གནའ་བོའི་སྤྱི་ཏི་ཡུལ་གྱི་ཞིང་ཁང་གི་ཐོབ་དབང་ལམ་ལུགས་ལ་དཔྱད་པ།

0
125

ནང་དོན་གནད་བསྡུས། གནའ་བོའི་སྤྱི་ཏི་ཡུལ་གྱི་ཞིང་ཁང་ལམ་ལུགས་ནི། ཡུལ་གྱི་སྲོལ་ལུགས་སྤྱིར་བཏང་བ་ཞིག་གཏན་ནས་མིན་པར། རྒྱལ་དུས་སྐབས་སུ་དབང་བསྒྱུར་མངའ་ཁུལ་སོ་སོར་ཡུལ་གྱི་དགོས་མཁོ་དང་བསྟུན་ནས་ཁྲིམས་སུ་བཅོས་པ་ཞིག་ཡིན་པ་དང་། ཁྲིམས་དེའང་དབང་སྒྱུར་རྒྱལ་རྒྱུད་ཀྱི་ཁྲི་འཛིན་ལམ་སྲོལ་ལ་དཔེ་བལྟས་པར་མ་ཟད། དེ་ཡང་མཐར་གཏུགས་ན་དུས་རབས་དགུ་བའི་མགོ་སྟོད་དེ་བོད་བཙན་པོ་མེས་པོ་གོང་མ་ཚོའི་སྐབས་ནས་ཡོད་པའི་རྒྱལ་རྒྱུད་ཀྱི་སྲིད་འཛིན་ལམ་སྲོལ་ཞིག་ལ་ཁུངས་གཏུགས་ཡོད་ཚུལ་བརྗོད་སྙིང་བྱས་ཡོད།

གནད་ཚིག །རྒྱལ་ཁྲིམས། ཞིང་ཁང་། ཁང་ཆེན། ཁང་ཆུང་། གྲྭ་ཞིང་། ཐོབ་དབང་། སྤྱི་སྲོལ།

གླེང་གཞི།

དུས་རབས་བཅུ་བའི་ནང་གངས་ཅན་མིག་གཅིག་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། མངའ་རིས་ཆོས་རྒྱལ་ལྷ་བླ་མ་བྱང་ཆུབ་འོད། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི། སྒོམ་ཆེན་ཁ་རག་པ། རྗེ་རྒོད་ཚང་བ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། ལྷ་དབང་བླ་མ་བློ་གྲོས། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་དམ་པའི་སྐྱེས་མཆོག་དུ་མ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་ཏེ། སྔོན་དུས་ཞང་ཞུང་ཁྲི་སྡེ་སྟོད་སྨད་བར་གསུམ་དུ་གྲགས་པའི་བར་བ་ནུབ་རྒྱུད་ཧི་མཱ་ལ་ཡ་སྤྱི་ཏིའི་ཡུལ་དུ་ལན་གྲངས་དུ་མར་བསྐྱོད་རིང་། ཡུལ་དེའི་གྲོང་སོ་སོའི་ནང་ཁང་ཆེན་དང་ཁང་ཆུང་ཞེས་པའི་ཐ་སྙད་ཅིག་རྒྱུན་སྤྱོད་བྱེད་བཞིན་ཡོད་པ་དང་། དེའི་དོན་ཅི་ཡིན་ཐད་དམིགས་བསལ་ཤེས་འདོད་ཞུགས་ཏེ་ཡུལ་དེ་ནང་གི་རྒན་རབས་པ་རྣམས་ལ་དངོས་སུ་འདྲི་གཏུགས་དང་། ཞར་ལ་ཡིག་ཆ་ཁག་འབད་པས་བཙལ་ཏེ་ལྟ་ཀློག་དང་ཞིབ་འཇུག་བརྒྱུད། ད་ཆ་ནུབ་རྒྱུད་ཧི་མཱ་ལ་ཡ་སྤྱི་ཏིའི་ཡུལ་དུ་སྤྱོད་ཤུགས་ཆེ་བའི་ཁང་ཆེན་དང་དང་ཁང་ཆུང་གི་བརྡ་དོན་ལ་ངེས་པ་ཅུང་ཟད་རྙེད་ཅིང་། དེ་དོན་གང་ཡིན་མདོར་བསྡུས་ཚུལ་དུ་གླེང་བར་བྱ་ནི་སྐབས་སུ་བབས་པའི་གཏམ་མོ།།

གཅིག །སྤྱི་ཏིའི་ལུང་བའི་ཡུལ་སྲོལ།

དེ་ཡང་སྤྱི་ཏིའི་[1]ལུགས་སྲོལ་ལ་བུ་རྒན་པ་ནི་ཕ་ཡི་ཁྱིམ་རྒྱུད་འཛིན་མཁན་ཡིན་པ་དང་། དེར་བརྟེན་ཁྱིམ་གྱི་ཁང་པ་དང་རྒྱུ་ནོར་སོགས་ཀྱི་བདག་དབང་ཡོངས་རྫོགས་ཀྱང་བུ་རྒན་པར་ཡོད། དེ་ཡང་ཁྱིམ་གཅིག་ལ་བུ་ཁ་ཤས་ཡོད་ན། ཆེ་ཤོས་དེ་ཕ་གཞིས་འཛིན་མཁན་དང་གཞན་རྣམས་གྲྭ་བ་བཟོ་དགོས། སྤྱི་ཏི་དམངས་ཁྲོད་དུའང་ “ཕྱུག་པོའི་བུ་བར་ལ་སྐྱེས་གྱུར་ཅིག་”[2]ཅེས་ཤོད་སྲོལ་ཞིག་ཡོད། དེ་ཡིས་ཁྱིམ་གཅིག་ལ་བུ་གསུམ་ནས་བཞི་ཙམ་ཡོད་ན། བུ་བར་བ་ངེས་པར་གྲྭ་བ་བཟོ་དགོས་པ་དེའང་རྟོགས་ཐུབ།

ཉེ་བའི་ཐད་ཀྱི་དཔེ་མཚོན་གསལ་ཤོས་ཤིག་ནི་སྤྱི་ཏིའི་ཀྱི་གྲོང་ཚོ་ནང་ཁྱིམ་བདག་ཚེ་རིང་དངོས་གྲུབ་ལ་བུ་གསུམ་དང་བུ་མོ་ལྔ་ཡོད། བུ་གསུམ་ལས་ཆེ་ཤོས་བསྟན་འཛིན་ནི་ཕ་ཡི་ཁྱིམ་རྒྱུད་འཛིན་མཁན་དང་། བར་བ་ཚེ་རིང་རྣམ་གྲོལ་དང་། བློ་བཟང་དོན་འགྲུབ་གཉིས་གྲྭ་པ་བཟོས་ཏེ་དཀྱིལ་དགོན་ནོར་བུ་དགེ་འཕེལ་གླིང་དུ་བཞུགས་ཡོད། སྔོན་སྲོལ་ལྟར་སྤྱི་ཏིའི་དགོན་ཁག་ལྔ་[3]ཡི་དགོན་པ་སོ་སོའི་ལྷ་སྡེ་རྣམས་ཀྱི་བུ་ཆེ་བ་རྣམས་ནི་ཕ་གཞིས་འཛིན་མཁན་དང་། འོག་མ་རྣམས་གྲྭ་བ་བཟོས་ནས་ཐོབ་ཁོངས་དགོན་ཁག་སོ་སོར་འཛུལ་ཞུགས་བྱེད་པའི་ལམ་སྲོལ་དེ་ད་དུང་ཡང་མང་དུ་མཇལ་རྒྱུ་ཡོད།

དེས་ན་དེ་ལྟ་བུའི་སྤྱི་ཏི་མི་དམངས་ཀྱི་ས་ཁང་ཐོབ་དབང་ལམ་ལུགས་དངོས་དེ་ཇི་འདྲ་ཞིག་ཡིན་ནམ་ཞེ་ན། ཁྱིམ་གཅིག་ལ་ཁང་ཆེན་དང་ཁང་ཆུང་གཉིས་རེ་ཡོད། དེ་ལྟར་ཁྱིམ་གཅིག་ལ་ཁང་ཆེན་དང་ཁང་ཆུང་གཉིས་རེ་འཛུགས་སྐྲུན་བྱེད་དགོས་དོན་ཡང་། སྤྱི་ཏིའི་མི་མང་གི་ས་ཁང་ཐོབ་དབང་ལམ་ལུགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དེ་ངེས་པར་འབྱུང་དགོས་པ་ཞིག་ཀྱང་རེད། དེ་ཡང་གོང་བརྗོད་ལྟར་ཁྱིམ་གཅིག་ལ་བུ་དང་བུ་མོ་ཅི་ཙམ་ཡོད་ཀྱང་ཕ་གཞིས་འཛིན་མཁན་ནི་བུ་ཆེ་ཤོས་ཡིན་པ་ལྟར། བུ་ཆེ་ཤོས་ལ་མནའ་མ་བསུས་རྗེས། སྤྱི་ཏིའི་ཡུལ་གྱི་ས་ཁང་ཐོབ་དབང་ལམ་ལུགས་ཀྱི་སྤྱི་སྲོལ་བཞིན། ཕ་མ་གཉིས་ཀྱིས་ཕ་མེས་ཡང་མེས་ནས་གསོག་ཉར་བྱས་པའི་ཁྱིམ་རྒྱུད་དེའི་རྒྱུ་ནོར་དང་། ད་ཡོད་གནས་མལ་བྱེད་བཞིན་པའི་སྡོད་ཁང་། ས་ཞིང་བཅས་ཡོངས་སུ་རྫོགས་པ་རང་གི་བུ་རྒན་པར་རྩིས་སྤྲད་དེ། ཕ་མ་གཉིས་དང་གཅུང་པོ་དང་གཅུང་མོ་རྣམས་ཁང་ཆེན་དེའི་ཡན་ལག་ཁང་ཆུང་དུ་ཟུར་འདུག་བྱེད་དགོས། ཁང་ཆེན་དེའི་ཡན་ལག་ཁང་ཆུང་ནི་ངེས་པར་གྲོང་སྡེ་གཅིག་པར་གཞིས་ཆགས་དགོས་པའི་ངེས་པ་མེད། ཁང་ཆུང་རེ་འགའ་གྲོང་སྡེ་གཞན་དུ་གཞིས་ཆགས་པ་དེ་འདྲའང་ཡོད

འདིར་གསལ་པོར་རྟོགས་དགོས་པ་ཞིག་ལ། སྤྱི་ཏིའི་ཡུལ་གྱི་ཁང་ཆེན་དང་ཁང་ཆུང་གི་ཐ་སྙད་དེ་ནི། ཁང་པ་དེ་གཉིས་གཞི་རྒྱ་ཆེ་ཆུང་དང་།བཟོ་བཀོད་[4]སྤུས་ལེགས་ཉེས་སོགས་ཀྱི་ཁྱད་པར་འབྱེད་པ་གཏན་ནས་མིན། ཁང་པ་དེ་གཉིས་ཕྱིའི་རྣམ་པའི་ཐོག་ནས་ཁྱད་པར་མེད། དེ་གཉིས་ཀྱི་ཁྱད་པར་རམ་ཤན་འབྱེད་བྱེད་གཙོ་བོ་ནི། ས་ཁང་ཐོབ་དབང་ལམ་ལུགས་ཀྱི་རྒྱུན་སྲོལ་ལྟར། ནང་གི་རྒྱུ་ནོར་ལོངས་སྤྱོད་དང་། ཕྱི་ཡི་ས་ཞིང་ཆེ་ཆུང་དབང་གིས་ཕ་ཤུལ་འཛིན་མཁན་གྱི་བུ་རྒན་པའི་ཁྱིམ་རྒྱུད་ལ་ཁང་ཆེན་ཞེས་འབོད་པ་དང་། དེ་མིན་ཕ་མ་གཉིས་དང་གཅུང་པོ་དང་གཅུང་མོ་བཅས་ཟུར་འདུག་བྱེད་ཡུལ་གྱི་ཁང་པ་དེར་ཁང་ཆུང་ཞེས་འབོད་ཀྱི་ཡོད།

གཉིས། ཁང་ཆུང་གི་སྤྱི་སྲོལ་ལམ་ལུགས།

ཁང་ཆུང་[5]གི་སྤྱི་སྲོལ་ལམ་ལུགས་དེ་ཇི་ལྟར་ཡིན་ནམ་ཞེ་ན། ཕ་མ་གཉིས་དང་གཅུང་པོ་གཅུང་མོ་ཚོར་ཞིང་ཁ་བྲེའུ་[6]རེའི་ཐོབ་སྐལ་ཡོད་ཅིང་། དེའི་ཁར་གཅུང་པོ་དང་གཅུང་མོ་རྣམས་གྲྭ་པ་དང་བཙུན་མ་བྱེད་པའམ། ཡང་ན་མནའ་མ་དང་མག་པར་མ་བྱིན་པའི་བར་ཕ་མ་དང་ལྷན་དུ་ཁང་ཆུང་དུ་ཟུར་འདུག་བྱེད་རིང་། ཁོང་ཚོར་འཚོ་བའི་ལྟ་རྟོག་ཁང་ཆེན་གྱི་གནས་འཛིན་པ་བུ་རྒན་པས་བྱ་དགོས། བུ་རྒན་པའི་འོག་ཏུ་གཅུང་པོ་བུ་གཉིས་ཙམ་གྲྭ་པ་བཟོས་ཀྱང་གྲྭ་པ་ལ་ཞིང་ཆུང་རེའི་ཐོབ་སྐལ་ཡོད། དེ་བཞིན་ཁྱིམ་དེ་ནས་གཅུང་མོ་ཞིག་ཇོ་མོ་ (བཙུན་མ།) བྱས་ཀྱང་ས་ཞིང་གི་ཐོབ་དབང་གོང་ལྟར་ཡིན། འོན་ཀྱང་སྤྱི་ཏིའི་དམངས་ཁྲོད་དུ་ “ཇོ་མོ་ཁྱིམ་གྱི་གཡོག་མོ་ཡིན་”[7]ཞེས་བཤད། དེའི་དོན་ནི་སྔ་མོ་སྤྱི་ཏིའི་ཡུལ་དུ་བཙུན་དགོན་མེད་པ་དང་། དེར་བརྟེན་ཇོ་མོ་ཁྱིམ་དུ་བསྡད་ནས་ལས་ཀ་བྱ་དགོས་བྱུང་བའི་རྐྱེན་གྱིས་ཤོད་སྲོལ་དེ་ལྟར་བྱུང་བ་ཞིག་རེད། གང་ལྟར་ཁང་ཆེན་[8]ནས་བུ་དང་བུ་མོ་སུ་ཞིག་གྲྭ་པ་དང་ཇོ་མོ་བྱས་ཀྱང་། ཞིང་ཆུང་ཞིག་གི་ཐོབ་སྐལ་ཡོད་ལ། ཞིང་ཆུང་གི་མིང་ལ་ཡང་གྲྭ་ཞིང་[9]ཞེས་བཏགས་ཡོད། གྲྭ་པ་ནི་མཆོད་གནས་ཡིན་པ་ལྟར། ཞིང་ཁ་རྨོ་བ་དང་རྔ་བ་སོགས་ཀྱི་སྐབས་ཐོག་མར་གྲྭ་ཞིང་རྨོ་བ་དང་རྔ་བར་བྱེད། དེ་ནས་ཁང་ཆེན། མཐའ་མ་ཁང་ཆུང་ལ་བྱེད། འོན་ཀྱང་གྲྭ་ཞིང་ནི་ཁང་ཆེན་གྱི་གྲྭ་པ་དང་ཇོ་མོ་གང་ཡིན་པ་དེ་ཉིད། ཚེ་ཡི་འདུ་བྱེད་མ་སྟོང་བར་འཚོ་རྟེན་དུ་སྦྱོར་འཇགས་ཡིན་ནའང་། གྲྭ་པ་དེ་ཉིད་སྐུ་གཤེགས་ཚེ་སླར་ཡང་གྲྭ་ཞིང་དེ་ཕ་གཞིས་འཛིན་མཁན་གྱི་བུ་རྒན་པར་བདག་པ་ཡིན།

