད་ལྟ་བར་འཇུག་པ་བསྟན་པ་ནི། བདག་གཞན་གྱི་ཁོངས་སུ་མ་བསྡུས་པའི་བྱེད་ཚིག་ད་ལྟ་བ་ཚིག་གྲོགས་ཀྱིས་བསྒྱུར་བ་དེ་རྣམས་ཡིན་པར་གསལ་བར་གསུངས།

ཡང་“མོ་ནི་བདག་ད་མ་འོངས་ཕྱིར”་ཞེས་མོ་འ་ཡིག་ད་ལྟ་བར་འཇུག་པའི་ཚུལ་བཤད་པ་ན། “སྔོན་འཇུག་གི་མོ་ཡིག་སྔར་བཤད་པའི་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བར་འཇུག་པ་ནི། མ་ནིང་གི་འཇུག་པའི་སྐབས་སུ་བཤད་པ་ལྟར་སྨོས་མ་ཐག་པའི་བྱ་བྱེད་ཐ་དད་པ་དང་མི་དད་པ་གཉི་གའི་བྱེད་ཚིག་རྣམས་ལ་ཚིག་གྲོགས་ཀྱིས་བསྒྱུར་བ། འཁལ་བཞིན་པ། འཁལ་གྱིན་སྣང་། འཁུར་བཞིན་པ། འཁུར་གྱིན་སྣང་། འཁྱུད་བཞིན་པ། འཁྱུད་ཀྱིན་འདུག་སོགས་དང་། འཁར་བཞིན་པ། འཁར་གྱིན་འདུག འཁུན་བཞིན་པ། འཁུན་གྱིན་འདུག འཁོད་བཞིན་པ། འཁོད་ཀྱིན་སྣང་། སོགས་སྔ་མ་བཞིན་རྒྱས་པར་སྦྱར་ནས་རྟོགས་པར་བྱའོ།།”[43] ཞེས་གསུངས། དེ་ཡང་བྱ་ཚིག་འགའ་ཞིག་ཚིག་གྲོགས་ཀྱིས་བསྒྱུར་རུང་བ་དང་འགའ་ཞིག་མི་རུང་བ་མ་ཡིན་པར་བྱ་ཚིག་ད་ལྟ་བ་ཀུན་ཚིག་གྲོགས་ཀྱིས་བསྒྱུར་རུང་བ་ནི་གོང་དུ་“སྔར་སྨྲོས་པའི་བདག་སྒྲའི་བྱེད་ཚིག་དེ་རྣམས་ཉིད་བརྗོད་ཚུལ་ཚིག་གྲོགས་ཀྱི་ཁྱད་པར་དང་བཅས་པས་དཔེར་བརྗོད་པར་བྱའོ།།”ཞེས་པ་དང་“སྔོན་འཇུག་གི་མོ་ཡིག་སྔར་བཤད་པའི་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བར་འཇུག་པ་ནི། མ་ནིང་གི་འཇུག་པའི་སྐབས་སུ་བཤད་པ་ལྟར་སྨོས་མ་ཐག་པའི་བྱ་བྱེད་ཐ་དད་པ་དང་མི་དད་པ་གཉི་གའི་བྱེད་ཚིག་རྣམས་ལ་ཚིག་གྲོགས་ཀྱིས་བསྒྱུར་བ་”ཞེས་སྔོན་འཇུག་མ་ནིང་ག་ད་གཉིས་དང་། མོ་འ་ཡིག་འཇུག་པའི་བྱེད་ཚིག་ཀུན་ཚིག་གྲོགས་ཀྱིན་སོགས་ཀྱིས་བསྒྱུར་རུང་བར་གསུངས་པའི་ཕྱིར།

ཚུལ་དེ་ནི་ཀུན་མཁྱེན་སི་ཏུ་ཙམ་མ་ཟད་ཁོང་གི་རྗེས་ཀྱི་རྟགས་འཇུག་གི་ཅིའི་ཕྱིར་འཇུག་པའི་འགྲེལ་བ་ཕལ་མོ་ཆེར་དེ་བཞིན་དུ་གསལ་བས། བསྟན་ཚུལ་དེ་ལྟར་ཡིན་མིན་ལ་དོགས་པའི་གནས་མེད་པ་ལྟ་བུར་མཐོང་ཞིང་། ལྷག་པར་པྲ་ཏི་རིན་ཆེན་དོན་འགྲུབ་སོགས་ཀྱིས་“མོ་ནི་བདག་དང་མ་འོངས་ཕྱིར”་ཞེས་དང་སྒྲ་ཡིན་པ་གཞིར་བཞག་ནའང་“མ་ནིང་གཉིས་ཀ་ད་ལྟར་ཆེད”་ཅེས་པའི་ད་ལྟ་དང་ཤིན་ཏུ་མོ་ནི་མཉམ་ཕྱིར་རོ་”ཞེས་པའི་སྐབས་ད་ལྟར་འཇུག་པའི་དོན་དང་དཔེར་བརྗོད་ལ་རྗེས་འཇུག་མཁས་པ་རྣམས་ཀྱིས་(དབྱངས་ཅན་དགའ་བའི་བློ་གྲོས་སོགས)་སི་ཏུ་བཞིན་ཚིག་གྲོགས་ཀྱིས་བསྒྱུར་བའི་བྱེད་ཚིག་ད་ལྟ་བར་བཞག་པས་པྲ་ཏིའི་དགོངས་པ་ཡང་དེ་ལས་གཞན་དུ་མ་འདས། དེ་ལྟར་ན་ཀྱི༷ན་(ཀྱི)སོགས་བྱ་བའི་ཚིག་གྲོགས་སུ་སྦྱར་བའི་བརྗོད་ཚུལ་དེ་རིགས་ནི། སྔར་སློབ་དཔོན་ཐོན་མིའི་སྐུ་དུས་ནས་ཡོད་པར་མ་ཟད་རྟགས་འཇུག་གི་ཅིའི་ཕྱིར་འཇུག་པའི་སྐབས་ནས་དངོས་སུ་བསྟན་པ་ཡིན་ཞེས་ཀྱང་ངེས་པར་སྨྲ་དགོས་པར་འདུག་ཨང་།

འོན་ཀྱང་སི་ཏུའི་སྔོན་དུ་བྱོན་པའི་དབུས་པ་བློ་གསལ། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ལོ་ཆེན་ནམ་མཁའ་བཟང་པོ། ཟུར་མཁར་བ་བློ་གྲོས་རྒྱལ་པོ། དཔའ་བོ་གཙུག་ལག་ཕྲེང་བ། རྣམ་གླིང་པཎ་ཆེན་སོགས་ཀྱི་བརྡ་སྤྲོད་གཞུང་དུ་སྤྱིར་ཚིག་གྲོགས་ཀྱིན་སོགས་ཀྱིས་བསྒྱུར་བའི་དུས་ད་ལྟ་བའི་དཔེར་བརྗོད་ཅིག་མི་གསལ་ཞིང་། བྱེ་བྲག་ཏུ་སྔོན་འཇུག་ཅིའི་ཕྱིར་འཇུག་པའི་ཐད་དུ་མི་གསལ་བས་རང་ཉིད་མཐོང་ཐོས་ཀྱི་རྒྱ་དོག་དྲགས་པའི་སྐྱོན་མིན་ན། སི་ཏུའི་སྔོན་དུ་འགྲེལ་ཚུལ་དེ་ལྟ་བྱུང་མེད་ཚོད་དུ་སྣང་། ལག་ལེག་ཐོག་མེད་པ་ནི་མ་ཡིན་ཏེ་སྔོན་གྱི་གཏམ་རྒྱུད་དང་། རྣམ་ཐར་སོགས་སུ་མང་དུ་ཐོན་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །

