ནང་དོན་གནད་བསྡུས། བྱ་ཚིག་རྣམ་གཞག་གི་གཞུང་ལུགས་ཀྱི་འཕེལ་འགྱུར་ལ་བལྟ་བ། ཞེས་པའི་དཔྱད་རྩོམ་འདིའི་ནང་དུ། གཙོ་བོ་དུས་རབས་བཅུ་གསུམ་ནས་ཉི་ཤུ་བར་དུ། སུམ་རྟགས་གཉིས་གཙོ་བོར་གྱུར་པའི་སྔོན་གྱི་བརྡ་སྤྲོད་པའི་ཚད་ཐུབ་ཀྱི་གཞུང་ཁག་ཅིག་རྩ་བར་བཟུང་ནས། ཉེ་བའི་བརྡ་སྤྲོད་པའི་གཞུང་འགའ་རེ་ཁ་སྣོན་དང་ཟུར་རྒྱན་གྱི་ཚུལ་དུ་སྤྱད་དེ། བྱ་ཚིག་གི་ངོ་བོ་དང་དེའི་ཐོག་མའི་གཞུང་ལུགས་ཀྱི་བྱུང་འཕེལ། དེ་བཞིན་དུས་གསུམ་རྣམ་གཞག་དང་། དངོས་པོ་བདག་གཞན་གྱི་རྣམ་གཞག བྱ་བྱེད་ལས་གསུམ་གྱི་རྣམ་གཞག བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་རྣམ་གཞག་བཅས་ཀྱི་འཕེལ་འགྱུར་དང་། འཕེལ་འགྱུར་དེ་དག་གིས་བརྡ་སྤྲོད་པའི་གཞུང་ལུགས་དང་ལག་ལེན་ལ་དགེ་མཚན་གང་ཞིག་བསྐྲུན་མིན་བཅས་ལ་དཔྱད་བརྗོད་བྱས་ཡོད།
གནད་ཚིག བྱ་ཚིག གཞུང་ལུགས། འཕེལ་འགྱུར།
སྔོན་གླེང།
སྨྲ་ཤེས་ཤིང་དོན་གོ་བའི་ཤེས་རབ་ཁྱད་པར་ཅན་གཉིས་དང་ལྡན་པའི་འགྲོ་བ་མི་ཞིག་ཡིན་པ་ནས་བཟུང་། མིའི་རིགས་ཀྱི་འཚོ་གནས་ལ་ཉེ་བར་འཁོར་བའི་ཤེས་བྱ་རིག་གནས་གང་ཞིག་ཡིན་རུང་། དེ་ཉིད་ཉེན་བསྲུང་དང་བདག་གཅེས་བྱ་རྒྱུ་ནི། མིའི་རིགས་ལ་རང་ཆས་སུ་ཡོད་པའི་འགན་འཁྲི་ཡིན་པ་བཞིན། ཁ་བ་གངས་ཅན་པའི་རིགས་སུ་སྐྱེས་པའི་ཁོ་བོ་ཅག་ལ་ཡང་། མི་རིགས་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཇི་སྙེད་ཅིག་ཡོད་པ་རྣམས་ཉེན་བསྲུང་དང་དར་སྤེལ་གཏང་རྒྱུའི་འགན་འཁྲི་ནི་བཟློག་ཏུ་མེད་པའོ། །
དེ་བས་རིག་གནས་ཀུན་གྱི་རྩ་བ་དང་མི་རིགས་ཤིག་གི་བླ་སྲོག་ཡིན་ཆོག་པའི་སྐད་དང་ཡི་གེ་ཉེན་བསྲུང་ཐུབ་མིན་ནི། མི་རིགས་རང་ཉིད་འཚོ་གནས་ཐུབ་མིན་གྱི་ཚད་ཐིག་ཏུ་ངེས་པས། ང་ཚོས་འཇོན་ནུས་ཀྱིས་འདང་མིན་ཇི་ལྟར་ཡང་། འགན་འཁྲི་འདི་ཉིད་ལས་གཡོལ་ཐབས་ག་ལ་ཡོད། དེས་བས་ཁོ་བོས་ཀྱང་“མེ་ཏོག་ཆུང་ཡང་། མཆོད་པའི་རྫས་”སུ་དམིགས་ནས་འདིར་བྱ་ཚིག་རྣམ་གཞག་གི་གཞུང་ལུགས་ལ་འཕེལ་འགྱུར་ཇི་ལྟར་བྱུང་འདུག་མིན་ལ་ལྟ་ཞིབ་བྱ་འདོད་ཀྱི་འདུན་པ་འགོག་མེད་དུ་བྱུང་། དེ་ཡང་“སྔོན་བྱོན་དམ་པའི་རྣམ་ཐར། རྗེས་འཇུག་གདུལ་བྱས་ཉམས་ལེན་“བྱ་དགོས་ན་ཐོག་མར་དམ་པའི་རྣམ་ཐར་ལ་བསླབ་དགོས་པ་ནི་དོན་གྱི་གནས་ལུགས་ཅི་ལ་མིན།
༡ ཞིབ་འཇུག་གི་དྲི་བ། དེ་ལྟར་ནའང་རིག་ཚན་གང་ལ་ཞིབ་འཇུག་བྱས་ན། དེ་ལ་ཞིབ་འཇུག་གི་དྲི་བ་དགོས་པས་ཞིབ་འཇུག་གི་དྲི་བ་གང་ཞིག་ཡིན་ནམ་ཞེ་ན། འདི་ལྟར་ཏེ། བྱ་ཚིག་རྣམ་གཞག་གི་གཞུང་ལུགས་ལ་འཕེལ་འགྱུར་ཇི་ལྟར་བྱུང་ཡོད་དམ། འཕེལ་འགྱུར་དེ་དག་ལ་གཞུང་ལུགས་དང་ལག་ལེན་དུ་ཉེ་བར་མཁོ་བའི་དགེ་མཚན་གང་ཞིག་ལྡན་ཡོད་དམ། དེས་བོད་ཀྱི་ཕ་སྐད་མ་ཡིག་ལ་ཕན་ནུས་ཇི་ལྟར་བསྐྲུན་ཡོད་དམ། ཞེས་པ་དག་ནི་དྲི་བའོ། །
༢ ཞིབ་འཇུག་གི་གནད་དོན། དྲི་བ་དེ་དག་ལ་ཞིབ་འཇུག་གི་གནད་དོན་གང་ཞིག་ཡོད་དམ་ཞེ་ན། ཁོ་བོས་ནི་གནད་དོན་འདི་ལྟར་མཐོང་སྟེ། སྤྱིར་བརྡ་སྤྲོད་རིག་པའི་ཁྱབ་ཁོངས་ནས། བྱ་ཚིག་གི་རྣམ་གཞག་ནི་གཞུང་ལུགས་དང་ལག་ལེན་གཉིས་ཐད་ནས་དཀའ་གནས་སུ་རྩི་ལ། དཀའ་གནས་དེ་དག་སེལ་སླད་དུ་མཁས་པ་རྣམས་ཀྱིས་རྩ་འགྲེལ་ཡང་འགྲེལ་གྱི་གཞུང་ལུགས་མང་དུ་མཛད་ནའང་། ད་དུང་དཀའ་གནས་དེ་སངས་ཐུབ་མེད་པ་ནི་གནད་དོན་ཡིན། གནད་དོན་དེའི་འགག་རྩ་ཐུག་སའང་གཉིས་སུ་སྣང་སྟེ། གཅིག་ནི་གཞུང་ལུགས་ལ་དེ་སེལ་བའི་ནུས་པ་མེད་པ་དང་། གཅིག་ཤོས་ནི་ཀློག་པ་པོ་ལ་དེ་གོ་བའི་ཤེས་རབ་མེད་པ་ལས་གཞན་མ་འདས་སྙམ།
༣ ཞིབ་འཇུག་གི་དགོས་པ། དེས་ན་ཞིབ་འཇུག་གི་དགོས་པ་ཡང་འགག་རྩ་དེ་གཉིས་གང་ལ་ཐུག་འདུག་མིན་ཤེས་ཐུབ་ཚེ། ད་གཟོད་གནད་དོན་དེ་ལས་གྲོལ་བའི་ཐམས་ལམ་ཞིག་རྙེད་རེ་ཆེ་ཞིང་། དེ་ལྟར་ཤེས་པ་ལ་བྱ་ཚིག་རྣམ་གཞག་གི་གཞུང་ལུགས་སྤྱི་དང་ལྷག་ཏུ་དེའི་འཕེལ་འགྱུར། འཕེལ་འགྱུར་དེ་དག་ལ་དཀའ་གནས་གང་ཞིག་སེལ་བའི་དགེ་མཚན་ཡོད་མེད་ལ་ཞིབ་འཇུག་བྱ་རྒྱུ་ལས་ཐབས་གཞན་མ་མཐོང་ངོ་། །
༤ ཡིག་ཚགས་བསྐྱབ་ཞིབ། ཞིབ་འཇུག་དེ་ལྟར་བྱེད་པ་ལ་སྔོན་གྱི་ཡིག་ཚགས་དག་ལ་བསྐྱར་ཞིབ་ནན་ཏན་དགོས་ངེས་ལྟར། ཁོ་བོས་ཀྱང་རྒྱལ་ནང་བོད་ཡིག་དུས་དེབ་ཀྱི་དཔྱད་རྩོམ་དཀར་ཆག་ཕྱོགས་བསྒྲིགས། ཞེས་པ་སྟོད་ཆ་དང་སྨད་ཆ་སྤྱིར་དང་། སྒོས་སུ་སྤྱི་ལོ་༡༩༨༢ ནས་༢༠༡༤ བར་གྱི་བོད་ལྗོངས་ཞིབ་འཇུག་ དཀར་ཆག་དང་ནད་དོན་གནད་བསྡུས་ཕྱོགས་བསྒྲིགས་བྱས་པའི་དུས་དེབ་ཁག་དང་། དེ་བཞིན་འབྲེལ་ཡོད་གནའ་དེང་གི་མཁས་པ་མང་པོའི་གསུང་རྩོམ་ལ་ལྟ་ཞིབ་བྱས་པ་བརྒྱུད། འབྲེལ་ཡོད་ལག་སོན་བྱུང་རིགས་དཔྱད་གཞི་དང་རྒྱུ་ཆར་བཟུང་ནས། ཐེངས་འདིའི་དཔྱད་རྩོམ་དངོས་ལ་འཇུག་ཡོད་པ་ལགས་སོ། །
ས་བཅད་དང་པོ། བྱ་ཚིག་གི་ངོ་བོ་དང་དེའི་གཞུང་ལུགས་ཀྱི་བྱུང་འཕེལ་ལ་བལྟ་བ།
དང་པོ། བྱ་ཚིག་ཅེས་པའི་ངོ་བོ་དང་དེའི་འཕེལ་འགྱུར།
