མོ་ནད་སྒོས་བཅོས་ལས་འཕྲོས་པའི་འབེལ་གཏམ།

0
103

གླེང་གཞི། 

ད་རེས་རྒྱལ་པོའི་བླ་ཡིག་འོད་འབར་གྱི་མ་དཔེ་གཉིས་ལ་ཞིབ་བསྡུར་དང་མཆན་འགྲེལ་འབྲི་བའི་སྐབས་སུ་བླ་ཡིག་ཀ་པར་[1] མོ་ནད་སྒོས་བཅོས་ཀྱི་ཉམས་ཡིག་ཤིག་ཐོན་བྱུང་། དེ་ནི་བླ་ཡིག་ཁ་པར་[2]མི་གསལ་བ་དང་། མོ་ནད་སྒོས་བཅོས་འདི་ཟུར་དུ་གཞུང་ལུགས་རང་མཚན་པ་མཇལ་དུ་ཡོད་པ།[3] ས་བཅད་དང་། ཚིགས་འགྲོས་སོགས་གང་ནས་དཔྱད་ཀྱང་། བླ་ཡིག་རང་གི་ཆ་ཤས་ཤིག་མ་ཡིན་པར་ཕྱིས་སུ་ཞབས་བཏགས་ཤིག་ཡིན་པར་ཁ་ཚོན་གཅོད་ཆོག་མོད། མོ་ནད་སྒོས་བཅོས་ཀྱི་ཉམས་ཡིག་འདིའི་ནང་དོན་དང་། སུ་ཞིག་གི་ཡིན་པ། འདིའི་ཤུགས་རྐྱེན་བཅས་དོན་ཚན་གསུམ་གྱི་སྒོ་ནས་ཞིབ་འཇུག་ཕྲན་བུ་བྱེད་རྒྱུ་ཡིན།

༡ མོ་ནད་སྒོས་བཅོས་ཀྱི་ནང་དོན་གནད་བསྡུས།

མོ་ནད་སྒོས་བཅོས་འདི་གནའ་བོའི་བོད་ཀྱི་མོ་ནད་བཅོས་ཐབས་ཀྱི་རིག་པའི་གཞུང་ལུགས་ཤིག་ཡིན། ལོ་ངོ་སྟོང་ལས་བརྒལ་བའི་བརྒྱུད་རིམ་གྱི་ཁྲོད་དུ་རྗོད་བྱེད་ཚིག་ལ་བཅད་ལྷུག་ཅི་རིགས་ཡོང་སྲིད་ཀྱང་། ནང་དོན་གྱི་ཆ་ནས་མི་འཁྲུལ་བ་ནི། མོ་ནད་འདིའི་རྒྱུ་རྐྱེན་བཤད་སྐབས་སུ་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་ཡོད་པ་གང་ཞིག།།ངོ་བོ་ཟ་མ་མོ་ཡི་ཐུན་མོང་མ་ཡིན་པའི་ནད་གཞི་བསྟན་ཞིང་། རྣམས་གྲངས་ (ནད་ཀྱི་རྣམ་གྲངས་དགུ། གནོད་པ་བདུན། ཉམས་པ་ལྔ། རྐྱེན་གསུམ། སྐྲན་ནད་བཅུ་གཉིས་ཏེ་བསྡོམས་པས་) སུམ་ཅུ་རྩ་དྲུག་གི་དབྱེ་བ་ཡོད་པ། བསྡུས་ན་ཚབས་གཉིས་སུ་འདུས་པ། བཅོས་ཐབས་ལ་གནའ་བོའི་བོད་ཀྱི་བཅོས་ཐབས་ལུག་ཤའི་ཁུ་བ་གཙོ་བོར་བྱས་པའི་དྲོད་སྨན་སྦྱོར་བ་ཅན་གྱི་ཆ་ལག་ཚང་བ་དེ་ནི་མོ་ནད་སྒོས་བཅོས་ཀྱི་རྩ་བའི་སྒྲོམ་གཞི་ཡིན།

དེ་ལས་ཀྱང་འབུར་དུ་དོད་པའི་བརྡ་ཆད་ཅིག་ནི་ཚབས་ཞེས་པ་འདི་རེད། འདི་ལ་རླུང་ཚབས་དང་། ཁྲག་ཚབས། ཡང་ན་སྟོད་སྨད་བར་གསུམ་གྱི་ཚབས་ཞེས་འབྱུང་ཞིང་། གསོ་དཔྱད་སྐབས་སུ་ཚབས་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ཀྱང་མོ་ནད་སྒོས་བཅོས་འདི་ལ་ཐུག་མེད་དམ་སྙམ། ཚབས་ཀྱི་གོ་དོན་ཡང་སེམས་ཚབས་སྟེ། དངངས་སྐྲག་ལྟ་བུའི་སེམས་ཚོར་ཟ་ང་ཟིང་ངེ་ཞིག་ལ་ཚབས་ཞེས་འབོད་པ་ཡིན། ང་ནི་མི་མང་པོ་ཁྲོད་དུ་སྐད་ཅ་བཤད་དུས་སེམས་པ་ཚབས་གི་ཡོད། ཅེས་པ་ལྟ་བུ་རེད། དེས་ན་མོ་ནད་ཁྲག་ཚབས་དང་རླུང་ཚབས་གཉིས་ཀས་དངངས་སྐྲག་ལྟ་བུའི་སེམས་ལ་མི་བདེ་བའི་ཕོག་ཐུག་གཏོང་གི་ཡོད་པའི་དོན་ཡིན།

༢ མོ་ནད་སྒོས་བཅོས་འདི་མཁས་པ་སུ་ཞིག་གི་མན་ངག་ཡིན་ནམ།

མོ་ནད་སྒོས་བཅོས་ཀྱི་མན་ངག་འདི་ནི་བོད་ཀྱི་མཁས་པ་མི་དགུ་ནང་གི་ཆེར་རྗེའི་ན་གུས་ཐུན་མིན་གྱི་མན་ངག་ཅིག་ཡིན་ནམ་སྙམ་པའི་ཁུངས་སྣེ་ཅུང་ཙམ་མཐོང་རྒྱུ་ཡོད། དེ་ཡང་དར་ལུགས་ལྔ་བཅུ་རྩ་བདུན་ཞེས་པ་བགྲངས་པའི་སྐབས།[4] འུག་པ་ཆོས་སེང་ཡན་ལག་སྒྱོགས་བཅོས་དར། །བི་ཇི་གཡོར་པོས་ཇ་ལོག་བཅོས་ཚུལ་དར། །ཆེར་རྗེ་ན་གུས་མོ་ནད་སྒོས་བཅོས་དར། །གཡུ་ཐོག་མགོན་པོས་ཉམས་ཡིག་ཟིན་བྲིས་དར། །བྲང་ཏི་སྲས་ཆུང་བྱང་ཁོག་གསལ་བྱེད་དར། །ཞེས་སོགས་ཕྱོགས་ཀྱི་བླ་སྨན་པ་རྣམས་དང་། བོད་ཀྱི་མཁས་པ་མི་དགུ་སོགས་ཀྱི་རང་རང་གི་ཐུན་མོང་མིན་པའི་ལག་ལེན་མན་ངག་གང་ཞིག་དར་བར་མཛད་པ་དེ་བསྟན་པའི་སྐབས་དེར། ཆེར་རྗེ་ན་གུས་མོ་ནད་སྒོས་བཅོས་དར། །ཞེས་པའི་ཚིག་འདི་བྱུང་ཞིང་། འདིས་ནི་མོ་ནད་སྒོས་བཅོས་ནི་ཆེར་རྗེ་ན་གུས་ཞེས་པའི་མན་ངག་ཡིན་པའི་དཔང་རྟགས་ཡིན། སྤྱིར་དར་བྱེད་ལྔ་བཅུ་རྩ་བདུན་གྲངས་འདྲེན་སྐབས་སུ་ཆེར་རྗེའི་ཁྱིམ་བརྒྱུད་ཀྱི་དར་བྱེད་མཁན་པོ་གསུམ་བགྲངས་ཡོད་ཅིང་། དེ་ལས་དང་པོ་དེ་ཆེར་རྗེ་ན་གུས་ཞེས་པ་འདི་རེད།

དེ་ལྟར་ན་ཆེར་རྗེ་ན་གུས་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ཙམ་ནས་བྱུང་ཡོད་པའི་ཚོད་དཔག་བྱེད་ཆོག་སྟེ། སྤྱིར་ན་བོད་ཀྱི་མཁས་པ་མི་དགུ་འདི་ཡོངས་གྲགས་སུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་བ་གསལ་བ་དང་། ཁོང་གི་མོ་ནད་སྒོས་བཅོས་ཀྱི་མན་ངག་རྣམ་སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་སུ་དྲངས་ཡོད་པས་སོ། །དུས་རབས་བཅུ་གཅིག་པའི་ནང་དུ་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་གཞུང་ལུགས་ཡན་ལག་བརྒྱད་པ་བོད་དུ་འགྱུར་བའི་སྐབས་སུའང་། མོ་ནད་འདི་ཡན་ལག་བརྒྱད་ལས་གང་གི་ཁོངས་སུའང་མི་གཏོགས་པར་ངོས་འཛིན་བྱས། དེ་ནས་རྒྱུད་བཞི་རྩོམ་སྒྲིག་མཛད་པའི་སྐབས་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་ཡན་ལག་བརྒྱད་ལ་སྣོན་འཕྲི་བྱས་ཏེ་ཡན་ལག་བརྒྱད་པ་ངོས་འཛིན་གསར་པ་ཞིག་མཛད་ཡོད། སྐབས་དེར་མོ་ནད་འདི་ཡན་ལག་གཅིག་ཏུ་བགྲངས་པ་ཡིན། དེ་ལྟར་ཡན་ལག་བརྒྱད་པོ་དེ་རྒྱ་གར་ཚེ་ཡི་རིག་བྱེད་དང་མི་མཚུངས་པར་གྱུར་པས་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཁྲོད་དུ་དགག་སྒྲུབ་ཀྱི་རྩོད་པ་རྒྱ་ཆེན་པོར་བྱུང་ཞིང་། དུས་རབས་བཅོ་ལྔ་པའི་བར་དུ་རྩོད་པ་འཕེལ་རྒྱས་མཐའ་ཐུག་ནས་རིམ་བཞིན་རྩོད་པ་དེ་ཞི་འཇམ་དུ་སོང་ཡོད་ཀྱང་། ད་ལྟའི་བར་དུ་རྩོད་པ་དེ་ཡོངས་སུ་དམིགས་མེད་དུ་ཞི་མེད་པ་རེད། དེ་ལྟར་ཡན་ལག་བརྒྱད་པ་སྣོན་འཕྲི་བསྒྱུར་བཅོས་བྱས་པའི་རྗེས་སུ་བོད་ཀྱི་གསོ་བ་རིག་པའི་སྒྲོམ་གཞི་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོར་ཐེབས་ནས་གདོད་མའི་ལྟ་གྲུབ་འགའ་ཞིག་ཉམས་པ་དང་། འགའ་ཞིག་རྒྱུན་འཛིན་དར་སྤེལ་བྱུང་བ་སོགས་དྲང་ལྡོག་ཅི་རིགས་ཀྱིས་གསོ་བ་རིག་པའི་ཤེས་ཡོན་གྱི་རྦ་རླབས་གསར་པ་ཞིག་འཕྱུར་ཡོད་པ་རེད།

སྤྱིར་ན་སྔོན་གྱི་མཁས་པ་མང་པོས་ཆེར་རྗེ་ནི་རྒྱལ་པོའི་བླ་སྨན་ཡིན་མིན་སྐོར་ལ་རྩོད་པ་མཛད་ཡོད་མོད། དེ་དག་ཆེར་རྗེ་སྤྱིར་ཙམ་པ་རྩོད་གཞི་བཟུང་ནས་རྩོད་པ་མ་གཏོགས་ཆེར་རྗེའི་ཁྱིམ་བརྒྱུད་ཀྱི་མཁས་པ་སོ་སོའི་མཚན་ནས་བཟུང་སྟེ་བྱེ་བྲག་ཏུ་བབས་ནས་རྩོད་པ་ཕལ་ཆེར་མཐོང་རྒྱུ་མེད་ཅིང་། དེས་ན་རྩོད་པ་དེ་དག་ནི་ཞིབ་ཚགས་པོ་བྱུང་མེད་པ་གསལ་པོར་རེད། དཔེར་ན་སྙེ་མདོ་བ་ཀུན་དགའ་དོན་འགྲུབ་དང་། བྲང་ཏི་དཔལ་ལྡན་རྒྱལ་མཚན་ལ་སོགས་པའི་སྔོན་གྱི་མཁས་པ་རྣམས་ཀྱིས་བཙན་པོའི་སྐབས་སུ་མཁས་པ་མི་དགུ་བགྲངས་པའི་སྐབས་སུ་ཆེར་རྗེ་ནི་ཆེར་རྗེ་ན་གུ་ཡིན་པ་ལས་ཆེར་རྗེ་ཞིག་པོ་མིན་པར་ཤེས་དགོས། ཡང་ཟུར་མཁར་དང་འབེ་ལོ་སོགས་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཆེར་རྗེ་བཙན་པོའི་སྐབས་ཀྱི་སྨན་པ་མ་ཡིན་ཏེ། བོད་སིལ་བུའི་དུས་ཀྱི་སྨན་པ་ལོ་ཆེན་རིན་བཟང་གི་རྗེས་སུ་བྱུང་བའི་ཕྱིར། ཟེར་བའི་ཆེར་རྗེ་ནི་ཆེར་རྗེ་ཞིག་པོ་ཡིན་གྱི་ཆེར་རྗེ་ན་གུས་མ་ཡིན་ཀྱང་། ད་ལྟའི་བར་དུ་ཤན་འབྱེད་དེ་རྩོད་མཁན་དང་རྩོད་པ་དེ་དག་འདུམ་མཁན་ཡང་བྱུང་མེད་པ་སྣང་།