རྟགས་འཇུག་གི་ཅིའི་ཕྱིར་འཇུག་པའི་སྐབས། བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བར་འཇུག་པའི་དཔེར་བརྗོད་མཁས་པ་རྣམས་ཀྱིས་ཇི་ལྟར་བཀོད་ཡོད་པའི་[44]ཟུར་ཙམ་གཤམ་གསལ་རེའུ་མིག་ཏུ་གསལ།

  དེབ་ཀྱི་མིང། རྩོམ་པ་པོ། དཔེར་བརྗོད།
མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།

༡༧༠༠-༡༧༧༤

གཅར་གྱིན་སྣང་ངོ་། གཅར་བཞིན་པའོ། །དཀྲི་ཡིན་འདུག་གོ །དཀྲི་བཞིན་པའོ།། འཁལ་བཞིན་པ། འཁལ་གྱིན་སྣང་། འཁུར་བཞིན་པ། འཁུར་གྱིན་སྣང་། འཁྱུད་བཞིན་པ།

འཁྱུད་ཀྱིན་འདུག་སོགས་དང་། འཁར་བཞིན་པ། འཁར་གྱིན་འདུག འཁུན་བཞིན་པ།འཁུན་གྱིན་འདུག འཁོད་བཞིན་པ། འཁོད་ཀྱིན་སྣང་།

རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ། ཨ་ཀྱཱ་ཡོངས་འཛིན།

༡༧༤༠-༡༨༢༧

དཀྲི་བཞིན་པ། དཀྲོལ་བཞིན་པ། སྲང་གིས་འཇལ་བཞིན་པ། གདན་འདིང་གི་སྣང་། རྒྱན་འདོགས་ཀྱིན་འདུག སེམས་འདུལ་བར་བྱེད། མཁས་བཞིན་པ། མཆོད་ཀྱིན་སྣང་།

མཐོང་གི་འདུག ཅེས་སོགས་ཚིག་གྲོགས་ལས་གསལ་ཏེ་གོ་སླའོ། །

 

སུམ་ཅུ་པ་དང་རྟགས་འཇུག་གི་དོན་གོ་སླ་བར་བསྡུས་པའི་བཤད་པ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་བའི་མཛོད། ཨ་ལག་ཤ་བསྟན་དར་ལྷ་རམས་པ།

༡༧༥༩-༡༨༤༡ རྗེས་སུ།

གཅར་གྱིན་སྣང་། གཅར་བཞིན་པའོ་སོགས་དང་།  དཀྲི་ཡིན་འདུག དཀྲི་བཞིན་པའོ་སོགས་
རྟགས་ཀྱི་འཇུག་པའི་རྣམ་བཤད་སི་ཏུའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།(སི་ཏུའི་ཞལ་ལུང་།) དངུལ་ཆུ་ཆོས་བཟང་།

༡༧༧༢-༡༨༥༡

གཅོད་ཀྱིན་འདུག གཅོད་བཞིན་པའོ།། དགག་གིན་འདུག དགག་བཞིན་པའོ།། འགྲོལ་གྱིན་འདུག འཐག་བཞིན་པའོ། །འགྱུར་གྱིན་འདུག འགྲུབ་བཞིན་པའོ།།
སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེའུ་མིག གསེར་ཏོག་བློ་བཟང་ཚུལ་ཁྲིམས།

༡༨༤༥-༡༩༡༥

རིག་པས་དཔྱོད་ཀྱིན། ཞོ་དཀྲོག་གིན། ལོགས་སུ་དགར་གྱིན། སྐུད་པས་དཀྲི་ཡིན་འདུག

 

གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། ཚེ་ཏན་ཞབས་དྲུང་།

༡༩༡༠-༡༩༨༥

གཅོད་ཀྱིན་འདུག གཅོད་བཞིན་པའོ། ། དཀྲི་གིན་འདུག དཀྲི་བཞིན་པའོ། །དྲི་མ་འཁྲུད་ཀྱིན་སྣང་། མདུད་པ་འགྲོལ་བཞིན་པ། མདའ་འགེངས་པའི་སྐབས།
རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་པྲ་ཏིའི་ཞལ་ལུང་པདྨ་དཀར་པོ། བློ་བཟང་དབང་ཕྱུག

༡༩༡༤-༡༩༨༧

གཅོད་ཀྱིན་འདུག གཅོད་བཞིན་པ། དགག་གིན་འདུག །དགག་བཞིན་པ། དཀྲི་བཞིན་འདུག །དཀྲི་བཞིན་པ། འཆད་ཀྱིན་འདུག འདུལ་གྱིན་འདུག འཇལ་བཞིན་པའོ། །

 

བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།། དམུ་དགེ་བསམ་གཏན་རྒྱ་མཚོ།

༡༩༡༤-༡༩༩༣

ཤིང་གཅོད་ཀྱིན་འདུག བྱ་བ་གཉེར་གྱིན་འདུག ཟིལ་གྱིས་གནོན་གྱིན་མཆིས། སྨན་གདུ་བཞིན་གདའ། ནོར་གསོག་གིན་འདུག སྦྱིན་པ་གཏོང་བཞིན་ཡོད། ཟས་གཡོ་བཞིན་འདུག སྐུད་པ་དཀྲི་བཞིན་ཡོད། རིག་པས་དཔྱོད་ཀྱིན་འདུག ཞོ་དཀྲོག་གིན་འདུག རོལ་མོ་དཀྲོལ་བཞིན་འཚོགས། དགོད་བཞིན་བཤད་སོགས་ལྟ་བུའོ།
སུམ་རྟགས་གཉིས་ཀྱི་མིང་ཚིག་གི་འགྲེལ་པ་བྱིས་པ་དགའ་བའི་གཏམ། ཉན་ཤུལ་མཁྱེན་རབ་འོད་གསལ།

༡༩༢༥-༡༩༩༧

ཤིང་གཅོད་ཀྱིན་སྣང་ངོ་། །གཅོད་བཞིན་པའོ། །སྣལ་མ་དཀྲི་ཡིན་འདུག་གོ། །དཀྲི་བཞིན་པའོ།
༡༠ བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་བྱ་ཚིག་གི་རྣམ་གཞག་བཤད་

པ་ཤེས་བྱའི་ནམ་འཕང་གཅོད་པའི་རིག་པའི་གྲུ་གཟིགས།

དོར་ཞི་གདོང་དྲུག་སྙེམས་བློ།

༡༩༣༥-འཚོ་བཞུགས།

འཁོར་ལོ་འཁོར་གྱིན་འདུག བྱ་འཕུར་གིན་སྣང་། ཆར་འབབ་གྱིན་འདུག མེ་འབར་གྱིན་འདུག གློང་(གློག)འཁྱུག་གིན་ཡོད། གཡོ་ཞིང་འཕར་བར་བྱེད་དོ། །རྟ་རྒྱུག་གིན་འདུག ལམ་ལ་འགྲོ་བཞིན་སོགས་ཡོད་ལྟ་བུ་དང་།གཞུང་རྩོམ་གྱིན་འདུག སློབ་གཉེར་བྱེད་ཀིན་ཡོད། ཡི་གེ་འབྲི་ཀིན་སྣང་། སྡོང་བོ་འཛུག་ཀིན་ཡོད། ད་ལྟ་གླུ་ལེན་ཀིན་འདུག ད་བར་དམ་བཅའ་འཇོག་བཞིན་ཡོད། ལྷ་ལ་གསོལ་བ་འདེབས་ཀྱིན་ཡོད། ཤ་འཚོད་ཀྱིན་འདུག དགྲ་འགོག་གིན་ཡོད་སོགས་ལྟ་བུའོ།།