དེ་ཡང་བྱ་ཚིག་རྣམ་གཞག་གི་འཕེལ་འགྱུར་མཐོང་དགོས་ན། བྱ་ཚིག་ཅེས་པ་ཇི་ལྟ་བུ་ཞིག་ལ་ཟེར་བ་སྟེ། བྱ་ཚིག་གི་ངོས་འཛིན་ནི་ཐོག་མར་ཤེས་དགོས་པ་དེ་ཡིན་མོད། ཉེ་རབས་བརྡ་སྤྲོད་རྣམས་སུ་བྱ་ཚིག་གི་ངོས་འཛིན་མང་དུ་གསལ་ལས། སྔོན་གྱི་གཞུང་རྙིང་རྣམས་སུ་བྱ་ཚིག་གི་ངོས་འཛིན་གསལ་བོ་མེད་པ་ནི། བྱ་ཚིག་ངོས་འཛིན་ཐད་ཀྱི་འཕེལ་འགྱུར་ཆེན་པོ་ཞིག་ཅི་ལ་མིན། ཇི་ལྟར་ཡང་བྱ་ཚིག་ངོས་ཟིན་པ་ལ་བྱ་བ་ངོས་ལེགས་པར་ཟིན་དགོས་ཏེ། ཉན་ཤུལ་མཁྱེན་རབ་འོད་ཟེར་གྱིས། “བྱ་ཚིག བྱ་བ་སྟོན་པའི་ཚིག་སྟེ།”[1]ཞེས་གསུངས་པ་ལྟར། བྱ་ཚིག་ནི་བྱ་བ་རྗོད་བྱེད་ཀྱི་མཉན་བྱའམ། བྱ་བ་མཚོན་བྱེད་ཀྱི་སྒྲ་ཡིན་པས་སོ། །འོ་ན་ཇི་ལྟ་བུ་ཞིག་ལ་བྱ་བ་ཟེར་རམ། བྱ་བའི་ངོ་བོ་ཇི་ལྟར་གཞག་ཅེ་ན། འཇམ་དཔལ་ཡེ་ཤེས་རྒྱལ་མཚན་གྱིས། “དེ་ཕྱིར་སྐྱེས་བུས་རྩོལ་དང་མ་རྩོལ་བའི། །རྐྱེན་གྱིས་འགྱུར་བའི་སྣང་བ་ཇི་སྙེད་པ། །”[2] ཞེས་གསུངས་པ་ལྟར། བྱ་བ་ཞེས་པ་ནི་སྐྱེས་བུའི་ལུས་ངག་ཡིད་གསུམ་གྱི་རྩོལ་བ་དང་མ་རྩོལ་བ་རྐྱེན་གྱི་དབང་གིས་འགྱུར་བའམ་གཡོ་བའི་སྣང་བ་ཇི་སྙེད་པ་ལ་བྱའོ། །དེ་ལྟ་བུའི་བྱ་བ་ནི་འགྱུར་མེད་རང་བཞིན་གྱི་རྟག་པ་ལ་མི་འཐད་པས་དངོས་པོ་ཉིད་དུ་ངེས་ལ། དངོས་པོ་ལ་ཡང་གཟུགས་དང། ཤེས་པ། ལྡན་མིན་འདུ་བྱེད་གསུམ་ཡོད་པ་ལས་ཕྱི་མ་ཁོ་ནར་གྲུབ་སྟེ། དཔེར་ན། དཀར་ཡོལ་བཅག་པའམ་ཆག་པའི་འགྱུར་བའི་ཆ་ཙམ་ལ་བྱ་བ་ཞེས་བཞག་པ་ཡིན་གྱི། དཀར་ཡོལ་དང་དེ་ཆག་པའི་དུམ་བུ་སོགས་ནི་གཟུགས་ཡིན་རུང་བྱ་བ་མིན་པ་བཞིན་ནོ། །
དེས་ན་བྱ་ཚིག་ནི་འདི་ལྟར་གྲུབ་སྟེ། སྐྱེས་བུའི་ལུས་ངག་ཡིད་གསུམ་གང་རུང་དབང་གིས་སམ། འབྱུང་བའི་རྐྱེན་སོགས་གང་རུང་ལ་བརྟེན་ནས། དངོས་པོ་གང་གི་གཡོ་འགུལ་ལམ་འགྱུར་བ་ནི་བྱ་བ་ཡིན་ལ། དེ་ཉིད་གཡོ་འགུལ་གྱི་རྣམ་པར་གོ་བར་བྱེད་པའི་ངག་གི་རིག་བྱེད་དེ་ལ་བྱ་ཚིག་ཅེས་བྱའོ། །ན་ག་སངས་རྒྱས་བསྟན་དར་གྱིས།“དེ་ཡང་བྱ་ཚིག་ཅེས་པ་ནི་ལུས་ངག་ཡིད་གསུམ་གང་རུང་གི་སྒོ་ནས་དང་། ཡང་ན་འབྱུང་བའི་རྐྱེན་གྱིས་ཕྱིའི་དངོས་པོར་གཡོ་བའི་ངང་ཚུལ་ཞིག་བྱུང་བ་དེ་ལ་ཟེར།”[3] ཞེས་གསུངས་ནའང་། དེ་ནི་བྱ་བའི་དོན་ཡིན་པ་ལས་བྱ་ཚིག་གི་དོན་བྱས་ན་མི་འཐད་དེ། བྱ་ཚིག་ཡིན་ན་རྗོད་བྱེད་ཀྱི་སྒྲ་ཡིན་དགོས་པས་སོ། །
འོ་ན། གཞུང་ལུགས་རྣམས་སུ་སྐབས་རེར་བྱ་ཚིག་དང་མཚམས་རེར་ལས་ཚིག་ཅེས་གསལ་བས། བྱ་ཚིག་དང་ལས་ཚིག་གཉིས་དོན་གཅིག་གམ་ཐ་དད་གང་ཡིན་ཞེ་ན། གོང་དུ་མདོར་ཙམ་ཞུས་ཟིན་ལྟར་སྤྱིར་སྔོན་གྱི་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་བྱ་ཚིག་དང་ལས་ཚིག་གི་ཁྱད་པར་མ་ཟད། དེ་གཉིས་ཀྱི་མཚན་ཉིད་དམ་ངོ་བོ་ངོས་འཛིན་མཛད་པ་ཡང་ཆེས་ཤིན་ཏུ་དཀོན་ཅིང་། མཐའ་ན་སུམ་རྟགས་གཉིས་སུ་ལས་ཚིག་དང་བྱ་ཚིག་ཅེས་པའི་ཐ་སྙད་ཙམ་ཡང་གསལ་མེད། འོན་ཀྱང་འདི་ལྟར་དཔྱད་ནུས་ཏེ། དཔང་ལོ་ཙཱ་བ་བློ་གྲོས་བསྟན་པས། “ཐོག་མའི་རང་བཞིན་བྱ་བའི་དོན། །”[4]ཞེས་གསུངས་ཤིང་། དེའི་བྱ་བ་ཞེས་པའི་དོན་འགྲེལ་བ་ན་ལོ་ཙཱ་བ་བྱང་ཆུབ་རྩེ་མོས། “དེ་ལ་བྱ་བ་ནི་བྱ་བར་བྱའོ་ཞེས་པས(པའི་མིན་ནམ་སྙམ)་བྱ་བ་སྟེ་ལས་ཁའོ། །”[5] ཞེས་བྱ་བ་དང་ལས་ཁ་དོན་གཅིག་ཏུ་གསུངས་པ་དང་། སྒྲ་གཞུང་ཀ་ལ་པ་ལས། “གང་གིས་བྱ་བ་དེ་བྱེད་པའོ། །གང་བྱ་བ་དེ་ལས་སོ། །གང་བྱེད་མཁན་དེ་བྱེད་པ་པོའོ། །”[6]ཞེས་གསུངས་པའི་དོན་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས། “བྱེད་པ་པོས་གང་བྱ་བ་ནི་ལས་སམ་བྱ་བ་ཡིན་ལ།”[7] ཞེས་ཀ་ལ་པར་གསལ་བའི་“བྱ་བ་”ཞེས་པ་ལས་སམ་བྱ་བ་ཞེས་ལས་དང་བྱ་བ་དོན་གཅིག་ཏུ་བཀྲལ་བ་སོགས་ལ་བརྟེན། ལས་དང་བྱ་བ་དོན་གཅིག་ཏུ་གྲུབ་པས་དེ་ལྟར་ན་ལས་ཚིག་དང་བྱ་ཚིག་ཀྱང་དོན་གཅིག་ཏུ་གྲུབ་སྟེ། གོང་ཞུས་བཞིན་བྱ་ཚིག་དང་ལས་ཚིག་ཅེས་པ་ནི་བརྗོད་བྱ། ལས་ཁ་དང་བྱ་བ་དག་རྗོད་པར་བྱེད་པའི་སྒྲ་ལ་བྱ་དགོས་པས་སོ། །སི་ཏུ་པཎ་ཆེན་གྱིས་ཀྱང་མིང་རྐྱང་དུས་གསུམ་གྱི་དབྱེ་བའི་ཁོངས་སུ་སྡུད་པའི་ཕྱོགས་སྔ་འགོག་པའི་ཚེ། “སྐབས་འདིའི་དུས་གསུམ་གྱི་དབྱེ་བ་ནི་བྱེད་ལས་སམ་བྱ་ཚིག་གི་སྒོ་ནས་འབྱེད་དགོས་ཤིང་”[8] ཞེས་གསུངས་པས་སི་ཏུའི་དགོངས་པའང་དེ་ལྟར་ཡིན་པར་སེམས་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ཀྱང་། “བྱ་ཚིག (1) བྱ་བའི་ལས་ཚིག” ཅེས་དང་། “(2) ལས་ཚིག”[9] ཅེས་བྱ་ཚིག་ཅེས་པ་ནི། བྱ་བའི་ལས་ཚིག་དང་ལས་ཚིག་གི་དོན་དུ་བཀྲལ་བ་སོགས་ལས་དེ་གཉིས་དོན་གཅིག་ཡིན་པར་གྲུབ་བོ། །
འོན་ཀྱང་། མི་ཉག་བུ་ཕྲུག་གིས། “བྱ་ཚིག་དང་ལས་ཚིག་ཅེས་པའི་གོ་དོན་ལ་ཁྱད་ཡོད་དམ་ཞེ་ན། ཡོད་པའི་དབང་དུ་བྱས་ན་ལས་ཀྱི་དངོས་པོ་དང་མ་སྦྱར་བའི་བྱ་བ་ཙམ་སྟོན་པ་ལ་བྱ་ཚིག་སྟེ་དཔེར་ན། གཅད། འཛིན། བྲིས་ལྟ་བུ་གཅད་རྒྱུ། གཟུང་རྒྱུ། བྲི་རྒྱུ་བཅས་ལས་ཀྱི་དངོས་པོ་གང་ཡིན་མི་གསལ་བའི་བྱ་ཚིག་ཙམ་ལ་གོ་རྒྱུ་དང་། ཤིང་གཅད། ཉ་འཛིན། ལྷ་བྲིས་ལྟ་བུ་ལས་ཀྱི་དངོས་པོ་གང་ལ་བྱ་བ་འཇུག་པ་སྟོན་པ་ལ་ལས་ཚིག་ཅེས་ཟེར་ན་འགྲིག་གམ་སྙམ་ཞིང་།”[10] ཞེས་གསུངས་ཤིང་འདིའི་སྐབས་ཀྱི་ལས་ཀྱི་དངོས་པོ་ནི། བྱ་བྱེད་ལས་གསུམ་གྱི་ལས་ཡིན་པ་དཔེར་བརྗོད་ལས་གྲུབ། འོན་ཏེ་དེ་ནི་སྒྲ་ཅུང་ཟད་དོག་དྲགས་པའི་སྐྱོན་དུ་སྣང་སྟེ། དེ་ལྟ་ན་སྒྲུབ་པར་བྱེད། བསྒྲུབ་པར་བྱ། བསྒྲུབ་པར་འགྱུར་ཞེས་པ་ལྟ་བུར། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཚིག་ཅེས་ཡོངས་སུ་གྲགས་པ་རྣམས་ཀྱང་ལས་ཚིག་མིན་ཞེས་སྨྲ་དགོས་པར་འགྱུར་ལ། གོང་ཞུས་ལུང་རྣམས་ཀྱིས་ཀྱང་གནོད་པར་འགྱུར་རོ། །
གཉིས་པ། བྱ་ཚིག་རྣམ་གཞག་གི་ཐོག་མའི་གཞུང་ལུགས་དང་དེའི་དགེ་སྐྱོན།