ཆེར་རྗེའི་ཁྱིམ་བརྒྱུད་ན་མིང་དུ་གྲགས་པའི་སྨན་པ་དུ་མ་བྱུང་ཡོད་དེ། དར་ལུགས་ལྔ་བཅུ་རྩ་བདུན་ལས། ཆེར་རྗེ་ན་གུས་མོ་ནད་སྒོས་བཅོས་དར། །ཞེས་དང་། ཆེར་རྗེ་གྲགས་བསོད་མདེའུ་དམར་འབྱིན་དར། །ཡང་། ཆེར་རྗེ་ཁྲི་འོད་བརྒྱད་པའི་བཀའ་འགྲེལ་དར། །ཞེས་གསུངས་ཤིང་། དང་པོ་ཆེར་རྗེ་ན་གུས་ནི་མོ་ནད་སྒོས་བཅོས་ཞེས་ཤུགས་རྐྱེན་ཧ་ཅང་ཆེ་བའི་དཔེ་ཆ་མཛད་པ་པོ་དང་། གཉིས་པ་ཆེར་རྗེ་གྲགས་བསོད་ནི་མདེའུ་དམར་འབྱིན་གྱི་མན་ངག་མཛད་པོའི་ཡིན་ཞིང་། ལོ་རྒྱུས་གསལ་པོ་མ་རྙེད་ཀྱང་། ཧ་ལམ་བཙན་པོའི་དུས་སུ་ཡིན་ངེས་སྙམ་ཡང་དཔྱད་གཞི་ཁ་གསལ་མ་རྙེད། གསུམ་པ་ཆེར་རྗེ་ཞིག་པོ་ནི། ལོ་ཆེན་རིན་བཟང་གི་སློབ་མ་ཡན་ལག་བརྒྱད་པ་བཀའ་འགྲེལ་འབྲུ་མཆན་འདོགས་མཁན་དང་། དོན་ཁྲིགས་གསལ་བྱེད། ཁོག་འབུབ་རྒྱལ་མཚན་རྩེ་འབར་མཛད་པ་པོ་དེ་ཡིན། རྩོད་པ་འདི་དག་བྱུང་སྟངས་ནི། མཁས་པ་སྔ་མ་རྣམས་རྩོམ་སྟངས་ནོར་ནས་བྱུང་བ་མ་ཡིན་པར་རྩོད་པ་ལ་དགའ་བའི་མཁས་པ་ཕྱི་མ་རྣམས་ཀློག་སྟངས་ནོར་ཏེ་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་ཟེར་སྤྲོས་པ་ཡིན་པས་སྔོན་གྱི་ཡིག་ཆ་ལ་ཞིབ་ཚགས་ཀྱིས་བཀླགས་ན་གདོད་ཆེར་རྗེའི་ཁྱིམ་བརྒྱུད་ལ་མཁས་པ་དུ་མ་ཡོད་པས་རྩོད་པ་དེ་དག་གི་རྒྱུད་རིམ་ཤེས་པར་འགྱུར་རོ། །

ཆེར་རྗེ་ཞེས་པའི་ཆེ་ལ་རྗེས་འཇུག་ར་ཡོད་མེད་གཉིས་ཀ་འབྱུང་ཡང་། དོན་ལ་ཆེན་པོའི་ཆེན་པོ་ཞེས་པ་ལྟ་བུ་གོ་དོན་ལྡན་ནམ་སྙམ། གང་ལྟར་རུས་བརྒྱུད་དམ་ཁྱིམ་བརྒྱུད་ཅིག་གི་མིང་ཡིན་གྱི་གང་ཟག་གཅིག་གི་སྒེར་མིང་ནི་མ་ཡིན་ནོ། །གནས་ཡུལ་ནི་སྟོད་ལྷ་རྩེའི་མང་མཁར་གཞུང་ན་ཡིན་འདུག་ཅིང་། ཆེར་རྗེ་གོང་ཞེས་པའི་མཁར་ཤུལ་ད་ལྟ་ཡང་ཡོད་པར་བཤད། གནས་དེར་ཡོངས་སུ་གྲགས་པའི་ཆེར་རྗེ་ན་གུས་དང་། ཆེར་རྗེ་ཞིག་པོ་གཉིས་ཙམ་མ་ཟད་ཆེར་རྗེ་ཏི་པང་། ཇོ་ནག། འཕེན་ཕྱུག།།རྟག་བརྟན་རྒྱལ་པོ་ཞེས་བྱ་བ་སོགས་ཆེར་རྗེའི་ཁྱིམ་བརྒྱུད་ན་མིང་དུ་གྲགས་པའི་མཁས་པ་མང་པོ་བྱོན་ཡོད་ཀྱང་། དཔྱད་གཞིའི་ཡིག་ཆ་དང་། དུས་ཀྱིས་བསྐལ་དོན་དུ་སོང་བས་རེ་རེ་ནས་བཤད་པའི་རྔོ་མི་ཐོགས་ཀྱང་རེའུ་མིག་ཙམ་ཞིག་འགོད་ན་འདི་ལྟར་རོ། །

  མཚན། དུས་རབས། ཁུངས།
1. ཆེར་རྗེ་ན་གུས། དུས་རབས་༨ པའི་ནང་། བྲང་ཏི་འཇམ་བཟང་གིས། བླ་སྨན་མི་དགུ་ནང་དུ་ཆེར་རྗེ་བགྲངས་ཡོད། ཆེར་རྗེ་ན་གུས་མོ་ནད་སྒོས་བཅོས་དར།
2. ཆེར་རྗེ་གྲགས་བསོད། མི་གསལ། ཆེར་རྗེ་ཁྲི་འོད་ཀྱི་སྔོན་དུ་ཡིན་ཚོད། ཆེར་རྗེ་གྲགས་བསོད་འདེའུ་དམར་འབྱིན་དར།
3. ཆེར་རྗེ་སྟག་ལ་དགའ། དུས་རབས་༡༡ པ་ཞང་གཟི་བརྗིད་ཀྱིས་བསྟེན། སྡེ་སྲིད་ཁོག་འབུབ།
4. ཆེར་རྗེ་ཏི་པང་། ལོ་ཆེན་གྱི་སློབ་མ། སྡེ་སྲིད་ཁོག་འབུབ། ལྷ་རྩེ་མང་འཁར་ཆེར་རྗེ་གོང་ན་བཞུགས།
5. ཆེར་རྗེ་བྱང་ཆུབ་འོད། ཆེར་རྗེ་ཏི་པང་གི་སྲས། སྡེ་སྲིད་ཁོག་འབུབ།
6. ཨུ་ལང་བཀྲ་ཤིས་མཁར།
7. དགྲ་ལས་རྒྱལ་པོ། འཚོ་བྱེད་གཞོན་ནུའི་སྤྲུལ་པར་གྲགས།
8. དབོན་ཇོ་བཀྲ། གཅེན་གྱི་སྲས།
9. གཡུང་དྲུང་།
10. ཇོ་བཙན།
11. སྲས་ཟླ་བ། དགྲ་ལས་རྒྱལ་པོའི་སྲས།
12. སྙིང་པོ།
13. སྲས་འབྲོ་ཚ། གཅུང་གི་སྲས།
14. རྟག་བརྟན་རྒྱལ།
15. ཇོ་འཕན།
16. ཇོ་ནག།
17. ཆེར་རྗེ་ཞང་སྟོན་ཞིག་པོ། དེ་གསུམ་ཀའི་སློབ་མ། ལོ་ཆེན་གྱི་སློབ་མའི་གཙོ། ཆེར་རྗེ་ཁྲི་འོད་བརྒྱད་པའི་བཀའ་འགྲེལ་དར། རྒྱལ་མཚན་རྩེ་འབར།
18. ཆེར་རྗེ་ཤཱཀྱ་དཔལ། ལེའུ་དང་པོའི་ཏྲིཀྐ་ཟླ་ཟེར་མེ་ཏོག་བརྩམས། སྡེ་སྲིད་ཁོག་འབུབ།

 

དེ་ལྟར་བྲང་ཏི་དང་། སྡེ་སྲིད་ཁོག་འབུབ་ཏུ་གསལ་བའི་ཆེར་རྗེ་མི་བརྒྱུད་ཀྱི་བོད་སྨན་མཁས་པ་སྐོར་ཞིག་གི་མིང་བྱང་ཙམ་ཞིག་གསལ་བར་བྱས་རྗེས་འདི་ལས་ངེས་དགོས་པ་ནི། སྙེ་མདོ་བ་ཀུན་དགའ་དོན་འགྲུབ་ (1268-1328)[5] ཀྱིས། མངའ་བདག་གི་བླ་སྨན་ཆེན་པོ་དགུ་ནི། སྟོད་ན་ཆེ་རྗེ་བི་ཇི་འུག་པ་གསུམ། སྨད་ན་གཉའ་དང་མཐའ་བཞི་སུམ་པ་གསུམ། བར་ན་གཡུ་ཐོག་བྲང་ཏི་མི་ཉག་གསུམ། ཞེས་གསུངས་ཤིང་། འདི་དག་ཕལ་ཆེར་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་བའི་སྨན་པའི་ཁྱིམ་རྒྱུད་ཆེན་པོ་རེའི་མིང་ཡིན་ནོ། །བྲང་ཏི་འཇམ་དཔལ་བཟང་པོས། མན་ངག་རྒྱུད་པ་ནི། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་དར་བའི་དུས་སུ། ལྷ་རྗེ་སྔ་བ་མཁས་པ་མི་དགུ་བྱ་བ་བྱུང་སྟེ། དེ་ཡང་སྟོད་ན་ཆེ་རྗེ་དང་འུག་པ་བི་ཇི་གསུམ། བར་ན་གཡུ་ཐོག་དང༌བྲང་ཏི་མི་ཉག་གསུམ། སྨད་ན་སྟོང་དང་མཐའ་བཞི་གཉའ་དང་གསུམ། བྱ་བར་གྲགས་” [6] ཞེས་གསུངས་པ་ལས་མཁས་པ་མི་དགུ་རེ་རེའི་མཚན་ནས་སྨོས་མེད་པ་རེད། སྡེ་སྲིད་ཀྱིས་ཁོག་འབུབ་[7] ཏུ། བོད་འབངས་ཀྱི་བྱིས་པ་བློ་རྣོ་བ་དགུ་ལ་གསོ་བ་རིག་པ་བསླབ་ཏུ་བཅུག་པས་སྟོད་ན་ཆེར་རྗེ་ཞིག་པོ། འུག་པ་ཆོས་བཟང་། བ་ཆེ་ (བི་ཇི་) ལེགས་མགོན་གསུམ། སྨད་ན་གཉའ་པ་ཆོས་བཟང་། མཐའ་བཞི་དར་པོ། སྟོང་པ་གྲགས་རྒྱལ་སྟེ་བོད་སྨན་མཁས་པ་མི་དགུ་གྲགས་པ་བྱུང་། ཞེས་མཁས་པ་མི་དགུ་རེ་རེའི་མཚན་ནས་སྨོས་ཏེ། ཆེར་རྗེ་ནི་ཆེར་རྗེ་ཞིག་པོ་ཡིན་པར་གསུང་པ་ནོར་ཞིང་། དེ་ལ་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་[8] ཆེར་རྗེ་ཞིག་པོ་ནི་བཙན་པོའི་བླ་སྨན་མི་འཐད་དེ། བསྟན་པ་ཕྱི་དར་ལོ་ཆེན་གྱི་སློབ་མ་ཡིན་པའི་ཕྱིར་གསུངས་པ་ནི་དེ་དེ་བཞིན་ནོ། །འོན་ཀྱང་ཆེར་རྗེ་ཞིག་པོ་བླ་སྨན་མ་ཡིན་ན་ཆེར་རྗེའི་ཁྱིམ་བརྒྱུད་ན་བླ་སྨན་མེད་མི་དགོས་པས་རྩོད་པ་དང་རྩོད་ལན་དེ་དག་ཧ་ཅང་རྩིངས་པར་མ་ཟད། བླ་སྨན་དགུ་པོ་ནི་ “ཟུར་མཁར་བློ་གྲོས་རྒྱལ་པོས་ཕྱོགས་ཀྱི་སྨན་པ་རྣམས་ལ་དྲི་ཡིག་མང་དུ་བྱས་སྟེ། སྟོད་ལུང་གི་ཨེམ་ཆི་ཀུན་ལེགས་ཟེར་བ་ཕྱིས་སུ་པ་རྣམས་འཚོ་བྱེད་དུ་འབོད་པ་ལའང་དྲི་བ་བྱས་པའི་དྲིས་ལན་དུ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་དགུ་ནི་སྟོད་ན་ཆེ་རྗེ་འུག་པ་བི་ཇི་གསུམ། བར་ན་གཡུ་ཐོག་བྲང་ཏི་མེ་ཉག་གསུམ། སྨད་ན་གཉའ་པ་མཐའ་བཞི་སྟོང་པ་གསུམ་སྟེ་དགུ་རུ་འདོད་པ་” ཞེས་བླ་སྨན་དགུ་ནི་ཨེམ་ཆི་ཀུན་ལེགས་ཀྱིས་ཟུར་མཁར་བ་རྩོད་པས་གླགས་མ་ཁེལ་བའི་སྐབས་སུ་གསར་བཟོ་བྱས་པ་འདྲ་བར་གསུངས་ཀྱང་། བོད་ཀྱི་མཁས་པ་མི་དགུའི་སྐོར་ཐོག་མར་གསུང་མཁན་སུ་ཡིན་ཏན་ཏན་མ་ངེས་ཀྱང་། འབེ་ལོ་ལས་ལོ་བཞི་བརྒྱ་ཙམ་གྱི་སྔོན་དུ་བྱུང་ཞིང་། ཟུར་མཁར་བློ་གྲོས་རྒྱལ་པོ་དང་། ཨེམ་ཆི་ཀུན་ལེགས་སོགས་ལས་ལོ་ངོ་བརྒྱ་ཕྲག་དུ་མའི་སྔོན་དུ་བྱུུང་བའི་སྙེ་མདོ་བ་ཀུན་དགའ་དོན་འགྲུབ་དང་། བྲང་ཏི་འཇམ་དཔལ་བཟང་པོ་སོགས་ཀྱིས་གསུངས་པ་གོང་དུ་དྲངས་པ་ལྟར་ཡིན་ཞིང་། སྙེ་མདོ་བ་ནི་ཀརྨ་པ་རང་བྱུང་རྡོ་རྗེའི་བླ་མ་དང་། བྲང་ཏི་འཇམ་བཟང་ནི་ཀརྨ་པཀྵི་ (1204-1283) དང་མཇལ་མྱོང་བས་དུས་རབས་ ༡༣ ནང་བྱོན་པར་ཤེས་ཐུབ།