ཡུལ་སྐད་དང་ཡིག་སྐད་གང་ཡིན།

འགའ་རེས་གི༷་(གིན)སོགས་བྱ་བའི་ཚིག་གྲོགས་ལ་སྦྱར་བའི་བརྗོད་ཚུལ་དེ་རིགས། ཁ་སྐད་དམ་ཡུལ་སྐད་ཀྱི་བརྗོད་སྟངས་ཤིག་ཡིན་པར་བཤད་དེ། དཀོན་མཆོག་རྒྱ་མཚོ་དང་ཉི་སྐུ་བླ་གཉིས་ཀྱིས་“བྱ་བ་བརྗོད་པ་མཐའ་མའི་ཚིག་གྲོགས་ཞེས་པ་ནི་བོད་ཀྱི་ཡི་གེ་དང་ཁ་སྐད་གཉིས་དབར་དབྱེ་ཁྱད་ཡོད་པའི་ཚིག་གམ་ངག་གིས་བྱ་བ་བརྗོད་པའི་བྱ་ཚིག་གི་མཐའ་མར་འཇུག་པའི་ཚིག་གྲོགས་ལ་བཤད་པ་སྟེ། དཔེར་ན། ང་འགྲོ་གི་ཡིན་ཞེས་བྱ་བ་འགྲོའི་མཐར་འཇུག་པའི་གི་ཡིན་ཞེས་པ་ལྟ་བུའོ།།”[45] ཞེས་དེ་དག་ནི་ཁ་སྐད་ཅིག་ཡིན་པ་ལས་ཡིག་སྐད་མིན་པ་ལྟ་བུར་བཤད་པ་དང་། ཡང་“ཁ་སྐད་དེའང་དབུས་ཀྱི་ལྷ་སའི་སྐད་ལུགས་རྨང་གཞིར་བྱས་ནས་བོད་ཡིག་གི་འཕེལ་འགྲོས་དང་མཐུན་པའི་བྱ་བ་བརྗོད་པ་མཐའ་མའི་ཚིག་གྲོགས་སུ་གྲུབ་པ་ནི། བྱ་ཚིག་གི་དུས་ད་ལྟ་བའི་མཐར་ཚིག་གྲོགས་བཞིན་འཇུག་པ་དང་དོན་གཅིག་པའི་ད་ལྟ་བའི་བྱ་ལས་སྟོན་བྱེད་ཕྲད་གཞན་དབང་ཅན་གིན་གྱིན་ཀྱིན་འིན་བཞི་པོ་བྱ་ཚིག་ད་ལྟ་བའི་རྗེས་འཇུག་ལ་བརྟེན་ནས་འཇུག་པ་དཔེར་ན། སྔར་ཡི་གེ་འབྲི་བར་བྱེད་ཅེས་པ་ལ་དེང་སང་ཡི་གེ་འབྲི་བཞིན་པའམ་ཡི་གེ་འབྲི་གི་(གིན)འདུག་ཅེས་པ་ལྟ་བུའོ།།”[46] ཞེས་ལྷ་སའི་ཁ་སྐད་རྨང་གཞིར་བྱས་ནས་གི༷ན་གྱི༷ན་སོགས་རྗེས་འཇུག་ལ་ལྟོས་ནས་སྦྱར་བར་བཤད་རུང་། དཔེར་བརྗོད་དུ་གི་དང་གིན་གདམ་ང་ཅན་དུ་བཞག་འདུག བྱ་ལས་སྟོན་བྱེད་ཅེས་པ་ནི་ནོར་བ་ཡིན་ཏེ་གིན་སོགས་འབྲེལ་སྒྲ་ན་རྟེན་ཅན་རྣམས་བྱེད་ལས་སྟོན་བྱེད་དུ་འཇུག་ཀྱང་བྱ་ལས་སྟོན་བྱེད་དུ་མི་འཇུག་གོ། དཀོན་མཆོག་སྐྱབས་ཀྱིས “ཁ་སྐད་ཀྱི་བྱ་ཚིག་ཚིག་གྲོགས་འགའ་དཔེར་བཀོད་ན། བྱ་རྒྱུ་ཡིན། འགྲོ་གི་ཡིན། སྤྲད་ཀྱི་ཡིན། འགྲོ་གི་རེད། ལྟ་བུ་རྣམས་མ་འོངས་པའི་བྱ་ཚིག་ཚིག་གྲོཊ་དང་། བལྟ་གི་འདུག བལྟ་གིན་འདུག བྱ་གི་འདུག སྤྲད་ཀྱིན་འདུག བྱེད་ཀྱིན་འདུག ལྟ་བུ་རྣམས་ད་ལྟ་བའི་བྱ་ཚིག་ཚིག་གྲོགས་དང་”[47] ཞེས་དེ་དག་ཁ་སྐད་ཀྱི་བྱ་ཚིག་གི་ཚིག་གྲོགས་ཡིན་པར་བཤད། དེས་ན་གོང་གི་དེ་རྣམས་ཁ་སྐད་ཡིན་པའི་དབང་དུ་བཏང་རུང་ཡིག་སྐད་མིན་ནོ་ཞེས་བཤད་ན་འཐད་དཀའ་སྟེ། རྟགས་འཇུག་གི་རྩ་བ་ལས་དངོས་སུ་བསྟན་པ་དང་། བརྡ་སྤྲོད་སྨྲ་བའི་དབང་པོ་རྣམས་ཀྱིས་ཞིབ་བཤད་མཛད་པའི་བརྗོད་ཚུལ་དེ་རིགས་ཡིག་སྐད་མིན་ན་དེ་ལས་ལོགས་སུ་ཡིག་སྐད་ཟེར་བའི་རྭ་ཅན་ཞིག་གང་ནས་རྙེད།

དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “བོད་ཀྱི་བརྡ་སྤྲོད་རིག་པ་ནི་དུས་རབས་བདུན་པའི་འགོར་སློབ་དཔོན་ཐོན་མི་སམ་བྷོ་ཊས་སྐབས་དེར་བོད་མི་ཕལ་ཆེ་བས་གོ་ཐུབ་པའི་ཕལ་སྐད་གཞིར་བཟུང་ནས་དེང་སྐབས་ང་ཚོས་བེད་སྤྱོད་བྱེད་མུས་ཀྱི་ཡི་གེ་འདི་གསར་གཏོད་གནང་བ་དང་ཆབས་ཅིག”[48] ཅེས་གསུངས་པ་བཞིན། ཡིག་སྐད་ནི་ཕལ་སྐད་གཞིར་བཟུང་བ་ཞིག་ཡིན་པ་ལས་གཞན་དུ་མིན་པའི་ཕྱིར། སློབ་དཔོན་ཐོན་མི་མཆོག་གིས་ཀྱང་“དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས།། སྨྲ་བ་ཀུན་ལ་གནས་གྱུར་ཀྱང་།།རང་ཚུལ་དེ་ཉིད་མི་ཤེས་པས།།དོན་ལ་སྦྱོར་བ་ག་ལ་ཤེས།།”[49] ཞེས་ཡི་གེ་རྣམས་ཇི་ལྟར་འཇུག་པའི་ཚུལ་ཡང་ཡུལ་སོ་སོའི་སྒྲ་སྐད་ཀྱི་སྨྲ་བ་ཐམས་ཅད་ལ་རང་བཞིན་གྱིས་གནས་པ་ཞིག་ཡིན་པར་གསུངས་པའི་ཕྱིར། དེ་བས་ཡུལ་སྐད་དང་ཡིག་སྐད་ནི་འགལ་བ་ལྟག་སྤྲོད་དུ་མི་བཟུང་བར་ཕན་ཚུན་ལྟོས་གྲུབ་ཏུ་གནས་པ་ཤེས་དགོས་ཏེ། དོར་ཞི་གདོང་དྲུག་སྙེམས་བློས། “ཡུལ་སྐད་ཅེས་པ་ནི་ས་ཆ་སོ་སོའི་རྒྱུན་སྤྱོད་ཀྱི་ཁ་སྐད་ཀྱི་མིང་ཡིན། དེ་ཡང་ཡུལ་དུས་ཀྱི་དབང་གིས་མིང་ཚིག་གི་སྒྲ་གདངས་སྟེང་ནས་ཁྱད་ཤོར་བ་མ་གཏོགས། བརྡའི་མིང་གཞི་དང་། ཚིག་སྦྱོར་བྱེད་ཚུལ་གྱི་བརྡ་སྤྲོད་རྣམ་བཞག་སྟེང་ནས་སྐད་རིགས་གཅིག་གི་ཡུལ་སྐད་ཕན་ཚུན་ཁྱད་པར་ཡོད་པ་མིན་ནོ།།”[50] ཞེས་དང་། དུང་དཀར་རིན་པོ་ཆེས། “ཁ་སྐད་དང་ཡིག་སྐད་ཟེར་བ་ནི་བལྟོས་བཅས་ཤིག་ཡིན་པ་ལས་བལྟོས་མེད་ཀྱི་ཁ་སྐད་དང་ཡུལ་སྐད་ཟེར་བ་ཞིག་མེད། དེང་སང་ཁ་ཐོག་ནས་བཤད་རྒྱུན་ཡོད་པའི་སྐད་ལ་ཁ་སྐད་ཟེར་བ་དང་། ཁ་ཐོག་གི་བཤད་རྒྱུན་དང་མི་འདྲ་བར་ཡིག་ཐོག་ཏུ་བྲིས་པའི་སྐད་ཆ་དེ་ལ་ཡིག་སྐད་ཟེར་ཞིང་། དེ་ཡང་ས་གནས་འགའ་ཞིག་གི་ཡུལ་སྐད་དེ་ས་གནས་གཞན་ཞིག་ལ་ཡིག་སྐད་ཡིན་པ་དང་། ས་གནས་འགའ་ཞིག་གི་ཡིག་སྐད་དེ་ས་གནས་གཞན་ཞིག་ལ་ཡུལ་སྐད་ཡིན་པ་དེ་འདྲ་རེད་”[51] ཅེས་གསུངས་པ་འདི་རིགས་ལེགས་བཤད་དུ་གཟུང་དགོས་རྒྱུ་ནི་གནད་ཀྱི་དམ་པའོ་ཞེས་ཀྱང་ཞུ་བར་ཐལ་ལོ། །དེས་ན་འདི་དག་ཁ་སྐད་དང་ཡི་གེ་གང་བྱས་རུང་ཁྱད་པར་ཆེར་མེད་པར་སྙམ་ལ། སྔོན་གྱི་མདོ་བསྟན་སོགས་སུ་ཚིག་གྲོགས་གི༷་སོགས་སྦྱར་བའི་བྱ་ཚིག་ཡོད་པ་ཁོ་བོའི་དྲན་ཡུལ་དུ་མི་འདུག་ཅིང་དམིགས་ཀྱིས་ཞིབ་འཇུག་ཀྱང་བྱེད་ཁོམ་མ་བྱུང་མོད། བསྟན་འཛིན་མཚུངས་མེད་ཀྱིས“ཚིག་ཕྲན་གིན་སོགས་གནའ་དེང་གསུང་རབ་བསྟན་བཅོས་རྣམས་སུ་འཁོལ་སྲོལ་འདུག་ནའང་”[52]ཅེས་བཤད་འདུག་པ་འདི་ལ་ཡིད་ཆེས་རུང་བར་སེམས་སོ།།

བྱ་བའི་ཚིག་གྲོགས་ལ་དགོས་པ་ཅིའི་ཕྱིར་འཇུག་པ།

ཨི་ལྡན་གྱི་ཕྲད་རྣམས་བྱ་བའི་ཚིག་གྲོགས་ལ་དགོས་པ་ཅིའི་ཕྱིར་འཇུག་པ་ཡིན་ཞེ་ན། བྱེད་ལས་གསལ་བྱེད་དམ་དུས་ད་ལྟ་བའི་བྱ་བ་གསལ་བྱེད་དུ་འཇུག་པ་བཤད་ཀྱང་། དུས་མ་འོངས་པའམ་བྱ་ལས་གསལ་བྱེད་དུ་འཇུག་པ་འཆད་མཁན་བརྡ་སྤྲོད་ཁུངས་མ་རྣམསས་སུ་མ་མཇལ་ཅིང། ལྷག་པར་བརྡ་སྤྲོད་སྨྲ་བའི་གཙུག་རྒྱན་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀྱིས་དེ་ལྟ་བཞེད་མིན་ལ་ཤིན་ཏུ་དོགས་ཏེ། དཔེར་ན། གཅད་ཀྱི་ཡིན་ཞེས་པ་ལྟ་བུ་དུས་མ་འོངས་པར་བཞེད་ན་དེ་ཡང་གཅོད་ཀྱིན་ཡོད་ཅེས་པ་བཞིན་ཚིག་གྲོགས་དབང་གིས་དངོས་པོ་གཞན་ཁོངས་སུ་བསྡུ་བ་མི་འོས་པའི་དུས་མ་འོངས་པར་འཇུག་པར་འགྱུར་ཞིང་། དེ་ལྟ་ན་སྔོན་འཇུག་ག་ད་གཉིས་པོ་བདག་གཞན་གྱིས་མ་བསྡུས་པའི་དུས་ད་ལྟ་དང་། མ་འོངས་ལ་འཇུག་པ་མཉམ་པར་འགྱུར་བས་རྩ་བའི་“ད་ལྟ་ཆེད་”ཅེས་པའི་དོན། ཚིག་གྲོགས་ཀྱིས་བསྒྱུར་བའི་དུས་ད་ལྟ་བར་འཇོག་དཀའ་བར་སྣང་བས་མུ་ནས་དཔྱད་དགོས་པར་ཚོར། འོན་ཏེ་དེང་སང་བལྟ་ཡི་ཡིན། བཟའ་ཡི་ཡིན། བཏུང་གི་ཡིན་ཞེས་མ་འོངས་པ་གསལ་བྱེད་དུ་ཨི་ལྡན་གྱི་ཕྲད་སྦྱར་བའི་འབྲི་སྲོལ་དང་བཤད་སྲོལ་ཆེ་བ་ནི་གསལ་བཤད་ག་ལ་དགོས།

དེ་ལྟར་ཨི་ལྡན་གྱི་ཕྲད་བྱ་བའི་ཚིག་གྲོགས་སུ་སྦྱར་བའི་ཚེ། བྱ་བ་ད་ལྟ་དང་མ་འོངས་གང་རུང་གསལ་བར་བྱེད་ཀྱང་། དེ་གཉིས་གང་གསལ་བར་བྱེད་མིན་དེ་ཨི་ལྡན་གྱི་ཕྲད་ཁོ་ན་ལ་རག་ལས་པ་ཞིག་མ་ཡིན་པར། དེ་དང་ལྷན་དུ་འཇུག་པའི་ ཡིན། ཡོད། རེད། འདུག གདའ། སྣང་། མཆིས་སོགས་གང་སྦྱར་ཡོད་པ་ལ་རག་ལས་པ་ཡིན་ནོ།། དེ་དག་ལས་བྱ་ཚིག་གི་རྗེས་སུ་ གི་ཡོད། གི་འདུག གི་སྣང། གི་གདའ་ ལྟ་བུ་སོགས་སྦྱར་ན། གཙོ་བོ་ད་ལྟ་བ་གསལ་བར་བྱེད་དེ། དཔེར་ན། ཡོང་གི་ཡོད། ཤོད་ཀྱི་འདུག འཐུང་གི་སྣང་། ལས་ཀྱི་གདའ་ལྟ་བུའོ། ། གི་རེད། གི་ཡིན་སོགས་སྦྱར་ན་གཙོ་བོ་མ་འོངས་པ་གསལ་བར་བྱེད་དེ། དཔེར་ན། ངས་ལས་ཀྱི་ཡིན། ཁོང་གིས་བསྒྲུབ་ཀྱི་རེད་ལྟ་བུའོ། །དེ་ལྟར་ངེས་ཤེས་རྙེད་ན་འགྲོ་ཡི་ཡིན་དང་འགྲོ་ཡིན་ཡོད་ཅེས་ཡིན་མཐར་ཡོད་སྦྱར་རུང་། འགྲོ་ཡིན་ཡིན་ཞེས་གཉིས་ལྷན་དུ་མི་འཇུག་པའི་གནད་ཀྱང་ཤེས་སོ།། འོན་ཏེ་མཐའ་གཅིག་ཏུ་ངེས་པ་མ་ཡིན་ཏེ། ཡོད་རེད། ཡིན་རེད་ཅེས་སྦྱར་ཚེ་གོ་དོན་འགྱུར་བ་ཡང་ཡོད། འདིའི་སྐོར་ན་ག་སངས་རྒྱས་བསྟན་དར་གྱིས་<<བོད་ཀྱི་བརྡ་སྤྲོད་ནག་ཊྀཀ>>ལས་སྐྱེས་བུ་དང་པོ་གཉིས་པ་དང་སྦྱར་ནས་དཔེར་བརྗོད་མང་དུ་བཀོད་འདུག་ཅིང་། ཐུབ་བསྟན་སྦྱིན་པས་<<སྨྲ་སྒོའི་ལྡེ་མིག་>>ཏུ་ཞིབ་གསལ་བྲིས་འདུག་པས་དེ་དག་ལ་གཟིགས་གལ་མཐོང་།