བྱ་ཚིག་གི་ངོ་བོ་སོགས་དེ་ལྟར་ཡིན་ན། དེ་ལྟ་བུའི་བྱ་ཚིག་གི་རྣམ་གཞག་བཤད་པའི་གཞུང་ལུགས་དུས་ནམ་ཞིག་ལ་བྱུང་བ་དང་། བྱ་ཚིག་གི་རྣམ་གཞག་སྟོན་པའི་གཞུང་ལུགས་དེར་དགེ་སྐྱོན་གང་དག་ཡོད་དམ་ཞེ་ན། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་ལ་ངེས་གཏན་མེད་པས། བྱ་ཚིག་གི་རྣམ་གཞག་སྟོན་པའི་གཞུང་ལུགས་ཤིག་ཡོད་མེད་ལ་དེ་བས་ངེས་གཏན་མེད། གལ་ཏེ་ཞང་ཡིག་ལྟ་བུ་ཞིག་ཡོད་པའི་དབང་དུ་བྱས་རུང་། བོད་ཁམས་སྤྱིའམ་སྲིད་འབྱོར་རིག་གསུམ་ཀུན་ལ་བཀོལ་རུང་བའི་ཕུན་སུམ་ཚོགས་པ་ཞིག་ནི་མེད་པར་ངེས་སོ། །དེའི་སྔོན་དུ་གཞུང་ལུགས་བྱུང་ཡོད་མེད་ཇི་ལྟར་རུང་། སློབ་དཔོན་ཐོན་མི་གང་གིས། “དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་རྣམས་ལ་[11]གནས་གྱུར་ཀྱང་། །”[12]ཞེས་གསུངས་པ་ལྟར། བོད་མི་རྣམས་ཀྱི་ཁ་ཐོག་ངག་ཐོག་ཏུ་བྱ་ཚིག་གི་བཀོལ་སྤྱོད་ཀྱི་རིམ་པ་ནི་ངེས་སྲོལ་དང་གཏན་ཆགས་ཀྱི་རང་བཞིན་དུ་གྲུབ་ཡོད་པ་གདོན་མི་ཟའོ། །
དེས་ན་བྱ་ཚིག་གི་རྣམ་གཞག་སྟོན་པའི་གཞུང་ལུགས་ཀྱི་ཐོག་མ། འཇིག་རྟེན་ལ་གྲགས་ཤིང་ང་ཚོའི་མིག་མཐོང་ལག་ཟིན་དུ་ཡོད་པ་ནི། དུས་རབས་བདུན་པའི་ནང་བྱོན་པའི་སློབ་དཔོན་ཐོན་མི་གང་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་ཤིང་། དཀའ་བ་བརྒྱ་ཕྲག་གིས་བསྒྲུབས་པའི་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པའི་གཞུང་སྤྱིར་དང་བྱེ་བྲག་ཏུ་རྟགས་ཀྱི་འཇུག་པའི་སྔོན་འཇུག་གི་འཇུག་པ་བཞི། སྒོས་སུ་སྔོན་འཇུག་ཅིའི་ཕྱིར་འཇུག་པའི་གཞུང་། “ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། མོ་ནི་བདག་དང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །”[13]ཞེས་པའི་ཤོ་ལོ་ཀ་འདི་ག་ཡིན་ནོ། །གཞུང་འདིས་བོད་ཀྱི་བྱ་ཚིག་གི་རྣམ་གཞག་ལ་བསྒྲུན་དུ་མེད་པའི་སྲོག་གི་དབང་པོ་བསྩལ་ཅིང་། དེ་ལ་བརྟེན་ནས་འགྲོ་བ་རྣམས་ཀྱི་བྱ་ཚིག་གི་རྣམ་གཞག་ལ་ལྟ་བའི་མིག་ལེགས་པར་ཕྱེས་སོ། །དེ་བས་གཞུང་འདིའི་ཕྲིན་ལས་ཉག་ཅིག་ལས། བྱ་ཚིག་གི་རྣམ་གཞག་སྟོན་པའི་གཞུང་ལུགས་ཀྱང་དབྱར་གྱི་མཚོ་གཏེར་བཞིན་འཕེལ་ཞིང་རྒྱས་ཡོད་པ་ནི་ཁོ་བོས་གསལ་བཤད་ག་ལ་དགོས།
འོན་ཀྱང་ཤོ་ལོ་ཀ་གཅིག་ཙམ་ལས་མེད་པའི་གཞུང་འདིར་ཧ་ཅང་བསྡུས་དྲགས་པ་དང་བསྟན་དོན་གསལ་ཁ་མེད་པའི་སྐྱོན་ཞིག་ཀྱང་ཡོད་དེ། དཔེར་ན། “ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །” ཞེས་པ་ལྟ་བུར་མཚོན་ན། ཕོ་ནི་ཞེས་པ་སྔོན་འཇུག་གི་ཕོ་བ་ཡིག་ཡིན་པ་གཞུང་གོང་འོག་ལས་རྟོགས་པར་ནུས་མོད། འདས་དང་ཞེས་པའི་འདས་པ་དེ། དུས་འདས་པ་དང་། བྱ་བ་འདས་པ། དངོས་པོ་འདས་པ་སོགས་གང་ཡིན་མི་གསལ་ཞིང་། དེ་བཞིན་གཞན་བསྒྲུབ་ཕྱིར་ཞེས་པའི་གཞན་དེ་བདག་གཞན་གཉིས་སུ་ཕྱེས་པའི་གཞན་ཡིན་ནམ། དེ་ལས་གཞན་གང་ཡིན་མི་གསལ་བ་དང། བསྒྲུབ་ཕྱིར་ཞེས་པ་འདས་བསྒྲུར་ཕྱིར་དང་གཞན་བསྒྲུབ་ཕྱིར་གོང་གི་འདས་དང་གཞན་སོ་སོ་ལ་སྦྱར་དགོས་སམ། བསྒྲུབ་ཕྱིར་ཞེས་པས་དོན་གཞན་ཞིག་བསྟན་མིན་ལ་གསལ་ཁ་མེད། དེའི་རྐྱེན་གྱིས་གཞུང་འདི་དག་གི་བསྟན་དོན་ལ་འགྲེལ་བྱེད་མཁན་པོ་རྣམས་འགྲེལ་ཚུལ་མི་མཐུན་ཞིང་། འགྲེལ་ལུགས་སྣ་ཚོགས་པ་ཞིག་བྱུང་སྟེ་དུས་ད་ལྟའང་གཅིག་གྱུར་བྱུང་མེད། འོན་ཏེ་རྐྱེན་ངན་གྲོགས་ཤར་ལྟ་བུར་རྩི་ཆོག་པ་ཞིག་ནི། འགྲེལ་ཚུལ་སྣ་ཚོགས་པའི་ཁྲོད་ནས་གཞུང་གི་བསྟན་དོན་རྒྱ་ཇེ་ཆེར་དང་གཏིང་ཇེ་ཟབ་ཏུ་སོང་སྟེ། བྱ་ཚིག་རྣམ་གཞག་གི་གཞུང་ལུགས་ལ་འཕེལ་འགྱུར་ཇི་སྙེད་ཅིག་བྱུང་ཡོད་དོ། །
ས་བཅད་གཉིས་པ། དུས་གསུམ་རྣམ་གཞག་གི་འཕེལ་འགྱུར་ལ་བལྟ་བ།
དང་པོ། དུས་གསུམ་གྱི་རྣམ་གཞག་སྤྱིར་བཤད་པ།
དེ་ལྟར་བྱ་ཚིག་གི་གོ་དོན་དང་གཞུང་ལུགས་སྐོར་མདོར་ཙམ་ཞུས་ཟིན་པས། ད་ནི་དུས་གསུམ་གྱི་རྣམ་གཞག་དངོས་ཀྱི་འཕེལ་འགྱུར་ལ་ཅུང་ཟད་བལྟ་བར་བྱ་སྟེ། དེ་ཡང་རྟགས་ཀྱི་འཇུག་པའི་སྔོན་འཇུག་ཅིའི་ཕྱིར་འཇུག་པའི་སྐབས། འདས་མ་འོངས་ད་ལྟ་བཅས་ཀྱི་ཐ་སྙད་ཙམ་ཐོན་རུང་། དེ་དག་ལ་དུས་གསུམ་ཀྱི་ཐ་སྙད་སྦྱར་བ་ནི་སུམ་རྟགས་གཉིས་སུ་ཟུར་ཙམ་ཡང་མེད་ཅིང་། མཐའ་ན་འདས་མ་འོངས་ད་ལྟའི་ཐ་སྙད་དག་གང་ལ་སྦྱར་དགོས་མིན་ཡང་གསལ་ཁ་མེད། སྤྱིར་འདས་མ་འོངས་ད་ལྟའི་ཐ་སྙད་འཇུག་ས་ནི་མང་དུ་ཡོད་དེ། དོར་ཞི་གདོང་དྲུག་སྙེམས་བློས། “དངོས་པོའི་འདས་མ་འོངས་ད་ལྟ་གསུམ། དུས་ཀྱི་འདས་མ་འོངས་ད་ལྟ་གསུམ། ལྟོས་འཇོག་གི་འདས་མ་འོངས་ད་ལྟ་གསུམ་སོགས་”[14] ཞེས་གསུངས་པར་ལྟར། སྐྱེ་ཞིང་འཇིག་པའི་ཆོས་ཅན་གྱི་དངོས་པོ་ཀུན་ལ་འདས་མ་འོངས་ད་ལྟའི་རྣམ་གཞག་གཞག་ཏུ་ཡོད་ཅིང་། བྱེ་བྲག་ཏུ་བུམ་པ་ལྟ་བུར་མཚོན་ན། རང་ཉིད་སྐྱེས་ཟིན་ཞིག་པའི་ཆ་དང་། སྐྱེ་བའི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བའི་དབང་གིས་མ་སྐྱེས་པའི་ཆ། སྐྱེས་ལ་མ་འགགས་པའི་ཆ་གསུམ། རིམ་པ་བཞིན་བུམ་པ་འདས་པ། བུམ་པ་མ་འོངས་པ། བུམ་པ་ད་ལྟ་བ་བཅས་ཡིན་ཞིང་། བུམ་པ་འདས་པ་དང་བུམ་པའི་འདས་པ་གཉིས་མི་འདྲ་བ་དང་། བུམ་པའི་འདས་པ་དང་བུམ་པའི་འདས་པའི་དུས་གཉིས་ཀྱང་མི་འདྲ་བའི་ཚུལ་སོགས་ཤེས་དགོས་སོ། །དེ་ལྟར་འདས་མ་འོངས་ད་ལྟའི་ཐ་སྙད་འཇུག་ས་མང་དུ་ཡོད་ཀྱང། རྩ་བའི་གཞུང་གི་བསྟན་དོན་ལ་གསལ་ཁ་མེད་ཕྱིན། སྔོན་ཀྱི་བརྡ་སྤྲོད་པའི་གཞུང་རྣམས་སུ་འདས་མ་འོངས་ད་ལྟའི་ངོ་བོའམ་གོ་དོན་འདི་འདྲ་ཡིན་པ་དང་། དེ་འདྲ་མིན་པའི་ངོས་འཛིན་མི་གསལ་ཞིང་། དཔེར་བརྗོད་མང་པོར་མིང་ཚིག་དང་བྱ་ཚིག་ཅི་རིགས་པ་ཞིག་བྱུང་བའི་གནད་ཀྱང་དེ་ལྟར་ཡིན་པར་སེམས་སོ། །