དེ་ལས་ཆེར་རྗེ་ན་གུས་ནི་ནག་གུས་ཀྱང་ཡིན་སྲིད་ཅིང་། མོ་ནད་སྒོས་བཅོས་མཛད་དེ་ནག་མོ་ལ་གུས་པ་དང་སྲི་ཞུས་བསྒྲུབས་པས་ནག་གུས་ཏེ་རིམ་པས་རྗེས་འཇུག་ག་དོར་ནས་ན་གུས་སུ་འགྱུར་བ་ཡིན་སྲིད། རྒྱ་གར་གྱི་ནག་མོ་ཁོལ་སོགས་ནག་མོ་ལ་དོ་སྣང་དང་ཞིབ་འཇུག་དང་། ཡང་ན་དམིགས་བསལ་གྱིས་དགའ་མོས་དང་། དེ་དག་གི་ཁྱད་ཆོས་བརྗོད་པས་ནག་མོ་ཁོལ་ཞེས་སུ་བཏགས་པ་བཞིན་ཡིན་ནམ་སྙམ། ནག་མོ་ནི་གནའ་སྔ་མོའི་བོད་ཀྱི་བུད་མེད་ཀྱི་མིང་གི་འབོད་སྟངས་ཤིག་སྟེ་བརྡ་ཆད་ཧ་ཅང་རྙིང་པ་ཞིག་ཡིན་པ་མ་ཟད། འཚང་མིང་དང་བླ་དྭགས་ལྟ་བུ་གང་ཡང་མ་རེད། དཔེར་ན་དཔལ་ལྡན་ལྷ་མོ་ལ་ནག་མོ་རེ་མ་ཏི་ཞེས་པ་ལྟ་བུར་འབོད་བཞིན་ཡོད་ཀྱང་གུས་ཞབས་དང་ཞེ་ས་མེད་པ་དེ་འདྲ་གང་ཡང་མ་ཡིན་སྙམ་མོ། །ད་དུང་བོད་ཀྱི་གནའ་བོའི་ཐ་སྙད་མ་ཉམས་པའི་ས་ཁུལ་ཁག་ཏུ་བུད་མེད་ལ་ནག་མོ་ཞེས་སུ་འབོད་བཞིན་ཡོད་པ་རེད། ནག་མོ་ཞེས་འབོད་དོན་ཡང་བུ་ལས་བུད་མེད་རྣམས་ཀྱིས་སྐྲ་རིང་པོ་འཇོག་སྲོལ་ཡོད་པས་དེ་ལ་ཟེར་ཞིང་། སྒྲ་འཇུག་ས་གཙོ་བོ་ནི་སྐྲ་ནག་པོ་དེ་ལ་ཟེར་ཡིན་པ་འདྲ། གང་ལྟར་ཡིག་རྙིང་ཕན་ཚུན་བསྡུར་ནས་མིང་གི་དག་ཆ་ལ་དཔྱད་པ་བྱེད་རྒྱུ་གལ།

དེ་ཙམ་མ་ཟད་ཆེར་རྗེ་ནི་བོད་ཀྱི་མཁས་པ་མི་དགུའི་གཙོ་བོ་ཞིག་ཏུ་གྱུར་པའི་རྐྱེན་དུ་མཁས་པའི་ཁྱད་ཆོས་དུ་མ་ཡོད་ངེས་ཀྱང་། གཙོ་བོ་ནི་མོ་ནད་སྒོས་བཅོས་ཀྱི་ཉམས་ཡིག་འདི་དང་འབྲེལ་བ་ཡོད་སྲིད་དེ། འདི་ནི་རྒྱ་དཀར་ནག་ཏག་ཟིག་སོགས་ལུགས་ཆེན་གསུམ་གྱི་གསོ་དཔྱད་མཁས་པ་གཞན་གྱིས་མ་བསྟན་པའི་བུད་མེད་རང་གི་སྐོར་ལ་དམིགས་ཕུག་ནས་བསྟན་པའི་གསོ་ཐབས་གསར་པ་ཞིག་དང་། མཁས་པ་མང་པོས་ངོས་ལེན་ཐུབ་པའི་གསར་གཏོད་རང་བཞིན་ཅན་གྱི་ཉམས་ཡིག་ཅིག་ཡིན་པས་སོ། །ཐོག་མའི་ཆར་ལ་མན་ངག་འདི་ཉིད་ཚིགས་ལྷུག་གི་རྣམ་པ་དང་། མན་ངག་རྣམས་དམར་དམར་རྗེན་རྗེན་དུ་གོ་བདེའི་ལམ་ནས་བསྟན་པ་ཞིག་ཡོད་འདུག་ཀྱང་། ཕྱིས་ཀྱི་མཁས་པ་རྣམས་ཀྱིས་རང་རང་གི་ཉམས་ཡིག་གི་ཁྲོད་དུ་དཔེ་བཤུ་བྱས་པའི་སྐབས་སུ་ཚིག་སྣ་རྐྱོང་བསྐུམ་ཅི་རིགས་སུ་ཡོད་པ་མ་ཟད་མཆན་བུ་དཀྱུས་སུ་ཤོར་བ་དང་། སྨན་པ་སོ་སོའི་ལྟ་ཚུལ་ཡང་དུ་མ་བསྣན་པས་ཚིག་གི་ཆ་ནས་མི་འདྲ་བ་དུ་མ་བྱུང་ཡོད་པ་རེད། མན་ངག་འདི་གཞན་དུ་དྲངས་སྔ་ཤོས་གྲས་གཅིག་ནི་སྨན་དཔྱད་ཟླ་བའི་རྒྱལ་པོ་ཡིན་ཏེ། དེ་ཉིད་[9] ལས། བུད་མེད་སུམ་ཅུ་རྩ་དྲུག་སྟེ། །སྟོད་དང་སྨད་ཀྱི་ནད་དག་གོ །སྟོད་ལ་ཁྲག་དང་རླུང་འདྲེས་དང༌། །སྟོད་དུ་ཁྲག་དང་ཆུ་སེར་འཐབས། །སྨད་དུ་ཁྲག་ཞམ་ལུས་པ་དང༌། །སྐྱེས་པའི་ས་བོན་ཁྲག་ཆགས་དང༌། །སྨད་ཀྱི་ཁྲག་དག་མི་ཐུབ་དང༌། །མངལ་དུ་རླུང་ཞུགས་བུ་མི་ཆགས། །བུ་སྣོད་ལུག་དང་ཤ་མ་འཐོགས། །བུ་དག་མངལ་དུ་ལུས་པ་དང༌། ཁྲག་ནི་སྐྱེ་བས་མི་ཕྱིན་པའོ། ཁྲག་དང་རླུང་འདྲེས་མཚན་ཉིད་ནི། །ཟ་ཞིང་ཐོར་པ་རྨེ་རུ་འོང༌། །ཡང་ན་སྐྱ་རྦབ་དག་ཏུ་འགྲོ། །སྨིན་མ་འབྱི་ཞིང་ཡན་ལག་འཁུམས། །ཡང་ན་འབོག་དང་སྙིང་རླུང་དང༌། །སྨྱོ་འབོག་དག་ཏུ་འགྲོ་བ་འོ། །སྨད་དུ་ཁྲག་ཞམ་ལུས་པ་ནི། །ཤ་སྐམ་རྐེད་པ་འཁྱོག་པ་དང༌། །མངལ་ནས་ཆུ་སེར་འཛག་པ་དང༌། །རོ་སྨད་འཕྱེས་ནས་རྐང་པ་བཤལ། །སྐྱེས་པའི་མངལ་ལ་ཁྲག་ཆགས་པ། །ཤ་སྐམ་མདོག་སྔོ་བཀྲག་ཉམས་སོ། །དེ་ནི་བུས་པ་མ་སྨིན་པའོ། །ཡང་ན་ཁོང་དུ་ཤི་བ་ཡིན། །མངལ་ཁྲག་མི་ཐུབ་འཛག་པ་ནི། །མདངས་ཤོར་ཁ་ལྕེ་སྐམ་པ་འོ། །མངལ་དུ་རླུང་ཞུགས་བུ་མི་ཆགས། །ས་བོན་བུས་པ་མི་འགྲོ་ཞིང༌། །ཟླ་མཚན་ས་བོན་ཕྱིར་ལུག་གོ །ཡང་ན་སྦོ་ཞིང་འཁྲོག་པ་འོ། །བུ་སྣོད་བྱུང་ནས་ཆུ་སེར་འཛག།།ཤ་མ་ནང་ལུས་རྣག་ཆུ་འཛག།།བུས་པ་ཤི་ནས་མངལ་དུ་ལུས། །གདོང་སྣུམ་དང་ག་མི་བདེ་ཞིང༌། ཁྲག་སྐྲན་ལྟོ་བར་མཁྲངས་བ་དང༌། །ཤ་ཆུང་ཟུག་གཟེར་ཆེ་བ་འོ། །བུས་པ་མ་ཕྱིན་འཐོགས་པ་ན། །མགོ་ཞབས་ལོག་དང་ཡན་ལག་འཐོགས། །ཟླ་བ་ལྷག་པས་འཐོགས་པ་དང༌། ཁོང་དུ་འཆི་བས་འཐོགས་པ་དང༌། །སྟོད་དུ་རླུང་དང་ཆུ་སེར་གྱིས། །མཛེ་ནད་དག་ཏུ་འགྱུར་བ་འོ། །བར་ཚབས་བད་ཀན་སྐྲན་དུ་འོ། །སྨད་ཚབས་རླུང་མཁྲིས་བུ་ཆད་དོ། །སྐྱེས་པའི་ས་བོན་དྲག་ཏུ་སྟེ། །ཕྱུང་དྲག་ (བུད་མེད་ཁྲག་འཛག་དང་འདྲ) ཐུན་མོང་དག་ཏུ་འོ། །མེ་དྲག་ས་བོན་ནད་དང་ནི། །སྦྲིད་ཅིང་ལུས་ཤ་བེམ་བ་དང༌། །ཕྱུང་དྲག་ཤིན་ཏུ་ན་བ་འོ། །དཀར་དང་རི་དྭགས་སྤུ་དག་དང༌། །དྲག་པོ་ཀུན་ཏུ་བྲིད་པ་འོ། སོ་མ་རཱ་ཛ་ལས་བསམ་སེའུའི་མཚན་ཉིད་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ༎ ༎ཞེས་གསལ་བ་ལྟར་རོ། །འདི་ལས་ངེས་དགོས་པ་ནི་བསམ་སེའུའི་ནད་གཞི་དེ་དག་མོ་ནད་སོ་དྲུག་དང་སྦྱར་ནས་འཆད་པའི་འགོ་ཚུགས་བཞིན་ཡོད་པས་རིག་གཞུང་ལ་ཞིབ་འཇུག་བྱེད་མཁན་རྣམས་ལ་གནད་དོན་འདི་དག་ཧ་ཅང་གལ་ཆེན་དུ་གྱུར་ཡོད་པར་སེམས།

དེ་རྗེས་­མཉམ་མེད་དྭགས་པོ་ལྷ་རྗེའི་ (1079-1153) འཐོར་འབུམ་གྱི་ནང་དུ་མོ་ནད་བཅོས་ཐབས་རགས་བསྡུས་ཤིག་ཚིགས་སུ་བཅད་ནས་བསྟན་ཡོད་ཅིང་། དེ་ཡང་འདི་དང་འབྲེལ་བ་ཆེ་སྟེ། མ་བུ་གཉིས་ཀྱི་ལེའུ་སྟེ་བཅུ་གཅིག་པ་[10] ལས། མོ་ནད་སུམ་ཅུ་རྩ་དྲུག་ལས། །བསྡུས་པའི་ལག་ལེན་དྲུག་ཏུ་འདུས། །ཞེས་དང་། མོ་ནད་སུམ་ཅུ་རྩ་དྲུག་ཀྱང་། །ཕལ་ཆེར་མངལ་གྱི་ནད་ཡིན་པས། །དེ་ཡི་ནད་སེལ་རྣམ་པ་གཉིས། །ཡས་ཀྱིས་གཏོང་དང་མས་ཀྱིས་གཏོང་། །ཞེས་གསལ་བ་ལྟར། མོ་ནད་སུམ་ཅུ་རྩ་དྲུག་གི་རྣམ་གཞག་འདི་ནི་མོ་ནད་སྒོས་བཅོས་ཀྱི་བརྗོད་དོན་སྙིང་པོ་དེ་ཉིད་ཡིན་ཞིང་། དེ་ཉིད་དབྱེ་བ་དྲུག་ཏུ་བསྡུས་ནས་ལག་ལེན་བསྟར་ཡོད།

དེ་ནས་ཆེར་རྗེ་ཞིག་པོའི་སློབ་མ་གྲགས་ཅན། དུས་རབས་ ༡༣ ཙམ་དུ་བྱོན་པའི་གཙང་སྟོད་དར་མ་མགོན་པོས་ཟིན་ཏིག་[11] ལས། ཐུབ་དབང་བཅོམ་ལྡན་སྨན་བླ་དང་། །ཚངས་པ་མྱུར་བ་ཐ་སྐར་བུ། །ལྷ་དབང་རྒྱུན་ཤེས་ལ་སོགས་པའི། །དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །བདག་གིས་སེམས་ཅན་ཀུན་དོན་དང་། །རྒྱ་བོད་གཞུང་དོན་ལ་བརྟེན་ནས། །མོ་ནད་བཅོས་པའི་ཟིན་ཐིག་ནི། །གཅེས་པ་བསྡུས་པ་བྲི་བར་བྱ། དེ་ལ་རྒྱུ་རྐྱེན་རྣམ་གྲངས་དང་། །རྟགས་དང་གསོ་ཐབས་རྣམ་པ་ལྔར། །བདག་གི་བླ་མས་འདོད་པ་ཡིན། །སྤྱི་རྒྱུ་མ་རིག་དུག་གསུམ་དང༌། །ཉེས་པ་འཁྲུགས་པ་དག་ཡིན་ཏེ། །ཁྱད་པར་མོ་ནད་སྐྱེད་པའི་རྒྱུ། །བཅུ་གཉིས་མ་ལ་ཟླ་མཚན་ནི། །རྩ་གཡོས་ནུ་མའི་བཞི་[གཞི]དང་ནི། ཁྲག་དང་དྭངས་མའི་རྩ་ཆགས་སོ། །དྭངས་མའི་དྭངས་མ་འཕེལ་བ་ལ། །འདོད་ཆགས་ཁྲག་སྐྱེད་མོ་ནད་རྒྱུ། །ཡུལ་སྡུག་འཕྲད་པར་འདོད་པ་ལ། །གནད་དུ་མ་སོང་སྐྱེད་པའི་རྐྱེན། །རྣམ་གྲངས་ནད་དགུ་གནོད་པ་བདུན། །ཉམས་པ་ལྔ་དང་རྐྱེན་གསུམ་དང་། །སྐྲན་ནད་རྣམ་པ་བཅུ་གཉིས་སོ། །གཙོ་བོ་སུམ་ཅུ་རྩ་དྲུག་དང་། །བུ་མ་འབྱིན་སོགས་རྣམ་པ་བརྒྱད། །ཞེས་གསལ་ཞིང་།  འདི་ནི་རྒྱ་བོད་མཁས་པའི་གཞུང་ལུགས་དང་། ལྷག་པར་བཀའ་དྲིན་ཅན་གྱི་བླ་མ་ཆེར་རྗེ་ཞིག་པོའི་མན་ངག་བཞིན་དུ་ས་བཅད་རྣམ་པ་ལྔ་ཡི་སྒོ་ནས་འཆད་གསུངས་པ་ལྟར། ཆེར་རྗེ་ན་གུས་མཛད་པའི་སྒོས་བཅོས་འདི་ཆེར་རྗེའི་ཁྱིམ་བརྒྱུད་དུ་མུ་མཐུད་ནས་ཁྲིད་རྒྱུན་དང་ལག་ལེན་ཡོད་པར་དཔོག་ཐུབ།