དེ་ཙམ་དུ་མ་ཟད། ཁང་ཆུང་གི་བདག་དབང་ཡང་ཁང་ཆེན་གྱི་བུ་རྒན་པར་ཡོད་པ་ལས། ཕ་མ་གཉིས་ཀྱིས་གཙོས་ཁང་ཆུང་ནང་འདུག་མཁན་གྱི་གཅུང་པོ་གཅུང་མོ་སུ་ཞིག་ལའང་མེད། རྗེས་སོར་ཕ་མ་གཉིས་སྐུ་གཤེགས་པ་དང་། གཅུང་པོ་དང་གཅུང་མོ་སོགས་བཙུན་པ་དང་བཙུན་མ་བྱེད་པ། ཡང་ན་མནའ་མ་དང་མག་པར་ཕྱིན་པའི་རྗེས་སུ། ཁང་ཆུང་དེ་ཁང་ཆེན་གྱི་བུ་རྒན་པས་དོ་དམ་བྱེད་ཅིང་། དེ་ཡང་རྗེས་སོར་རང་ཉིད་ཀྱི་བུ་རྒན་པར་བག་མར་བསུས་པ་ན། ཕ་མས་རང་ཉིད་ལ་ཇི་ལྟར་བསྒྲུབས་པ་བཞིན། ཁྱིམ་རྒྱུད་ཀྱི་རྒྱུ་ནོར་དང་། ཁང་པ། ས་ཞིང་བཅས་ཡོངས་སུ་རྫོགས་པ་བུ་རྒན་པར་རྩིས་སྤྲད་ནས་རང་ཉིད་དང་བུའི་ཨ་མ། བུ་རྒན་པའི་འོག་གི་བྱིས་པ་བཅས་སྔ་སོར་རང་གི་ཕ་མ་གཉིས་བཞུགས་སའི་ཁང་ཆུང་དེར་མཉམ་དུ་ཟུར་འདུག་བྱ་དགོས་པ་ཡིན་ནོ།།

གསུམ། ཁང་ཆེན་གྱི་ཐོབ་དབང་ལམ་སྲོལ་གཞན།

ཁང་ཆེན་གྱི་ཐོབ་དབང་ལམ་སྲོལ་གཞན་ཞིག་ནི། ཁང་ཆེན་གྱི་ཕ་རྒྱུད་འཛིན་མཁན་ཁྱིམ་བདག་ལ་བུ་མོ་རྐྱང་པ་ལས་བུ་གཅིག་ཀྱང་མ་བྱུང་ཚེ། ཕ་ཡི་ཁྱིམ་རྒྱུད་ཀྱི་རྒྱུ་ནོར་དང་། ས་ཞིང་། ཁང་པའི་ཐོབ་དབང་ཡོངས་སུ་རྫོགས་པ་དེ་གོང་དུ་བུ་རྒན་པར་ཡོད་ཚུལ་བརྗོད་པ་ལྟར། ཁྱིམ་དེའི་བུ་མོ་རྒན་པར་མག་པ་བསུས་རྗེས་བུ་མོ་རྒན་པ་ལ་རྩིས་སྤྲོད་དགོས་པ་ཡིན། འོན་ཀྱང་ཁང་ཆེན་ཞིག་ལ་བུ་མོ་རྒན་པ་དང་བུ་གཞོན་ཤོས་སུ་སྐྱེས་པའི་གོ་རིམ་བྱུང་ཚེ། དེ་ཡང་ཕ་རྒྱུད་ཀྱི་ནོར་རྫས་དང་། ཁང་པ། ས་ཞིང་བཅས་ཡོངས་སུ་རྫོགས་པའི་ཐོབ་དབང་དེ་ཁྱིམ་རྒྱུད་དེའི་བུ་ལ་ཡོད་པ་ལས་བུ་མོར་གཏན་ནས་མེད། ཡིན་ནའང་ཁྱད་པར་གཞན་ཞིག་ནི། ཁྱིམ་རྒྱུད་དེའི་བུ་མོ་རྒན་པ་མནའ་མར་འགྲོ་བའི་སྐབས། མ་ཡི་རྒྱན་ཆ་གང་ཡོད་རྣམས་རང་གི་བུ་མོ་རྒན་པར་ཐོབ་པ་ལས་གཞན་དག་ལ་མི་ཐོབ། བུ་མོ་རྒན་ཤོས་མནའ་མར་འགྲོ་ས་དེའང་སྤྱི་སྲོལ་ལྟར། ཁང་ཆེན་གཞན་ཞིག་གི་བུ་རྒན་ཤོས་ལ་མནའ་མར་འགྲོ་དགོས་པའོ། །

མདོར་ན་སྤྱི་ཏིའི་ས་ཁང་ཐོབ་དབང་ལམ་སྲོལ་ནང་ཕ་ཡི་ཤུལ་འཛིན་མཁན་དེ་བུ་རྒན་པ་དང་། བུ་མོ་རྒན་པ། ཡང་ན་གཅེན་མོའི་གཅུང་པོ་གསུམ་གང་ཞིག་བྱུང་ཡང་དེ་ནི་ཁང་ཆེན་གྱི་བདག་པོ་ངོ་མ་དེ་ཡིན་ལ། དེར་མ་ཟད་ཁང་ཆུང་གི་བདག་པོ་ངོ་མ་དེའང་ཡིན། དེ་ཡང་ཕ་མ་གཉིས་ཀྱི་མཉམ་ཁང་ཆུང་དུ་བཞུགས་མཁན་གཅུང་པོ་དང་གཅུང་མོ་དག་གིས་ཁང་ཆུང་དེར་སྡོད་པའི་རིང་དུ། གཅུང་པོས་མནའ་མ་བསུ་བ་དང་། གཅུང་མོས་མག་པ་ལེན་པའི་རིགས་གཏན་ནས་བྱེད་མི་རུང་། གལ་སྲིད་སྤྱི་སྲོལ་དེ་དང་འགལ་བར་གྱུར་ཚེ། གོང་གསལ་ལྟར་ཞིང་ཁ་བྲེའུ་རེའི་ནོར་སྐལ་ཙམ་ལས། ཁང་ཆུང་དེར་འདུག་པའི་ཐོབ་ཐང་མེད། དེར་བརྟེན་འཚོ་རྟེན་ས་ཞིང་དང་གནས་མལ་ཁང་པ་བཅས་རང་ཉིད་ཀྱིས་ཐབས་འཚོལ་བྱེད་པ་ལས། ཁང་ཆེན་གྱི་གཅེན་པོ་དང་ཁང་ཆུང་དུ་བཞུགས་པའི་ཕ་མ་བཅས་སུ་ལའང་རེ་བཅོལ་བྱེད་ས་མེད་པ་ནི། གནའ་བོའི་སྤྱི་ཏིའི་ཡུལ་གྱི་ས་ཁང་ཐོབ་དབང་ལམ་ལུགས་ཀྱི་སྤྱི་སྲོལ་[10]དེའོ།།

བཞི། ཞིང་ཁང་ལམ་ལུགས་འདི་རྒྱལ་ཁྲིམས་ལ་འབྲེལ་བ་ཡོད་ཚུལ།

སྤྱི་ཏིའི་ཞིང་ཁང་ལམ་ལུགས་དེ་ཉིད་སྤྱི་ཏི་ཡུལ་ཙམ་དུ་མ་ཟད། ལ་དྭགས་སྟོད་གཤམ་སོགས་ལ་དྭགས་ཀྱི་ཡུལ་རྣམས་སུའང་ལམ་སྲོལ་དེ་གཅིག་མཚུངས་སུ་ཡོད། དེ་ཡང་ལ་དྭགས་ཀྱི་མཁས་དབང་བཀྲ་ཤིས་རབ་རྒྱས་ཀྱིས་  “ཡུལ་གང་དུ་སོང་ཡང་སྔོན་སྲོལ་མང་པོ་ཞིག་ཡོད་པ་ཡིན། དེ་ནང་བཞིན་ལ་དྭགས་སུ་ཡང་སྔོན་སྲོལ་མང་པོ་ཞིག་ཡོད་དོ།། སྔོན་སྲོལ་འདི་ཀུན་ལ་སྔོན་དུས་སུ་རྒྱལ་ཁྲིམས་དང་ཡུལ་ཁྲིམས་ཀྱི་གོ་གནས་ཐོབ་ཡོད།”[11]ཅེས་དང་།“འདིར་ལ་དྭགས་པའི་འཇིག་རྟེན་བྱ་བའི་སྐོར་གྱི་སྔོན་སྲོལ་ཁ་ཤས་བརྗོད་ན། དང་པོ་ལ་དྭགས་འདིར་ཕ་མའི་རྒྱུ་ནོར། ཞིང་། ཁང་པ། རྟ་གཡག་སྒོ་ཕྱུགས། རྒྱུ་ཅ་ལག་རྣམས་བུ་ཆེ་ཤོས་དེ་ལ་ཐོབ་པའི་སྲོལ་ཡོད་པ་ཡིན། སྲོལ་འདི་བཞིན་ཕ་མ་གཉིས་ལ་བུ་མེད་ན་བུ་མོ་ཆེ་ཤོས་ལ་ཞིང་ཁང་ཐོབ་པ་ཡིན།”[12]ཞེས་པས་ནུབ་ཧི་མཱ་ལ་ཡའི་ལ་དྭགས་ལྗོངས་ཀྱི་ས་ཁང་ཐོབ་དབང་ལམ་ལུགས་ཇི་ལྟར་ཡིན་པ་དེ་གསལ་བཤད་བྱས་ཡོད། དེ་བཞིན་ཟངས་དཀར་[13]ཡུལ་དུའང་ས་ཁང་བདག་དབང་ལམ་ལུགས་དེ་གོང་གསལ་སྤྱི་ཏི་དང་། ལ་དྭགས་ཡུལ་ལྟར་ཡོད་པ་ནི། ཟངས་དཀར་ཚེ་རིང་བཀྲ་ཤིས་ཀྱིས་ “ཅི་ཙམ་གྱིས་སྲོལ་བཟང་ལུས་ཡོད་པ་ལྟར། སྲོལ་ངན་ཁ་ཤས་ཀྱང་འགོག་མ་ཐུབ་པར་ཡོད། དཔེར་ན།ད་དུང་ཡང་བརྒྱ་ཆ་དྲུག་ཅུ་རེ་ལྔ་ཙམ་སྔོན་ལྟར། བུ་དང་བུ་མོ་རྒན་པས་ཕ་མེས་ཀྱི་ས་ཞིང་ལ་བདག་བཟུང་བྱས་ནས་ཆུང་བ་ཀུན་ལ་མ་བགོས་པར་བཞག་འདུག”[14]ཅེས་ཁོང་གི་རྩོམ་ཡིག་ཟངས་དཀར་གྱི་སྤྱི་ཚོགས་ནང་དུ་འགྱུར་བྱ་ཞེས་པ་རུ་གསལ།

འོན་ཀྱང་སྤྱི་ཏིའི་ཡུལ་གྱི་ས་ཁང་བདག་དབང་ལམ་སྲོལ་དེ་ཉིད་སྔོན་དུས་ཞང་ཞུང་[15]ཁྲི་སྡེ་སྟོད་སྨད་བར་གསུམ་དུ་འབོད་པའི་ཡུལ་ཁག་གསུམ་སྟེ། གར་ཞྭ་དང་། སྤྱི་ཏི། ཁུ་ནུ་གསུམ་གྱི་ཁྲོད་ཁྲི་སྡེ་བར་བ་སྟེ་སྤྱི་ཏིའི་ཡུལ་ཁོ་ནར་མ་གཏོགས། གར་ཞྭ་དང་། ཁུ་ནུའི་ཡུལ་ཁག་གཉིས་སུ་མི་སེར་གྱི་ས་ཁང་ཐོབ་དབང་ལམ་སྲོལ་དེ་ལྟ་བུ་ཞིག་བྱུང་མེད་པ་དེས། ས་ཁང་ལམ་ལུགས་དེ་ནི་དེའི་སྐབས་ཀྱི་ཆབ་སྲིད་དབང་སྒྱུར་གྱི་རྒྱལ་ཁྲིམས་ལམ་ལུགས་ལ་འབྲེལ་བ་དམ་ཟབ་ཡོད་པ་གསལ་པོར་རྟོགས་ཐུབ་པ་ཞིག་རེད།