འདས་པ་གསལ་བྱེད་དུ་ཨི་ལྡན་གྱི་ཕྲད་རྣམས། ཡོད། ཡིན་སོགས་དང་ལྷན་དུ་མི་འཇུག་པར་སྣང་རུང་། འདས་ཚིག་ལ་བལྟས་ཀྱིན་བལྟས་ཀྱིན་ལྟ་བུ་འབྲེལ་སྒྲ་ན་རྟེན་ཅན་འཇུག་པ་མང་དུ་སྣང་ངོ་། །འདི་དག་སྐོར་ངེས་ཤེས་གཏིང་ཕྱིན་པ་ཞིག་རྙེད་པ་ལ། མཐའ་རྟེན་གྱི་ཚིག་གྲོགས་ཡོད། ཡིན། རེད། འདུག་སོགས་ཀྱི་དོན་ཤེས་པ་གནད་དུ་ཆེ་ནའང་འདིར་དུས་ཚོད་ཐུང་དྲགས་པ་དང་། ཡིག་འབྲུ་མང་དྲགས་པས་སྦྱར་ཐབས་མི་འདུག་རུང་རྗེས་ཕྱོགས་ལོགས་སུ་བྲི་བའི་འདུན་པ་ཆེའོ། །

མཇུག་གཏམ།

ད་ནི་མཇུག་བསྡུ་བར་བྱ་སྟེ། རྩོམ་ཐུང་འདིར་རིན་ཐང་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར་ཉལ་ས་དྲོན་པོའི་ནང་གི་བསམ་ཚུལ་ཐོར་བུ་ཙམ་མིན་པར། མི་འདི་དང་འདིས་ནི་ཤེས་སམ་སྙམ་པ་དག་ལ་དྲིས་ཤིང་། གཞུང་འདི་དང་འདི་ལ་གསལ་ལམ་དྲན་པ་དག་ཀྱང་བཀླགས་ནས་བཙལ་བས་འབྲེལ་ཡོད་སྐོར་ཞིག་རྙེད་སོན་བྱུང་བ་རྣམས། གོང་འོག་འཕྲོ་འཐུད་པ་ལས་ཅི་ཞིག་ཐོན་པ་དང་། ཕན་ཚུན་སྣེ་གཏུགས་པ་ལས་གང་ཞིག་གྲུབ་པ་རྣམས་དྲང་པོ་དྲང་བཞག་དང་བདེན་པ་བདེན་རྐྱང་གི་ལམ་ནས་བཀོད་པའི་ཁུལ་དུ་བགྱིས་སོ། །

འོན་ཏེ་དཔྱད་རྩོམ་འབྲི་བ་ནི་གཞན་གྱིས་བཤད་རྗེས་སུ་འབྲང་རྒྱུ་དེ་མ་ཡིན་པར། རང་ཉིད་ཀྱི་ལྟ་ཚུལ་དྲང་པོར་བརྗོད་དགོས་པའི་གཞི་རྩའི་ཐོག ལྟ་ཚུལ་དེ་སྐྱོན་མེད་ཡང་དག་པ་ཞིག་ཡོང་ཐབས་ལ་འབད་པ་དགོས་རྒྱུ་ནི་སྨོས་ཅི་དགོས། དེ་ལྟར་ཡོང་པ་ལ་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་སྐབས་བབ་ཀྱི་བརྗོད་བྱ་དང་འབྲེལ་ཡོད་མཁས་པའི་གསུང་རབ་སོགས་ལའང་དཔྱད་ཞིབ་བགྱིས་ཏེ། ལེགས་སྤེལ་ཉེས་འགོག་གི་ཁ་རེ་གྲག་དགོས་པ་ན། ཁོ་བོ་ལྟ་བུར་ཐད་འདི་ནས་དཀའ་ངལ་མི་འཕྲད་པ་ག་ལ་སྲིད། དེ་བས་ཀློག་པ་པོ་དག་གིས་ཀྱང་ལེགས་བཅོས་ཉེས་འགོག་གི་ཕྱག་མཛུབ་དྲོན་པོ། ཁོ་བོའི་དཔྲལ་བའི་དཀྱིལ་དུ་ཐད་ཀར་འཛུགས་གནང་ཡོང་བའི་རེ་སྐུལ་ཞུ་བ་ལགས་སོ། །

 

དཔྱད་ཡིག་དང་ཞབས་མཆན། 

[1] དམུ་དགེ་བསམ་གཏན། <<སུམ་རྟགས་མཐའ་དཔྱད་ལས་བོད་ཀྱི་སྤྱི་སྐད་སྐོར།>>བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩་ལོའི་ཟླ་དགུ་༩པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་༢༤

[2] གོང་གི་དམུ་དགེ་བསམ་གཏན་གྱི་སུམ་རྟགས་མཐའ་དཔྱད་ལས་བོད་ཀྱི་སྤྱི་སྐད་སྐོར་ཞེས་པའི་ཤོག་གྲངས་༢༣་ལས་དྲངས།

[3] ཧོར་གཙང་འཇིགས་མེད།<<ཁྲག་ཐིགས་ལས་སྐྱེས་པའི་ལྗང་མྱུག>> ཤོག་༡༥

[4] དམུ་དགེ་བསམ་གཏན།<<སུམ་རྟགས་མཐའ་དཔྱད་ལས་བོད་ཀྱི་སྤྱི་སྐད་སྐོར།>> བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩་ལོའི་ཟླ་དགུ་༩པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་༣༤

[5] ངག་རྡོར།<<གི་སྒྲའི་བཙན་འཛུལ་སླེབས་འདུག>>བོད་ཀྱི་དུས་བབ། ༢༠༠༨/༡༠/༡༣/

[6] ཚེ་རིང་ཐར།<<བོད་སྤྱི་འགྲོས་ཀྱི་སྐད་ཆའི་སྐོར་གྱི་དཔྱད་པ།>>བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩་ལོའི་ཟླ་དགུ་༩པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་༢༣༢

[7] << མི་རོ་རྩེ་སྒྲུང།>>མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦་ལོའ་ཟླ་༧པར་པར་ཐེངས་གཉིས་པ་དཔར། ཤོག་༢༣

[8] སེང་རྡོར། <<སོ་སྐྱེས་སྐད་སྒྲ།>> ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠་ལོའི་ཟླ་༩པར་དཔར་ཐེངས་དང་པོ་དཔར། ཤོག་༡༢༣