དེ་རྗེས་མན་ངག་འདི་དགེ་བཤེས་གྲ་མངོན་དབང་ཕྱུག་འབར་ (1012-1090) གྱིས་དཔལ་ལྡན་རྒྱུད་བཞིའི་རྩ་བའི་སྒྲོམ་གཞིའི་ནང་དུ་བཙུད་ཏེ། རྒྱ་གར་ཚེ་ཡི་རིག་བྱེད་ཡན་ལག་བརྒྱད་པའི་རྩ་བའི་བརྗོད་བྱ་ལ་བསྒྱུར་བཅོས་གནང་ཡོད་པ་རེད། དེ་ཡང་ཚེ་ཡི་རིག་བྱེད་ལྟར་ན། ཡན་ལག་བརྒྱད་ནི། སྙིང་པོ་བསྡུས་པ་[12] ལས། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཅེས་གསལ་ཡོད། རང་ལུགས་ལུས་དང་ལུས་སྟོད་གཉིས་གཅིག་ཏུ་བསྡོམས་ཤིང་། དེའི་ཚབ་ཏུ་མོ་ནད་དེ་གསར་དུ་བསྣན་པ་ཡིན་ཏེ། རྒྱུད་བཞི་[13] ལས། ལུས་དང་བྱིས་པ་མོ་ནད་གདོན། །མཚོན་དུག་རྒས་དང་རོ་ཙ་བ། །ཡན་ལག་བརྒྱད་དུ་ཤེས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །སྒྲོམ་གཞི་འདི་ནི་བོད་ཀྱི་ཐུན་མོང་མིན་པའི་བཤད་སྟངས་ཤིག་ཏུ་གྱུར་ཡོད་པ་ཡིན།

དེ་ལྟར་མོ་ནད་སྒོས་བཅོས་ཀྱི་མན་ངག་དེ་དཔལ་ལྡན་རྒྱུད་བཞིའི་མན་ངག་རྒྱུད་ཀྱི་ལེའུ་ ༧༤ ནས་ ༧༦ བར་གྱི་མོ་ནད་སྤྱི་དང་། བྱེ་བྲག །ཕལ་པ་ཞེས་ལེའུ་གསུམ་དུ་ཆ་ཚང་བ་བསྡུས་ཡོད་ཅིང་། དེ་ཡང་སྤྱི་བཅོས་པའི་ལེའུ་[14] ལས། དེ་ལ་སྔོན་ལས་ཟས་སྤྱོད་གདོན་རྐྱེན་གྱིས། །མངལ་ནད་ལྔ་དང་རྩ་ནད་བཅུ་དྲུག་དང༌། །སྐྲན་ནད་དགུ་དང་སྲིན་བུའི་ནད་རིགས་གཉིས། །མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས་དང༌། །ཕལ་པའི་ནད་བརྒྱད་བཞི་བཅུ་ཐམ་པར་འགྱུར། །སྐྱེ་བ་དམན་ཕྱིར་བུད་མེད་ལུས་ལ་ལྷག །དེ་ཡང་སྤྱི་དང་བྱེ་བྲག་ཕལ་པ་གསུམ། །ཞེས་གསུང་ཞིང་རྩ་བའི་འབྱུང་ཁུངས་ནི་མོ་ནད་སྒོས་བཅོས་ཀྱི་མན་ངག་འདི་རང་ཡིན། དེའི་ཐོག་ཏུ་རླུང་མཁྲིས་བད་ཀན་འདུས་པ་དང་། དོན་ལྔ་སྣོད་དྲུག་གི་ཚབས་སོགས་རིག་པས་འཁྲུལ་ནས་གསོ་བཅོས་ཀྱི་སྨན་དཔྱད་ཁ་ཤས་གསར་དུ་བསྣན་ནས་སོ་དྲུག་ལས་བཞི་བཅུ་བར་དུ་ཇེ་རྒྱས་ཇེ་མང་དུ་མཛད་ཡོད་དོ། །

༣ མོ་ནད་སྒོས་བཅོས་ཀྱི་ཤུགས་རྐྱེན་ཆེན་པོ་གཉིས།

དང་པོ་ནི མོ་ནད་སྒོས་བཅོས་འདིས་བོད་དུ་འགྱུར་བའི་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་རྩ་བའི་སྒྲོམ་གཞི་ལ་ཤུགས་རྐྱེན་ཐེབས་ནས་ཡན་ལག་བརྒྱད་ཀྱི་རྣམ་གཞག་གསར་པ་ཞིག་བྱུང་ཡོད་ཅིང་། རྒྱ་གར་ཚེ་ཡི་རིགས་བྱེད་དང་། བོད་ཀྱི་གསོ་བ་རིག་པའི་བར་གྱི་འགལ་འབྲེལ་གྱི་ས་མཚམས་གསལ་པོ་ཞིག་ཕྱེས་ཡོད། ཤུགས་རྐྱེན་དེ་ལ་བརྟེན་ནས་མོ་ནད་སྒོས་བཅོས་དེ་ཡན་ལག་བརྒྱད་ཀྱི་གྲས་སུ་བགྲང་དགོས་པའི་རྒྱུ་མཚན་དང་། མ་བགྲང་ན་ཆད་སྐྱོན་ཡོད་མེད་སོགས་རིག་པའི་གཞུང་ལུགས་ཀྱི་རྩོད་པ་མི་ལོ་བརྒྱ་ཕྲག་མང་པོ་རབ་ཏུ་འཁྲུགས་ཤིང་། དེ་ནས་རྒྱུད་བཞི་ཤིང་པར་དུ་བརྐོས་པ་དང་། གཅིག་གྱུར་གྱིས་རྒྱུད་བཞིའི་འཆད་ཉན་རྒྱུན་ཚུགས་པ་སོགས་ཀྱིས་རིམ་པས་ཅུང་ཞིག་ཞི་འཇགས་སོང་ཡོད་ཀྱང་ད་དུང་རྩོད་པ་ཡོངས་སུ་འཇགས་མེད་པ་རེད། དེ་ནི་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སྒྲོམ་གཞི་ཡན་ལག་བརྒྱད་ཀྱི་རྣམ་གཞག་ལ་འཐོར་ཞིག་ཏུ་འགྲོ་བའི་ཤུགས་རྐྱེན་ཐེབས་ཚུལ་དེ་རེད།

གཉིས་པ་ནི། གནའ་བོའི་བོད་ཀྱི་གསོ་ཐབས་ལ་དོན་ལྔ་སྣོད་དྲུག་གཞི་རྩ་བྱས་ནས་ནད་ཐོག་ལག་ལེན་རྣམ་གཞག་ནད་རིགས་བཞི་བརྒྱ་རྩ་བཞིའི་སྒྲོམ་གཞི་ལ་འགྱུར་བ་ཐེབས་ཡོད་ཅིང་། མོ་ནད་དེ་སྤྱི་དང་བྱེ་བྲག་ཕལ་པ་གསུམ་གྱི་སྒོ་ནས་དཔལ་ལྡན་རྒྱུད་བཞིར་ཞིབ་ཅིང་ཕྲ་བར་བསྟན་པས་བསམ་སེའུ་ལེའུར་ཟུར་དུ་མི་དགོས་པ་མཛད་ཡོད། དེ་ལ་བརྟེན་ནས་བསམ་སེའུ་གཙོ་བོར་གྱུར་པའི་དོན་སྣོད་ཀྱི་ངོས་འཛིན་ལྷོད་གཡེང་ཤོར་བ་དང་། ནད་རིགས་བཞི་བརྒྱ་རྩ་བཞིའི་སོགས་གནའ་བོའི་གསོ་དཔྱད་མ་ལག་མང་པོ་ཞིག་གཅིག་གྱུར་མེད་པ་དང་། བག་ལ་ཞ་བ་སོགས་ཀྱི་དཀའ་ངལ་མུ་མཐུད་དུ་གནས་ཡོད་པ་རེད།

དེ་གཉིས་ཅུང་ཙམ་གསལ་པོ་ཞུས་ན། ཚེ་ཡི་རིག་བྱེད་ཀྱི་ཡན་ལག་བརྒྱད་ཀྱི་རྣམ་གཞག་ལ་བསྒྱུར་བཅོས་གནང་ནས་མོ་ནད་འཛུད་པའི་སྐབས་སུ་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་རྩོད་པ་སྣ་ཚོགས་བྱུང་ཚུལ་གོང་དུ་ཞུས་པ་བཞིན་ཏེ། སྐབས་དེར་དོགས་སློང་པ་གཏེ་བོ་གཅིག་ནི་གཙང་སྟོད་དར་མ་མགོན་པོ་ཡིན་འདུག་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོས་ (1509-1572) མེས་ཞལ་[15] ལས། ཁ་ཅིག་(གཙང་སྟོད་དར་མགོན་ལ་སོགས་ཡན་ལག་བརྒྱད་པར་རློམ་པ།) བྱིས་པ་ལ་སོགས་པའི་ཡན་ལག་གཞན་ཐམས་ཅད་ལུས་གཅིག་པུའི་ཁོངས་སུ་འདུས་པས་གཞན་རྣམས་སྨོས་པ་ལ་དོན་མེད་ཅིང་། ལུས་ཡན་ལག་ཏུ་བགྲངས་ན་རྩ་བ་ཆོད་པའི་སྐྱོན་ཡོད་དོ་ཞེས་དང་། བྱིས་པ་དང་རྒན་པོ་གསོ་བ་དགོས་ན་དར་མ་ལ་ཡང་གསོ་བ་དགོས་ལ། མོ་ནད་གསོ་བ་དགོས་ན་ཕོའི་ནད་ཀྱང་གསོ་བ་དགོས་ཤིང་། རྒས་པ་གསོ་བའི་ཆོ་གས་རོ་ཙ་ཤུགས་ལ་འབྱུང་བས་སྐྱོན་དུ་མ་ཡོད་དོ་ཞེས་དང༌། ཡན་ལག་བརྒྱད་པར། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །ཞེས་བཤད་ཅིང་། འདི་དང་མི་མཐུན་པས་གང་ཡང་རུང་བ་ཅིག་མི་འཐད་དོ་ཞེས་སོགས་རྩོད་པ་ལྟར་སྣང་བ་མང་དུ་མཐོང་ངོ༌། །ཞེས་རྩ་བ་ཆད་པའི་སྐྱོན་དང་། མགོ་མཚུངས་རིགས་པ་གཉིས་དང་། ཟློས་པའི་སྐྱོན་དང་། རྒྱ་གར་གྱི་ཡན་ལག་བརྒྱད་པ་དང་འགལ་བ་སོགས་གནོད་བྱེད་ལྔ་བཏང་ནས་ཡན་ལག་བརྒྱད་པ་གཙིགས་སུ་འཛིན་པའི་སློབ་དཔོན་ཆེན་པོ་འདིས་དཔལ་ལྡན་རྒྱུད་བཞིའི་རྩ་བའི་སྒྲོམ་གཞི་ལ་དགག་པ་ཚ་ནན་བརྒྱབ་ཡོད།