གཞན་དུ་ན་འབངས་མི་ཁྱིམ་ཁྲོད་དུ་བུ་བར་བ་གྲྭ་བ་བྱེད་དགོས་ཀྱི་ལམ་ལུགས་ཤིག  །ལ་དྭགས་རྒྱལ་སྲིད་ཀྱིས་ཡུན་རིང་དབང་བསྒྱུར་པའི་ཡུལ་སྡེ་སྤྱི་ལ་ཐུན་མོང་དུ་དར་སྲོལ་གྱུར་པ་དེའང་། རྒྱལ་པོ་གང་ཞིག་གི་སྐབས་ཀྱི་རྒྱལ་ཁྲིམས་ལ་བརྟེན་ནས་བྱུང་ཡོད་མེད་ལ་བརྟག་དགོས།  ལ་དྭགས་རྒྱལ་པོ་སེངྒེ་རྣམ་རྒྱལ་སྐབས་ “ལ་དྭགས་གང་པོ་ནས་བཙུན་ཁྲལ་བསྡུ་རྒྱུའི་བཀའ་སྤེལ། དེར་བརྟེན་ལ་དྭགས་སྟོད།གཤམ། བྱང་ཐང་། ལྡུམ་ར། ཟངས་དཀར། སྦལ་ཡུལ་བཅས་ནས་བཙུན་པ་བསྡུས་པས་རབ་ཏུ་བྱུང་བ་ལྔ་བརྒྱ་ལོངས།”[16]ཞེས་གསལ་ཞིང་། བཙུན་པ་འདི་དག་སྐབས་དེར་རྒྱལ་པོའི་དབུ་བླ་འབྲུག་པ་བཀའ་བརྒྱུད་ཀྱི་སྟག་ཚང་རས་པས་ཧེ་མི་བྱང་ཆུབ་བསམ་གླིང་དགོན་ཆགས་བཏབ་[17]རྗེས་བསྡུས་པ་ཞིག་ཡིན། དེ་ཚུལ་རྣམ་ཐར་དུ་ “དེའི་ཞབས་འབྲིང་དུ་མངའ་འོག་ནས་བན་ཁྲལ་ཅི་དགོས་བསྡུ་བ་སའི་བདག་པོའི་ལུགས་སྲོལ་དུ་སྣང་ན་ཡང་། ས་ཐག་རིང་བ་རྣམས་སྙིང་ལས་སུ་གྱུར་དོགས་ལ་ཐགས་སྟོད་གཤམ་ནས་གྲྭ་ཁྲལ་ཆེ་ལོང་ཙམ་བསྡུས་པ་རབ་ཏུ་བྱུང་བ་ལྔ་བརྒྱར་ལོངས་པའི་སློབ་དཔོན་དུ་དབོན་པོ་ཐར་པའི་ལམ་སྟོན་བསྐོས།”[18]ཞེས་པ་ལྟར། བན་ཁྲལ་ཞིག་རྒྱལ་པོ་སེངྒེ་རྣམ་རྒྱལ་སྐབས་ལ་དྭགས་སྟོད་གཤམ་སོགས་ནས་བསྡུས་ཡོད་པ་དང་། དེའི་སྲོལ་བཞིན་ཆོས་རྒྱུད་གཞན་དག་གིས་ཀྱང་རང་ཁོངས་མངའ་ཞབས་ནས་བཙུན་ཁྲལ་བསྡུས་པའི་ལམ་ལུགས་ཤིག་རིམ་བཞིན་དར་སྲོལ་བྱུང་བའི་ཉེར་ལེན་ལ་བརྟེན། མི་ཁྱིམ་རེ་ནས་བུ་རྒན་པ་ལས་གཞན་རྣམས་གྲྭ་བ་བཟོ་དགོས་གྱུར་མིན་དཔྱད། གང་ལྟར་བན་ཁྲལ་བསྡུ་དགོས་ཀྱི་གནས་སྟངས་ཤིག  །སྔ་སོར་རྒྱལ་དུས་སྐབས་སུ་བྱུང་ཡོད་པ་དེས་ཤུགས་རྐྱེན་ཕྲན་བུ་ཐེབས་ཡོད་པར་སྙམ།

ལྔ། དུས་རབས་བཅུ་བདུན་སྐབས་ཀྱི་སྤྱི་ཏིའི་ཆབ་སྲིད་དབང་སྒྱུར།

ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་[19]གྱིས་ཕྱི་ལོ་ ༡༥༩༠ ལོར་རྒྱལ་སྲིད་མཛད། རྒྱལ་པོ་འདིས་པུ་ཧྲེངས། གུ་གེ། ཟངས་དཀར། པུ་རིགས་ (བོད་རིགས་) སོགས་དབང་དུ་བསྡུས་ཏེ་རྒྱལ་སྲིད་རྒྱ་བསྐྱེད་པ་དེ་ནས་སྤྱི་ཏིའི་ཡུལ་ལུང་འདི་ཉིད་ལ་དྭགས་ཆབ་སྲིད་ཀྱི་མངའ་ཁོངས་ཤིག་ཏུ་གྱུར། སྤྱི་ཏི་རྟ་ཕོའི་གྲོག་ཟུར་གྱི་མཎ་ཐང་ཞིག་གི་ཁར།  “སེང་གེ་ཁ་འབབ་སྒྲུབ་པའི་གནས་ནས། ཕོ་བྲང་ཆེན་པོ་དཔལ་མཁར་རྩེར་ཆོས་རྒྱལ་ཆེན་པོ་སེང་གེ་རྣམ་རྒྱལ་དེ་མི་མཐུན་ཕྱོགས་ལས་རྒྱལ་གྱུར་ཅིག”[20]ཅེས་བྲིས་ཡོད། འདིས་སྐབས་དེ་ཙམ་ན་སྤྱི་ཏི་རྒྱལ་སྲིད་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱི་འཛིན་སྐྱོང་འོག་ཡོད་པ་གསལ་པོར་མཚོན་ཐུབ།

དེ་རྗེས་རྒྱལ་སྲིད་སྲས་ཆེ་བ་བདེ་ལྡན་རྣམ་རྒྱལ་གྱིས་བསྐྱངས་ཤིང་། སྲས་བར་བ་རབ་ཏུ་བྱུང་། ཆུང་བ་བདེ་མཆོག་རྣམ་རྒྱལ་ལ་སྤྱི་ཏི་དང་། ཟངས་དཀར་གཏད་ནས་མངའ་མཛད། སྐབས་དེ་ན་བདེ་མཆོག་རྣམ་རྒྱལ་ཟངས་དཀར་དཔའ་གཏུམ[21]དུ་བཞུགས་ཏེ་ཟངས་དཀར་གྱི་ཡུལ་དང་། སྤྱི་ཏིར་ཡང་དབང་སྒྱུར་བཞིན་པའི་སྐོར་མར་ཡུལ་ལ་དྭགས་ཀྱི་སྔོན་རབས་གསལ་བའི་མེ་ལོང་དུ་འཁོད་འདུག་[22]ཀྱང་། རྒྱལ་རབས་འཆི་མེད་གཏེར་ན། “ཆུང་བ་བདེ་མཆོག་རྣམ་རྒྱལ་ལ་སྤྱི་ཏི་གསོལ་སྐལ་དུ་གནང”[23]ཞེས་པ་ལས་ཟངས་དཀར་སྐོར་མི་གསལ། གང་ལྟར་སྐབས་དེ་ཙམ་ན། སྤྱི་ཏི་འདི་ཉིད་ལ་དྭགས་གླེ་ཆེན་དཔལ་མཁར་གྱི་རྒྱལ་སྲིད་འོག་རྒྱལ་ཕྲན་གྱི་ཚུལ་དུ་གནས་པ་ཤེས་ཐུབ།

ལ་དྭགས་རྒྱལ་རབས་ཉེར་དྲུག་པ་ཉི་མ་རྣམ་རྒྱལ་གྱིས་ (1680 -1720) བཙུན་མོ་ཆེན་མའི་སྲས་བདེ་སྐྱོང་རྣམ་རྒྱལ་ལ་གླེ་ཆེན་དཔལ་མཁར་གྱིས་རྒྱལ་སྲིད་གཏད་པ་དང་། བཙུན་མོ་ཆུན་མ་སྟེ་བོད་རིགས་ནས་བསུས་པའི་ཟི་ཟི་ཁ་ཏཱུན་གྱི་སྲས་བཀྲ་ཤིས་རྣམ་རྒྱལ་ལ་བོད་རིགས་[24]དང་སྤྱི་ཏི་སྩལ། ལ་དྭགས་རྒྱལ་རབས་འཆི་མེད་གཏེར་དུ་རྒྱལ་པོ་ཉི་མ་རྣམ་རྒྱལ་སྐབས་བོད་རིགས་དང་། ཟངས་དཀར། སྤྱི་ཏི། ལུང་ཁག་གསུམ་པོ་བཙུན་མོ་ཆུན་མའི་སྲས་བཀྲ་ཤིས་རྣམ་རྒྱལ་ལ་སྤྲད་ཚུལ་གསལ་ཡང་། ཝམ་ལེ་[25]ཆིངས་ཡིག་ལྟར་བྱས་ན། བོད་རིགས་དང་སྤྱི་ཏི་གཉིས་མ་གཏོགས་ཟངས་དཀར་གསལ་མེད་པས་བརྟག

གང་ལྟར་བཀྲ་ཤིས་རྣམ་རྒྱལ་གྱིས་བོད་རིགས་དང་སྤྱི་ཏིའི་ཡུལ་གཉིས་གླེ་ཆེན་དཔལ་མཁར་གྱི་རྒྱལ་སྲིད་འོག  རྒྱལ་ཕྲན་ཚུལ་དུ་ཕྱི་ལོ་ ༡༧༥༨ བར་ཏེ་སྐུ་མ་གཤེགས་བར་དབང་བསྒྱུར། མུལ་བེ་[26]རྒྱལ་བོ་བཀྲ་ཤིས་རྣམ་རྒྱལ་གྱིས་སྤྱི་ཏིར་དབང་བསྒྱུར་པའི་ཤེས་བྱེད་གཞན་ཞིག་ནི། སྤྱི་ཏིའི་སྐྱིད་གླིང་ནོ་ནོ་བསོད་ནམས་དབང་འདུས་གཟིམ་ཤག་གི་ཆོས་དཔེ་ལག་བྲིས་མ་ཞིག་གི་མཇུག་བྱང་དུ། “ ཕོ་བྲང་ཆེན་པོ་ལྷ་ལྡན་མུལ་པོ་རྩེར། ། ཆོས་རྒྱལ་ཆེན་པོ་བཀྲ་ཤིས་རྣལ་རྒྱལ་གྱི་དབུ་རྨོག་མཐོ་ཞིང་ཆབ་སྲིད་རྒྱས་གྱུར་ཅིག ཁོང་གི་ཆབ་སྲིད་བཟང་པོའི་སྤྱི་ཏི་འདིར། རྫོང་མཐོ་ལ་བཙན་པ་བྲག་མཁར་རྩེར། མཁར་དཔོན་ཆེན་པོ་ནོ་ནོ་བསྟན་སྐྱོང་གི་སྐུ་ཚེ་བརྟན་གྱུར་ཅིག ”[27]ཅེས་པས་གཞལ་ཐུབ།

དེ་རྗེས་སྤྱི་ཏི་དང་བོད་རིགས་གཉིས་སླར་ཡང་གླེ་ཆེན་དཔལ་མཁར་གྱི་རྒྱལ་པོ་ཚེ་དབང་རྣམ་རྒྱལ་གྱིས་དབང་བསྒྱུར་འོག་ཚུད་པ་ནི། སྤྱི་ཏིའི་མཎ་ཐང་ཞིག་ཏུ་རྒྱལ་ས་ཆེན་པོ་ “སླེ་ཆེན་དཔལ་མཁར་ཆོས་རྒྱལ་ཆེན་པོ་ཚེ་དབང་རྣམ་རྒྱལ་གྱི་དབུ་རྨོག་མཐོ་ཞིང་ཆབ་སྲིད་རྒྱས་གྱུར་ཅིག”[28]ཅེས་བྲིས་ཡོད། དེ་ནས་རིམ་བཞིན་ཉུང་ཏི་དང་། ཁུ་ནུ་རམ་པུར། ཟོ་ར་ཝར། སིག་རྒྱལ་པོ་རྣམས་ཀྱིས་གཅིག་རྗེས་གཅིག་འཕྲོར། སྤྱི་ཏིའི་ནང་བཅོམ་འཕྲོག་སོགས་ཀྱི་དབང་ཤུགས་སླེབས་ཡོད་ཀྱང་། དོན་ལ་སྤྱི་ཏི་མི་དམངས་རྣམས་ནས་ལ་དྭགས་ཀྱི་སྔར་ཁྲིམས་ལམ་སྲོལ་ལ་བརྩི་སྲུང་བྱས་ཡོད་ཚུལ་ཡིག་ཆ་ཁག་དུ་མར་གསལ།

མདོར་ན་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་(1590)ནས། ཕྱི་ལོ་ ༡༨༤༦ ལ་དབྱིན་གཞུང་གིས་སྤྱི་ཏི་གར་ཞྭ་གཉིས་ཀཱང་ར་རྫོང་ཁོངས་སུ་མ་བཏང་བར་མི་ལོ་ཉིས་བརྒྱ་ལྷག་ཅིག་རིང་། སྤྱི་ཏིའི་ཡུལ་འདི་ཉིད་ལ་དྭགས་གླེ་ཆེན་དཔལ་མཁར་གྱི་རྒྱལ་སྲིད་འོག་ཐེངས་གཉིས་ལ་བསྡད་པ་དང་། དེ་བཞིན་གླེ་ཆེན་དཔལ་མཁར་གྱི་མཁར་བུའི་རྒྱལ་སྲིད་འོག་ཏུའང་ལན་གཉིས་ལ་བསྡད། ཕྱིས་སྤྱི་ཏི་འདི་ཉིད་དབྱིན་ཇིའི་དབང་སྒྱུར་འོག་ཚུད་ཀྱང་། སྔར་གྱི་ཐོབ་དབང་ལམ་ལུགས་སོགས་ལ་དམིགས་བསལ་འགྱུར་བ་མ་བཏང་བར་བཞག་ཡོད་པ་ནི། “ སྔོན་ལ་དྭགས་རྒྱལ་དུས་སུ་སྤྱི་ཏིའི་དབུས་གྱུར་བྲང་མཁར་ཁབ་ཏུ་སྡོད་པའི་མཁར་དཔོན་གྱི་འོག་ཏུ་ཡོད་པའི་བློན་པོའི་གྲས་ཀྱི་སྤྱི་ཏི་ནོ་ནོ་བྱ་བ་ཡོད་པ་ཡིན། དབྱིན་ཇིའི་ཆབ་འོག་ཏུ་ཞུགས་ནས་ཀྱང་ཐོབ་ཐང་ཕལ་ཆེར་སྔར་བཞིན་མཆིས”[29]ཞེས་དུས་རབས་ཉི་ཤུའི་ལོ་རབས་ཉི་ཤུའི་ནང་ལ་དྭགས་པ་བསོད་ནམས་ཚེ་བརྟན་གྱིས་སྤྱི་ཏིར་ཆེད་དུ་རྟོག་ཞིབ་བགྱིས་ཏེ་བྲིས་ཡོད།