[9] སློབ་དཔོན་ཐོན་མི། <<རྩ་བ་སུམ་ཅུ་པ།>>ཤོ་ལོ་ཀ་༡༢ ཚིག་རྐང་གསུམ་པ་ནས་༡༣ ཚིག་རྐང་གསུམ་པའི་བར།

[10] སྐལ་བཟང་འགྱུར་མེད།<<བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་།>>སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོའི་ཟླ་༨པར་བསྐྲུན། ཤོག་༡༩༥

[11] རཀ་ར་རིན་པོ་ཆེ། <<སུད་སི་ནས་རཀ་ར་རིན་པོ་ཆེ་ནས་བཏང་འབྱོར།>>(ཟླ་བ་སྔོན་མའི་འཕྲོས་) ཤེས་བྱ་གསར་ཤོག(ཕྱི་དྲིལ་ལས་ཁུངས) སྤྱི་ལོ་ ༡༩༨༡ སྤྱི་ཟླ་ ༤ཤོག་ངོས་ ༡༣

[12] དར་ཞབས་འཇམ་དཔལ་སྐལ་ལྡན།<<རག་ར་བཀྲས་མཐོང་གི་ཤེས་རིག་བཀའ་བློན་ལ་དག་ཐེར།>> ཤེས་བྱ་གསར་ཤོག(ཕྱི་དྲིལ་ལས་ཁུངས) སྤྱི་ལོ་༡༩༨༡ སྤྱི་ཟླ་༧ ཤོག་ངོས་༡༨

[13] རཀ་ར་རིན་པོ་ཆེ། <<སུད་སི་ནས་རཀ་ར་རིན་པོ་ཆེ་ནས་བཏང་འབྱོར།>>(ཟླ་བ་སྔོན་མའི་འཕྲོས་) ཤོག་ངོས་སོགས་གོང་བཞིན།

[14]ན་ག་སངས་རྒྱས་བསྟན་དར།<<བོད་ཀྱི་བརྡ་སྤྲོད་ནག་ཊྀཀ>> བོད་ཀྱི་དཔེ་མཛོད་ཁང་། (སྐད་ཡིག་དེབ་ཕྲེང་།༦) ཤོག་༢༥༣

[15] མི་བུ་དགའ་སྐྱིད། <<ཁ་བརྡ་དྲ་ངོས།>>སྤེལ་དུས། ༢༠༡༡/༦/༢༡/

[16] བཀྲ་ཤིས་གཡུ་སྒྲོན།<<བོད་སྐད་ནང་གི་དུས་ད་ལྟ་བའི་བྱ་བ་གསལ་བྱེད་ཀྱི་སྒྲ’གི་འདུག’’གི་ཡོད’’གི་ཡོད་རེད’གསུམ་དང་སླར་བསྡུའི་ཕྲད་ཀྱི་བརྡ་སྤྲོད་ནུས་པའི་གཞིབ་བསྡུར།>>བོད་ཀྱི་བརྡ་སྤྲོད་ཞིབ་འཇུག མི་རིགས་དཔེ་སྐྲུན་ཁང་། ༢༠༡༩་ལོའི་ཟླ་༧པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་༥༩༦

[17] བཀྲ་ཤིས་གཡུ་སྒྲོན། དེབ་གཟུགས་སོགས་གོང་དང་འདྲ།

[18] བཀྲ་ཤིས་གཡུ་སྒྲོན། དེབ་གཟུགས་གོང་བཞིན། ཤོག་༥༩༧

[19] སློབ་དཔོན་འཕགས་པ་ལྷ། <<དབུ་མ་བཞི་བརྒྱ་པ།>>བཞི་བརྒྱ་བའི་རྣམ་བཤད་ལེགས་བཤད་སྙིང་པོ། ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་དགེ་ལྡན་སྤྱི་ལས་ཁང་། སྟོན་པའི་འདས་ལོ། ༢༥༥༧ སྤྱི་ལོ།༢༠༡༣ ཤོག་༢༩༣

[20] ན་ག་སངས་རྒྱས་བསྟན་དར།<<བོད་ཀྱི་བརྡ་སྤྲོད་ནག་ཊྀཀ>> བོད་ཀྱི་དཔེ་མཛོད་ཁང་། (སྐད་ཡིག་དེབ་ཕྲེང་།༦) ཤོག་༢༥༢

[21] རྡོ་རྗེ་རྒྱལ་པོ། <<སུམ་རྟགས་སྐོར་གྱི་དྲི་བ་དྲིས་ལན།>> རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༢་ལོའི་ཟླ་༦པར་དཔར་ཐེངས་དང་པོ་བརྒྱབ། ཤོག་༡༧༥

[22] དཀོན་མཆོག་རྒྱ་མཚོ་དང་ཉི་སྐུ་བླ།<<བོད་ཀྱི་ཡུལ་སྐད་དུ་བྱ་བ་བརྗོད་པ་མཐའ་མའི་ཚིག་གྲོགས་གྲུབ་སྟངས་མི་གཅིག་པའི་སྐོར་གླེང་བ།>> བོད་ལྗོངས་ཞིབ་འཇུག ༡༩༩༦ ལོའི་འདོན་ཐེངས་༣པ། ཤོག་༦༡/

[23] ན་ག་སངས་རྒྱས་བསྟན་དར།<<བོད་ཀྱི་བརྡ་སྤྲོད་ནག་ཊིཀ>> བོད་ཀྱི་དཔེ་མཛོད་ཁང་།(སྐད་ཡིག་དེབ་ཕྲེང་།༦) ཤོག་༣༢༨

[24] ན་ག་སངས་རྒྱས་བསྟན་དར། <<བོད་ཀྱི་བརྡ་སྤྲོད་ནག་ཊིཀ>>བོད་ཀྱི་དཔེ་མཛོད་ཁང་།(སྐད་ཡིག་དེབ་ཕྲེང་།༦) ཤོག་༣༢༩

[25] ན་ག་སངས་རྒྱས་བསྟན་དར། <<བོད་ཀྱི་བརྡ་སྤྲོད་ནག་ཊིཀ>>བོད་ཀྱི་དཔེ་མཛོད་ཁང་།(སྐད་ཡིག་དེབ་ཕྲེང་།༦) ཤོག་༣༤༧

[26] རྡོ་རྗེ་རྒྱལ་པོ<<།སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ།>>རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༢ ཟླ་༦པར་དཔར་ཐེངས་དང་པོ་བརྒྱབ། ཤོག་༣༨

[27] རྡོ་རྗེ་རྒྱལ་པོ། དེབ་གཟུགས་གོང་བཞིན་ལ་ཤོག་གྲངས་༣༩

[28] རྡོ་རྗེ་རྒྱལ་པོ། དེབ་གཟུགས་གོང་བཞིན་ལ་ཤོག་གྲངས། ༤༢

[29] ཨ་རི་བོད་སྐད་རླུང་འཕྲིན་<དྲ་སྣང་གི་བོད>་དུ་གསལ། ༢༠༢༡ /༡༢ /༡༠

[30] དོར་ཞི་གདོང་དྲུག་སྙེམས་བློ།<<བྱ་ཚིག་གི་རྣམ་བཞག་རིག་པའི་གྲུ་གཟིངས།>>བོད་ཀྱི་དཔེ་མཛོད་ཁང་། (སྐད་ཡིག་དེབ་ཕྲེང་དང་པོ།)༢༠༡༨ ལོར་དཔར་ཐེངས་གསུམ་པ་དཔར། ཤོག་༦༡

[31] དཔའ་རིས་སངས་རྒྱས།<<བརྡ་སྤྲོད་གསལ་བྱེད་ངག་སྒྲོན།>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། ༡༩༩༨ལོའི་ཟླ་༩་བར་པར་ཐེངས་དང་པོ་དཔར། ཤོག༢༦༡