ཡང་ཁ་ཅིག་གིས་འདི་ལྟར་རྩོད་དེ། ཆ་ལག་བཅོ་བརྒྱད་ནང་གསེས་ཊིཀྐ་མུན་སེལ་སྒྲོན་མེ་[16] ལས། མོ་ནད་ནི་བརྒྱད་པའི་ཁོངས་སུ་མ་འདུས་པ་སྟེ། གསོ་བྱ་ཡུལ་གྱི་ནད་གྲུབ་ཀྱང་གསོ་ཐབས་ཀྱི་ཆ་ལག་མ་ཚང་བའི་ཕྱིར་རོ། །དེའི་གསོ་ཐབས་མཚོན་གྱི་སྐབས་ན་ཡོད་དོ་ཞེ་ན། འོ་ན་རྒྱས་བཤད་ལ་མདོར་བསྟན་གྱི་རྩ་བ་མ་ཟིན་པས་འགལ་ཏེ། མཚོན་གསོ་བ་དང་མོ་ནད་གཉིས་མི་མཚུངས་པའི་ཕྱིར་རོ། །མོ་ནད་ལུས་གསོ་བར་འདུས་པས་མི་འགལ་ཞེ་ན། འོ་ན་མཚོན་གསོ་བའི་སྐབས་སུ་བསྟན་པ་འགལ་ལ། བྱིས་པ་དང་རྒས་པ་ཡང་ལུས་གསོ་བར་འདུས་པས་ཡན་ལག་དྲུག་ཏུ་ཐལ་ལོ། །དེ་གཉིས་མ་འདུས་ན་མོ་ནད་འདུས་པ་ཡང་འགལ་ཏེ། རྒས་བྱིས་གཉིས་ལ་ལུས་མེད་པར་འགྱུར་རོ། །ཡང་བུད་མེད་ལ་རོ་བཙའ་མེད་ན་རོ་བཙའི་སྐབས་སུ་འཇུག་པ་འགལ་ལོ་ཞེ་ན། བུད་མེད་ལ་རོ་བཙའ་ལ་བྱར་མེད་ཀྱང༌། རོ་བཙའ་བུ་འདོད་པའི་ཡན་ལག་ཏུ་དག་པ་དང༌། སྐྱེས་པའི་ཁུ་བ་གསོ་བ་དང༌། བུད་མེད་ཀྱི་བཙལ་བ་གཉིས་ཀ་ནད་གཞི་གཅིག་སྟེ་བསམ་སེའུ་ལ་གནས་པས་བྱང་སེམས་དཀར་དམར་ནད་གསོ་བའི་ཕྱིར་རོ། །སྐྱེས་པ་ལ་རོ་བཙའ་བར་བྱས་ཀྱང་བུད་མེད་ལ་བུ་མེད་ན། རོ་བཙའ་ལ་འབྲས་བུ་མེད་ཅིང་། ཁུ་བ་དཀར་པོ་ལ་གསོ་ཐབས་ཡོད། དམར་བོ་ལ་མེད་ན་ཡན་ལག་ཕྱེད་མར་འགྱུར་བའི་སྐྱོན་ཡོད་དེ། འོ་ན་ཡན་ལག་བདུན་པོ་ཕོ་མོ་གཉིས་དབྱེར་མེད་ལ། མོ་ནད་གསོ་བའི་ཡན་ལག་ཏུ་བུ་ནད་མ་འདུས་པར་ཕྱེད་མར་འགྱུར་རོ་ཞེ་ན། གསོ་བྱའི་ནད་ལ་གསོ་བྱེད་ཀྱི་ཡན་ལག་ཏུ་ལྡན་པས་ཕྱེད་མའི་སྒྲ་མི་འཇུག་སྟེ། བུ་གཅིག་ལ་ཡུལ་ཁ་ཅིག་ལྡིང་བོར་གཏད་ན་ཕྱེད་མའི་སྒྲ་མི་འཇུག་པར་འགྱུར་ཏེ། གསོ་ཡུལ་ལྷག་མ་མ་ལུས་པའི་ཕྱིར་རོ། །རྒས་པ་གསོ་བའི་སྐབས་ན་རང་ཤུགས་སུ་འབྱུང་བས། ཡན་ལག་གཅིག་པུར་འགྱུར་རོ་ཞེ་ན། ཤུགས་ཀྱིས་འབྱུང་ཡང་ཁུ་བ་བསྐམ་ལུགས་ཀྱི་ནད་མི་གསོས་པས། དེ་རང་གི་དཔྱད་གུད་དུ་དགོས་པའི་ཕྱིར་རོ། ། གོ་རིམ་ངེས་པ་ནི་སྤྱིར་གསོ་བ་རིག་པ་ནི་ཚེའི་བར་ཆད་བསྲུང་བའི་ཐབས་ཡིན་པས། དེ་ལ་ཡང་དང་པོ་ནང་གི་འདུ་བ་མ་སྙོམས་ན་ཚེའི་བར་ཆད་དུ་འགྱུར་བ་བསྲུང་བའི་ཕྱིར། གསོ་བར་བྱ་བའི་གཙོ་བོ་ལུས་ཡིན་པས་དང་བོར་བསྟན། ལུས་དེ་བྱིས་པ་ནས་གསོ་དགོས་པར་འདུག་པས་དེ་འོག་བྱིས་པ་བསྟན། བྱིས་པའི་རྗེས་ལ་མོ་ནད་འབྱུང་བའི་ཕྱིར། དེ་འོག་མོ་ནད་བསྟན་ནོ། ། གསུམ་པ་ཕྱི་རྐྱེན་གློ་བུར་བའི་བར་ཆད་བསྲུང་བའི་ཕྱིར། ནད་མང་ཉུང་གི་རིམ་པས་གདོན་མཚོན་དུག་གསུམ་བསྟན་པའོ། །མཐའ་མ་རྒས་ཏེ་བར་དུ་གྱུར་བ་བསྲུང༌། རྒས་པ་བསྟན་པའོ། ། རོ་བཙའ་བར་ཆད་དུ་མཆིས་འགྱུར་ཞེ་ན། ཚེ་འཐུད་ཀྱི་བར་ཆད་དུ་འགྱུར་རོ། ཞེས་བོད་རང་གི་ལུགས་ཀྱི་ཡན་ལག་བརྒྱད་ཀྱི་བསྟན་པའི་རིམ་པས་རྩོད་པ་དང་འགལ་སྤང་དེ་དག་མཛད་དོ། །

ཡང་དགེ་བཤེས་རོག་སྟོན་གྱི་རྩོད་ཟློག་གེགས་སེལ་འཁོར་ལོ་[17] ལས། ནད་གསོ་བ་ལ་ཡང་བརྒྱད་པོ་དེ་དགོས་པར་འདུག་པ་བས། བརྒྱད་ལས་ཉུང་དུ་མི་བཏུབ་བོ། །ཡང་མོ་ནད་མིན་པའི་ཡན་ལག་བདུན་པོ་དེ་ལ། ཕོ་ལུས་མོ་ལུས་གཉིས་ཀ་འདྲ་བར་སྟོན་ལ། མོ་ནད་ལ་མོ་ལུས་རྐྱང་པ་ལས་མི་གསོ་བའི་ཕྱིར། ཡན་ལག་ཕྱེད་མར་འགྱུར་རོ་ཞེས་སྒྲོལ་[རྒོལ་བ་]ནི། དེའི་ལན་དུ། གསོ་བྱ་ཡུལ་གྱི་ནོད་ལ། གསོ་བྱེད་ཀྱི་ཡན་ལག་ཏུ་ལྡན་པས། གསོ་ཡུལ་ལྷག་མ་ལུས་པའི་ཕྱིར་ཕྱེད་མའི་སྒྲ་མི་འཇུག་སྟེ། དཔེར་ན་བུ་ལ་ལ་ལ་ཡུལ་ཁ་གཉིས་གཉིས་གཏད་ལ། གཅིག་ལ་ཡུལ་ཁ་གཅིག་ལས་མ་གཏད་ཀྱང་། ཕྱེད་མའི་སྒྲ་མི་འཇུག་པ་བཞིན་ནོ། །ཞེས་མོ་ནད་ལས་གཞན་པའི་ཡན་ལག་བདུན་པོ་དེ་ཕོ་མོ་ཐུན་མོང་དུ་འཇུག་པ་དང་། མོ་ནད་ནི་མོ་ཁོ་ནར་ལ་འཇུག་པས་ཡན་ལག་ཕྱེད་མར་འགྱུར་བས་ཡན་ལག་ཕྱེད་དང་བརྒྱད་དུ་འགྱུར་རོ་ཞེས་པའི་རྩོད་ལན་མཛད་པར་གསལ།

རྩོད་པ་འདི་དག་གིས་དཔལ་ལྡན་རྒྱུད་བཞི་གསར་རྩོམ་ལེགས་པར་གྲུབ་ཅིང་། རྒྱ་ཆེའི་མཁས་པའི་མདུན་སར་བཤམས་ཏེ། ཁྱབ་བརྡལ་རང་བཞིན་ཅན་གྱི་འཆད་ཉན་གྱིས་གཏན་ལ་འབེབས་པའི་སྐབས་སུ་སྔར་གྱི་རྒྱ་གར་གསོ་དཔྱད་ཡན་ལག་བརྒྱད་དང་། བོད་ཀྱི་ནད་རིགས་བརྒྱ་རྩ་གཅིག་གི་སྒྲོམ་གཞི་དང་མི་མཚུངས་པས་མཁས་པ་མང་པོས་དོ་སྣང་བྱུང་ཞིང་། སྐབས་དེར་དགག་སྒྲུབ་ཀྱི་རྩོད་པ་འདི་དག་བྱས་པར་རྟོགས་ཐུབ།

ས་བཅད་འདི་རྗེ་གཡུ་ཐོག་ (1126-1201) གི་གསུངས་ཡིན་མིན་བཤད་ཚུལ་སྣ་ཚོགས་ཡོད་ནའང་། རྩོད་ཟློག་འདི་དགེ་བཤེས་རོག་སྟོན་དཀོན་མཆོག་སྐྱབས་ཀྱིས་མཛད་པར་མཛད་བྱང་དུ་གསལ་བར་མ་ཟད། བསྐ་བ་ཤཱཀྱ་དབང་ཕྱུག་ (1447-1506) གི་ཁོག་འབུབ་དངུལ་དཀར་མེ་ལོང་[18] དུའང་། རོག་གིས་རྩོད་ཟློག་གེགས་སེལ་འཁོར་ལོ་མཛད། །ཅེས་གསུང་ནས་བདེན་ཁ་སྟེར་ཡོད་པ་རེད། གང་ལྟར་དཔལ་ལྡན་རྒྱུད་བཞིའི་གསར་དུ་བསྒྲིགས་ནས་མཁས་པའི་མདུན་སར་འགྲིམས་པའི་སྐབས་སུ་མཁས་པའི་གྲགས་པ་ཆེས་ཆེ་འབར་བའི་ཆེར་རྗེའི་དངོས་སློབ་གཙང་སྟོད་ལྷ་རྗེ་དར་མ་མགོན་པོ་སོགས་མཁས་པ་དུས་མས་དོགས་དཔྱོད་དང་རྩོད་པ་སྣ་ཚོགས་ཤིག་འགོ་བརྩམས་ཡོད་འདུག་ཅིང་། སྐབས་དེར་བསྟན་བཅོས་ཡན་ལག་བརྒྱད་པ་འགྱུར་ནས་ཡུན་རིང་མ་སོང་ཞིང་། ཆེར་རྗེ་ཞིག་པོ་དང་། ཁོང་གི་སློབ་བརྒྱུད། མངའ་རིས་སྨན་པ་མི་བཞི་ལ་སོགས་པས་མཁས་པ་མང་པོས་ཚ་ཚ་འུར་འུར་འཆད་ཉན་མཛད་དེ་གྲགས་པ་འབར་ཞིང་། འགྲོ་དོན་ཆེ་བའི་སྒང་ཡིན་པས་དེ་དང་འགལ་བའི་བསྟན་བཅོས་ཤིག་གིས་ས་ཟིན་རྒྱུ་དེ་ལས་སླ་བོ་ཞིག་མིན་པར་བཤད་མ་དགོས་པ་རེད། ཁོག་འབུབ་དངུལ་དཀར་མེ་ལོང་[19] ལས། འཚོ་བྱེད་དཀོན་སྐྱབས་དབེན་པ་ལ་གཞོལ་ཞིང་། །བྱམས་སེམས་ཆེ་བས་འགྲོ་ལ་ཕན་ཕྱིར་དང་། །རྐང་འབམ་ཕན་པས་གཡུ་ཐོག་དྲིན་དྲན་ནས། །གཡུ་ཐོག་ཉིད་ལ་འདི་ལྟར་ཡོད་ཅེས་ཕུལ། །གཡུ་ཐོག་མགོན་པོས་གཟིགས་པ་ལེགས་ན་ཡང་། །བརྒྱད་པ་དག་དང་ཅུང་ཟད་མི་འཐུན་པས། །དེ་དག་སྐབས་སུ་རྩོད་པ་མཛད་པ་ལས། །ཞེས་སོགས་ཀྱིས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་མི་འཐུན་པས་རྩོད་པ་བྱུང་ཡོད་པ་དངོས་སུ་བསྟན་ཡོད།

གཞན་ཡང་རྩོད་པ་འདི་དག་གི་ཤུགས་རྐྱེན་གྱིས་རྒྱུད་བཞི་འདི་འཆད་ཉན་ལའང་དེ་ཙམ་སྟབས་བདེ་མེད་པ་དང་། རྩོད་པ་ཅན་གྱི་བསྟན་བཅོས་ཞིག་དང་། ལྟ་གྲུབ་ལ་རྙོག་གླེང་ཡོད་པའི་བསྟན་བཅོས་ཤིག་ངོ་བོར་གྱུར་ཏེ་གཡུ་ཐོག་པས་སློབ་མ་སུམ་བརྒྱ་ལས་བརྒལ་བར་བསྐྱངས་ཡོད་ཀྱང་། སུམ་སྟོན་ཡེ་ཤེས་གཟུངས་ཁོ་ནར་ཆིག་བརྒྱུད་དུ་གནང་བ་མ་གཏོགས་གཞན་ལ་མ་སྤེལ་བ་ཡིན་ཏེ། རྒྱུད་པའི་རྣམ་ཐར་མེད་ཐབས་མེད་པའམ་རྣམ་ཐར་བཀའ་རྒྱ་མ་[20] ལས། མཚུངས་མེད་གཡུ་ཐོག་མགོན་པོ་ཞེས། །གནས་ལྔ་རིག་པའི་པཎྜིཏ། །དྲང་སྲོང་རིག་པའི་ཡེ་ཤེས་འདྲ། །དངོས་རང་ཡིད་ལས་སྐྱེས་བསམ་སྙམ། །ཚེ་རབས་བླ་མ་ཡིན་པར་ངེས། །བསམ་ཀྱིན་སྐུ་དྲིན་ཆེ་བའི་ཕྱིར། །མི་བརྗེད་དུས་གསུམ་གཙུག་ཏུ་ཁུར། །རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དེ་ལ་སློབ་མ་གྲངས་མང་ཡང་། །སྐུ་ཚེའི་སྟོད་ལ་གྲགས་པ་སྟེ། །རྩིབས་མདའི་ལྗང་སྨན་ལེབ་བེ་ཡིན། །ཆེ་འགྲན་དཔོན་ལ་བྱེད་བྱེད་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་གྲགས་པ་ཅི་ལ་བྱེད། །སྐུ་ཚེའི་བར་ལ་གྲགས་པ་དེ། །ཁམས་ཀྱི་སྟོན་པ་ཨ་ཚེས་ཡིན། །བརྒྱད་པའི་བཤད་འགྲེལ་བསྒྲིགས་བསྒྲིགས་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་གཞུང་བཤད་གང་ལ་བྱེད། །སྐུ་ཚེའི་མཇུག་ཏུ་གྲགས་པ་དེ། །ནུབ་ལའི་དགེ་བཤེས་རོག་ཆུང་ཡིན། །རིགས་བརྒྱུད་ཆེ་ས་འཛིན་འཛིན་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་འཁོར་ལ་ཅི་ཡིས་ཁྲོ། །ཐོག་མཐའ་དབུས་མེད་བསྒྲིལ་བ་ཡིས། །སྲས་པོ་གཉིས་དང་མག་པ་གཉིས། །སློབ་དཔོན་གོམས་འདྲིས་ཁྱེར་ཁྱེར་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་བུ་སློབ་སུ་ཡིས་སྐྱོང་། །ཕྱོགས་ནས་བྱོན་པའི་སྨན་ཆུང་རྣམས། །ལ་ལ་གནང་ཚད་གཅེས་པར་འཛིན། །ལ་ལ་རྩད་གཅོད་ནན་ཞུས་བྱེད། །ལ་ལ་བྱུང་ཚད་ཡིག་སྣ་སྒྲུབ། །ལ་ལ་ཟོ་མེད་སྟོང་ལོག་བྱེད། །ལ་ལ་ལག་ལེན་བལྟས་ནས་འགྲོ། །ལ་ལ་བཞད་གད་འགའ་ཆོས་སྐྱོང་། །ལ་ལ་སྟོན་མེད་ལྡང་ལྡོམ་བྱེད། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་ནད་པ་ཅི་ཡིས་གསོ། །མཁས་གྲུབ་ཟླ་བ་མགོན་པོ་ཡི། །གདམས་པ་ཐོབ་པ་ཁོ་བོ་ཙམ། །གཡུ་ཐོག་བཀའ་བབས་བདག་ལ་བབས། །འཚོ་བྱེད་གཞོན་ནུ་བྱོན་ལེགས་ཀྱང་། །སྨན་དཔྱད་ཞུ་རྒྱུ་མེད་དམ་སྙམ། །ཞེས་གསུངས་པ་ལྟར་སྤྱི་ཚོགས་སམ་ཁོར་ཡུག་གི་གནོན་ཤུགས་ཤིག་གི་འོག་ནས་རང་གི་ཐོག་མཐའ་བར་གསུམ་གྱི་སློབ་མ་གྲགས་ཆེ་བ་ཁག་དང་། ཐ་ན་བུ་དང་མག་པ་སོགས་ནང་གི་གཉེན་ཉེ་ལའང་གདམས་པ་འདི་སྤེལ་མ་ཐུབ་པ་ལུས་ཡོད་པར་ཤེས་ཐུབ།