གཉིས་པ། བྱེ་བྲག་རྟགས་འཇུག་སྐབས་ཀྱི་དུས་གསུམ་དང་། དེའི་འཕེལ་འགྱུར།
དེ་ཡང་ད་ལྟར་མཇལ་དུ་ཡོད་པའི་འགྲེལ་བ་རྣམས་ལས། སུམ་རྟགས་ཀྱི་དོན་འགྲེལ་ཡི་གེའི་སྦྱོར་བ་སོགས་སུ་དུས་གསུམ་གྱི་སྐོར་དམིགས་བསལ་འགྲེལ་བརྗོད་གནང་མེད་ཅིང་། དབུས་པ་བློ་གསལ་གྱིས། “ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །སྔོན་འཇུག་གི་ཕོ་བ་ནི་དུས་འདས་པ་དང་།”[15] ཞེས་སོགས་གསུངས་པ་ནི། རྩ་བར་གསལ་བའི་འདས་མ་འོངས་ད་ལྟ་གསུམ་ལ། དུས་འདས་པ་དང་དུས་མ་འོངས་པ། དུས་ད་ལྟ་བ་ཞེས་དུས་ཀྱི་སྒྲ་སྦྱར་བ་ཐོག་མ་ཡིན་པར་སྙམ། དེ་ནས་རིམ་གྱིས་དུས་འདས་པ་དང་མ་འོངས་པའི་ཐ་སྙད་ཙམ་བྱས་པ་ལས། དེའི་དོན་འདི་ཡིན་དེ་མིན་གྱི་འགྲེལ་བརྗོད་ཅི་ཡང་མེད་ནའང་། ལོ་ཆེན་ནམ་མཁའ་བཟང་པོས། “བ་ནི་དུས་གསུམ་ལས་འདས་པ་དང་བདག་གཞན་གཉིས་ལས་གཞན་དང་བྱ་བ་སྒྲུབ་པ་རྣམས་ལ་འཇུག་གོ །འདས་པ་ལ་འཇུག་པ་ནི་དཔེར་ན། གསོལ་བ་བཏབ། ཐིག་བཏབ། མདུན་དུ་བཞག”[16] ཅེས་སོགས་དུས་འདས་མ་འོངས་ད་ལྟ་སོ་སོར་འཇུག་པའི་དཔེར་བརྗོད་མང་དུ་བཀོད་ཡོད་པ་ནི། དེ་དག་གི་དཔེར་བརྗོད་བཀོད་པ་ཐོག་མར་སྣང་ཞིང་། དེ་ནས་བཟུང་དཔེར་བརྗོད་འགོད་སྲོལ་ཤིན་ཏུ་དར་འདུག་པའོ། །
འོན་ཀྱང་དཔེར་བརྗོད་དེ་དག་གཅིག་གྱུར་མེད་པ་མ་ཟད། དེ་དག་གི་འཇུག་ཡུལ་ངེས་པར་བྱ་ཚིག་ཡིན་དགོས་མིན་ཡང་བཞེད་པ་གཅིག་གྱུར་མ་བྱུང་བ་ནི། སི་ཏུ་པཎ་ཆེན་གྱིས་“འགའ་ཞིག་གིས་མིང་རྐྱང་རྣམས་ཀྱང་འདི་སྐབས་སུ་བསྟན་པའི་དུས་གསུམ་གྱི་དབྱེ་བའི་ཁོངས་སུ་སྡུད་པ་རྣམས་མཐོང་བ་ལས།”[17] ཞེས་གསུངས་པ་ལས་གྲུབ་བོ། །འོན་ཏེ་རྩ་བའི་གཞུང་དོན་ཇེ་གསལ་དུ་སོང་པ་ནི། པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས། “བྱ་བ་ཟིན་དང་བྱེད་འགྱུར་དང་། །ད་ལྟ་བྱེད་བཞིན་པ་རྣམས་ལ། །འདས་དང་མ་འོངས་ད་ལྟར་འདོད། །”[18]ཞེས་བྱ་བ་བྱས་ཟིན་པ། བྱེད་པར་འགྱུར་བ་སྟེ་བྱ་འགྱུར། ད་ལྟར་བྱེད་བཞིན་པ་དག་ལ་རིམ་བཞིན་འདས་པ་དང་། མ་འོངས་པ། ད་ལྟ་བ་བཅས་ཀྱི་ཐ་སྙད་མཛད་པ་དང་། དེའི་རྗེས་སི་ཏུ་པཎ་ཆེན་གྱིས། “སྔོན་འཇུག་གི་ཕོ་བ་ཡིག་ནི་དགོས་པ་དུས་གསུམ་ལས། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་པ་འདས་པ་བསྒྲུབ་པའི་ཕྱིར་དང་།”[19] ཞེས་སྔོན་འཇུག་གི་ཕོ་བ་ཡིག་ནི་གཙོ་བོ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་པ་ལ་འཇུག་པ་དང་། དེ་ལྟར་འཇུག་པའི་དགོས་པ་ནི། དུས་གསུམ་ལས་འདས་པ་བསྒྲུབ་པའི་ཕྱིར་ཡིན་པ་སོགས་གསལ་བར་བསྟན་པ་འདི་དག་ནི། དུས་གསུམ་སྐོར་ལ་གཞུང་ལུགས་ཀྱི་འཕེལ་འགྱུར་ཆེན་པོ་ཞིག་ཏུ་སེམས་ཤིང་། གཞུང་འདི་དག་གི་སྔོན་དུ་ཁ་གསལ་དེ་ལྟར་མ་བྱུང་བར་སྣང་ངོ་། །
གོང་གི་པྲ་ཏི་དང་སི་ཏུའི་གཞུང་གཉིས་བར་ཚིག་ཟུར་མི་འདྲ་བ་ལ་འདི་ལྟར་དོགས་ཏེ། སྔ་མ་ལྟར་ན་སྔོན་འཇུག་ཕོ་བ་ཡིག་ལྟ་བུ་དེ་བྱ་བ་བྱས་ཟིན་པ་དེ་ཉིད་སྟོན་ཆེད་དུ་འཇུག་པ་དང་། ཕྱི་མ་ལྟར་ན་བྱ་བ་བྱས་ཟིན་པ་དེ་ཉིད་དུས་འདས་པ་བསྒྲུབ་པའི་ཕྱིར་འཇུག་པར་བཞེད་པའི་ཁྱད་པར་ཞིག་ཡོད་མེད་ལ་དོགས་ཏེ། གཅིག་ནས་གཞུང་གི་ཚིག་ཟུར་ལས་དེ་ལྟར་ཐོན་པ་དང་། གཉིས་ནས་པྲ་ཏི་རྗེས་འབྲང་དང་བཅས་པས་བསྒྲུབ་ཕྱིར་ཞེས་པ་བྱ་བ་བསྒྲུབ་ཕྱིར་ལོགས་སུ་བཀྲལ་བ་ལས་སོ་སྙམ་པས་དཔྱད་པར་འཚལ། མདོར་ན། སྔོན་གྱི་མཁས་པ་དེ་དག་གི་དྲིན་ལས་འདས་མ་འོངས་ད་ལྟའི་ཐ་སྙད་གང་ལ་བྱ་དགོས་པ་དང་། ཐ་སྙད་དེ་དག་གི་འཇུག་དོན་དཔེར་བརྗོད་དང་བཅས་པ་མ་གསལ་བ་ལས་གསལ་བ་དང་། གསལ་བ་ཡང་ཇེ་གསལ་དུ་གྱུར་པའི་འཕེལ་འགྱུར་གྱི་རིམ་པ་དེ་ལྟ་བུ་ཞིག་བྱུང་ཡོད་པའོ། །
ས་བཅད་གསུམ་པ། དངོས་པོ་བདག་གཞན་རྣམ་གཞག་གི་འཕེལ་འགྱུར་ལ་བལྟ་བ།
དང་པོ། དངོས་པོ་བདག་གཞན་ཞེས་པའི་ཐ་སྙད་ཀྱི་བྱུང་འཕེལ།
དེ་ཡང་བྱ་ཚིག་རྣམ་གཞག་གི་འཕེལ་འགྱུར་སྣ་ཚོགས་པའི་ཁྲོད་ནས། བདག་གཞན་གྱི་རྣམ་གཞག་ལ་ཡང་འཕེལ་འགྱུར་རིམ་པ་ཞིག་བྱུང་ཡོད། དེ་ལྟར་བྱུང་རྐྱེན་ནི་གོང་ཞུས་བཞིན་རྩ་བར་“ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །”ཞེས་པའི་སྐབས་གཞན་གྱི་སྒྲ་ཙམ་ཐོན་པ་དང་། “མོ་ནི་བདག་དང་མ་འོངས་ཕྱིར། །”ཞེས་པར་བདག་གི་ཐ་སྙད་ཙམ་ཐོན་པ་ལས། དེ་དག་གི་དོན་གང་ཡིན་སོགས་གསལ་ཁ་ཅི་ཡང་མེད་པས་ཡིན། དེ་ཡང་དུས་རབས་བཅུ་གསུམ་ཡར་སྔོན་དུ་བདག་གཞན་གྱི་སྐོར་ལ་འགྲེལ་བརྗོད་དང་དཔེར་བརྗོད་སོགས་མཐོང་རིག་མེད་ཅིང་། དུས་རབས་བཅུ་བཞིའི་སྟོད་དུ་བྱོན་པའི་དབུས་པ་བློ་གསལ་གྱིས། “སྔོན་འཇུག་གི་ཕོ་བ་ནི་དུས་འདས་པ་དང་། དངོས་པོ་གཞན་དང་། མ་ནིང་ག་ད་གཉིས་ནི་དངོས་པོ་བདག་གཞན་གཉིས་ཀ་དང་། དུས་ད་ལྟར་བ་དང་། མོ་འ་ནི་དངོས་པོ་བདག་དང་། དུས་མ་འོངས་པ་དང་། ཤིན་ཏུ་མོ་མ་ནི་དུས་དང་དངོས་པོ་ཐམས་ཅད་ཀྱི་ཆེད་དུ་མཉམ་པར་འཇུག་གོ་ཞེས་བྱ་བ་ཡིན་ནོ། །”[20]ཞེས་བདག་གཞན་གཉིས་ལ་དངོས་པོ་བདག་གཞན་ཞེས་པའི་ཐ་སྙད་ཐོག་མར་བསྣན་ཀྱང། དེ་ལས་བརྒལ་བའི་དངོས་པོའི་དོན་དང་དཔེར་བརྗོད་སོགས་ཅི་ཡང་བཀོད་མེད།