[32] དཔའ་རིས་སངས་རྒྱས།<<བརྡ་སྤྲོད་གསལ་བྱེད་ངག་སྒྲོན།>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ༡༩༩༨ལོའི་ཟླ་༩་བར་པར་ཐེངས་དང་པོ་དཔར། ཤོག༢༦༡

[33] <<བོད་རྒྱ་ཚིག་མཛོད་ཆེན་མོ།>> (སྟོད་ཆ) མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་༡༢པར པེ་ཅིན་དུ་པར་ཐེངས་༡པོ་བརྒྱབ། ཤོག ༣༥

[34] དཔའ་རིས་སངས་རྒྱས། <<བརྡ་སྤྲོད་གསལ་བྱེད་ངག་སྒྲོན།>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ༡༩༩༨ལོའི་ཟླ་༩་བར་པར་ཐེངས་དང་པོ་དཔར། ཤོག༢༥༩

[35]  རྡོ་རྗེ་རྒྱལ་པོ། <<རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས།>> ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༩༢ལོའི་ཟླ་༦པར་དཔར་ཐེངས་དང་པོ་བརྒྱབ། ཤོག༡༧༥

[36] ཐུབ་བསྟན་སྦྱིན་པ།<<བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག>> བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་ནས་དཔར་དུ་བཏབ། སྤྱི་ལོ་ ༢༠༡༠ ལོར་ལྡི་ལིར་དཔར་ཐེངས་དང་པོ་བསྐྲུན། ཤོག་༡༥༠

[37] སློབ་དཔོན་ཐོན་མི།<< སུམ་ཅུ་པའི་རྩ་བ།>>ཤོ་ལོ་ཀ་༡༣ པའི་ཚིག་རྐང་གསུམ་པ།

[38] གོ་ཤུལ་གྲགས་པ་འབྱུང་གནས།<<བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་བྱུང་བའི་ཕྲད་ཀྱི་གྲངས་ཀའི་རྣམ་གཞག་ངོ་སྤྲོད་རགས་ཙམ་ཞུ་བ།>>བོད་ལྗོངས་ཞིབ་འཇུག ༡༩༩༢ལོའི་འདོན་ཐེངས་༤ ཤོག༣༢

[39] སློབ་དཔོན་ཐོན་མི། <<རྟགས་ཀྱི་འཇུག་པ།>>ཤོ་ལོ་ཀ་༡༡ པའི་ཚིག་རྐང་གཉིས་པ་ནས་ཤོ་ལོ་ཀ་༡༢་ཚིག་རྐང་དང་པོའི་བར།

[40] སི་ཏུ་ཆོས་ཀྱི་འབྱུང་གནས།<<མུ་ཏིག་ཕྲེང་མཛེས།>>ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་ཞུས། སྤྱི་ལོ་༢༠༠༩དཔར་ཐེངས་༡༢་པ། ཤོག༡༣༨

[41] སི་ཏུ་ཆོས་ཀྱི་འབྱུང་གནས།<<མུ་ཏིག་ཕྲེང་མཛེས།>>ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་ཞུས། སྤྱི་ལོ་༢༠༠༩དཔར་ཐེངས་༡༢་པ། ཤོག༡༦༥

[42] སི་ཏུ་ཆོས་ཀྱི་འབྱུང་གནས། ཤོག་ངོས་དང་བཅས་པ་གོང་བཞིན་ནོ།།

[43] སི་ཏུ་ཆོས་ཀྱི་འབྱུང་གནས། དེབ་གཟུགས་གོང་བཞིན། ཤོག་༡༧༢

[44] ཚིག་གྲོགས་ཀྱིས་བསྒྱུར་བའི་དཔེར་བརྗོད་རྣམས་འདེམ་སྒྲུག་བྱས་ཤིང་། ཅིའི་ཕྱིར་འཇུག་པའི་སྐབས་མིན་པའང་རེ་གཉིས་མཆིས།

[45] དཀོན་མཆོག་རྒྱ་མཚོ་དང་ཉི་སྐུ་བླ།<<བོད་ཀྱི་ཡུལ་སྐད་དུ་བྱ་བ་བརྗོད་པ་མཐའ་མའི་ཚིག་གྲོགས་གྲུབ་སྟངས་མི་གཅིག་པའི་སྐོར་གླེང་བ།>> བོད་ལྗོངས་ཞིབ་འཇུག ༡༩༩༦ ལོའི་འདོན་ཐེངས་༣པ། ཤོག་༦༡

[46] དཀོན་མཆོག་རྒྱ་མཚོ་དང་ཉི་སྐུ་བླ། དེབ་གཟུགས་གོང་བཞིན། ཤོག་༦༢

[47] སྨད་པའི་དཀོན་མཆོག་སྐྱབས།<<དུས་གསུམ་གྱི་སྐོར་རགས་ཙམ་གླེང་བ།>>བོད་ལྗོངས་ཞིབ་འཇུག ༢༠༠༢་ལོའི་འདོན་ཐེངས་༣པ། ཤོག་༥༦

[48] དུང་དཀར་བློ་བཟང་འཕྲིན་ལས།<<བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ།>>བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩་ལོའི་ཟླ་དགུ་༩པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་༤༤

[49] སློབ་དཔོན་ཐོན་མི།<<རྟགས་ཀྱི་འཇུག་པ།>>ཤོ་ལོ་ཀ་༣༣ པའི་ཚིག་རྐང་གཉིས་པ་ནས།

[50] དོར་ཞི་གདོང་དྲུག་སྙེམས་བློ།<<རྩོམ་རིག་གསར་པའི་གནད་དོན་འགའ་ཞིག་གླེང་བ།>>རྩོམ་རིག་གཅེས་བཏུས། བོད་ཀྱི་དཔེ་མཛོད་ཁང་། (སྐད་ཡིག་དེབ་ཕྲེང་གཉིས་པ)ཤོག་༡༤༩

[51] དུང་དཀར་བློ་བཟང་འཕྲིན་ལས།<<བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ།>>བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩་ལོའི་ཟླ་དགུ་༩པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་༥༤

[52] བསྟན་འཛིན་མཚུངས་མེད།<<བྱ་བའི་མིང་ལ་རྐྱེན་གྱིས་རམ་འདེགས་ཚུལ།>>བོད་སྐད་བརྡ་སྤྲོད་ཞིབ་འཇུག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ་༧པར་པར་ཐེངས་༡བཏབ། ཤོག་༧༧

ལུང་ཁུངས་ཡིག་ཆ།

[1] སི་ཏུ་ཆོས་ཀྱི་འབྱུང་གནས།<<ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་བྱེ་བྲག་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།>>ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་ཞུས། སྤྱི་ལོ་༢༠༠༩ དཔར་ཐེངས་༡༢ པ།

[2] དོར་ཞི་གདོང་དྲུག་སྙེམས་བློ།<<བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་བྱ་ཚིག་གི་རྣམ་གཞག་བཤད་པ་ཤེས་བྱའི་གནམ་འཕང་གཅོད་པའི་རིག་པའི་གྲུ་གཟིངས།>>བོད་ཀྱི་དཔེ་མཛོད་ཁང་། (སྐད་ཡིག་དེབ་ཕྲེང་དང་པོ།)༢༠༡༨ ལོར་དཔར་ཐེངས་གསུམ་པ་དཔར།

[3] དཔའ་རིས་སངས་རྒྱས། <<བརྡ་སྤྲོད་གསལ་བྱེད་ངག་སྒྲོན།>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ༡༩༩༨ལོའི་ཟླ་༩་བར་པར་ཐེངས་དང་པོ་དཔར།

[4] རྡོ་རྗེ་རྒྱལ་པོ། <<རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས།>> ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༩༢ལོའི་ཟླ་༦པར་དཔར་ཐེངས་དང་པོ་བརྒྱབ།

[5] ཐུབ་བསྟན་སྦྱིན་པ།<<བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག>> བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་ནས་དཔར་དུ་བཏབ། སྤྱི་ལོ་ ༢༠༡༠ ལོར་ལྡི་ལིར་དཔར་ཐེངས་དང་པོ་བསྐྲུན།