དེས་ན་གོང་གསལ་ས་ཁང་ལམ་ལུགས་དེ་ཉིད་རྒྱལ་ཁྲིམས་ལ་འབྲེལ་བ་ཅི་ཞིག་ཡོད་དམ་ཞེ་ན། དེ་ཡང་ལ་དྭགས་པ་བཀྲ་ཤིས་རྡོ་རྗེས་“ལ་དྭགས་ནང་པ་ཡོངས་ཀྱི་ཕ་མའི་ས་གཞིས་དང་རྒྱུ་ནོར་ཅི་ཡོད་ཨ་ཇོ་ཆེན་མོར་ཐོབ་པའི་ཚིར་ཡོད་པས། གཞན་ནུ་བོ་ནོ་མོ་(ནུ་མོ) སོགས་ལ་རྒྱུ་ནོར་ས་གཞི་སོགས་ཅུང་ཟད་ཀྱང་ཐོབ་ཀྱི་མེད། གལ་སྲིད་ཨ་ཕས་མནའ་མ་གཉིས་ཁྱོང་(བླངས་)ན། དེ་སྐབས་ཨ་ཕའི་རྒྱུ་ནོར་སོགས་མནའ་མ་སྔོན་མའི་བུ་ལ་ཐོབ། མནའ་མ་རྗེས་མའི་བུ་ལ་ས་གཞི་རྒྱུ་ནོར་ཅི་ཡང་མི་ཐོབ།”[30] ཅེས་པས་ཤེས། འདི་སྐབས་ཀྱི་ཚིར་ཞེས་པ་ནི་ལ་དྭགས་སྐད་ཀྱི་ཁྲིམས་ཞེས་པའི་དོན་[31]ཡིན་ཞིང་། ཁྲིམས་དེ་སྤྱི་ཏི་ཡུལ་འདི་འང་ལ་དྭགས་རྒྱལ་སྲིད་འོག་ལོ་ཉིས་བརྒྱ་ལྷག་ཅིག་གནས་པའི་རིང་། རྒྱལ་ཁྲིམས་དེ་བཞིན་ལག་བསྟར་བྱས་པ་ཞིག་ཡིན། དེ་ཡང་ཁུངས་བཙན་ཤོས་ཤིག་ནི་ལ་དྭགས་པ་བསོད་ནམས་ཚེ་བརྟན་གྱིས་“བླ་དྭགས་[32]རྒྱལ་ཁྲིམས་བཞིན་དེར་ཡང་བུ་ཆེ་བར་ཞིང་ཁང་རྙེད་ཅིང་། ཞིང་ཁང་བརྩེགས་ནས་ཟ་མི་ཆོག”[33]ཅེས་སྤྱི་ཏིའི་ཡུལ་གྱི་ས་ཁང་གི་གནས་བབ་སྐོར་གསལ་བཤད་བྱས་ཡོད་དོ། །

 དྲུག རྒྱལ་ཁྲིམས་ནང་ས་ཁང་ལམ་ལུགས་དེ་ཇི་ལྟར་དབུ་ཚུགས་སྐོར།

མི་སེར་གྱི་ས་ཁང་ཐོབ་དབང་ལམ་སྲོལ་དེ་ནི་སྒོ་ཀུན་ནས་བལྟས་ཀྱང་། ལ་དྭགས་རྒྱལ་རྒྱུད་ཀྱི་རྒྱལ་སྲིད་འཛིན་སྐྱོང་ལམ་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། དེ་ཡང་ལ་དྭགས་མཁས་དབང་བཀྲ་ཤིས་རབ་རྒྱས་མཆོག་གིས་ “སྔོན་སྲོལ[34]ལྟར་སྲས་ཆེ་བ་ལ་རྒྱལ་སྲིད་ཐོབ་ཅིང་། ཆུང་བ་ཀུན་ཧེ་མིས་དང་ཁྲིག་རྩེ་སོགས་དགོན་པ་སོ་སོར་རབ་ཏུ་བྱུང་ནས་ལྷ་ཆོས་མཛད་པ་ཡིན་ནོ། །”[35]ཞེས་པ་ལྟར། ལ་དྭགས་རྒྱལ་རྒྱུད་ནང་རྒྱལ་རབས་ཉེར་གཉིས་པ་རྒྱལ་པོ་སེངྒེ་རྣམ་རྒྱལ་གྱིས་སྲས་ཆེ་བ་བདེ་ལྡན་རྣམ་རྒྱལ་ལ་རྒྱལ་སྲིད་གཏད་ཅིང་། བར་བ་ཨིནྡྲ་བྷོ་དྷི་རབ་ཏུ་བྱུང་། དེའི་རྗེས་བདེ་ལེགས་རྣམ་རྒྱལ་ལ་སྲས་བཞི་བྱུང་སྟེ་སྲས་བགྲེས་པ་ཉི་མ་རྣམ་རྒྱལ་གྱིས་རྒྱལ་སྲིད་བཟུང་། སྲས་བར་བ་ངག་དབང་རྣམ་རྒྱལ་རབ་ཏུ་བྱུང་ནས་ཁྲིག་རྩེ་དགོན་དང་། དབང་ཕྱུག་རྣམ་རྒྱལ་དང་། དགའ་ལྡན་རྣམ་རྒྱལ་གཉིས་རབ་ཏུ་བྱུང་ནས་ཧེ་མི་དགོན་དུ་བཞུགས། དེས་ལ་དྭགས་རྒྱལ་རྒྱུད་ཀྱི་ཁྲི་འཛིན་ལམ་སྲོལ་ནང་། སྲས་བགྲེས་པས་རྒྱལ་སྲིད་བཟུང་ཞིང་སྲས་བར་བ་གཙོ་བོར་གྱུར།  གཞན་དག་རབ་བྱུང་མཛད་པའི་ལམ་སྲོལ་རྒྱུན་སྐྱོང་བྱས་པ་མཚོན་ཐུབ།

འོན་ཀྱང་ལ་དྭགས་རྒྱལ་བོ་ཉི་མ་རྣམ་རྒྱལ་གྱི་རྗེས་ལོ་ལྔ་བཅུ་ཡས་མས་སུ་ལ་དྭགས་རྒྱལ་སྲིད་ཐད་རྩོད་རྙོག་ཤུགས་ཆེར་བྱུང་། རྩོད་རྙོག་ཡོང་གཞི་[36]གཙོ་བོ་ཞིག་ནི། རྒྱལ་རབས་ཉེར་དྲུག་པ་བདེ་སྐྱོང་རྣམ་རྒྱལ་ལ་བཙུན་མོ་ཉི་ཟླ་དབང་མོ་བསུས་ནས་སྲས་ས་སྐྱོང་བལྟམས་ཀྱང་། རྒྱལ་ཡུམ་མ་མཐུན་པར་ཡུམ་ལྷོ་མོན་དུ་ལོག་ཅིང་། སྲས་ཧེ་མི་རུ་རབ་ཏུ་བྱུང་། དེ་རྗེས་བཙུན་མོ་ཉི་ཟླ་ཀུན་མཛེས་ལ་སྲས་ཚེ་དབང་རྣམ་རྒྱལ་དང་། དེ་རྗེས་བུ་ཁྲིད་དབང་མོར་སྲས་ཕུན་ཚོགས་རྣམ་རྒྱལ་བལྟམས། ནར་སོན་པ་ན་རྒྱལ་སྲིད་ལ་སྲས་བགྲེས་གཞོན་མ་མཐུན་པ་ནི། “ཚེ་དབང་རྣམ་རྒྱལ་དང་ཕུན་ཚོགས་རྣམ་རྒྱལ་གཉིས་པོ་རྒྱལ་སྲིད་ལ་མ་ཆམས་(འཆམས་)པར་[37]། དེ་དུས་བོད་ནས་བཀའ་(ཀཿ)ཐོག་རིག་འཛིན་ཆེན་པོ་ཕེབས་ནས། སྔོན་མ་མིན་པ་རྒྱལ་སྲིད་མི་འོས་བཀའ་མཛད།”[38]ཅེས་ལ་དྭགས་ཀྱི་རྒྱལ་རབས་བློ་དམན་རྣ་བའི་དགའ་སྟོན་དུ་གསལ། དེ་སྐོར་གྱི་གནས་ཚུལ་གསལ་ཙམ་ཞིག་ནི། “དེ་ནས་ལ་དྭགས་སྟོད་སྨད་ཀྱི་རྒྱལ་བློན་སོ་སོ་དང་སྐུ་དྲག་རྣམས་ཀྱིས་སྔོན་གྱི་རྒྱལ་ཁྲིམས་ལུགས་སྲོལ། དེ་དུས་ཀྱི་གནས་ཚུལ་རྒྱལ་སྲིད་ཀྱི་ཐབས་ཇུས་སོགས་ཞིབ་གསལ་རིག་འཛིན་ཆེན་པོར་ཞུས། སྐྱབས་མགོན་རིག་འཛིན་ཚེ་དབང་ནོར་བུས་ཀྱང་སྐྱིད་སྡུག་ལེགས་ཉེས་ཚང་མ་ཞིབ་པར་གསན། དཔྱད་བརྡར་ལེགས་པར་མཛད་ནས། ལ་དྭགས་མར་ཡུལ་གྱི་བསྟན་དོན་ལ་རྒྱའི་ཆེད་དུ་སྔོན་དུས་ལྟར་རྒྱལ་སྲིད་གཅེན་གྱིས་སྐྱོང་བ་དང་། རྒྱལ་སྲས་གཞོན་པ་རྣམས་ཧེ་མི་དང་ཁྲིག་རྩེ་སོགས་སུ་རབ་བྱུང་མཛད་དགོས་པ་ཐག་བཅད། དེ་ལ་དྭགས་སྟོད་ཀྱི་རྒྱལ་བོ་[39]དང་བོད་རིགས་ཀྱི་ཇོ་བོ་ཨ་ཁུ་བཀྲ་ཤིས་རྣམ་རྒྱལ་དང་བཀའ་བློན་ཚང་མས་དང་ལེན་ཞུས། དེ་ལ་བརྟེན་ཚེ་དབང་རྣམ་རྒྱལ་རྒྱལ་སྲིད་ལ་དབང་བསྐུར།” [40]ཞེས་གསལ་ཡོད། ཐག་གཅོད་དེ་ནི་ལ་དྭགས་རྒྱལ་སྲིད་འཛིན་པར་སྲས་གཅེན་གཅུང་བར་འཐབ་རྩོད་བྱུང་ཞིང་། སླད་ནས་འཐབ་རྩོད་དེ་ལྟར་མི་འབྱུང་ཕྱིར། རྒྱལ་སྲིད་སྲས་བགྲེས་པས་སྐྱོང་པ་དང་། གཞོན་པ་རྣམས་རབ་བྱུང་མཛད་དགོས་པའི་སྔོན་སྲོལ་ཞིག་ལ་གལ་བོ་ཆེར་ནན་ཏན་བྱས་པ་ཤེས་ཐུབ། ཡིན་ནའང་འདིར་རྟོགས་དགོས་པ་ཞིག་ལ། ལ་དྭགས་རྒྱལ་སྲིད་ནང་བུ་རྒན་པས་རྒྱལ་སྲིད་སྐྱོང་ཞིང་གཞོན་པ་རྣམས་གྲྭ་བ་མཛད་དགོས་ཀྱི་ལམ་ལུགས་དེ་སྔོན་སྲོལ་ཡོད་པ་ཞིག་ལ། ཀཿཐོག་རིག་འཛིན་ཆེན་པོས་མེ་ལ་བུད་ཤིང་གི་ཚུད་དུ་རྗེས་གནོན་མཛད་པ་ཞིག་ལས་གསར་བཅོས་གནང་བ་ཞིག་མ་ལགས།

དེ་ཡང་“ལ་དྭགས་སྟོད་ཀྱི་རྒྱལ་བ་མཁར་སྟེ། དེ་ནི་ལ་དྭགས་ཡུལ་སྲོལ་བཞིན་བུ་རྒན་པས་འཛིན་པ་ལས། གཞོན་པས་མི་ཐོབ་སྟེ། དོན་དེས་རྒྱལ་བ་ཇོ་བོ་མི་རབས་ཅི་རྙེད་མང་དུ་བྱུང་བ་ཡང་། བུ་ཆུང་ཆོས་སྒོར་ཞུགས་གཤིས། ཐེམས་རྐང་གཅིག་ལས་མ་འཕེལ་ལ། ངེད་ཀྱི་མེས་ཉི་མའི་སྐབས། མཁར་གྱི་ས་རིས་བློན་པོས་ཅི་བདེར་སྤྱོད་ཆོག་པ་བྱུང་གཤིས། བློན་བསོད་རང་གི་བུ་སྤུན་ཆོས་སྒོར་གཅིག་ཀྱང་མ་བཅུག་ནས། མཁར་གྱི་ས་གཞིས་འཕོང་མེད་ (ཕངས་མེད་) དུ་བགོ་བཤའ་བྱས།”[41]ཞེས་པ་འདིས། ལ་དྭགས་རྒྱལ་རབས་ཉེར་དྲུག་པ་རྒྱལ་པོ་ཉི་མ་རྣམ་རྒྱལ་སྔོན་ནས་རྒྱལ་སྲིད་འཛིན་སྐྱོང་དེ་བུ་རྒན་པས་བྱེད་ཅིང་། གཞན་རྣམས་གྲྭ་བ་བྱེད་དགོས་ཀྱི་ལམ་ལུགས་ཤིག་རྒྱུན་འཇགས་སུ་ཡོད་པ་དང་། ལམ་ལུགས་དེ་དབུ་རྒྱལ་པོ་ནས་བློན་པོ་བར་གཅིག་མཚུངས་སུ་ཡོད་པར་གསལ་བ་འདི་དང་། མི་སེར་ཁྲོད་དུའང་བུ་རྒན་པ་ཕ་ཡི་ཁྱིམ་གཞི་འཛིན་མཁན་དང་། གཞན་རྣམས་རབ་བྱུང་མཛད་དགོས་པ། ཕ་ཡིས་མནའ་མ་གཉིས་བསུས་ཚེ། མནའ་མ་སྔ་མའི་བུ་རྒན་ཤོས་ཕ་ཡི་ཁྱིམ་གཞི་འཛིན་མཁན་ཡིན་པའི་སྲོལ་ལུགས་གཉིས་སྒོ་ཀུན་ནས་འདྲ་ཞིང་། ལར་ལམ་སྲོལ་འདི་ཉིད་སྔོན་དུས་ལ་དྭགས་རྒྱལ་རྒྱུད་ཀྱིས་འཛིན་སྐྱོང་ཡུན་རིང་གནང་ཡུལ་མངའ་ཁོངས་ཁོ་ནའི་མི་སེར་ཁྲོད་དར་ཁྱབ་ཆེན་པོ་ཡོད་པ་ཞིག་ལས། དེ་མིན་གྱི་ཉེ་འབྲེལ་ཡུལ་ཁག་གཞན་དུ་ལམ་ལུགས་འདི་ལྟར་མེད་པ་དེས། གོང་གསལ་གྱི་ས་ཁང་ལམ་ལུགས་དེ་ནི་ངེས་པར་ལ་དྭགས་རྒྱལ་རྒྱུད་ཀྱི་རྒྱལ་སྲིད་འཛིན་སྐྱོང་ལམ་ལུགས་ལ་བརྟེན་ནས་བྱུང་པར་ཐེ་ཚོམ་མི་དགོས་པ་ཞིག་གོ། །