གཉིས་པ། དངོས་པོ་བདག་གཞན་ཞེས་པའི་དོན་གྱི་འཕེལ་འགྱུར།
དེ་ནས་རིམ་པའི་དུས་རབས་བཅུ་བཞིའི་དཀྱིལ་སྨད་དུ་ལོ་ཆེན་ནམ་མཁའ་བཟང་པོས། “བ་ནི་དུས་གསུམ་ལས་འདས་པ་དང་བདག་གཞན་གཉིས་ལས་གཞན་དང་བྱ་བ་སྒྲུབ་པ་རྣམས་སུ་འཇུག་གོ །”[21]ཞེས་འདས་དང་གཞན་བསྒྲུབ་ཕྱིར་ཞེས་པའི་གཞན་དེ། བདག་གཞན་གཉིས་སུ་ཕྱེས་པའི་གཞན་ལ་བྱས་ཤིང་། བསྒྲུབ་ཕྱིར་ཞེས་པའང་བྱ་བ་སྒྲུབ་པ་ཞེས་ལོགས་སུ་ཕྱེས་པ་དང། དེ་བཞིན་“མོ་ནི་བདག་དང་མ་འོངས་ཕྱིར། །ཞེས་པ་འ་ཡིག་ནི་བདག་གཞན་གཉིས་ལས་བདག་དང་དུས་གསུམ་གྱི་ནང་ནས་མ་འོངས་པ་ལ་འཇུག་གོ །”[22]ཞེས་གསུངས་ཤིང་། བདག་གཞན་ལ་དངོས་པོ་བདག་གཞན་ཞེས་པའི་ཐ་སྙད་མི་གསལ། ལོ་ཆེན་ནམ་མཁའ་བཟང་པོས་དེ་ལྟར་བཀྲལ་བར་བརྟེན། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེ་དང། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ཟུར་མཁར་བ་བློ་གྲོས་རྒྱལ་པོ། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ལ་དེའི་ཤུགས་རྐྱེན་ཐེབས་ཡོད་པར་སྣང་སྟེ། དེ་དག་ཀུན་སྤྱིའི་ཆ་ནས་བདག་གཞན་ཞེས་པ་རང་གཞན་གཉིས་སུ་ཕྱེས་པའི་བདག་གཞན་ལ་བཞེད་པ་དང་། བསྒྲུབ་ཕྱིར་ཞེས་པའང་བྱ་བ་བསྒྲུབ་པ་ཞེས་ལོགས་སུ་འབྱེད་ལུགས་འདྲ་བར་བྱུང་། འོན་ཀྱང་ཀུན་མཁྱེན་གོ་རམས་པ་དང་ཟུར་མཁར་བའི་གཞུང་དུ་དངོས་པོ་བདག་གཞན་ཞེས་པའི་དངོས་པོའི་ཐ་སྙད་མི་སྣང་བས་བཞེད་མིན་དཔྱད་རིགས་སྙམ།
ཅུང་མི་འདྲ་བ་ཞིག་ནི། དུས་རབས་བཅོ་ལྔ་པའི་སྟོད་ཙམ་དུ་བྱོན་པའི་པཎ་ཆེན་ཤཱཀྱ་མཆོག་ལྡན་ཡིན་ཏེ། དེ་ཉིད་ཀྱིས་མཛད་པའི་ཆོས་ལ་འཇུག་པའི་སྒོ་ལས། “བྱེད་པ་པོ་དང་བྱ་བ་གཉིས། །བྱེད་པོ་བདག་དང་མིང་ཡིན་ཏེ། །བྱ་བ་གཞན་དང་དུས་གསུམ་མོ། །”[23]ཞེས་བྱེད་པ་པོའམ་བྱེད་པོ་ནི་བདག་དང་མིང་ཡིན་པ་དང་། བྱ་བ་ནི་གཞན་དང་དེ་ལ་དུས་གསུམ་གྱི་དབྱེ་བ་ཡོད་པ་ལྟ་བུ་ཞིག་ཐོག་མར་གསུངས་ཤིང་། ཡང་འོག་ཏུ། “ཡང་ན་དུས་དང་དངོས་པོ་དང་། །མིང་དང་བྱ་བ་སོ་སོར་དབྱེ། །དངོས་པོ་ལ་ཡང་བདག་དང་གཞན། །བདག་ནི་བྱེད་པ་གཞན་བྱ་བ། །”[24]ཞེས་བདག་དང་མིང་སོ་སོར་དང་། གཞན་དང་དུས་གསུམ་སོ་སོར་གསུངས། དེ་ཡང་དངོས་པོ་ལ་བདག་གཞན་གཉིས་དང་། བདག་ཅེས་པ་བྱེད་པ་པོ་དང་། གཞན་ཞེས་པ་བྱ་བར་ངོས་འཛིན་མཛད་འདུག་པ་ལྟར་སྣང་ན་ཡང་དཔེར་བརྗོད་དུ་དེ་ལྟར་མཐུན་མིན་ཅི་རིགས་ཤིག་སྣང་བ་དང་། དེ་བཞིན་རྣམ་གླིང་པཎ་ཆེན་གྱིས། “བདག་གམ་བྱེད་པ་པོ་ལ་ཡོད་པའི་ལས་དང་། གཞན་ནམ་བྱ་བ་གཞི་ལ་ཡོད་པའི་ལས་གཉིས་ཀ་དང་།” [25]ཞེས་བྱེད་པ་པོ་ལ་ཡོད་པའི་ལས་ལ་བདག་དང་། བྱ་བའི་གཞི་ལ་ཡོད་པའི་ལས་ལ་གཞན་དུ་གསུངས་ནའང་དཔེར་བརྗོད་པ་ན། “དེའང་ག་ཡིག་བདག་ལ་འཇུག་པ་ནི། དཔེར་བརྗོད་ན་རང་ཉིད་གཅིག་པུ། གཅུད་ལ་བོར་བ།” [26]ཞེས་སོགས་དང་། “ག་ཡིག་གཞན་ལ་འཇུག་པ་ནི། གཅན་གཟན། ལ་གཅན་པ།”[27] ཞེས་སོགས་བྱ་ཚིག་དང་མིང་ཚིག་ཅི་རིགས་ཤིག་བཀོད་འདུག་པས་འཐད་མིན་དགོས་པར་སེམས།
གོང་གི་འགྲེལ་ཚུལ་དེ་དག་གི་ཤུགས་རྐྱེན་ནམ་དེ་དང་འགྲེལ་ཚུལ་ཅུང་མཐུན་པ་ནི། པྲ་ཏི་རིན་ཆེན་དོན་གྲུབ་ཡིན་ཏེ། ཁོང་གིས་“དེ་ཡང་དངོས་པོ་ལས་དང་ནི། །དུས་དང་རྣམ་པ་གསུམ་དུ་འདོད། །དངོས་པོ་བདག་གཞན་གཉིས་ཀ་དང་། །བྱ་བའི་ཡུལ་དང་རྣམ་པ་བཞི། །”[28]ཞེས་དངོས་པོ་ལ་བདག་དང་གཞན་དང་། བདག་གཞན་གཉིས་ཀ་དང་། བྱ་བའི་ཡུལ་བཅས་རྣམ་པ་བཞིར་གསུངས་ཤིང་། དེ་དག་ཀྱང་“བྱེད་པ་པོ་ནི་བདག་ཡིན་ཏེ། །བྱ་བའི་དངོས་པོ་གཞན་ཡིན་ནོ། །བྱ་བ་བསྒྲུབ་པའི་ཡུལ་ལ་ནི། །ལས་ཀྱི་དངོས་པོ་ཞེས་པར་བརྗོད། །”[29]ཞེས་བདག་གཞན་དང་བྱ་བ་བསྒྲུབ་པའི་ཡུལ་ཞེས་པ་རྣམས་གང་དང་གང་ཡིན་ངོས་འཛིན་མཛད་ཅིང་། རྩ་ཚིག་གོང་འོག་གི་ཚིག་ངོས་ལ་བརྟགས་ན། དངོས་པོ་དབྱེ་གཞིར་བཟུང་ནས་དེ་ལ་དབྱེ་བ་བཞི་བྱས་པས། ཕྱི་མ་བྱ་བ་བསྒྲུབ་པའི་ཡུལ་ལས་ཀྱི་དངོས་པོ་ཞེས་པ་དེ། བདག་གཞན་གང་ཡང་མིན་དགོས་པ་ལྟར་སྣང་ནའང་། དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། བྱ་བ་བསྒྲུབ་པའི་ཡུལ་ཞེས་པ་ནི། “བྱ་བ་བསྒྲུབ་པར་བྱ་བའི་ཡུལ་ལ་ལས་ཀྱི་དངོས་པོ་ཞེས་བརྗོད་དེ། གཅད་བྱའི་ཤིང་ལྟ་བུའོ། །”[30]ཞེས་རྩ་ཚིག་གི་དོན་འགྲེལ་ཞིང་། “བྱེད་པ་པོ་དང་། བྱེད་པ་དང་། བྱེད་པའི་ལས་རྣམས་དངོས་པོ་བདག་དང་། བྱ་བའི་ཡུལ་ཤིང་དང་། བྱ་བའི་ལས་ཤིང་དུམ་བུར་གཅད་པའི་ཆ་དངོས་པོ་གཞན་དུ་འཇོག་པའོ། །”[31]ཞེས་བདག་གཞན་གྱི་འགྲེལ་ཚུལ་ལྟར་ན། ལས་ཀྱི་དངོས་པོ་ཡང་གཞན་ཡིན་པར་བཀྲལ་འདུག་སྙམ་མོ། །
དེ་ལྟར་བདག་གཞན་གྱི་དོན་མ་གསལ་བ་ལས་གསལ་དང་། གསལ་བ་ཡང་ཅུང་ཇི་གསལ་དུ་སོང་ཡོད་མོད། ཆེས་གསལ་བར་འགྲེལ་མཁན་ནི་སི་ཏུ་པཎ་ཆེན་ཡིན་ཏེ། ཁོང་གིས། “ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་ཀྱི་གོ་དོན་དཔྱིས་ཕྱིན་པར་བྱེད་པ་ལ། ཐོག་མར་འདི་ཤེས་དགོས་ཏེ། ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱའོ། །”[32]ཞེས་བདག་གཞན་གྱི་ངོས་འཛིན་གསལ་བར་མཛད་པ་མ་ཟད། བདག་གཞན་གྱི་རྣམ་གཞག་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ཕྱོགས་ཁོ་ནར་འཐད་པའི་སྲོལ་མཛད་པར་བརྟེན། འགྲེལ་ཚུལ་འདི་ཉིད་ཀྱི་ཕྲིན་ལས་ཕྱོགས་ཀུན་ཏུ་འཕེལ་ཞིང་རྒྱས་པར་གྱུར་ཏེ། དུས་དེ་ནས་བཟུང་བདག་གཞན་གྱི་རྣམ་གཞག་ལ་རྨོངས་པའི་མུན་པ་གསལ་བ་ལྟ་བུར་གྱུར་ཏོ། །པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་གྱི་དགོངས་པ། དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་བཀྲལ་བ་བཞིན་ཡིན་ཚེ། བདག་གཞན་ཐད་སི་ཏུ་པཎ་ཆེན་དང་དགོངས་པ་མི་མཐུན་པ་ཆེར་མི་སྣང་ངོ་། །