རྒྱུ་མཚན་ནི་སྐབས་དེར་དཔལ་ལྡན་རྒྱུད་བཞི་ལས་ཡན་ལག་བརྒྱད་པ་གཙིགས་སུ་བཟུང་བའི་མཁས་པ་རྣམས་ཀྱིས་རྩོད་པ་ཚ་ནན་གནང་གི་ཡོད་པ་དང་། གཉིས་ནས་རྩོད་པ་ཅན་གྱི་མན་ངག་འདི་ཉིད་བུ་སློབ་ཐུན་མོང་དུ་སྤེལ་ན་ཁོང་རྣམ་པའི་མི་ཚེའང་རྩོད་པའི་ནང་དུ་ལྷུང་རྒྱུའི་ཉེན་ཁ་ཡོད་པ་སོགས་ཀྱི་དགག་བྱ་དུ་མ་ལ་གཟིགས་ཡོད་དམ་སྙམ། དེ་ནས་རིམ་པས་འཆད་ཉན་གྱི་རྒྱུན་ཆད་ལ་ཉེ་བའི་དཔལ་ལྡན་རྒྱུད་བཞིའི་ཁྲིད་རྒྱུན་དེ་ཉིད་གུས་རྟག་སྦྱོར་བ་ཚད་མཐོ་ལྷུར་ལེན་པའམ། ཡང་ན་ཨུ་ཚུགས་མཐར་སྐྱེལ་བྱེད་མཁན་གྱི་རང་གི་སློབ་བུ་སུམ་སྟོན་ཡེ་ཤེས་གཟུངས་ལ་བཅོལ་ཐུབ་ཙམ་བྱུང་ཡོད་པར་སྣང་ཞིང་། སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་ཀྱང་གཡུ་ཐོག་གི་སྲས་ཀྱི་ཐུ་བོ་ནི་ཁོ་རང་གཅིག་པུ་ཡིན་པའི་ཁ་ཕོ་སྒྲོག་པ་ཡང་གནས་ལུགས་མེད་པ་ག་ལ་ཡིན་སྙམ་མོ། །

དེས་ན་རྗེ་བཙུན་གཡུ་ཐོག་པ་བོད་ཀྱི་གསོ་བ་རིག་པའི་ཡབ་ཆེན་དུ་གྱུར་པའི་རྒྱུ་མཚན་ཡང་། དཔལ་ལྡན་རྒྱུད་བཞི་རང་དང་འབྲེལ་བ་ཡོད་ཏེ། རྒྱུད་བཞི་ལ་ཐ་མའི་ཞུ་དག་མཛད་པ་དང་། དགེ་བཤེས་གྲ་མངོན་ནས་ཟམ་མ་ཆད་པར་བརྒྱུད་པའི་དཔལ་ལྡན་རྒྱུད་བཞིའི་གདམས་ངག་འདི་ཉིད་འཆད་ཉན་གྱི་རྒྱུན་ཆད་མ་བཅུག་པ་དང་། རྒྱུད་བཞིའི་བསྟན་དོན་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་རྣམས་ཀྱི་ཆེད་དུ་ཁོག་འབུབ། ས་བཅད་སོགས་ཆ་ལག་བཅུ་གསུམ་སོགས་ཀྱང་མཛད་པ་ཡིན་ཏེ། རྣམ་ཐར་བཀའ་རྒྱ་མར[21]། དྲང་སྲོང་ཡོན་ཏན་མགོན་པོ་དེས། །དོན་དགོངས་ཁོག་དབུབ་སྟོང་ཐུན་མཛད། །བསྡུས་དོན་གཞུང་ལ་ས་མཚམས་ཕྱེ། །དཀའ་འཕྲང་འབྲུ་འགྲེལ་ཡིག་ཆུང་བཀོད། །མ་ཚང་གབ་འཁྲུགས་གསལ་བར་བསྡེབས། །གཞན་དུ་མ་སྤེལ་ཡི་དམ་མཛད། །ཅེས་གསལ་བ་ལྟར་གཡུ་ཐོག་ཆ་ལག་བཅུ་གསུམ་དུ་གྲགས་པ་རྣམས་མཛད་པ་དང་། རོག་སྟོན་ཀྱིས་མཛད་པའི་རྩོད་ཟློག་སོགས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། ཆ་ལག་བཅོ་བརྒྱད་ཅེས་པ་དཔལ་ལྡན་རྒྱུད་བཞིའི་བསྟན་པ་ལ་གླགས་འཚོལ་བ་སུ་ཞིག་བྱུང་ཡང་ལུང་རིགས་ཀྱི་བམ་ཁ་འཐུག་པའི་གླེགས་བམ་བཅོ་བརྒྱད་ཀྱི་བསྲུང་བའི་འཁོར་ལོ་བསྐོར་བ་འདིས་ཀྱང་རྗེ་བཙུན་གཡུ་ཐོག་པ་བོད་ཀྱི་གསོ་བ་རིག་པའི་ཡབ་ཆེན་དུ་གྱུར་པ་ཡིན་ནོ། །

འོ་ན་དཔལ་ལྡན་རྒྱུད་བཞིའི་རྩ་བའི་ས་བཅད་དུ་མོ་ནད་འཛུད་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ཡང་རྒྱུ་མཚན་དམིགས་བསལ་བ་ཞིག་ཡིན། རྒྱ་དཀར་ནག་སོགས་གསོ་རིག་གི་གཞུང་ལུགས་གང་དུ་ཡང་། མོ་ནད་ཅེས་པའི་ལེ་ཚན་གསར་པ་ཞིག་མེད་ཅིང་། རྒྱ་གར་གྱི་གསོ་དཔྱད་ལྟར་ན། རོ་ཙ་བའི་ཡན་ལག་བུད་མེད་བཙལ་བ་ཞེས་པའི་ལེའུའི་ཁོངས་སུ་བུད་མེད་ཀྱི་ནད་གཞི་འགའ་ཞིག་བསྟན་ཞིང་། བོད་ཀྱི་གསོ་དཔྱད་གཞུང་ལུགས་བླ་ཡིག་འོད་འབར་སོགས་སུ་བསམ་སེའུ་ཞེས་པའི་ལེའུའི་ནང་དུ་བསྡུས་ཡོད་པས་མོ་ནད་ཅེས་པའི་ལེ་ཚན་ཟུར་དུ་མེད་པ་རེད། འདི་ནི་རྒྱ་དཀར་ནག་དང་ཏ་ཟིག་སོགས་ལུགས་ཆེན་གསུམ་པོ་སུ་ལའང་མ་བསྙེས་པའི་གཞུང་ལུགས་རང་སྐྱ་འཕེར་བ་ཞིག་ཡིན་ཞིང་། ཕོ་མོ་ལས་ཀྱིས་བསྐོས་ཐང་དང་། མོ་ཡི་ལུས་ཀྱི་ཁྱད་ཆོས། ལུས་ཁམས་དང་སེམས་ཁམས་སོགས་གཞི་རྩའི་བུད་མེད་ཀྱི་ཁྱད་ཆོས་དང་། ནད་ཀྱི་དབྱེ་བ། བཅོས་ཐབས་སོགས་ཞིབ་རྒྱས་སུ་བསྟན་ཡོད་པས་ལུགས་ཆེན་གསུམ་གྱི་སྨན་ལུགས་ལས་ཁྱད་དུ་འཕགས་པ་དང་། འབུར་དུ་དོད་པའི་མན་ངག་ཅིག་ཡིན་པས་རས་སུ་བོར་བ་ཕོངས་པས་སོ་སྙམ་མོ། །

དེ་ལྟར་བུད་མེད་ནི་ལུས་ཀྱི་གྲུབ་ཆའི་དབང་གིས་བུ་ལས་རྙོག་འཛིང་ཆེ་བས་དེ་ལ་བུད་མེད་སྒོས་བཅོས་ཀྱི་གསོ་དཔྱད་ཅིག་གསར་གཏོད་ཐུབ་པ་ནི་བོད་ཀྱི་སྔོན་ཐོན་གྱི་བསམ་བློ་ཡིན་ཞིང་། ད་ལྟའི་དུས་འདིར་ནུབ་ཕྱོགས་ཀྱི་སྨན་བཅོས་སྡེ་ཁག་ཏུ་དམིགས་བསལ་བུད་མེད་སྡེ་ཚན་ཟུར་དུ་ཕྱེས་པ་འདིས་ཀྱང་ང་ཚོའི་མེས་པོ་ཚོའི་རྣམ་དཔྱོད་རྗེས་སུ་ལུས་མེད་པར་ངོས་ཟིན་རྒྱུ་ཡོད་པ་རེད། ད་དུང་སྐབས་དེར་མོ་ནད་སྒོས་བཅོས་འདི་ཧ་ཅང་དར་ཁྱབ་ཆེ་བའི་ལག་ལེན་སྨན་བཅོས་ཤིག་ཀྱང་ཡིན་པ་མ་ཟད། ཁྱབ་ཁོངས་ཀྱི་ཆ་ནས་མི་འབོར་ཕྱེད་ཀ་ཟིན་ནས་རྒྱུན་དུ་གདོང་ལེན་དགོས་པའི་ནད་རིགས་ཤིག་ཡིན་པའི་རྒྱུ་མཚན་གྱིས་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་རྩ་བའི་སྒྲོམ་གཞི་ལ་བསྒྱུར་བཅོས་བཏང་སྟེ་དཔལ་ལྡན་རྒྱུད་བཞིའི་རྩ་བའི་ས་བཅད་དུ་མོ་ནད་སྒོས་བཅོས་འདི་བཙུད་པ་ཡིན།  རྒྱུ་མཚན་འདི་དག་གིས་དཔལ་ལྡན་རྒྱུད་བཞི་འདི་ནི་ཁོར་ཡུག་དང་། རིག་གཞུང་། བརྒྱུད་པ་མི་འདྲ་བའི་བོད་གངས་ཅན་གྱི་གསོ་དཔྱད་ཀྱི་བཀའ་དང་བསྟན་བཅོས། གཞུང་དང་མན་ངག་བཞུགས་སོ་འཚལ་གྱི་གནད་རྣམས་འོ་མ་ལས་མར་བླངས་པ་ལྟ་བུའི་སྙིགས་འདོར་བཅུད་ལེན་བྱས་པའི་ཉིང་ཁུ་དེ་ཡིན་པར་རིགས་པས་གྲུབ་པ་ཡིན།

གནད་དོན་འདིས་ནི་བོད་ཀྱི་གསོ་བ་རིག་པ་དཔལ་ལྡན་རྒྱུད་བཞི་དང་། རྒྱ་གར་ཚེ་ཡི་རིག་བྱེད་གཉིས་རྩ་བའི་ཆ་ནས་མི་འདྲ་བའི་སྡེ་ཚན་གཉིས་ཀྱི་དབྱེ་མཚམས་གསལ་ཤོས་ཤིག་ཡིན་པ་དང་། རྒྱ་གར་ཚེ་ཡི་རིག་བྱེད་བོད་དུ་དར་བའི་སྐབས་སུ་ཧ་ཅང་མཐོང་ཆེན་དང་། གུས་བཀུར། འགྲེམ་སྤེལ་བྱས་ཡོད་ནའང་། ཐམས་ཅད་དང་ལེན་བྱས་མེད་པ་འདིས་ང་ཚོའི་ཡབ་མེས་རྣམས་རིག་པ་གཙོ་བོར་བྱེད་པ་དང་། གནས་ལུགས་དང་རྒྱུ་མཚན་ལ་ཁུངས་གཏུགས་ནས་གཞུང་ལུགས་གཏན་ལ་འབེབས་བཞིན་ཡོད་པར་མཚོན་པ་མ་ཟད། སྐབས་དེའི་མཁས་པ་རྣམས་ནི་གནས་ལུགས་ལ་རིན་ཐང་འཇལ་བའི་སྒོ་ནས་དག་སྒྲིག་དང་། སྙིགས་འདོར་བཅུད་ལེན་བྱེད་ཤེས་པའི་ཡབ་མེས་རྣམ་དཔྱོད་ཅན་ “རང་གཞན་གྱི་གྲུབ་མཐའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་” རྣམས་ཡིན་པ་གསལ་བཤད་བྱས་ཡོད།