བདུན། རྒྱལ་ཁྲིམས་ནང་ས་ཁང་ལམ་ལུགས་དེ་ལྟ་བུ་ཞིག་འཇོག་དགོས་པའི་རྒྱུ་མཚན།

རྒྱལ་ཁྲིམས་ནང་ས་ཁང་ལམ་ལུགས་དེ་ལྟ་བུ་ཞིག་འཇོག་དགོས་པའི་ཐད། ཕྱོགས་གཅིག་ཁོ་ན་ནས་ལྟ་མི་རུང་ཞིང་དེ་ལའང་རྒྱུ་རྐྱེན་མང་པོ་ཞིག་རྟེན་ཅིང་འབྲེལ་ཡོད་པར་འདོད། གནད་དོན་གཞན་ཞིག་གོང་བརྗོད་ལྟར། ལ་དྭགས་རྒྱལ་རྒྱུད་ཁྲོད་རྒྱལ་སྲིད་འཛིན་པར་སྲས་བགྲེས་གཞོན་བར་འཐབ་རྩོད་ཡོད་པ་ལྟར། མི་སེར་ཁྲོད་ཀྱང་རང་ཁྱིམ་དྲོན་མོའི་ཁྱིམ་གཞི་འཛིན་པར་བུ་རྒན་གཞོན་བར་རྙོག་འཛིང་ཡོད་པ་དེ་ཤོད་མི་དགོས་པ་ཞིག་རེད། དེར་བརྟེན་ལ་དྭགས་རྒྱལ་པོ་རྣམས་ཀྱིས་འདས་པའི་རྒྱལ་རྒྱུད་ནང་སྲིད་དབང་འཐབ་རྩོད་བྱུང་རིམ་ཁག་ལ་ཐག་གཅོད་ཅི་མཛད་ཀྱི་ཉམས་མྱོང་སྤྱད་ནས། རྒྱལ་རྒྱུད་ཀྱི་རྒྱལ་སྲིད་འཛིན་སྐྱོང་བུ་རྒན་པས་བྱེད་པའི་ལམ་སྲོལ་ལྟར།  འབངས་མི་སེར་གྱི་ཁྱིམ་གཞི་སྐྱོང་སྟངས་ཀྱང་གཅིག་མཚུངས་ཤིག་ལག་བསྟར་བྱ་དགོས་གྱུར་པ་ནི་རྒྱུ་རྐྱེན་གཅིག་ཡིན་པར་འདོད། རྒྱུ་མཚན་གཞན་ཞིག་ནི་ལ་དྭགས་པ་ཚེ་རིང་བསོད་ནམས་ཀྱིས་“སྔོན་མ་ལ་དྭགས་རྒྱལ་པོའི་དབང་ཡོད་དུས་ཡུལ་གྱི་དཔལ་འབྱོར་དང་བསྟུན་ཏེ་མི་གྲངས་ཉུང་ངུར་འཇོག་པའི་སྲོལ་ཞིག་ཡིན་ནམ་སྙམ།”[42]ཞེས་པ་ལྟར། སྤྱིར་ལ་དྭགས་དང་སྤྱི་ཏི་སོགས་མི་འབོར་ལ་དཔགས་ན་ས་རྒྱ་ཧ་ཅང་ཆུང་ཆུང་ཞིག་མིན་ནའང་། ས་ཞིང་འདེབས་ལས་དང་སྡོད་ཁང་། ཆུ་ཡི་མཐུན་རྐྱེན་སོགས་འཚོ་བའི་དགོས་མཁོ་ཡོངས་སུ་སྒྲུབ་ཐུབ་པའི་རང་བྱུང་གི་ས་བབ་ཕུན་སུམ་ཚོགས་པ་ཞིག་མེད་[43]པ་དང། དེར་བརྟེན་རྒྱལ་དུས་སྐབས་ས་བབ་ཀྱི་ཐོན་ཁུངས་དང་བསྟུན་མི་གྲངས་ཉུང་ངུར་འཇོག་སླད། ས་ཁང་ལམ་ལུགས་དེ་ལྟ་བུ་ཞིག་ལག་བསྟར་བྱས་ཡོད་ཀྱང་སྲིད། དེའི་ཤེས་བྱེད་ཅིག་མཁས་དབང་བཀྲ་ཤིས་རབ་རྒྱས་མཆོག་གིས་ “དེ་ཡི་རྒྱུ་མཚན་ཆེ་ཤོས་ནི་ས་ཞིང་དུམ་བུར་ཕུད་ནས་སུ་ལ་ཡང་ཕན་མི་ཐོགས་པ་ཞིག་འགྱུར་མ་བཅུག་པ་ཡིན།”[44]ཞེས་གསུངས་ཤིང་། དེས་སྔ་མོ་མི་སེར་གྱི་ས་ཞིང་ཐོན་སྐྱེད་དེ་འདང་ངེས་ཞིག་མེད་པ་བསྟན་ཡོད། དེ་ལྟ་ན་མི་སེར་གྱི་ས་ཁང་ལམ་ལུགས་དེ་ལྟ་བུ་ཞིག་རྒྱལ་དུས་སྐབས་ཐག་གཅོད་མི་བྱེད་ཐབས་མེད་ཆགས་སྟབས།  རྒྱལ་བློན་རྣམས་ཀྱིས་ཡབ་མེས་གོང་མ་ཚོའི་སྐབས་རྒྱལ་སྲིད་བུ་ཆེ་བའི་སྐྱོང་ལུགས་ཡོད་པའི་སྤྱི་སྲོལ་ལྟར། མི་སེར་གྱི་ས་ཁང་ཐོབ་དབང་ལམ་ལུགས་ཀྱང་བུ་ཆེ་བར་ཐོབ་པའི་ཁྲིམས་སྲོལ་ཞིག་ལག་བསྟར་བྱས་ཤིང་། ཁྲིམས་སྲོལ་དེ་དག་ཡུལ་ཁག་ཚང་མར་དྲང་བདེན་དང་སྤྱི་སྙོམས་ཤིག་ཡོང་སླད། ཡུལ་ཁག་རེ་རེ་ནས་རྒད་པོ་རེ་བསྐོ་བཞག་བྱས་ཡོད་པ་ཡང་།  “རྒྱལ་ཁྲིམས་རྣམས་ཀྱང་རང་བློ་གང་ཤར་གྱིས་མཛད་པ་ཡེ་ནས་མི་གནང་ཞིང་། སྐུ་དྲག་སོགས་བཀའ་གྲོས་ (བགྲོས།) ཡུལ་ཡུལ་ནས། བློ་གྲོས་ཕུན་སུམ་ཚོགས་པ་རྒན་པོར་བཞག་ནས། ཞིང་ཁང་གི་བཀའ་ཤོག་སོགས་གནང་དགོས་རྣམས་ཀྱང་ཞུ་ངོ་དང་། ཕྱོགས་འཁྱེར་བའི་དབང་དུ་མ་བཏང་བར། སྐུ་དྲག་རྒན་གསུམ་བྱས། རྟེན་གསུམ་དཔང་དུ་བཞག  སྔར་གྱི་ཁུངས་རྗེས་བཅད། ཕྱིས་སུ་བརྗོད་བྱ་འབྱུང་རྒྱུའི་རྩ་བ་ཕུད་ནས།”[45]ཞེས་འབྱུང་བས་གཞལ་ནུས་སོ། །

བརྒྱད། རྒྱལ་ཁྲིམས་ཀྱི་རྒྱལ་སྲིད་འཛིན་སྐྱོང་དེ་སྔོན་སྲོལ་དང་འབྲེལ་བ།

འདིར་མ་གླེང་ཐབས་མེད་ཅིག་ལ། ནུབ་ཧི་མཱ་ལ་ཡ་སྤྱི་ཏིའི་མི་སེར་གྱི་ས་ཁང་ལམ་ལུགས་དེ་ནི་ལ་དྭགས་རྒྱལ་རྒྱུད་ཀྱི་སྲིད་དབང་འཛིན་སྐྱོང་ལམ་ལུགས་ལ་འབྲེལ་ཞིང་། ལ་དྭགས་རྒྱལ་རྒྱུད་ཀྱི་སྲིད་དབང་འཛིན་སྐྱོང་ལམ་ལུགས་དེའང་། ཆུ་མགོ་གངས་ཀྱི་དཔེ་ལྟར་སྔོན་གྱི་ཆོས་རྒྱལ་ཡབ་མེས་ཀྱི་རྒྱལ་སྲིད་འཛིན་སྐྱོང་ལམ་ལུགས་ཤིག་ལ་འབྲེལ་[46]ཡོད་པར་འདོད། དེ་ཡང་“ལ་དྭགས་ཀྱི་རྒྱལ་པོ་རྣམས་བོད་ཆོས་རྒྱལ་གྱི་གདུང་རྒྱུད་ཡིན་པས། ལ་དྭགས་ཀྱི་རྒྱལ་པོ་རྣམས་ཀྱིས་བོད་ཀྱི་ཆོས་རྒྱལ་ཚིར་རྣམས་ཀྱང་མཛད་ཡོད་ཚོད།”[47]ཅེས་པ་ལྟར། དགེ་ཆོས་ཀྱི་དེབ་དཀར་དུ་ “ཤོག་དྲིལ་ཀ་པའི་དབུ་ཤོག་རལ་བ་དེའི་ཐད་ན། སྲོང་བཙན་གྱི་གཅུང་བཙན་སྲུང་དང་སྐུ་མཆེད་མ་འཆམ་པའི་མཐར། བཙན་སྲོང་གཉལ་གྱི་ཡུལ་དུ་བཞུགས་སུ་བཅུག་ཅེས་བྲིས་འདུག་པས། གཅུང་བཙན་སྲོང་བྱ་བ་ཞིག་ཀྱང་འདུག་པ། དེ་དག་གི་ལོ་རྒྱུས་ཀྱང་རྩད་གཅད་པར་བྱའོ། །”[48]ཞེས་པ་འདིས་མེས་སྲོང་བཙན་ལ་གཅུང་བཙན་སྲོང་ཞེས་པ་ཞིག་ཡོད་པ་ཏུང་ཧོང་ཤོག་དྲིལ་དུ་གསལ་ཞིང་།  གཅེན་གཅུང་གཉིས་མ་འཆམ་སྟབས། གཅུང་བཙན་སྲོང་གཉལ་གྱི་ཡུལ་དུ་བཞུགས་སུ་བཅུག་སྟེ། རྒྱལ་སྲིད་ལ་གཅེན་སྲོང་བཙན་གྱིས་མངའ་བསྒྱུར་པ་ཤེས་ཐུབ། འདི་ནི་བོད་བཙན་པོའི་རྒྱལ་རབས་ནང་རྒྱལ་སྲིད་སྲས་བགྲེས་པས་འཛིན་དགོས་པའི་ལམ་ལུགས་ཡིག་ཆ་རུ་གསལ་བ་ཐོག་མ་དེའང་ཡིན་པར་སྙམ།

དེའི་རྗེས་སུ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་ལ་སྲས་ཁྲི་ལྡེ་གཙུག་བཙན་རལ་པ་ཅན་དང་། ལྷ་སྲས་གཙང་མ། དར་མ་འུ་དུམ་བཙན་བཅས་སྐུ་མཆེད་སུམ་བྱུང་ཞིང་། སྲས་དེ་གསུམ་བགྲེས་གཞོན་ཐད་ཡིག་ཆ་སོ་སོ་མི་མཐུན་ཡང་། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བར། “སྐུ་མཆེད་བགྲེས་གཞོན་གྱི་གོ་རིམ་ཐད་དུས་རབས་བཅུ་གཉིས་པའི་ཡས་མས་སུ་བརྩམས་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་དང་། ཉིང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ། ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ཆོས་འབྱུང་བསྟན་པའི་རྒྱལ་མཚན་རྣམས་གཅིག་མཐུན་དུ་གསལ་བའི་གོ་རིམ་ལྟར། ལྷ་སྲས་བགྲེས་པ་བཙན་པོ་རལ་བ་ཅན་དང་། འབྲིང་བ་གཙང་མ། ཆུང་བ་འུ་དུམ་བཙན་བཅས་ཡིན་པ་གཞི་བཟུང་བ་དང་།”[49] ཞེས་པ་འདིས། རྒྱལ་སྲིད་ལྷ་སྲས་བགྲེས་པ་རལ་བ་ཅན་གྱིས་བསྐྱངས་ཤིང་། འབྲིང་བ་ལྷ་སྲས་གཙང་མ་རབ་ཏུ་བྱུང་བ་ཤེས་ཐུབ་པར་མ་ཟད། བོད་བཙན་པོའི་གདུང་རབས་ནང་། སྲས་བགྲེས་པས་རྒྱལ་སྲིད་སྐྱོང་བ་དང་། ཆུང་བ་རབ་བྱུང་མཛད་དགོས་ཀྱི་ལམ་སྲོལ་ཐོག་མ་དེའང་འདི་ནས་དབུ་ཚུགས་ཡོད་པར་འདོད།  ཡིན་ནའང་། འུ་དུམ་བཙན་པོས་གཅེན་པོ་རལ་པ་ཅན་དཀྲོངས་པ་དང་། རིང་མིན་བོད་སིལ་བུ་འཐོར་ཞིང་བོད་བཙན་པོས་གདུང་རབས་ཀྱིས་སྤྱི་ལ་མངའ་དབང་བསྒྱུར་བའི་དུས་སྐབས་དེ་རྫོགས་པར་བརྟེན། ལམ་སྲོལ་དེ་ཉིད་ཀྱང་དེ་མུར་མཚམས་ཆད་དགོས་གྱུར་ཡོད། འོན་ཀྱང་ཕྱིས་ཆོས་རྒྱལ་གདུང་རབས་སྟོད་ནས་ཚུགས་སྐབས་སླར་ཡང་ཡབ་མེས་དུས་ཀྱི་རྒྱལ་སྲིད་འཛིན་སྐྱོང་ལམ་ལུགས་དེ་བཞིན་ལ་དྭགས་རྒྱལ་སྲིད་ནང་ལག་བསྟར་བྱས་ཡོད་པ་མ་ཟད། གུ་གེའི་རྒྱལ་རབས་ནང་ལའང་ལག་བསྟར་བྱས་ཡོད་པ་ནི། “མེ་མོ་ཁྱིའི་ལོ་ལ་གཙང་གི་ཀ་པེ་ཧྲག་( བྲག) ཏུ།གཅེན་པོ་འཁོར་རེ། ཁྲི་ལྡེ་སྲོང་བཙུན་(བཙན) ཡབ་ཆེད་(མཆེད) ཁུ་དབོན་རྣམས་གདན་འཛོམས། པུ་གུག་གི་འབངས་དྲ་མ་ཐམས་ཅད་ཚོགས། མངའ་རིས་སུ་དམ་པའི་ཆོས་ཅི་རྒྱས་ཀྱི་བཀའ་སྒྲོས་བཅད། སྲོང་ངེ་རབ་ཏུ་བཤེགས་( གཤེགས) པར་བཞེད་པས་གཅེན་གྱི་(གྱིས་) མངའ་སྐྱོང་བར་ཞུ་ཕུལ། སོ་སོར་ཁྲིམས་གཉིས་ཀྱི་བཅའ་ཡིག་ཀྱང་བསྩལ་ལོ། ། (བསྩལད་ཏོ། །)[50]” ཞེས་པས་གཅེན་འཁོར་རེས་རྒྱལ་སྲིད་བཞེས་པ་དང་། གཅུང་སྲོང་ངེས་རབ་ཏུ་བྱུང་བ་རྟོགས་པར་མ་ཟད། སོ་སོར་ཁྲིམས་གཉིས་ཀྱིས་བཅའ་ཡིག་སྩལ་པ་འདིས། བོད་ལ་དམ་ཆོས་དར་བ་ནས་བཟུང་རིམ་བཞིན་བོད་བཙན་པོའི་གདུང་རབས་ནང་སྲས་རྒན་པས་རྒྱལ་སྲིད་སྐྱོང་བ་དང་། སྲས་ཆུང་བ་རབ་ཏུ་བྱུང་དགོས་པའི་ལམ་ལུགས་ཤིག་རྒྱུན་འཛིན་བྱས་ཡོད་པ་རྟོགས་སོ། །