དེ་ལྟར་དངོས་པོ་བདག་གཞན་གྱི་རྣམ་གཞག་ལ་འགྲེལ་བརྗོད་དང་དཔེར་བརྗོད་སོགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་གོང་འཕེལ་དུ་སོང་བའི་འཕེལ་འགྱུར་བྱུང་མཐར། གྲུབ་འབྲས་སམ་དགེ་མཚན་ཆེན་པོ་གཉིས་བྱུང་ཡོད་དེ། གཅིག་ནི་གཞུང་ལུགས་དང་གཅིག་ཤོས་ནི་ལག་ལེན་ཡིན། དེ་ཡང་བདག་གཞན་གྱི་རྣམ་གཞག་གསལ་བར་གྱུར་པ་ལ་བརྟེན་ནས། སྔོན་འཇུག་ཅིའི་ཕྱིར་འཇུག་གི་གཞུང་འཆད་བདེ་ཞིང་གོ་སླ་བ་དང་། འཆད་ཚུལ་དང་དཔེར་བརྗོད་གཅིག་གྱུར་བྱུང་བ་སོགས་བརྡ་སྤྲོད་པའི་གཞུང་ལ་དགེ་མཚན་དཔག་མེད་དུ་བསྐྲུན། དངོས་པོ་བདག་གཞན་གྱི་རྣམ་གཞག་ཤེས་ན། ལག་ལེན་དུ་དགེ་མཚན་ཤིན་ཏུ་ལྡན་ཏེ། དངོས་པོ་བདག་སྟེ། བྱེད་པ་པོ་དང་བྱེད་པ། དེ་དག་ལ་ཡོད་པའི་ལས་ཀྱི་སྒྲ་དག་ལ་བྱ་ཚིག་ད་ལྟ་བའི་དག་ཆ་དང་། དངོས་པོ་གཞན་བྱ་བ་དང་བཅས་པའི་སྒྲ་ལ་བྱ་ཚིག་མ་འོངས་པའི་དག་ཆ་ཐོབ་པ་ཤེས་ནུས། དེ་ལ་བརྟེན་ནས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་གྱི་བྱ་བའི་གཞག་མང་དག་ཅིག་ལ་རིགས་བསྒྲེས་ནས་ཤེས་པར་འགྱུར་བར་བརྟེན་ །བདག་གཞན་དང་དུས་གསུམ་སོ་སོར་དབྱེ་བའི་དགོས་པ་ཡང་དེ་ལྟར་སྣང་སྟེ། དབྱངས་ཅན་གྲུབ་པའི་རྡོ་རྗེས། “བདག་གཞན་དབྱེ་བས་དེ་ཙམ་དུ། །ཁྱབ་པ་མིན་ཡང་བྱེད་པོ་དང་། །བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ། །མཛད་ནས་བདག་གཞན་དང་འབྲེལ་བའི། །བྱ་བྱེད་རྣམས་ཀྱང་དེ་ཁོངས་བསྡུས། །”[33]ཞེས་དུས་གསུམ་ལས་ལོགས་སུ་བདག་གཞན་དབྱེ་བའི་དགོས་པ་གསུངས་པ་ལས་གྲུབ་འདུག་སྙམ་མོ། །
ས་བཅད་བཞི་པ། བྱ་བྱེད་ལས་གསུམ་གྱི་རྣམ་གཞག་གི་འཕེལ་འགྱུར་ལ་བལྟ་བ།
དང་པོ། བྱ་བྱེད་ལས་གསུམ་ཞེས་པའི་ཐ་སྙད་ཀྱི་བྱུང་འཕེལ།
དངོས་པོ་བདག་གཞན་གྱི་རྣམ་གཞག་དང་འབྲེལ་ནས། སྔོན་གྱི་བརྡ་སྤྲོད་པའི་གཞུང་འགའ་རེ་དང་དེང་གི་བརྡ་སྤྲོད་པའི་རྣམ་གཞག་མང་པོར། བྱ་བྱེད་ལས་གསུམ་གྱི་རྣམ་གཞག་འཆད་པར་བྱེད་ཅིང་། འདི་ཡང་རྟགས་འཇུག་ཅིའི་ཕྱིར་འཇུག་པའི་སྐབས་ཀྱི་དཀའ་གནས་ཤིག་ཏུ་བགྲངས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྩ་བར་བྱ་དང་བྱེད། ལས་ཞེས་པའི་ཐ་སྙད་སོ་སོར་ཐོན་པ་ཙམ་ལས། བྱ་བྱེད་ལས་གསུམ་ཞེས་པའི་ཐ་སྙད་དངོས་སུ་མི་གསལ་བས། བྱ་ཚིག་རྣམ་གཞག་ཏུ་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་དངོས་སུ་བྱེད་མཁན་སུ་ཞིག་ཡིན་མིན་ཡང་དཔྱད་པའི་གནས་སུ་སྣང་། དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས། “བྱེད་པོ་ལས་(ལ)་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །”[34]ཞེས་གསུངས་པ་ལྟ་བུས་མཚོན་སྤྱིར་བྱེད་པ་དང་ལས་སོ་སོའི་སྒྲ་ཙམ་ནི། སྔོན་གྱི་བཀའ་བསྟན་གྱི་གཞུང་རྣམས་སུ་མང་དུ་ཐོན་ནའང་། རྟགས་འཇུག་སྐབས་ཀྱི་བྱ་བྱེད་གསུམ་གྱི་འཇོག་ཚུལ་ནི། དེ་དག་ལས་གཞན་དུ་སྣང་ངོ་། །
དེས་ན་ཁོ་བོས་དཔེ་ཀློག་དང་འཚོལ་ཞིབ་ཀྱི་བརྒྱུད་རིམ་ལྟར་བྱས་ན། བྱ་ཚིག་རྣམ་གཞག་ཏུ་བྱ་བྱེད་ལས་གསུམ་གྱི་ཐ་སྙད་སྤྱོད་མཁན་ཐོག་མ་ནི། དུས་རབས་བཅུ་དྲུག་པའི་སྟོད་དུ་བྱོན་པའི་ཟུར་མཁར་བ་བློ་གྲོས་རྒྱལ་པོ་ཡིན་ཞིང། ཁོང་གིས་ཅིིའི་ཕྱིར་འཇུག་པའི་གཞུང་འགྲེལ་བའི་ཚེ། “བཞི་པ་རྒྱུ་མཚན་ཅིའི་ཕྱིར་འཇུག་པར་བྱེད་པ་ནི། ཅི་ཕྱིར་སོགས་ཚིག་རྐང་གཉིས་ཏེ། འདིར་ཅིའི་ཕྱིར་འཇུག་པར་བྱེད་ན། །མ་ནིང་གཉིས་ཀ་ད་ལྟར་ཕྱིར། །ཞེས་པའི་སྐབས་འདིར་དངོས་བསྟན་སྔོན་འཇུག་གི་ཕོ་དེ་དོན་དུས་གསུམ་གྱི་ནང་ཚན་འདས་པ་དང་། བདག་གཞན་གཉིས་ཀྱི་ཟླས་ཕྱེ་བའི་གཞན་དང་། བྱ་བྱེད་ལས་གསུམ་གྱི་(གྱིས་མིན་ནམ་སྙམ)ཕྱེ་བའི་བྱ་བ་སྒྲུབ་རྣམས་ལ་འཇུག་གོ་ཞེས་པ་ཙམ་ཞིག་སྣང་མོད།”[35] ཅེས་བྱ་བྱེད་ལས་གསུམ་གྱི་ཐ་སྙད་དངོས་སུ་བྱས་ཤིང་། དེ་དག་གི་དོན་གསལ་བར་མ་གསུངས་ཀྱང་འདིར་བྱ་ཞེས་པས་བྱ་བ་དངོས་སུ་བསྟན་དགོས་སྟབས། འདིའི་སྐབས་ཀྱི་ལས་ཞེས་པ་གོང་གི་“བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །”ཞེས་སོགས་སྐབས་བྱ་བར་ལས་ཞེས་པའི་ཐ་སྙད་མཛད་པ་དང་མི་འདྲའོ། །
ཡང་ཟུར་མཁར་བའི་གཞུང་གོང་དུ་དྲངས་པ་དེར་“ཅི་ཕྱིར་སོགས་ཚིག་རྐང་གཉིས་ཏེ། འདིར་ཅིའི་ཕྱིར་འཇུག་པར་བྱེད་ན། །མ་ནིང་གཉིས་ཀ་ད་ལྟར་ཕྱིར། །”དྲངས་ཤིང་དོན་འགྲེལ་བའི་ཚེ། “ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །”ཞེས་པའི་ཚིག་འགྲེལ་ལྟ་བུར་སྣང་བས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་གཞུང་དྲང་རྒྱུ་ཡིན་རུང་མཛད་པ་པོའམ་རྩོམ་སྒྲིག་པ་སུ་རུང་ནས་དྲངས་ནོར་བྱུང་བ་མིན་ནམ་སྙམ་པས་དཔྱད་དོ། །གང་ལྟར་ཡང་བྱ་ཚིག་གི་རྣམ་གཞག་ཏུ་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་ཅིག་འཕེལ་འགྱུར་བྱུང་ཞིང་། རིམ་གྱིས་བརྡ་སྤྲོད་སྨྲ་བ་རྣམས་ཀྱི་གླེང་གཞིའམ་བརྗོད་གཞི་ཆེན་པོ་ཞིག་ཏུ་གྱུར་ཏོ། །