གཉིས་པ་ནི། མོ་ནད་སྒོས་བཅོས་འདིས་ཤུགས་རྐྱེན་གཞན་ཞིག་ནི། མོ་ནད་སྒོས་བཅོས་འདི་དཔལ་ལྡན་རྒྱུད་བཞིར་བསྡུས་པའི་སྐབས་སུ་གནའ་རབས་བོད་ཀྱི་བཤད་སྟངས་ནད་རིགས་བཞི་བརྒྱ་རྩ་བཞིའམ་སྨན་པས་བཅོས་དགོས་ཀྱི་ནད་བརྒྱ་རྩ་གཅིག་གི་རྣམ་གཞག་ལ་རང་བཞིན་གྱིས་འགྱུར་བ་སོང་ཡོད། དེ་ཡང་མོ་ནད་འདིར་ཞིབ་ཅིང་རྒྱས་པར་ལེའུ་གསུམ་གྱིས་བསྟན་ཡོད་པས་ན་བུད་མེད་ཀྱི་མངལ་དང་འབྲེལ་བའི་ནད་རིགས་རྣམས་ཕལ་ཆེར་དེར་འདུས་ཡོད་པར་གཟིགས་ནས་བསམ་སེའུ་ལེའུར་ཟུར་དུ་མི་དགོས་པ་མཛད་ཡོད། ཕྱོགས་གཞན་ནས་ཡན་ལག་བརྒྱད་པ་ལས་ཕོ་མོ་གསང་བའི་ནད་ཀྱི་ལེའུ་དེ་གཉིས་རྒྱས་བཤད་ཀྱིས་ཕོ་མཚན་དང་མོ་མཚན་གྱི་ནད་ཀྱི་ལེའུ་ཟུར་དུ་གསུངས་པ་དེས་ཀྱང་བསམ་སེའུ་ནི་ཟློས་པའི་དོགས་པས་མ་བཀོད་པ་ཡིན་སྲིད། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་སྟེ། མོ་ནད་སྒོས་བཅོས་ཀྱིས་བསམ་སེའུའི་ཚབ་མི་ཡོང་སྟེ། མོ་ནད་ཕོ་ལ་མི་ཁྱབ་ཅིང་། བསམ་སེའུ་ནི་དེ་ཕོ་མོ་གཉིས་ཀ་ལ་ཁྱབ་པས་སོ། །

དེ་ལྟར་དཔལ་ལྡན་རྒྱུད་བཞིའི་མན་ངག་རྒྱུད་ལས་བསྟན་པའི་དོན་ལྔ་སྣོད་དྲུག་སོགས་ནང་ཁྲོལ་གྱི་ནད་རིགས་བཅོས་ཐབས་ཕལ་མོ་ཆེ་ནི། བླ་ཡིག་ལས་བསྟན་པའི་བརྒྱ་རྩ་གཅིག་གི་ནད་རིགས་རྣམས་ཡིན་ཞིང་། བླ་ཡིག་འདི་རང་རྩ་བར་བཟུང་ཡོད། འོན་ཀྱང་། མོ་ནད་འདི་བསྣན་ཞིང་། བསམ་སེའུའི་སྐོར་དེ་ཕུད་པའི་རྗེས་སུ་བསམ་སེའུའི་སྐོར་དེ་ཧ་ཅང་མི་གསལ་བ་དང་རབ་རིབ་ཀྱི་འགོ་ཚུགས་ཡོད་པ་རེད། དེ་ཡི་དབང་གིས་དོན་སྣོད་ཀྱི་རྣམ་གཞག་ལའང་གསལ་པོ་མེད་པར་གྱུར་ཅིང་། དོན་ལྔ་སྣོད་དྲུག་དང་། ཡང་ན་དོན་གནད་བཅུ་གསུམ་སོགས་དང་། ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པའི་གནའ་རབས་བོད་ཀྱི་རིག་གཞུང་གི་ལྟ་གྲུབ་ལའང་རང་བཞིན་གྱིས་བག་ལ་ཞ་སྟེ། གཅིག་གྱུར་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

དེ་ལྟར་རིག་གཞུང་གཉིས་མཉམ་བསྲེས་ཀྱིས་སྙིགས་འདོར་བཅུད་ལེན་གྱི་སྐབས་སུ་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་རྩ་བའི་སྒྲོམ་གཞི་ཡན་ལག་བརྒྱད་ཀྱི་རྣམ་གཞག་འཇིག་པའི་སྐབས་སུ་གཙང་སྟོད་དར་མ་མགོན་པོ་གཙོས་པའི་མཁས་པ་མང་པོས་དགག་པ་མཛད་ཡོད་ཀྱང་། རང་ལུགས་ཀྱི་བསམ་སེའུ་ལེའུ་དོར་ནས་དོན་ལྔ་སྣོད་དྲུག་དང་། ནད་རིགས་བཞི་བརྒྱ་རྩ་བཞིའི་རྣམ་གཞག་འཇིག་པའི་ཐད་ལ་རྩོད་པ་རྩོད་མཁན་བྱུང་བའི་གནས་ཚུལ་མཐོང་རྒྱུ་མེད་པ་མ་ཟད་བཅོམ་ལྡན་རིག་པའི་རལ་གྲིས་ནད་རིགས་བཞི་བརྒྱ་རྩ་བཞིའི་རྣམ་གཞག་ནི་མཁས་པའི་ཁུངས་ལུང་མེད་པར་གསུངས་པ་ནི་ཅུང་ཞིག་ངོ་མཚར་བའི་གནས་སུ་སྣང་ངོ་། །

སྐབས་དེར་གནའ་བོའི་བོད་ཀྱི་གསོ་དཔྱད་ཀྱི་སྒྲོམ་གཞི་ནད་རིགས་བཞི་བརྒྱ་རྩ་བཞིའི་སྐོར་ཀྱི་འཆད་ཉན་ཉམས་དམས་སུ་སོང་ཞིང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་འཆད་ཉན་དང་ལྟ་གྲུབ་ལ་ཐོས་བསམ་དར་སྤེལ་བྱེད་པའི་སྐབས་དེར་དཔལ་ལྡན་རྒྱུད་བཞི་གསར་སྒྲིག་བྱས་པས་བསམ་སེའུའི་སྐོར་ལ་དོ་སྣང་བྱེད་མཁན་མེད་པ་ཡིན་སྲིད། རྒྱུ་མཚན་ནི་སྐབས་དེར་ནད་རིགས་བཞི་བརྒྱ་རྩ་བཞི་བསྟན་དོན་གཙོ་བོར་བྱས་པའི་རྒྱལ་པོའི་བླ་ཡིག་འོད་འབར་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་ལས་ཚེ་ཡི་རིག་བྱེད་ཀྱི་ཡན་ལག་བརྒྱད་པ་གཙིགས་སུ་བཟུང་བའི་དུས་ཡིན་པའི་ཕྱིར་རོ།།

དེས་ན་གུས་པས་རྒྱལ་པོའི་བླ་ཡིག་འོད་འབར་དཔེ་ཀློག་དང་། དཔེ་བསྡུར། ཞབས་མཆན་བཏགས་པ། འགྲེལ་བཤད་བྱེད་པ་སོགས་ཀྱི་སྐབས་སུ་མོ་ནད་སྒོས་བཅོས་ཤིག་ཟུར་དུ་ཡོད་པ་རྙེད་པ་འདི་དཔེ་ཀློག་སྐབས་ཀྱི་གསར་རྙེད་ཆེ་ཤོས་གཉིས་པ་དེ་ཡིན། །

དཔྱད་ཡིག་དང་ཞབས་མཆན། 

[1]   རྒྱལ་པོའི་བླ་ཡིག་འོད་འབར། གཙང་སྟོད་བི་ཇི་བླ་མས་མཛད། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྙིང་། པར་སློག ། ཤོག་ངོས་ ༡༣༥ ནས་ ༡༣༩ བར་དུ་གསལ།

[2] བོད་ལྗོངས་སྨན་རྩིས་ཁང་རིག་གཞུང་ཞིབ་འཇུག་གླིང་དུ་ཉར་ཚགས་བྱས་ཡོད་པའི་རྒྱལ་པོའི་བླ་ཡིག་འོད་འབར་གྱི་དཔེ་རྙིང་བྲིས་མ། གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོར་ཞེས་པའི་དེབ་ཕྲེང་ ༤༡ པའི་ནང་དུ་པར་བསྐྲུན་བྱས་པ་དེ་ལ་གོ་དགོས།

[3]   མོ་ནད་སྒོས་བཅོས། ཆེར་རྗེ་ན་གུས། ཨ་རུ་རའི་དེབ་ཕྲེང་ ༡༠༡ པའི་ཤོག་ངོས་ ༡༩༣ པར་མོ་ནད་སྒོས་བཅོས་འདི་མཇལ་བྱུང་། འདིར་ཞང་གཟི་བརྗིད་འབར་གྱིས་མཛད་པའི་གསོ་དཔྱད་ཉི་མའི་འོད་ཟེར་གྱི་མཇུག་ཏུ་མོ་ནད་སྒོས་བཅོས་འདི་ལེའུ་བཅུ་གསུམ་པ་བྱས་ཏེ་བཀོད་འདུག་་ཀྱང་། དེ་ནི་དཔེ་སྒྲིག་པས་མོ་ནད་སྐོར་དེ་སྟབས་གཅིག་ཏུ་བཀོད་པ་ཙམ་ལས་ཞང་གཟི་བརྗིད་འབར་གྱི་བརྩམས་ཆོས་དང་། དེ་ལས་གསོ་དཔྱད་ཉི་མའི་འོད་ཟེར་གྱི་ཆ་ཤས་ཡིན་པའི་དཔང་རྟགས་གང་ཡང་མེད་པ་རེད། མ་ཟད་གསོ་དཔྱད་ཉི་འོད་ནི་ཚིགས་བཅད་ཤ་སྟག་ཡིན་ཞིང་། མོ་ནད་སྒོས་བཅོས་འདི་ཚིགས་ལྷུག་གནའ་ཉམས་ཆེན་པོ་ཅན་ཞིག་ཡིན་པ་འདིས་ཀྱང་། འདི་གཉིས་དཔེ་ཆ་སོ་སོར་བ་ཡིན་པར་གསལ་པོ་མཐོང་ཐུབ།

[4]   ཁོག་འབུབ་གཏད་པ་མེད་པའི་མཆོད་སྦྱིན། ཟུར་མཁར་བློ་གྲོས་རྒྱལ་པོ། ཨ་རུ་རའི་དེབ་ཕྲེང་། ༠༣༧ མི་རིགས་དཔེ་སྐྲུན་ཁང་ནས་སྤར། ༢༠༡༤ ཤོག་གྲངས། ༢༢༠ ལ་གཟིགས།

[5]   གསོ་བ་རིག་པ་བྱུང་ཚུལ་ལོ་རྒྱུས། སྙེ་མདོ་བ་ཀུན་དགའ་དོན་འགྲུབ། བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ། སྨན་པ་འབུམ་རམས་པ་འདས་པོ་དབྱངས་དགས་གཙོ་སྒྲིག་མཛད། ༢༠༢༢ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་ ༡༠༢

[6]   རྒྱུད་རྒྱལ་བདུད་རྩི་སྙིང་པོའི་ལག་ལེན་དམར་ཁྲིད་སྡེ་ཚན་ལྔའི་འགྲེལ་པ། (གཡུ་ཐོག་པའི་ལག་ལེན་པོད་ཆུང་གི་འགྲེལ་པ།) བྲང་ཏི་འཇམ་དཔལ་བཟང་པོས་མཛད། ཨ་རུ་རའི་དེབ་ཕྲེང་། ༠༨༩ མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ཤོག་ངོས་༢༦༧

[7]   ཁོག་འབུབ་བཻཌུརྱ་ཡི་མེ་ལོང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ། འཕྲུལ་དེབ།

[8]   གསོ་བ་རིག་པའི་ཁོག་དབུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ལས། འབེ་ལོ་ཚེ་དབང་ཀུན་ཁྱབ། བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ། སྨན་པ་འབུམ་རམས་པ་འདས་པོ་དབྱངས་དགས་གཙོ་སྒྲིག་མཛད། ༢༠༢༢ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་ ༤༠༩ “སྐབས་འདིར་མི་དབང་སངས་རྒྱས་རྒྱ་མཚོས་སྔ་རབས་པའི་རྗེས་སུ་འབྲངས་ཏེ། བོད་འབངས་ཀྱི་བྱིས་པ་བློ་རྣོ་བ་དགུ་ལ་གསོ་བ་རིག་པ་སློབ་ཏུ་བཅུག་པས་སྟོད་ན་ཆེར་རྗེ་ཞིག་པོ། འུག་པ་ཆོས་བཟང༌། བི་ཇི་ལེགས་མགོན་གསུམ། བར་ན་གཡུ་ཐོག་མགོན་པོ། མི་ཉག་རོང་རྗེ། བྲང་ཏི་རྒྱལ་བཟང་གསུམ། སྨད་ན་གཉའ་པ་ཆོས་བཟང༌། མཐའ་བཞི་དར་པོ། སྟོང་པ་གྲགས་རྒྱལ་ཏེ་བོད་སྨན་མཁས་པ་མི་དགུར་གྲགས་པ་བྱུང༌། ཞེས་བཤད་པ་ནི་ཕྱོགས་ཞེན་གྱི་མཁས་པའི་གཏམ་ཁྱད་དུ་གསོད་པ་ལས་མ་འདས་ཏེ། མིང་དེ་སྐད་དུ་གྲགས་པ་ཕལ་ཆེ་བ་ཕྱི་དར་གྱི་སྐབས་སུ་བྱུང་བ་ཡིན་ཞིང༌། ཁྱད་པར་ཆེར་རྗེ་ཞིག་པོ་ནི་ལོ་ཆེན་རིན་བཟང་གི་སློབ་རྒྱུད་དང༌། བྲང་ཏི་རྒྱལ་བཟང་སོགས་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པའི་སློབ་རྒྱུད་དུ་འོག་ནས་འཆད་འགྱུར་ལྟར་རང་ཉིད་ཀྱིས་ཀྱང་བཤད་པ་མ་ཡིན་ནམ། གཡུ་ཐོག་མགོན་པོ་ནི་དུས་ཕྱིས་གསར་རྙིང་གཉིས་ཡོད་ཟེར་རྙིང་མའི་རྣམ་ཐར་ཟོལ་མ་ཞིག་སྣང་བས་འཁྲུལ་པ་ལ་ནི་ཐུགས་མེད་མོད། འོན་ཀྱང་རྙིང་མའི་རྣམ་ཐར་དེ་ཁྱད་གཞི་མེད་པའི་ཁྱད་ཆོས་རྫུན་བསྒྲིགས་ལ་རིག་པས་དཔྱད་བཟོད་པའི་ཚིག་དོན་ག་ལ་ཡོད་ཅིང༌། ཁྱེད་ཉིད་ཀྱིས་ཀྱང་དཔྱད་པའི་ཚེ་རྣམ་ཐར་ལོ་རྒྱུས་དེ་གསུང་རབས་སྤྱི་དང་མི་མཐུན། རྩ་རྒྱུད་དང་འགལ། བོན་པོའི་ཟེར་སྒྲོས། རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུ་ལས་ཡིད་བརྟེན་དུ་རུང་བ་དཀའ་ནའང་ཞེས་སོགས་ཀྱི་ཡིད་མ་ཆེས་བཞིན་དུ་བཤད་ཁུངས་ཀྱི་རྒྱབ་བརྟེན་དུ་འཆའ་བ་ནི་ནམ་ཡང་མི་རིགས་སྙམ་སྟེ། དེ་རྩོམ་པའི་གང་ཟག་ནི། བལ་པོ་སེའུ་མ་ཟོས་ཀྱང༌། ཁ་དོག་ཉིད་ལས་བྲོ་བ་ཤེས། ཞེས་པ་ལྟར་དཔྱད་པས་ཤེས་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོས་ཕྱོགས་ཕྱོགས་ཀྱི་སྨན་པ་རྣམས་ལ་དྲི་ཡིག་མང་དུ་བྱས་སྟེ། སྟོད་ལུང་གི་ཨེམ་ཆི་ཀུན་ལེགས་ཟེར་བ་ཕྱིས་སུ་པ་རྣམས་འཚོ་བྱེད་དུ་འབོད་པ་ལའང་དྲི་བ་བྱས་པའི་དྲིས་ལན་དུ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་དགུ་ནི་སྟོད་ན་ཆེ་རྗེ་འུག་པ་བི་ཇི་གསུམ། བར་ན་གཡུ་ཐོག་བྲང་ཏི་མེ་ཉག་གསུམ། སྨད་ན་གཉའ་པ་མཐའ་བཞི་སྟོང་པ་གསུམ་སྟེ་དགུ་རུ་འདོད་པ་དང༌། རྒྱུད་བཞི་བཀའ་གཏེར་ཡིན་པའི་སྒྲུབ་བྱེད་བཀོད་པ་སོགས་བྱུང་བར། ཟུར་མཁར་བས་སླར་ཡང་དྲིས་ལན་ལེགས་བཤད་སྐྱུགས་པ། ཟླ་ཐིགས་ཉིན་བྱེད་འོད་མཚོ། དབྱར་སྐྱེས་རྔ་གསང་རྣམས་བྱས་སྟེ། འདྲེ་རྗེ་རྒྱ་གར་བཛྲ་གོང་ཡན་ལ་གཡུ་ཐོག་ཅེས་ཐ་སྙད་མེད་ཚུལ། ཆོས་རྒྱལ་དང་ཡོན་ཏན་མགོན་པོའི་བར་ལ་མི་ལོ་ཉིས་བརྒྱ་ཙམ་གྱི་སྔ་ཕྱི་ཡོད་ཚུལ། རྒྱུད་བཞི་གཡུ་ཐོག་མགོན་པོའི་གོང་ཡན་སུ་ལའང་མ་གྲགས་པའི་ཚུལ་སོགས་ལུང་རིགས་རྡོ་རྗེ་ཟེགས་མས་ཚར་བཅད་དེ་སྨྲ་རྒྱུ་མེད་པར་བྱས་པ་ན། ཕྱི་རྗེས་རང་གི་བླུན་ཚིག་གི་ལོ་རྒྱུས་སྒྲུབ་བྱེད་དུ་གཡུ་ཐོག་མགོན་པོ་རྙིང་མ་ཞེས་ཡོད་ཚུལ་རྣམ་ཐར་དེ་ཁོ་པས་ལྐོག་ཏུ་བྱས་པ་སྟེ། དེ་ཡན་ཆད་མཁས་བླུན་སུ་ལའང་གཡུ་ཐོག་མགོན་པོ་ཡབ་སྲས་གསར་རྙིང་གཉིས་ཡོད་པའི་སྒྲོས་གཏན་ནས་མེད་པའི་ཕྱིར་རོ། དེས་ན་ལུང་རིགས་ཚད་ལྡན་དང་ཁུངས་ཀྱི་ཡིག་ཆ་རྣམས་དང་མི་བསྟུན་པ་ཟེར་ཚད་ཚད་མར་བཟུང་སྟེ་བཀོད་པ་ནི་མཁས་པའི་གཏམ་མ་ཡིན་ནོ།།” ཞེས་གསལ།