མཇུག་བསྡུ་བའི་་གཏམ།

ལོ་རྒྱུས་ཁག་སོ་སོ་གོང་བསྒྲིགས་ནས་བལྟས་ཚེ། ནུབ་རྒྱུད་ཧི་མཱ་ལ་ཡ་སྤྱི་ཏི་ཡུལ་གྱི་ཞིང་ཁང་ལམ་ལམ་ལུགས་དེ་ནི་གོང་བརྗོད་ལྟར། དམངས་ཁྲོད་ཀྱི་ལམ་སྲོལ་སྤྱིར་བཏང་བ་ཞིག་མ་ཡིན་པར། དབང་སྒྱུར་མངའ་བདག་སྟེ་སྐབས་དེའི་རྒྱལ་པོས་ཆེད་དུ་མི་སེར་གྱི་དཔལ་འབྱོར་ཐོན་སྐྱེད་འཁོས་སྙོམས་ཡོང་བ་དང་། མངའ་འབངས་མི་སེར་ཁྲོད་དུ་ཁྱིམ་ཚང་གི་རྒྱུ་ནོར་ཐད། ཁྱིམ་ཚང་ནང་ཁུལ་དུ་ཐོབ་ཐང་རྩོད་ལེན་གྱི་འགལ་འདུ་མི་འབྱུང་བ་སོགས་དགེ་མཚན་དུ་མ་ཞིག་ལ་དམིགས་ཏེ། ཞིང་ཁང་ལམ་ལུགས་དེ་འདྲ་ཞིག་རྒྱལ་དུས་སྐབས་སུ་ཆེད་དུ་གཏན་འབེབས་བྱས་པ་ཡོད་པ་ལོ་རྒྱུས་ཀྱི་ཕྱོགས་ཡོངས་ནས་མཐོང་ཐུབ་པ་དང། ལར་ནས་ཞིང་ཁང་གི་ཐོབ་དབང་ལམ་ལུགས་འདིས་སྐབས་དེའི་དབང་སྒྱུར་མངའ་བདག་རྒྱལ་པོ་དག་ནི་ཇི་འདྲའི་མཁས་མཛངས་ལྡན་པ་ཞིག་དང་། སྤྱི་སྙོམས་དྲང་བདེན། འབངས་མི་སེར་གྱི་བདེ་སྡུག་ལ་འགན་ཁུར་མཁན་གྱི་བཙན་པོ་ཞིག་རེད་ཨང་སྙམ་པར་མ་ཟད། གཏན་འབེབས་བྱས་པའི་མངའ་འབངས་མི་སེར་གྱི་ཞིང་ཁང་ལམ་ལུགས་དེའང་སྐབས་དེའི་དབང་སྒྱུར་བཙན་པོ་དག་གིས་རྒྱལ་རྒྱུད་ནང་ཁུལ་གྱི་ཆོས་སྲིད་འཛིན་སྐྱོང་རྒྱུན་སྲོལ་ཞིག་ལ་དཔེ་ལེན་བྱས་ཡོད་པ་རྟོགས་ཐུབ་ཅིང་། དེ་ཡང་མཐར་ཡར་དེད་ན་བོད་བཙན་པོ་མེས་པོ་གོང་མ་ཚོའི་སྐབས་ནས། ལམ་ལུགས་ཡོད་པའི་རྒྱལ་རྒྱུད་ནང་ཁུལ་གྱི་རྒྱལ་སྲིད་འཛིན་སྐྱོང་ལམ་སྲོལ་ཞིག་ལ་གཞི་བཅོལ་ཡོད་ཚུལ་ཞར་ལ་རྟོགས་ནུས་སོ། །

དཔྱད་ཡིག་དང་ཞབས་མཆན། 

[1]སྤྱི་ཏི་སྒྲ་བཤད་ནི་ཚིག་མཛོད་ན་སྒོམ་བརྒྱག་སའི་ཡུལ་ལ་བཤད།ཡང་ཁ་ཅིག་གིས་སྤྱི་ཏིའི་སྤྱི་ནི་ཐུན་མོང་ངམ་མང་པོའི་དོན་ཞེས་དང་། ཏི་ནི་ཆུ་སྟེ །དཔེར་ན། ར་ཏི། ཅང་ཏི། སྣ་ཏི། ལུང་པ་འདིར་ཆུ་དང་གངས་མང་པོ་ཡོད་པས་བཏགས་ཞེས་ཟེར། སྔ་སོར་ལྡེ་གཙུགས་མགོན་གྱིས་ཡུལ་བཟུང་། ཕྱིས་ལ་དྭགས་ཀྱིས་ཀྱང་དབང་བྱས། དིང་སྐབས་རྒྱ་གར་གྱི་ཧི་མཱ་ཅལ་མངའ་སྡེའི་ཁོངས་སུ་ཡོད། ཡུལ་འདིའི་སྟོད་སྨད་བར་གསུམ་དུ་ལོ་ཆེན་རིན་ཆེན་བཟང་པོས་བཞེངས་པའི་གཙུག་ལག་ཁང་གསུམ་ཙམ་མཇལ་དུ་ཡོད།

[2] ཀྱི་ཅམ་ཡུལ་གྱི་རྨོ་ཚེ་རིང་དབང་མོས་གསུངས། ཁོང་ཀྱིའི་ཡུལ་གྱི་རྒན་གསོ་ཁང་དུ་བཞུགས་ཡོད།

[3] སྤྱི་ཏི་ཡུལ་གྱི་སྔ་མོའི་དགོན་ཁག་ལྔ་ནི། རྟ་ཕོ་དགོན་དཔལ་ལྡན་བཀྲ་ཤིས་བདེ་གནས་གཙུག་ལག་ཁང་། སྤྲིན་དགོན་གསང་སྔགས་ཆོས་གླིང་། དཀྱིལ་དགོན་ནོར་བུ་དགེ་འཕེལ། བྲང་མཁར་དགོན་བཀྲ་ཤིས་ཆོས་གླིང་། སྟེང་རྒྱུད་ལྷུན་གྲུབ་རྩེ་བཅས་ཡིན།

[4] སྤྱི་ཏི་ཡུལ་དུ་ཁང་ཆེན་དང་ཁང་ཆུང་གང་ཡིན་ཡང་། ཁང་པ་ཕལ་ཆེ་བ་ཐོག་སོ་ཉིས་ཅན་ཡིན། ཁང་རྩེག་གསུམ་ཅན་ཡོད་པ་ཡང་ཡོད། ཁང་པའི་བཟོ་བཀོད་ནི་བོད་མངའ་རིས་དང་དབུས་གཙང་གི་སྔོན་གྱི་ཁང་བའི་བཟོ་བཀོད་རྣམས་དང་ཁྱད་པར་མེད།

[5]  ཁང་ཆུང་ལ་སྤྱི་ཏིའི་ཡུལ་དུ་ཁང་ཆུང་ཞེས་བརྡ་སྦྱོར་བ་མང་ནའང་། ལ་དྭགས་ཕྱོགས་ནས་ཁང་ཆུང་ལ་ཁང་བུ་ཞེས་བརྡ་སྦྱོར་ཆེ། དོན་ལ་གཅིག་སྟེ་ཁང་ཆུང་དང་ཁང་བུ་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན། འོན་ཀྱང་ཟངས་དཀར་ཕྱོགས་སུ་ཁང་ཆེན་ལ་ཁང་བ་སྟེ་ཁང་བ་ཁང་ཆུང་ཞེས་འབོད་སྲོལ་ཡང་ཡོད་སྐད།

[6]  ཞིང་ཁ་བྲེའུ་ཞེས་པའི་དོན་ནི་དཔེ་མཚོན་བྱེད་ཅིག་སྟེ་བྲེའུ་ནི་འབྲུ་རིགས་ཚད་འཇལ་བྱེད་ཀྱི་སྣོད་ཆུང་ཞིག་གི་མིང་ཡིན། དོན་ལ་འབྲུ་རིགས་ཉུང་ཉུང་ཞིག་གི་ས་ཞིང་ཐོབ་དབང་ཡོད་པ་མཚོན་བྱེད་ཙམ་ལས། དངོས་ནས་ཞིང་ཁའི་ཆེ་ཆུང་བྲེའུ་ཙམ་དང་། འབྲུ་རིགས་ཐོབ་ཐང་བྲེའུ་ཙམ་ཞེས་པར་ཐད་ཀར་གོ་བ་ལེན་པ་མིན།

[7]  སྔ་མོ་སྤྱི་ཏིར་ཇོ་མོ་སྟེ་བཙུན་མའི་དགོན་པ་མེད་པ་དང་། དེར་བརྟེན་བུད་མེད་རེ་འགའ་མགོ་རིལ་བྱས། གྱོན་ཆས་དམར་པོ་ཞིག་གྱོན་ནས་ཆོས་པའི་ཚུལ་དུ་སྡོད་པ་ལས་རབ་བྱུང་སོགས་བསྒྲུབ་རྒྱུ་མེད་ཅིང་། ཕལ་ཆེ་བ་ཁྱིམ་དུ་སྡོད་བཞིན་ཡོད་སྟབས། ཇོ་མོ་ནང་གི་གཡོག་མོ་ཡིན་ཞེས་པའི་ཁ་དཔེ་དེ་ལྟར་བྱུང་བ་ཡིན་པར་བཤད།

[8]  སྤྱི་ཏི་སྟོད་ཀྱི་སའི་ཆ་རང་རིག་ཡུལ་སྡེ་ལ་མཚོན་ན། ཁང་ཆེན་བཅོ་བརྒྱད་ཡོད་ཅིང་། ཁང་ཆེན་བཅོ་བརྒྱད་ཀྱི་ཞིང་ཁ་སྟེ་ས་ཞིང་རྣམས་རང་རིག་གྲོང་ཚོའི་མདུན་ལ་མཆིས། དེ་མིན་རྣམས་རང་རིག་གྲོང་ཚོའི་རྒྱབ་ཏུ་ཡོད། ས་ཞིང་དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ཡང་གྲོང་ཚོའི་མདུན་དུ་ཡོད་པའི་ཁང་ཆེན་གྱི་ས་ཞིང་རྣམས་ས་གཞི་སྣུམ་ཞིང་ཆེ། གཅིག་ཤོས་རྣམས་དེ་ལས་ལྡོག  །ཁང་ཆེན་གྱི་ས་ཞིང་དང་ཁང་པ་ལ་ཁྱད་མིང་ཡོད་པ་དེ་འདྲའང་ཡོད། ཁང་ཆེན་ནང་ཚན་ལའང་རིགས་འདྲ་མིན་གསུམ་དུ་དབྱེ་སྲོལ་འདུག

[9]  སྤྱི་ཏི་ཡུལ་དུ་ཞིང་ཁ་ལའང་གཡུ་ལོ་ཅན་དང་། གུར་གུམ་ཅན། པདྨ་གྲེའུ་སོགས་མིང་འདོགས་འདྲ་མིན་མང་དུ་མཆིས།

[10] སྤྱི་སྲོལ་འདི་དག་རྒྱལ་དུས་གང་ཞིག་གི་སྐབས་བྱུང་བ་ལའང་བསམ་གཞིགས་བྱ་དགོས་པ་ཞིག་རེད། སྤྱིར་ལ་དྭགས་སུ་སྔོན་སྲོལ་ཁག་ཅིག་གི་བཅོས་བསྒྱུར་དེ་རྒྱལ་པོ་སེངྒེ་རྣམ་རྒྱལ་སྐབས་བྱུང་ཡོད་པ་འདྲ། དེ་ཚུལ་ཞིག་ནི་ “ སེངྒེ་རྣམ་རྒྱལ་གྱིས་ཀྱང་ཞྭ་གཅིག་གི་སྲོལ་བཏོད།དེ་ལ་སེངྒེ་རྣ་ལྕོག་ཅན་ཟེར་ཞིང་། རྒྱལ་པོས་ཞྭ་དེ་བསླངས་ནས་བསྣམས་པ་དང་། མི་མང་ཚང་མས་བལྟབས་ཏེ་གྱོན་པ་ཡིན་ནོ། །  ” ཞེས་མར་ཡུལ་ལ་དྭགས་ཀྱི་སྔོན་རབས་གསལ་བའི་མེ་ལོང་དུ་འབྱུང་བ་དང་། ཡང་ “ ལ་དྭགས་ཀྱི་གོས་ལ་རྒྱལ་པོ་སེངྒེ་རྣམ་རྒྱལ་གྱི་སྐབས་སུ་བཅོས་བསྒྱུར་ཐེབས་ཤིང་ ” ཞེས་པར་གཞིགས་ཚེ། ཞྭ་ལས་གཞན་པའི་གྱོན་ཆས་ལའང་བཅོས་བསྒྱུར་ཕྱིན་པ་ཤེས། དེ་མཚུངས་ “ སྔོན་བུད་མེད་རྣམས་ཀྱིས་རྣ་གླན་འདོགས་སྲོལ་མེད་ཀྱང་སྐབས་ཤིག་རྒྱལ་མོ་ཞིག་གི་སྙན་ལ་སྙུན་ཟུག་བྱུང་། དེ་ཕྱིར་རྣ་གླན་ཆུང་ངུ་ཞིག་མཛད་ནས་བསྣམས། རྗེས་སུ་དམངས་ཁྲོད་ཀྱི་བུད་མེད་རྣམས་ཀྱིས་མཛེས་པར་མཐོང་ནས་རྣ་གླན་གྱོན། དེ་ནས་རིམ་བཞིན་ཆེ་རུ་བྱས་ནས་ད་ལྟའི་རྣ་གླན་འདི་ལ་གྱུར་པ་ཡིན། ” ཞེས་པ་སོགས་ལ་བརྟག་ཚེ་ལ་དྭགས་རྒྱལ་སྲིད་སྐབས་ལམ་སྲོལ་ཇི་སྙེད་ཅིག  རྒྱལ་པོས་རང་གིས་བསམ་བཞིན་དམངས་ཁྲོད་དུ་སྤེལ་ནས་བྱུང་བ་དང་། ཁ་ཅིག་དམངས་ཁྲོད་ནས་ཡར་རྒྱལ་པོའི་ཅི་མཛད་ལ་དཔེ་བལྟས་ནས་བྱུང་བའི་རིགས་ཀྱང་ཡོད་པ་འདྲ། གོང་གསལ་ལུང་ཁུངས་རྣམས་ནི། ཤེས་རབ་ཟོམ། ཇམ་མུ་ཀཱཤ་མིར་གྱི་བཟོ། སྤར་ལོ་ ༡༩༨༨ ལོའི་ཤོག་གྲངས་ ༤༠ དང་། ལོ་འཁོར་དཔེ་དེབ། ཇམ་མུ་ཀཱཤ་མིར་གྱི་བཟོ། སྤར་ལོ་ ༡༩༧༦ ལོའི་ཤོག་གྲངས་ ༢༡ ཐོག་གསལ་བས་ཞིབ་ཏུ་ཤེས་འདོད་པ་རྣམས་ཀྱིདས་དེར་གཟིགས་པར་འཚལ།