[6] སྐལ་བཟང་འགྱུར་མེད།<<བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་།>>སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོའི་ཟླ་༨པར་བསྐྲུན།

[7] ན་ག་སངས་རྒྱས་བསྟན་དར།<<བོད་ཀྱི་བརྡ་སྤྲོད་ནག་ཊྀཀ>> བོད་ཀྱི་དཔེ་མཛོད་ཁང་། སྤྱི་ལོ་༢༠༡༧ ལོར་པར་དུ་བསྐྲུན།(སྐད་ཡིག་དེབ་ཕྲེང་།༦)

[8] ཧོར་གཙང་འཇིགས་མེད།<<ཁྲག་ཐིགས་ལས་སྐྱེས་པའི་ལྗང་མྱུག>> youtse Publication དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༠ ཟླ་༡༡ པར། དཔར་ཐེངས་དང་པོ་བཏབ།

[9] སློབ་དཔོན་ཐོན་མི། <<རྟགས་ཀྱི་འཇུག་པ།>>

[10] སེང་རྡོར། <<སོ་སྐྱེས་སྐད་སྒྲ།>> ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠་ལོའི་ཟླ་༩པར་དཔར་ཐེངས་དང་པོ་དཔར།

[11] སློབ་དཔོན་འཕགས་པ་ལྷ། <<དབུ་མ་བཞི་བརྒྱ་པ།>>བཞི་བརྒྱ་བའི་རྣམ་བཤད་ལེགས་བཤད་སྙིང་པོ། ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་དགེ་ལྡན་སྤྱི་ལས་ཁང་། སྟོན་པའི་འདས་ལོ། ༢༥༥༧ སྤྱི་ལོ།༢༠༡༣

[12] བསྟན་འཛིན་མཚུངས་མེད།<<བྱ་བའི་མིང་ལ་རྐྱེན་གྱིས་རམ་འདེགས་ཚུལ།>>བོད་སྐད་བརྡ་སྤྲོད་ཞིབ་འཇུག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༩ ལོའི་ཟླ་ ༧ པར་པར་ཐེངས་༡ བཏབ།

[13] གོ་ཤུལ་གྲགས་པ་འབྱུང་གནས།<<བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་བྱུང་བའི་ཕྲད་ཀྱི་གྲངས་ཀའི་རྣམ་གཞག་ངོ་སྤྲོད་རགས་ཙམ་ཞུ་བ།>>བོད་ལྗོངས་ཞིབ་འཇུག ༡༩༩༢ལོའི་འདོན་ཐེངས་༤

[14] བཀྲ་ཤིས་གཡུ་སྒྲོན།<<བོད་སྐད་ནང་གི་དུས་ད་ལྟ་བའི་བྱ་བ་གསལ་བྱེད་ཀྱི་སྒྲ’གི་འདུག’’གི་ཡོད’’གི་ཡོད་རེད’གསུམ་དང་སླར་བསྡུའི་ཕྲད་ཀྱི་བརྡ་སྤྲོད་ནུས་པའི་གཞིབ་བསྡུར།>>བོད་ཀྱི་བརྡ་སྤྲོད་ཞིབ་འཇུག མི་རིགས་དཔེ་སྐྲུན་ཁང་། ༢༠༡༩་ལོའི་ཟླ་༧པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།

[15] དཀོན་མཆོག་རྒྱ་མཚོ་དང་ཉི་སྐུ་བླ།<<བོད་ཀྱི་ཡུལ་སྐད་དུ་བྱ་བ་བརྗོད་པ་མཐའ་མའི་ཚིག་གྲོགས་གྲུབ་སྟངས་མི་གཅིག་པའི་སྐོར་གླེང་བ།>>བོད་ལྗོངས་ཞིབ་འཇུག ༡༩༩༦ ལོའི་འདོན་ཐེངས་༣པ། ༡༩༩༦ལོའི་ཟླ་༨པར་ལྷ་སར་པར་བསྐྲུན་བྱས།

[16] སྨད་པའི་དཀོན་མཆོག་སྐྱབས།<<དུས་གསུམ་གྱི་སྐོར་རགས་ཙམ་གླེང་བ།>>བོད་ལྗོངས་ཞིབ་འཇུག ༢༠༠༢་ལོའི་འདོན་ཐེངས་༣པ།

[17] རཀ་ར་རིན་པོ་ཆེ། <<སུད་སི་ནས་རཀ་ར་རིན་པོ་ཆེ་ནས་བཏང་འབྱོར།>>(ཟླ་བ་སྔོན་མའི་འཕྲོས་) ཤེས་བྱ་གསར་ཤོག(ཕྱི་དྲིལ་ལས་ཁུངས) སྤྱི་ལོ་ ༡༩༨༡ སྤྱི་ཟླ་༤ པ།

[18] དར་ཞབས་འཇམ་དཔལ་སྐལ་ལྡན།<<རག་ར་བཀྲས་མཐོང་གི་ཤེས་རིག་བཀའ་བློན་ལ་དག་ཐེར།>> ཤེས་བྱ་གསར་ཤོག(ཕྱི་དྲིལ་ལས་ཁུངས) སྤྱི་ལོ་༡༩༨༡ སྤྱི་ཟླ་༧ པ།

[19] <<བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།>>  མི་རིགས་དཔེ་སྐྲུན་ཁང་། ༡༩༩༩་ལོའི་ཟླ་དགུ་༩པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།

[20] <<བོད་རྒྱ་ཚིག་མཛོད་ཆེན་མོ།>> (སྟོད་ཆ) མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་༡༢པར པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།

[21] << མི་རོ་རྩེ་སྒྲུང།>>མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦་ལོའ་ཟླ་༧པར་པར་ཐེངས་གཉིས་པ་དཔར།

[22] མི་བུ་དགའ་སྐྱིད། <<ཁ་བརྡ་དྲ་ངོས།>>སྤེལ་དུས། ༢༠༡༡/༦/༢༡/

[23] ངག་རྡོར།<<གི་སྒྲའི་བཙན་འཛུལ་སླེབས་འདུག>>བོད་ཀྱི་དུས་བབ། ༢༠༠༨/༡༠/༡༣/

ཟུར་བལྟས་ཡིག་ཆ་གཙོ་གྲས་འགའ།

[1] ཉན་ཤུལ་མཁྱེན་རབ་འོད་གསལ།<<སུམ་རྟགས་གཉིས་ཀྱི་མིང་ཚིག་གི་འགྲེལ་པ་བྱིས་པ་དགའ་བའི་གཏམ།>>

[2] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།<<སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེའུ་མིག>>

[3] ཨ་ལག་ཤ་བསྟན་དར་ལྷ་རམས་པ།<<སུམ་ཅུ་པ་དང་རྟགས་འཇུག་གི་དོན་གོ་སླ་བར་བསྡུས་པའི་བཤད་པ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་བའི་མཛོད།>>

[4] དམུ་དགེ་བསམ་གཏན།<<བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།།>>

[5] ཚེ་ཏན་ཞབས་དྲུང་།<<༄༅།།གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།>>

[6] ཨ་ཀྱཱ་ཡོངས་འཛིན།<<རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ།>>

[7] དངུལ་ཆུ་ཆོས་བཟང་།<<༄༅།།མཁས་མཆོག་དངུལ་ཆུ་ཡབ་སྲས་ཀྱིས་མཛད་པའི་སི་ཏུའི་ཞལ་ལུང་སོགས་སུམ་རྟགས་ཕྱོགས་བསྡེབས་བཞུགས་སོ།།>>

[8] བློ་བཟང་དབང་ཕྱུག<<རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་པྲ་ཏིའི་ཞལ་ལུང་པདྨ་དཀར་པོ།>>

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།