[9]   སྨན་དཔྱད་ཟླ་བའི་རྒྱལ་པོ། བོད་ཀྱི་མཁས་པས་བརྩམས། གློག་རྡུལ་འཕྲུལ་དེབ། ལེའུ་སྟེ་སོ་བརྒྱད་པ། ཤོག་ངོས་ངེས་གཏན་མེད།

[10] དྭགས་པོའི་འཐོར་འབུམ། དགེ་སྦྱོང་པྲ་བྷ་རཏྣས་རྩོམ་སྒྲིག་མཛད། ཨ་རུ་རའི་དེབ་ཕྲེང་། ༠༩༦ མི་རིགས་དཔེ་བསྐྲུན་ཁང་། ༢༠༡༣ ཤོག་ངོས་ ༡༧༡

[11] གཙང་སྟོད་དར་མགོན་ཟིན་ཏིག།ཨ་རུ་རའི་དེབ་ཕྲེང་། ༠༤༢ ། ༢༠༠༧ ཤོག་གྲངས། ༣༢༢ ལས་གསལ།

[12] ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། སློབ་དཔོན་ཕ་ཁོལ་གྱིས་མཛད། སྡེ་དགེའི་བསྟན་འགྱུར། པོད། ཧེ། ༤༤བ

[13] རྒྱུད་བཞི། རྗེ་བཙུན་གཡུ་ཐོག་པས་ཐ་མའི་རྩོམ་སྒྲིག་མཛད། མཚོ་སྔོན་ལྕགས་པར། རྩ་རྒྱུད་ལེའུ་གཉིས་པ། ཤོག་གྲངས་༥ པར་གཟིགས།

[14] རྒྱུད་བཞི། རྗེ་བཙུན་གཡུ་ཐོག་པས་ཐ་མའི་རྩོམ་སྒྲིག་མཛད། མཚོ་སྔོན་ལྕགས་པར། མན་ལག་རྒྱུད་ཀྱི་ལེའུ་ ༧༤ པ། ཤོག་ངོས་

[15] རྒྱུད་བཞིའི་འགྲེལ་པ། མེས་པོའི་ཞལ་ལུང་། ཟུར་མཁར་བློ་གྲོས་རྒྱལ་པོ། སྟོད་ཆ། ཤོག་གྲངས། ༦༢ ཀྲུང་གོ་བོད་ཀྱི་ཤེས་རིག་ཁང་ནས་དཔར་དུ་བསྐྲུན།

[16] ཊིཀྐ་མུན་སེལ་སྒྲོན་མེ། ཆ་ལག་བཅོ་བརྒྱད་ཀྱི་ནང་ཚན། རྗེ་བཙུན་གཡུ་ཐོག་པ་སོགས་ཀྱིས་མཛད། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༩ ལོར་དཔར། ཤོག་ངོས་ ༡༢༩ ལ་གཟིགས།

[17] རྩོད་ཟློག་གེགས་སེལ་འཁོར་ལོ། ཆ་ལག་བཅོ་བརྒྱད་ནང་ཚན། རོག་སྟོན་དཀོན་མཆོག་སྐྱབས་ཀྱིས་མཛད། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༩ ལོར་དཔར། ཤོག་ངོས་ ༣༡༤ ལ་གཟིགས།

[18] གསོ་བ་རིག་པའི་སྤྱི་དང་སྒོས་ཀྱི་ཆོས་འབྱུང་ལེགས་པར་བཤད་པ་དངུལ་དཀར་མེ་ལོང་གཡའ་བྲལ། བསྐ་པ་ཤཱཀྱ་དབང་ཕྱུག་གིས་མཛད། བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ། སྨན་པ་འབུམ་རམས་པ་འདས་པོ་དབྱངས་དགས་གཙོ་སྒྲིག་མཛད། ༢༠༢༢ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་ ༢༠༠

[19] གསོ་བ་རིག་པའི་སྤྱི་དང་སྒོས་ཀྱི་ཆོས་འབྱུང་ལེགས་པར་བཤད་པ་དངུལ་དཀར་མེ་ལོང་གཡའ་བྲལ། བསྐ་པ་ཤཱཀྱ་དབང་ཕྱུག་གིས་མཛད། བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ། སྨན་པ་འབུམ་རམས་པ་འདས་པོ་དབྱངས་དགས་གཙོ་སྒྲིག་མཛད། ༢༠༢༢ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་ ༢༠༠

[20] རྣམ་ཐར་བཀའ་རྒྱ་མ། སུམ་སྟོན་ཡེ་ཤེས་གཟུངས། ཨ་རུ་རའི་དེབ་ཕྲེང་། ༡༠༤ མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར། ཤོག་ངོས་ ༡༠

[21] རྣམ་ཐར་བཀའ་རྒྱ་མ། སུམ་སྟོན་ཡེ་ཤེས་གཟུངས། ཨ་རུ་རའི་དེབ་ཕྲེང་། ༡༠༤ མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར། ཤོག་ངོས་ ༨

དཔྱད་གཞིའི་ཡིག་ཆ།
  1. རྒྱལ་པོའི་བླ་ཡིག་འོད་འབར། གཙང་སྟོད་བི་ཇི་བླ་མས་མཛད། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་རྙིང་། པར་སློག ། ཤོག་ངོས་ ༡༣༥ ནས་ ༡༣༩ བར་དུ་གསལ།
  2. མོ་ནད་སྒོས་བཅོས། ཨ་རུ་རའི་དེབ་ཕྲེང་ ༡༠༡ ཤོག་ངོས་ ༡༩༣
  3. ཁོག་འབུབ་གཏད་པ་མེད་པའི་མཆོད་སྦྱིན། ཟུར་མཁར་བློ་གྲོས་རྒྱལ་པོ། ཨ་རུ་རའི་དེབ་ཕྲེང་། ༠༣༧ མི་རིགས་དཔེ་སྐྲུན་ཁང་ནས་སྤར། ༢༠༡༤ ཤོག་གྲངས། ༢༢༠ ལ་གཟིགས།
  4. གསོ་བ་རིག་པ་བྱུང་ཚུལ་ལོ་རྒྱུས། སྙེ་མདོ་བ་ཀུན་དགའ་དོན་འགྲུབ། བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ། སྨན་པ་འབུམ་རམས་པ་འདས་པོ་དབྱངས་དགས་གཙོ་སྒྲིག་མཛད། ༢༠༢༢ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་ ༡༠༢
  5. ཁོག་འབུབ་བཻཌུརྱ་ཡི་མེ་ལོང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ། འཕྲུལ་དེབ།
  6. གསོ་བ་རིག་པའི་ཁོག་དབུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ལས། འབེ་ལོ་ཚེ་དབང་ཀུན་ཁྱབ། བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ། སྨན་པ་འབུམ་རམས་པ་འདས་པོ་དབྱངས་དགས་གཙོ་སྒྲིག་མཛད། ༢༠༢༢ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་ ༤༠༩
  7. རྒྱུད་རྒྱལ་བདུད་རྩི་སྙིང་པོའི་ལག་ལེན་དམར་ཁྲིད་སྡེ་ཚན་ལྔའི་འགྲེལ་པ། (གཡུ་ཐོག་པའི་ལག་ལེན་པོད་ཆུང་གི་འགྲེལ་པ།) བྲང་ཏི་འཇམ་དཔལ་བཟང་པོས་མཛད། ཨ་རུ་རའི་དེབ་ཕྲེང་། ༠༨༩ མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ཤོག་ངོས་༢༦༧
  8. སྨན་དཔྱད་ཟླ་བའི་རྒྱལ་པོ། བོད་ཀྱི་མཁས་པས་བརྩམས། གློག་རྡུལ་འཕྲུལ་དེབ། ལེའུ་སྟེ་སོ་བརྒྱད་པ། ཤོག་ངོས་ངེས་གཏན་མེད།
  9. དྭགས་པོའི་འཐོར་འབུམ། དགེ་སྦྱོང་པྲ་བྷ་རཏྣས་རྩོམ་སྒྲིག་མཛད། ཨ་རུ་རའི་དེབ་ཕྲེང་། ༠༩༦ མི་རིགས་དཔེ་བསྐྲུན་ཁང་། ༢༠༡༣ ཤོག་ངོས་ ༡༧༡
  10. གཙང་སྟོད་དར་མགོན་ཟིན་ཏིག།ཨ་རུ་རའི་དེབ་ཕྲེང་། ༠༤༢ ། ༢༠༠༧ ཤོག་གྲངས། ༣༢༢ ལས་གསལ།
  11. ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། སློབ་དཔོན་ཕ་ཁོལ་གྱིས་མཛད། སྡེ་དགེའི་བསྟན་འགྱུར། པོད། ཧེ། ༤༤བ
  12. རྒྱུད་བཞི། རྗེ་བཙུན་གཡུ་ཐོག་པས་ཐ་མའི་རྩོམ་སྒྲིག་མཛད། མཚོ་སྔོན་ལྕགས་པར། རྩ་རྒྱུད་ལེའུ་གཉིས་པ། ཤོག་གྲངས་༥ པར་གཟིགས།
  13. རྒྱུད་བཞིའི་འགྲེལ་པ། མེས་པོའི་ཞལ་ལུང་། ཟུར་མཁར་བློ་གྲོས་རྒྱལ་པོ། སྟོད་ཆ། ཤོག་གྲངས། ༦༢ ཀྲུང་གོ་བོད་ཀྱི་ཤེས་རིག་ཁང་ནས་དཔར་དུ་བསྐྲུན།
  14. ཊིཀྐ་མུན་སེལ་སྒྲོན་མེ། ཆ་ལག་བཅོ་བརྒྱད། རྗེ་བཙུན་གཡུ་ཐོག་པ་སོགས་ཀྱིས་མཛད། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༩ ལོར་དཔར། ཤོག་ངོས་ ༡༢༩ ལ་གཟིགས།
  15. རྩོད་ཟློག་གེགས་སེལ་འཁོར་ལོ། ཆ་ལག་བཅོ་བརྒྱད། རོག་སྟོན་དཀོན་མཆོག་སྐྱབས། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༩ ལོར་དཔར། ཤོག་ངོས་ ༣༡༤ ལ་གཟིགས།
  16. གསོ་བ་རིག་པའི་སྤྱི་དང་སྒོས་ཀྱི་ཆོས་འབྱུང་ལེགས་པར་བཤད་པ་དངུལ་དཀར་མེ་ལོང་གཡའ་བྲལ། བསྐ་པ་ཤཱཀྱ་དབང་ཕྱུག་གིས་མཛད། བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ། སྨན་པ་འབུམ་རམས་པ་འདས་པོ་དབྱངས་དགས་གཙོ་སྒྲིག་མཛད། ༢༠༢༢ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་ ༢༠༠
  17. རྣམ་ཐར་བཀའ་རྒྱ་མ། སུམ་སྟོན་ཡེ་ཤེས་གཟུངས། ཨ་རུ་རའི་དེབ་ཕྲེང་། ༡༠༤ མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར། ཤོག་ངོས་ ༡༠

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།