[11] ལོ་འཁོར་དཔེ་དེབ། ཇམ་མུ་ཀཱཤ་མིར་གྱི་བཟོ། ༡༩༧༧ ཤོག་༧༦

[12] ལོ་འཁོར་དཔེ་དེབ། ཇམ་མུ་ཀཱཤ་མིར་གྱི་བཟོ།  ༡༩༧༧ ཤོག་གྲངས་ ༧༦ – ༧༧ བར་གསལ།

[13] དེང་སྐབས་ཟངས་དཀར་ལའང་ལ་དྭགས་ཀྱི་སྒྲས་འབོད་སྲོལ་ཞིག་འདུག་ཀྱང་། འདི་ལ་ནི་ཟངས་དཀར་བཀྲ་ཤིས་ཚེ་རིང་གིས་ “ དེ་ཡང་རི་བོ་གངས་ཅན་གྱི་ནུབ་ཕྱོགས་མངའ་རིས་སྐོར་གསུམ་དུ་གྲགས་པའི་ནང་ནས། མར་ཡུལ་ལ་དྭགས། སྤྱི་ཏི། གར་ཞྭ། ཟངས་དཀར་གསུམ་སྐོར་ཚོ་གཅིག་ཏུ་བཞག་པ་”ཞེས་པའི་དོན་ལྟར། ལ་དྭགས་དང་ཟངས་དཀར་གྱི་མིང་སོ་སོར་བྲིས་པའང་དེ་ལྟར་རོ། །

[14] ཤེས་རན་ཟོམ། ཇམ་མུ་ཀཱཤ་མིར་གྱི་བཟོ། ༡༩༩༦ ཤོག་༡༠

[15] བསོད་ནམས་ཕུན་ཚོགས་ཀྱི་རྩོམ་ཡིག་ལ་དྭགས་ཀྱི་ས་གཞི་ཆགས་ཚུལ་ཞེས་པར “ ཁྲི་སྡེ་སྟོད་སྨད་གར་ཞ། ཁུ་ནུ།སྤྱི་ཏི་ ” ཞེས་་གསལ། ཤེས་རབ་ཟོམ། ཇམ་མུ་ཀཱཤ་མིར་གྱི་བཟོ། ༡༩༩༤ ཤོག་༡༠

[16] དགོན་རབས་ཀུན་གསལ་ཉི་སྣང་། རྩོམ་པ་པོ་འཇམ་དབྱངས་རྒྱལ་མཚན། སྤར་ཁང་རཱ་ཇེནྡྲ་བནདྷུ། ༡༩༩༥ ཤོག་༡༢༡

[17] དགོན་པ་འདི་ཉིད་བླ་མ་སྟག་ཚང་ (༡༥༧༡ – ༡༦༥༡) རས་པས་ཕྱི་ལོ་ ༡༦༣༠ ནང་ཕྱག་བཏབ། རྣམ་ཐར་དུ་ “ དགུང་ལོ་ང་བདུན་པ་རབ་མྱོས་ཏེ་སྟོན་རའི་ཚེས་དགེ་བའི་ཉིན་རྗེ་རྒོད་ཚང་པའི་སྒྲུབ་གནས་ཧེ་མིར་གཙུག་ལག་ཁང་སྒྲུབ་སྡེ་དང་བཅས་པ་བཏབ། ”  ཅེས་འབྱུང་།

[18] ཨོ་རྒྱན་པ་སྟག་ཚང་རས་པ་ངག་དབང་རྒྱ་མཚོའི་རྣམ་ཐར། མགུར་འབུམ། ལམ་ཡིག་དེབ་གཟུགས། སྤར་སྐྲུན་ཁང་། Indraprastha Press (CBT), New Delhi  ༢༠༠༨ ལོའི་ཤོག་གྲངས་ ༨༡ – ༨༢ བར་གསལ།

[19] རྒྱལ་པོ་འདིའི་སྲིད་ལོ་ཐད་ལ་དྭགས་ཀྱི་རྒྱལ་རབས་སྨྲ་བ་ཚོའི་བར་བཞེད་ཚུལ་མི་མཐུན་པ་མང་། ལ་དྭགས་རྒྱལ་རབས་འཆི་མེད་གཏེར་ན། ཕྱི་ལོ་ ༡༥༦༧ ལ་འཁྲུངས་ཤིང་། ཕྱི་ལོ་ ༡༥༩༤ བར་ཆབ་སྲིད་མཛད་དེ་མི་ལོ་ཉེར་བདུན་ཙམ་ལ་སྲིད་བསྐྱངས་པར་བཤད། ལ་དྭགས་དེབ་ཐེར་དུ་ཕྱི་ལོ་ ༡༦༡༦ ལ་ཁྲིར་འཁོད་པ་དང་ ༡༦༤༢ ལོར་གཤེགས་པར་བཤད།  ལ་དྭགས་ཀྱི་རྒྱལ་པོ་ཀུན་གྱིས་རྒྱལ་སྲིད་སྐྱོང་བའི་དཀར་ཆག་ཅེས་པ་ལས་ ༡༥༩༠  ཁྲིར་འཁོད་དེ་ཕྱི་ལོ་ ༡༦༢༠ བར་སྲིད་བསྐྱངས་པར་བཤད། ལོ་ཚིགས་ཕྱི་མ་འདི་དག་པར་སྙམ། རྗར་མན་གྱི་མཁས་དབང་ཧྥིར་རན་ཁི་དང་། ལ་དྭགས་ཀྱི་མཁས་དབང་བཀྲ་ཤིས་རབ་རྒྱས་སོགས་ཀྱིས་ཀྱང་ལོ་ཚིགས་འདི་ལ་ངོས་འཛིན་མཛད་འདུག

[20] ལ་དྭགས་ཀྱི་རྒྱལ་རབས་འཆི་མེད་གཏེར། བསོད་ནམས་ཚེ་བརྟན། སྤར་སྐྲུན་ཁང་། Broca’s Artistic, Srinagar- Kashmir ༡༩༧༦ ཤོག་གྲངས་ ༣༧༡ – ༣༧༢ བར་བཀོད་ཡོད།

[21] དཔའ་གཏུམ་ལ་འབྲི་ཚུལ་མི་འདྲ་ཡོད་ཀྱང་། རྒྱལ་ས་འདི་ཉིད་ལ་དྭགས་རྒྱལ་རྒྱུད་ཚོས་ཀྱང་བཞུགས་གནས་སུ་མཛད་ཡོད་པ་ནི། ཟངས་དཀར་ཆོས་འབྱུང་གསལ་བའི་མེ་ལོང་དུ་ “ འབར་གདན་དགོན་གྲུབ་ཆེན་བདེ་བ་རྒྱ་མཚོའི་སྐུ་དུས་སུ་ཆོས་རྒྱལ་བདེ་མཆོག་རྣམ་རྒྱལ་སྐུ་དུས་ནས་བརྒྱད་གྲྭའི་སྐུ་རིམ་མཛད་པར་མངོན། དཔའ་བདུན་རྒྱལ་པོ་བདེ་མཆོག་རྣམ་རྒྱལ་སྐབས་སུ་ཆོས་རྗེ་ངག་དབང་རྒྱལ་མཚན་ཡང་དགོན་འདིར་ཕེབས་ནས་རྒྱལ་བློན་འཁོར་བཅས་ལ་བཀའ་ཆོས་བཀའ་དབང་གིས་སྨིན་པར་མཛད། ” ཅེས་པས་རྟོགས།

[22] མར་ཡུལ་ལ་དྭགས་ཀྱི་སྔོན་རབས་ཀུན་གསལ་མེ་ལོང་། རྩོམ་པ་པོ་བཀྲ་ཤིས་རབ་རྒྱས།དཔར་སྐུན་ཁང་། Bharat Offset, Delhi   ༢༠༠༦ ཤོག་༢༢༢

[23] ལ་དྭགས་ཀྱི་རྒྱལ་རབས་འཆི་མེད་གཏེར། བསོད་ནམས་ཚེ་བརྟན། སྤར་སྐྲུན་ཁང་། Broca’s Artistic, Srinagar- Kashmir ༡༩༧༦ ཤོག་༣༩༧

[24] ཝམ་ལའི་ཆུ་རྒྱུད་ནས་དུ་ཞི་ལ་ཐུག་དང་། རང་ལྡུམ་ནས་སུ་རུ་ཆུ་དང་སེངྒེ་ཁ་འབབ་འདྲེས་མཚམས་ཀྱི་ཡུལ་མིང་ལ་བོད་རིགས་ (པུ་རིག) ཟེར། མི་གྲངས་ ༡༡༥༠༠༠ ཡོད་ཅིང་། ཡུལ་མི་ཚང་མས་བོད་སྐད་རྙིང་བ་བཤད། ཕྱི་ལོ་ ༡༥༤༠ ཙམ་དུ་དཀར་རྩེ་དྲུང་པ་རྒྱལ་པོ་བོད་དུ་ཕེབས་ནས་ནང་ཆོས་སློབ་གཉེར་གནང་སྟེ་ཕྱིར་བོད་རིགས་ལ་ལོག་རྗེས།  ཝ་ཁ་དང་། མུལ་བེ། ཤར་སྒོ་ལའི་དགོན་པ་བཞེངས། ཕྱི་ལོ་ ༡༩༨༠ ལོར་༸རྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་བ་མཆོག་ཡུལ་དེར་ཕེབས་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་འདོད་པ་རྣམས་ཀྱིས།  ལ་དྭགས་བསོད་ནམས་ཕུན་ཚོགས་ཀྱིས་བྲིས་པའི་རྩོམ་ཡིག བོད་རིགས་ཀྱི་ཆོས་འབྱུང་དང་ཤེས་རིག་ཅེས་པ། ལ་དྭགས་ཀྱི་ལོ་འཁོར་དཔེ་དེབ། ཇམ་མུ་ཀཱཤ་མིར་གྱི་བཟོ། སྤར་ལོ་ ༢༠༠༦ ལོའི་ཤོག་གྲངས་ ༤༡ – ༤༥ བར་གཟིགས་པར་འཚལ།

[25] ཝམ་ལེ་ཞེས་པ་ནི་ལ་དྭགས་ཀྱི་ཤར་ཕྱོགས་ན་ཡོད་པའི་བྱང་ཐང་ལ་ཟེར། ཡུལ་འདིར་ཤིང་ཝམ་བུ་ཆུ་དང་སྤང་མང་པོ་ཡོད་པས་དེ་ལྟར་མིང་ཐོགས་སྐད། བརྒྱ་ཕྲག་བཅུ་བཞིའི་ནང་ཕྱུགས་འཚོ་མཁན་རེ་ཟུང་མ་གཏོགས་མེད་པ་འདྲ། བརྒྱ་ཕྲག་བཅོ་ལྔའི་ནང་བླ་མ་སྟག་ཚང་རས་པས་ཐུགས་བཀོད་ལྟར། ཝམ་ལེ་རུ་དགོན་པ་བཞེངས། ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱིས་རྒྱལ་སྲིད་སྐྱོང་སྐབས། རྒྱལ་པོ་གླེ་དགུན་ས་དང་། ཝམ་ལེ་དབྱར་ས་མཛད་ནས་བཞུགས་སྟབས་དགོན་པ་རྒྱལ་པོའི་སྐུ་མཁར་ལྟ་བུ་ཞིག་ཀྱང་ཆགས། རྒྱལ་པོས་མི་ཁྱིམ་སྐོར་ཞིག་ཝམ་ལེར་སྒོ་ཕྱུགས་འཚོ་སྐྱོང་ཕྱིར་བཙུགས་པས་འཕེལ། བརྒྱ་ཕྲག་བཅོ་བརྒྱད་པའི་ནང་ལ་དྭགས་སྟོད་གཤམ་སོགས་ཀྱི་རྒྱལ་བློན་རྣམས་གནས་དེར་འཛོམས་ནས་ལ་དྭགས་ནང་འགྲིག་གི་ཚོགས་འདུ་ཆེན་པོ་ཞིག་བསྐངས། དེར་ཡིག་ཆ་ཁག་ཏུ་ཝམ་ལེ་ཚོགས་འདུ་ཆེན་མོ་དང་ཝམ་ལེའི་ཆིངས་ཡིག་ཅེས་ཀྱང་འབྱུང་།

[26] མུལ་བེ་འདི་ཉིད་གོང་གསལ་བོད་རིགས་ (པུ་རིག) ཞེས་པའི་ཡུལ་ཁོངས་སུ་ཡོད་པ་དང་། ལ་དྭགས་རྒྱལ་པོ་ལྷ་ཆེན་ཉི་མ་རྣམ་རྒྱལ་སྐབས་སུ་མུལ་བེ་རུ་དགའ་ལྡན་ལྷ་རྩེ་ཞེས་པའི་སྐུ་མཁར་ཞིག་བརྩིགས་ཏེ། བཙུན་མོ་ཆུང་བའི་སྲས་བཀྲ་ཤིས་རྣམ་རྒྱལ་ལ་མཁར་དེ་གཏད་ནས་བོད་རིགས་དང་སྤྱི་ཏི་གཉིས་ལ་དབང་བསྒྱུར་དུ་བཅུག  མཁར་དེའི་མིང་ལ་མུལ་བེ་མཁར་དང་། དངུལ་མདོག་མཁར་ཡང་ཟེར།