གཉིས་པ། བྱ་བྱེད་ལས་གསུམ་གྱི་དོན་གྱི་འཕེལ་འགྱུར།
དེ་ལྟར་ཟུར་མཁར་བ་བློ་གྲོས་རྒྱལ་པོས་བྱ་བྱེད་ལས་གསུམ་གྱི་ཐ་སྙད་ཙམ་གསུངས་རུང་དེ་དག་གི་དོན་ཆེར་མི་གསལ་བས། དེ་དག་གི་དོན་ཇི་ལྟར་ཡིན་ནམ་ཞེ་ན། ཁོ་བོས་མཐོང་ཡུལ་དུ་གྱུར་པའི་ཡིག་ཆ་གཞིར་བྱས་ན། རྟགས་འཇུག་སྐབས་ཀྱི་བྱ་བྱེད་ལས་གསུམ་གྱི་དོན་འགྲེལ་མཁན་ཐོག་མ་ནི་དུས་རབས་བཅོ་བརྒྱད་པའི་དཀྱིལ་ཙམ་དུ་བྱོན་པའི་དབྱངས་ཅན་དགའ་བའི་བློ་གྲོས་ཡིན། དེ་ཡང་ཁོང་གིས། “ལས་གང་དང་གང་གི་བྱེད་པ་པོ་ལ་བདག་དང་། གང་བྱ་བའི་ཡུལ་དེ་ལ་གཞན་ཞེས་བྱ་ལ། བྱ་བྱེད་ལས་གསུམ་དུ་ཕྱེ་བའི་ཚེ་བྱེད་པ་པོ་གཙོ་ཕལ་གཉིས་ལ་བྱེད་པ་དང་། བྱ་བའི་ཡུལ་ལ་ལས་དང་། བྱེད་པ་པོས་ལས་དེ་བགྱི་བ་ལ་བྱ་བ་ཞེས་བྱའོ། །”[36]ཞེས་བྱ་བྱེད་ལས་གསུམ་གྱི་དོན་གསལ་བར་གསུངས་ཤིང་། དེ་ཡང་དཔེར་དང་སྦྱར་ནས་འདི་ལྟར་གསུངས་ཏེ། “དེ་ཡང་གཞི་གཅིག་གི་སྟེང་དུ་དཔེར་བརྗོད་ན། ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་པའི་ཚེ། ཤིང་མཁན་ནི་བྱེད་པ་པོ་གཙོ་བོ་དང་། སྟེ་རེ་ནི་བྱེད་པ་ཕལ་པ་ཡིན་ཏེ། དེ་གཉིས་བདག་གཞན་གཉིས་ལས་བདག་དང་། བྱ་བྱེད་ལས་གསུམ་གྱི་ནང་ནས་བྱེད་པ་ཡིན་ནོ། །ཤིང་ནི་ལས་དང་། དེ་བདག་གཞན་གཉིས་ཀྱི་ནང་ནས་གཞན་ཡིན་ཞིང་། ཤིང་ལ་སྟ་རེས་བརྡེག་པའམ་སྟ་རེས་ཤིང་གཅོད་པ་ནི་བྱ་བ་ཡིན་ཏེ། འདི་ལ་བྱེད་པ་པོ་ལ་ཡོད་པའི་བྱ་བ་དང་། བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་གཉིས་ཡོད་དེ། སྟ་རེས་ཤིང་གཅོད་པའི་རྩོལ་བ་ནི་བྱེད་པ་པོ་ཤིང་མཁན་ལ་ཡོད་ཅིང་། ཤིང་དུམ་བུར་བཅད་པའི་ཆ་ནི་བྱ་ཡུལ་ཤིང་གི་སྟེང་དུ་ཡོད་པ་བཞིན་ནོ། །”[37]ཞེས་ཤིན་ཏུ་གསལ་བར་གསུངས།
པྲ་ཏི་དང་སི་ཏུ་དག་གི་དགོངས་པའང་དེ་ལྟར་ཡིན་ནམ་ཞེ་ན། དེ་རྣམ་གཉིས་ཀྱིས་རྟགས་འཇུག་གི་སྐབས་འདིར་བྱ་བྱེད་ལས་གསུམ་གྱི་ཐ་སྙད་དངོས་སུ་མ་གསུངས་པས་འདི་དང་དེ་བརྗོད་རྒྱུ་དཀའ་ནའང་། རྗེས་འབྲང་མཁས་པ་དག་གིས་འགྲེལ་ཚུལ་ལྟར་བྱས་ན། པྲ་ཏི་དང་སི་ཏུ་བྱ་བྱེད་ལས་གསུམ་འཇོག་ཚུལ་མི་འདྲ་སྟེ། པྲ་ཏིའི་རྗེས་འབྲང་གཙོ་བོ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་བྱ་བྱེད་ལས་གསུམ་གྱི་དོན་གོང་བཞིན་ཡིན་ལ། དེ་ཉིད་པྲ་ཏིའི་དགོངས་པའང་ཡིན་པར་སྙམ་སྟེ། རྟགས་འཇུག་འགྲེལ་བར། “བྱ་བ་བསྒྲུབ་པའི་ཡུལ་ལ་ནི། །ལས་ཀྱི་དངོས་པོ་ཞེས་པར་བརྗོད། །བྱེད་པ་པོ་དང་འབྲེལ་བའི་ལས། །བྱེད་པའི་ལས་ཞེས་བྱ་བ་སྟེ། །བྱ་བའི་ཡུལ་དང་འབྲེལ་བའི་ལས། །བྱ་བའི་ལས་ཞེས་འདོགས་པ་ཡིན། །”[38]ཞེས་བྱ་བྱེད་ལས་གསུམ་གྱི་ཐ་སྙད་དངོས་སུ་མ་གསུངས་ཀྱང་། ལས་ཀྱི་སྒྲ་སྦྱར་ས་གསུམ་བྱུང་བ་ལས། སྔ་མ་བྱ་བ་བསྒྲུབ་པའི་ཡུལ་ལ་ལས་ཀྱི་སྒྲ་སྦྱར་བ་འདི་ཉིད་བྱ་བྱེད་ལས་གསུམ་གྱི་ལས་ཀྱི་དོན་ཡིན་པར་འགལ་བ་མེད་ཅིང་འཐད་པའང་སེམས་སོ། །
འོན་ཀྱང་སི་ཏུ་པཎ་ཆེན་ནི་དེ་ལྟར་མིན་ཏེ། ཐུབ་བསྟན་ཕུན་ཚོགས་ཀྱིས་སི་ཏུའི་དགོངས་རྒྱན་དུ། “བྱ་བྱེད་ལས་གསུམ་ཞེས་པ་གང་ལ་ཟེར་ཞེ་ན། ལས་ཚིག་དང་འབྲེལ་བའི་བརྗོད་པ་གང་ཞིག །བྱེད་པ་པོའམ་བྱེད་པ་གཙོ་བོ་མཚོན་བྱེད་དེ་ལ་བྱེད་ཅེས་པའི་ཐ་སྙད་དང་། བྱ་ཡུལ་མཚོན་བྱེད་དེ་ལ་བྱ་ཞེས་པའི་ཐ་སྙད་དང་། ལས་ཚིག་དེ་བྱ་བྱེད་ཐ་དད་མིན་གང་གི་ལས་ཚིག་ཡིན་ཡང་དེ་ལ་ལས་ཞེས་པའི་ཐ་སྙད་ཀྱི་མིང་བཏགས་པ་ཞིག་ཡིན།”[39] ཞེས་བྱ་བྱེད་ལས་གསུམ་ནང་གི་བྱ་ཞེས་པ་བྱ་ཡུལ་དང་ལས་ཞེས་པ་བྱ་བར་བཤད་པ་དང་། དེ་བཞིན་ལྕགས་ཐར་རྒྱལ་གྱིས་ཀྱང་། “ལས་གང་ཞིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ན། བྱེད་པ་པོ་དང་དེའི་བྱེད་པ་གཉིས་ནི་བྱ་བྱེད་ལས་གསུམ་གྱི་བྱེད་དང་། དེས་བསྒྲུབ་པར་བྱ་བའི་ལས་ཀྱི་དངོས་པོ་ནི་བྱ། བྱེད་པ་པོ་དང་འབྲེལ་བའི་བྱེད་པའི་ལས་དང་། བྱ་བའི་ཡུལ་དང་འབྲེལ་བའི་བྱ་བའི་ལས་གཉིས་ཚོགས་ལ་ལས་ཟེར་ཏེ། གང་ཞིག་བསྒྲུབ་པར་བྱ་བའི་ལས་ལ་བྱ་ལས་བྱེད་ལས་གཉིས་སྣང་བའི་ཕྱིར་རོ། །”[40]ཞེས་དང་། “འདི་ནི་སི་ཏུ་པཎ་ཆེན་གྱི་དགོངས་པ་ལྟར་བྱས་པ་ཡིན་ལ། དགེ་བཤེས་པྲ་ཏི་ལྟར་ན་བྱ་བའི་ཡུལ་ལམ་ལས་ཀྱི་དངོས་པོ་ལ་ལས་དང་། བྱ་ལས་དང་བྱེད་ལས་ལ་བྱ་ཞེས་བྱའོ། །”[41]ཞེས་པྲ་ཏི་དང་སུ་ཏི་རྣམ་གཉིས་གང་ཞིག་མི་མཐུན་པའི་ཚུལ་གསལ་བར་གསུངས་པ་བཞིན་ཡིན་པར་སེམས་སོ། །
ཁྱད་པར་དེ་ལྟར་བྱུང་རྐྱེན་ནི་འདི་ལྟར་སྙམ་སྟེ། པྲ་ཏི་དགེ་བཤེས་དོན་ཆེན་དོན་གྲུབ་ཀྱིས། “བྱ་བ་བསྒྲུབ་པའི་ཡུལ་ལ་ནི། །ལས་ཀྱི་དངོས་པོ་ཞེས་པར་བརྗོད། །”ཞེས་བྱ་བའི་ཡུལ་ལ་ལས་ཀྱི་ཐ་སྙད་བཞེད་པ་དངོས་སུ་གསལ་ནའང་། སི་ཏུ་པཎ་ཆེན་ནི། མོ་འ་ཡིག་ཅིའི་ཕྱིར་འཇུག་པའི་སྐབས། “དེ་ལྟར་བཀོད་པ་རྣམས་ནི་གོང་སྨྲོས་ལྟར་གང་ཞིག་ལས་སམ་བྱ་བ་དེ་ལས་ངེས་པར་ཐ་དད་པར་གྱུར་པའི་བདག་བྱེད་པ་པོའི་ཚིག་སྟེ། འདིར་བསྟན་གྱི་དཔེར་བརྗོད་དངོས་ཡིན་ལ། ཞར་ལས་གང་ཞིག་ལས་སམ་བྱ་རྒྱུ་དེ་དང་ཐ་མི་དད་པ་ལྟར་སྣང་བའི་བྱེད་པ་པོའི་ཚིག་རྣམས་ཀྱང་ཕལ་ཆེར་འས་འཕུལ་ཅན་དུ་ཤེས་དགོས་ཏེ།”[42] ཞེས་གང་ཞིག་ལས་སམ་བྱ་རྒྱུ་ཞེས་པའི་ལས་དེ་བྱ་ཡུལ་ལ་གོ་དགོས་པ་མིན་ནམ་སྙམ་པ་ལས་གཞན། བྱ་བའི་ཡུལ་ལ་ལས་ཀྱི་ཐ་སྙད་གསལ་བ་མཛད་པ་ཞིག་མི་སྣང་བས། མི་བཞེད་པ་མིན་ནམ་སྙམ་མོད་དཔྱད་པར་རིགས་སོ། །