[27] སྤྱི་ཏིའི་མཁར་དཔོན་གྱི་མི་རྒྱུད་སྐྱིད་གླིང་ནོ་ནོ་ཚེ་རིང་དབང་འདུས་ཀྱི་མཆོད་ཁང་དུ་བཞུགས་པའི་ཆོས་དཔེ་ཞིག་གི་མཇུག་བྱང་དུ་བྲིས་ཡོད།

[28] སྤྱི་ཏི་ཡུལ་གྱི་མཎ་ཐང་ཞིག་ཏུ་རིང་ཚད་ཁྲུ་གཉིས་ཙམ་ཡོད་པའི་རྡོ་ལེབ་ནར་མོ་ཞིག་གི་ཐོག་བྲིས་ཡོད།

[29] ལ་དྭགས་ཀྱི་རྒྱལ་རབས་འཆི་མེད་གཏེར།བསོད་ནམས་ཚེ་བརྟན། སྤར་སྐྲུན་ཁང་། Broca’s Artistic, Srinagar- Kashmir ༡༩༧༦ ཤོག་༣༢༡

[30] ཤེས་རབ་ཟོམ་གྱི་དཔེ་དེབ། ཇམ་མུ་ཀཱཤ་མིར་གྱི་བཟོ། སྤར་ལོ་༡༩༨༥ ལོའི་ཤོག་གྲངས་ ༡༤ – ༡༥ བར་གསལ།

[31] སྤྱིར་ཚིར་ཞེས་པའི་ཡིག་འབྲུ་འདི་དབྱིན་སྐད་དང་། ཧིན་དྷིའི་སྐད། ཨར་རྡུའི་སྐད། བོད་ཀྱི་ཚིག་མཛོད་རྣམས་སུའང་མེད་པར་ལ་དྭགས་རང་གི་ཐུན་མོང་མ་ཡིན་པའི་སྐད་དམིགས་བསལ་ཞིག་ཡིན་སྐོར། ལོ་འཁོར་དཔེ་དེབ། ཇམ་མུ་ཀཱཤ་མིར་གྱི་བཟོ། དཔར་ལོ་ ༢༠༠༣ ལོའི་ཤོག་གྲངས་ ༧ – ༨ བར་གསལ། ཕྱི་ལོ་ ༡༩༨༥ ལོའི་ཤེས་རབ་ཟོམ་གྱི་རྩོམ་བྱང་ཞིག་ཏུ་ “ ལ་དྭགས་ནང་དུ་རང་དབང་སྔོན་དུ་མངའ་བདག་གཞུང་གི་ལས་ཚིར་དང་ཡུལ་གྱི་ལུགས་སྲོལ་ ” ཞེས་པ་ནས་ཀྱང་ཚིར་གྱི་དོན་ལ་ངེས་པ་འདྲོངས་རིགས་སོ། །

[32] ལ་དྭགས་ཀྱི་ཡུལ་འདིར་ཡིག་ཆ་ལ་ལར་བླ་དྭགས་ཞེས་འབྱུང་བ་དང་། ཡང་ཁ་ཅིག་ཏུ་ལ་དྭགས་དང་། སྟག་ཚང་རས་པའི་རྣམ་ཐར་དུ་ལ་ཐགས་ཞེས་ཀྱང་འབྱུང་བས་འབྲི་སྲོལ་ཚང་མར་རྒྱུན་མཚན་རེ་ཡོད་ངེས་ཀྱང་། དེང་སྐབས་ཡོངས་གྲགས་སུ་ལ་དྭགས་ཞེས་འབྲི་བ་མང་ངོ་། །

[33]  ལ་དྭགས་ཀྱི་རྒྱལ་རབས་འཆི་མེད་གཏེར། བསོད་ནམས་ཚེ་བརྟན། སྤར་སྐྲུན་ཁང་། Broca’s Artistic, Srinagar- Kashmir ༡༩༧༦ ཤོག་༣༢༢

[34] སྔོན་དུས་ནི་ཕྱོགས་གཉིས་ལ་དབྱེ་ཆོག  དང་པོ་ནི་ཆོས་རྒྱལ་གདུང་རྒྱུད་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་ཀྱི་སྲས་བགྲེས་པ་ཁྲི་གཙུག་ལྡེ་གཙུག་བཙན་རལ་པ་ཅན་གྱིས་རྒྱལ་སྲིད་བཟུང་ཞིང་། སྲས་བར་བ་ལྷ་སྲས་གཙང་མ་རབ་ཏུ་བྱུང་ཡོད། དེའི་རྗེས་ལ་དྭགས་རྒྱལ་པོ་སེངྒེ་རྣམ་རྒྱལ་གྱི་སྲས་ཆེ་བ་བདེ་ལྡན་རྣམ་རྒྱལ་གྱིས་རྒྱལ་སྲིད་བཟུང་ཞིང་། སྲས་བར་བ་ཨིནྡྲ་བྷོ་དྷི་རབ་ཏུ་བྱུང་བ་སོགས་ལ་གོ་རིགས་པ་ཞིག་གོ །

[35]  ཤེས་རབ་ཟོམ། ཇམ་མུ་ཀཱཤ་མིར་གྱི་བཟོ། ཕྱི་ལོ་ ༡༩༨༣ ལོ་ ༥ དེབ། ཤོག་གྲངས་ ༩༣ – ༩༤ བར་གསལ།

[36] རྩོད་རྙོག་དེའི་ཕྱོགས་གཅིག་ནི་མེས་ཉི་མ་རྣམ་རྒྱལ་སྐབས་བཙུན་མོ་ཆེ་བའི་སྲས་བདེ་སྐྱོང་རྣམ་རྒྱལ་ལ་རྒྱལ་སྲིད་གཏད་ཀྱང་། བཙུན་མོ་ཆུང་བའི་སྲས་བཀྲ་ཤིས་རྣམ་རྒྱལ་ལའང་སྤྱི་ཏི་དང་མཁར་བུ་སོགས་ཡུལ་ཁག་ཅིག་གཏད་པར། བདེ་སྐྱོང་རྣམ་རྒྱལ་སྐབས་རྩོད་རྙོག་མ་བྱུང་ཡང་། བདེ་སྐྱོང་རྣམ་རྒྱལ་གྱི་སྲས་ཕུན་ཚོགས་རྣམ་རྒྱལ་སྐབས་རྩོད་རྙོག་བྱུང་། འོན་ཀྱང་ཀཿཐོག་རིག་འཛིན་པ་ཆེན་པོས་རྩོད་རྙོག་དེ་ཉིད་འདུམ་འགྲིག་མཛད་ཡོད་དོ།།

[37] མཁས་དབང་བཀྲ་ཤིས་རབ་རྒྱས་མཆོག་གིས་ “དེ་ཡི་རྗེས་སུ་རིན་ཆེན་རྣམ་རྒྱལ་ལ་སྲས་ཆེ་བ་ལྷ་དབང་རྣམ་རྒྱལ་དང་། ཆུང་བ་བཀྲ་ཤིས་རྣམ་རྒྱལ་གཉིས་དང་། ཆུང་བ་བཀྲ་ཤིས་རྣམ་རྒྱལ་གྱིས་རང་ཉིད་ཁྲི་ལ་དབང་ཕྱིར། གཅེན་པོ་ལྷ་དབང་རྣམ་རྒྱལ་གྱི་སྤྱན་གཉིས་བཏོན་ནས་ལིང་ཤེད་དུ་བཙོན་ལ་བཞག  དེ་གཉིས་ཙམ་མ་གཏོགས་རྒྱལ་བུ་སྐུ་མཆེད་ཀྱི་བར་སྲིད་དབང་ཕྱིར་འཐབ་འཛིང་དང་ངན་གཡོ་ནམ་ཡང་མ་བྱས་ཤིང་། སྔོན་སྲོལ་ལྟར་སྲས་ཆེ་བ་ལ་རྒྱལ་སྲིད་ཐོབ་ཅིང་། ཆུང་བ་ཀུན་ཧེ་མི་དང་ཁྲིག་རྩེ་སོགས་དགོན་པ་སོ་སོར་རབ་ཏུ་བྱུང་ནས་ལྷ་ཆོས་མཛད་པ་ཡིན། ” ཞེས་པ་འདིས་ལ་དྭགས་རྒྱལ་སྲིད་འཛིན་པར་སྲས་བགྲེས་གཞོན་བར་འཐབ་རྩོད་དེ་སྔོན་ནས་ཡོད་པ་ཤེས་ཐུབ།

[38] ལ་དྭགས་ཀྱི་རྒྱལ་རབས་བློ་དམན་རྣ་བའི་དགའ་སྟོན། རྒན་བསོད་ནམས། སྤར་རྩ་ལག་བྲིས་མ། སྤར་ལོ་རབ་བྱུང་བཅུ་དྲུག་པའི་ཤིང་སྦྲུལ། ཤོག་ ༣༤

[39] སྔོན་དུས་ལ་དྭགས་གླེ་རྒྱལ་སྲིད་འོག་རྒྱ་པ་ཇོ་བོ་ལ་སྟོད་རྒྱལ་པོ་དང་། མུལ་བེ་རྒྱལ་བོ་ལ་སྨད་རྒྱལ་པོ་ཞེས་འབོད་སྲོལ་བྱུང་བ་དེ་ལ་ཟེར།

[40] མར་ཡུལ་ལ་དྭགས་ཀྱི་སྔོན་རབས་ཀུན་གསལ་མེ་ལོང་། རྩོམ་པ་པོ་བཀྲ་ཤིས་རབ་རྒྱས།དཔར་སྐུན་ཁང་།Bharat Offset, Delhi ༢༠༠༦ ཤོག་གྲངས་ ༣༢༧ – ༣༢༨ བར་གསལ།

[41] Francke (1999:225).

[42] ཤེས་རབ་ཟོམ་དཔེ་དེབ། ཇམ་མུ་ཀཱཤ་མིར་གྱི་བཟོ། ༡༩༨༨ ཤོག་༤༦

[43] དེ་ཡི་ཚུལ་ཞིག་ནི་ “ རི་མང་པོ་དང་འཕྲང་འཕྲེད་གཟར་པོ་ཐང་སྐམ་མང་བས། ཆུ་འདྲེན་བདེ་བའི་ས་གཞི་ཉུང་ཤས་ཤིག་ལ་མིན་པ་ས་ཞིང་དང་སྒོ་ལྕང་སོགས་འབད་ (འདེབས། ) མི་ཐུབ། སྔར་གྱི་མི་ཀུན་གྱིས་ཕུར་གངས་རི་ཡོད་པའི་མདོ་ཀུན་ལ་ཡུལ་བཙུགས་ཡོད། ” ཅེས། ཤེས་རབ་ཟོམ། ཇམ་མུ་ཀཱཤ་མིར་གྱི་བཟོ།  ༢༠༠༣ ་ཤོག ༡

[44] ལོ་འཁོར་གྱི་དཔེ་དེབ། ཇམ་མུ་ཀཱཤ་མིར་གྱི་བཟོ། ༡༩༧༧ ཤོག་ ༧༦

[45] ལ་དྭགས་རྒྱལ་རབས། རྩོམ་པ་པོ་ཡོ་སེ་ཕ་ཚེ་བརྟན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ཤོག་༦༣

[46] ལ་དྭགས་ཀྱི་མཁས་དབང་བཀྲ་ཤིས་རབ་རྒྱས་ཀྱིས་ “ རྒྱལ་དུས་ལའང་སྲིད་བྱུས། མི་ཚེ་སྐྱོང་སྟངས། ཚོང་དང་ས་ཞིང་འབད་སྟངས་སོགས་ཤེས་རིག་གང་པོའི་ནང་ལ་སྔོན་ལུགས་ཤིག་ཡོང་འདུག ”ཅེས་པ་འདིའང་གནད་དོན་དེའི་ཐད་ཀྱི་ཤེས་བྱེད་ཅིག་རེད་འདོད། ཤེས་རབ་ཟོམ། ཇམ་མུ་ཀཱཤ་མིར་གྱི་བཟོ། ༢༠༠༣ ཤོག་༡༥

[47]  ཤེས་རབ་ཟོམ་དཔེ་དེབ། ཇམ་མུ་ཀཱཤ་མིར་གྱི་བཟོ། ༢༠༠༣ ཤོག་༡༣

[48] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༧༤ ཤོག་༢༧༨

[49] བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་སྒྲིག་རྩོམ་བྱས་པ། ༡༩༨༩ ཤོག་ ༣༨༢ – ༣༨༣ བར་གསལ།

[50] ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་དབུ་མེད་ལག་བྲིས་མ་ཤོག་གྲངས་དགུ་པའི་རྒྱབ་གཟུགས་ཐིག་ཕྲེང་ལྔ་བ་ནས་བདུན་པ་བར་གསལ།

Bibliography

Drigungkyapgönchetsang [ʼBri gung skyabsmgonchetshang]. 2015. Bod btsanpo’irgyalrabs. Berkeley: Yeshe De Preservation Project.

Francke, A.H. 1998 (1907) A History of Western Tibet: One of the Unknown Empires. Delhi: Motilal Banarsidas.

Ga sha dngos grub. Spyiti.

Ka chenlozangzöpa [dKaʼchenblobzangbzod pa]. 1979. Zangs dkargyirgyalrabs dang chosʼbyung. J&K Academy of Arts, Culture and Languages.

Kyilgön dorje tseten [dKyildgonrdorjetshebrtan]. 2011. Spyiti’iyulgyisngonbyung lo rgyus rags bsdus. Spiti Students Welfare Society

Lyall, J.B. 1874. Report of the Land Revenue Settlement of the Kangra District, Panjab, 1865-72. Lahore: Printed at Central Jail Press.

Rinchen namgyel [Rin chenrnamrgyal]. 1993. rGodtshangbamgon po rdorjernam par thar bamthongba don ladn nor bu’iphrangba. Zhining: Mtshosngon mi rigs dpeskrunkhang..

Vitali, R. 1996. The Kingdom of Gu.ge Pu.hrang: According to mNgaʼ.risrgyal.rabs by Gu.ge mkhan.chenNgag.dbang. Dharamsala: Tho.linggtsug.lag.khanglo.gcig.stongʼkhorbaʼirjes.dran.mdzadsgoʼigo.sgrigtshogs.chung.

Sönampüntsok [bSodnamsphuntshogs] (ed.). 2000. La dwags deb ther. Tseten Namgyal and Sonam Phuntsog.

Tsültrimjungne [Tshulkhrims ’byunggnas] (ed.). 1975. Ngagdbangtshe ring girnam thar kuntubzangpo’izlos gar yid kyibcudlen. Delhi: Tobdan Tsering.

Penjorzang and Yérutaktsang pa [Dpalʼbyorbzang and G.yasru Stag tshang pa]. 2012 [?]. ChosʼByungMkhasPa’iYid’Phrog Zhang Zhung Pa DpalByorBzang Po, edited by R. Vitali. Dharamsala: Amnye Machen Institute.

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།