ཡང་བྱ་བྱེད་ལས་གསུམ་དང་དངོས་པོ་བདག་གཞན་གྱི་ཁྱད་པར་ཇི་ལྟར་ཡིན་སྙམ་ན་འདི་ལྟར་ཏེ། ན་ག་སངས་རྒྱས་བསྟན་དར་གྱིས། “བྱ་བྱེད་ལས་གསུམ་ནི་གོང་གི་བདག་གཞན་གྱི་དཔེར་བརྗོད་ཁོངས་ནས་འབྱིན་པར་བྱེད། དེ་ཡང་། བྱ་བྱེད་ལས་གསུམ་ལས་བྱ་ཞེས་པ་དེ་བྱེད་ལས་གསལ་བྱེད་ཀྱི་སྒྲ་དང་བྱ་ལས་གསལ་གྱི་སྒྲ་ལ་ཟེར། དེས་ན་བྱ་ཞེས་པ་དེར་བདག་གཞན་གཉི་ག་འཇོག་ཏུ་ཡོད། དེ་དག་ལས་བྱེད་ཅེས་པ་དེ་བདག་ཡིན་མཁན་གྱི་བྱེད་པ་པོ་གཙོ་ཕལ་ལ་གོ །དེས་ན་བྱེད་ཅེས་པ་དེར་བདག་ཁོ་ན་ལས་གཞན་འཇོག་ཏུ་མེད། དེ་དག་ལས་ལས་ཞེས་པ་དེ་གཞན་ཡིན་པའི་ལས་སམ་བྱ་ཡུལ་དེར་གོ །དེས་ན་ལས་ཞེས་པ་དེ་གཞན་ཁོ་ན་ལས་བདག་ཏུ་འཇོག་ཏུ་མེད།”[43] ཅེས་གསལ་བར་གསུངས་པ་ལྟར་རོ། །
དེ་ལྟར་བྱ་བྱེད་ལས་གསུམ་ཀྱི་ཐ་སྙད་མེད་པ་ནས་ཡོད་པ་དང། དེ་ནས་རིམ་གྱིས་དེ་དག་གི་དོན་གང་ཡིན་གྱི་འགྲེལ་བརྗོད་བྱུང་བ་སོགས་འཕེལ་འགྱུར་རིམ་པ་ཞིག་བྱུང་ཡོད་པ་ལས། དེ་དག་ལ་དངོས་བཏགས་ཀྱི་ཁྱད་པར་བྱེད་མཁན་ཡང་བྱུང་སྟེ། དཔེར་ན། བློ་བཟང་དབང་ཕྱུག་གིས། “འདིར་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་ལ་དངོས་བཏགས་ཀྱི་དབྱེ་བ་ཕྱེ་སྟེ་བཤད་ན།”[44] ཞེས་རྫ་མཁན་གྱིས་བུམ་པ་བྱེད་པའི་ཚེ་དེའི་སྟེང་གི་བྱ་བྱེད་ལས་གསུམ་ནི་མཚན་ཉིད་པ་དང་། ཡང་སྔོ་སྣང་དབང་ཤེས་ཀྱིས་དངོས་པོར་རྟོག་པའི་ཚེ་དེའི་སྟེང་གི་བྱ་བྱེད་ལས་གསུམ་དེ་བྱ་བྱེད་ལས་གསུམ་བཏགས་པ་བ་ཡིན་པ་དང་། དེ་ཡང་སྔ་མ་ལ་དངོས་པོའི་རྒྱུ་འབྲས་ཀྱི་སྟེང་ནས་བཞག་པའི་བྱ་བྱེད་ལས་གསུམ་དང་། ཕྱི་མ་ལ་ཤེས་པས་ཡུལ་རྟོག་པ་ལ་བཞག་པའི་བྱ་བྱེད་ཡིན་ལུགས་སོགས་མང་དུ་གསུངས་ཀྱང་འདིར་མང་བས་འཇིགས་ནས་མ་དྲངས་པ་ལགས་སོ། །
གསུམ་པ། བྱ་བྱེད་ལས་གསུམ་ལས་འཕྲོས་པའི་དུས་གསུམ།
དེ་ལྟར་བྱ་ཚིག་རྣམ་གཞག་ལ་འཕེལ་འགྱུར་རིམ་གྱིས་བྱུང་སྟེ། བྱ་བྱེད་ལས་གསུམ་གྱི་དུས་གསུམ་དང་། བྱེད་པའི་ལས་དང་བྱ་བའི་ལས་དག་དང་འབྲེལ་ནས་ཀྱང་། འདས་མ་འོངས་ད་ལྟའི་དུས་གསུམ་གྱི་རྣམ་གཞག་བྱེད་མཁན་ཡོད་དེ། དཔེར་ན། གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཀྱིས། “འོན་ཀྱང་བྱ་བྱེད་ལས་ཀྱི་དུས་གསུམ་དང་། སྤྱིར་དུས་གསུམ་གྱི་འཇོག་ཚུལ་ལ་ཁྱད་པར་ཅུང་ཟད་རེ་ཡོད་དེ། དཔེར་ན། གདུལ་བྱའི་སེམས་ཅན། ཞེས་པ་ལྟ་བུ་ལ་མཚོན་ན། ལས་ཀྱི་སྒྲ་དེ་ཡི་འཇུག་ཡུལ་རྣམ་པ་གསུམ་དུ་ཡོད་དེ། གདུལ་བྱ་ཞེས་པ་ལས་སྒྲ་དངོས་མ་འོངས་པ་དང་། སེམས་ཅན་ནི་ལས། འདུལ་བ་ནི་བྱེད་པ་ད་ལྟ་བ། བཏུལད་པ་ནི་བྱས་ཟིན་འདས་པ། གདུལ་བར་བྱ་ཞེས་པ་ནི་བྱ་བའི་ལས་མ་འོངས་པ་ཞེས་བྱ་ཞིང་། སེམས་ཅན་དེ་གདུལ་བའི་བྱ་བས་སླར་འདུལ་དགོས་པ་ནི། དུས་ཀྱི་དུས་མ་འོངས་པ་དང་། འདུལ་བཞིན་པ་ནི། དུས་ཀྱི་དུས་ད་ལྟ་བ་དང་། བཏུལད་ཟིན་པ་ནི། དུས་ཀྱི་དུས་འདས་པའི་དོན་ཡིན་པར་གོ་དགོས་སོ། །”[45] བྱ་བྱེད་ལས་གསུམ་གྱི་དུས་གསུམ་དང་སྤྱིར་དུས་གསུམ་ཞེས་གཉིས་སུ་ཕྱེས་ནས་དཔེར་བརྗོད་སོ་སོར་བཀོད་པ་དང་། ཡང་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས། “ཆོས་འཆད་པར་བྱེད་པ་ལྟ་བུ་བྱེད་ལས་ད་ལྟར་བ་འདི་དང་། སླད་ནས་འབྱུང་བའི་མོའི་འཇུག་པ་བདག་དོན་གཅིག འཆད་པར་འགྱུར་ཞེས་པ་ལྟ་བུ་བྱ་ལས་མ་འོངས་པ། བཤད་པར་བྱ་ཞེས་པ་ལྟ་བུ་བྱ་བ་གཞི་ལ་ཡོད་པའི་ལས་ད་ལྟ་བ། བཤད་ཟིན་ལྟ་བུ་བྱ་བ་གཞི་ལ་ཡོད་པའི་ལས་འདས་པ་སྟེ་འདི་གཉིས་སྐབས་འདིའི་གཞན་དང་འདས་པའི་ཡུལ་ལ་འཇུག་པའི་དཔེར་བརྗོད་ཡིན་པའི་ཕྱིར།”[46] ཞེས་ཆོས་འཆད་པར་བྱེད། འཆད་པར་འགྱུར། བཤད་པར་བྱ། བཤད་ཟིན་ཅེས་པ་རྣམས། རིམ་པ་བཞིན་བྱེད་ལས་ད་ལྟ་བ། བྱ་ལས་མ་འོངས་པ། བྱ་བ་གཞི་ལ་ཡོད་པའི་ལས་ད་ལྟ་བ། བྱ་བ་གཞི་ལ་ཡོད་པའི་ལས་འདས་པ་བཅས་ཀྱི་འདས་མ་འོངས་ད་ལྟའི་རྣམ་གཞག་གསུངས་པ་སོགས་བྱུང་། སི་ཏུ་པཎ་ཆེན་ལུགས་ལྟར་ན། “གཞན་དུ་བྱེད་པའི་ལས་དང་བྱ་བའི་ལས་ཞེས་ལས་ཀྱི་ཚིག་ལ་གཉིས་སུ་དབྱེ་བའང་དབྱེ་བ་དེ་དག་ཏུ་འདུས་ཏེ་དུས་གསུམ་གྱི་དབང་གིས་བྱེད་པའི་ལས་ནི་དུས་ད་ལྟ་བ་དང་། བྱ་བའི་ལས་ནི་དུས་མ་འོངས་པར་འདུ་ཞིང་།”[47] ཞེས་གསུངས་པས། སྒྲུབ་པར་བྱེད་ལྟ་བུ་བྱེད་པ་པོ་དང་འབྲེལ་བའི་ལས་ནི། དུས་གསུམ་ལས་ད་ལྟ་བའི་ཁོངས་སུ་དང་། བསྒྲུབ་པར་བྱ་ལྟ་བུ་བྱ་བའི་གཞི་དང་འབྲེལ་བའི་ལས་ནི་མ་འོངས་པའི་ཁོངས་སུ་འདུ་བས། དུས་གསུམ་ལས་ལོགས་སུ་བྱ་བའི་ལས་དང་བྱེད་པའི་ལས་ཀྱི་དུས་གསུམ་ཞིག་ཡོད་པ་མ་ཡིན་ལ། ལྷག་ཏུ་སྔོན་འཇུག་ཅིའི་ཕྱིར་འཇུག་གི་ཁ་ཅིག་བརྒྱད་པའི་[48]སྐབས། བྱ་བ་གཞི་ལ་ཡོད་པའི་ལས་ལ་དུས་གསུམ་གྱི་དབྱེ་བ་བྱས་པ་འགོག་ཚུལ་ལས་ཀྱང་སི་ཏུའི་ལུགས་སུ་མི་འཐད་པ་གསལ། གང་ལྟར་ཡང་དུས་ཚོད་དེ་ཙམ་ཞིག་ནས་འཆད་ཚུལ་དེ་ལྟ་བུ་ཞིག་བྱུང་བའང་འཕེལ་འགྱུར་གཞན་ཞིག་ཅི་ལ་མིན།
དེ་ལྟར་མཁས་པ་རང་རང་གི་རྣམ་དཔྱོད་ཀྱི་རྩལ་མི་འདྲ་བ་དང་། གཟིགས་ཕྱོགས་ཀྱི་ངོས་མི་གཅིག་པའི་དབང་གིས་ཕན་ཚུན་དགག་སྒྲུབ་གྱི་རྣམ་པ་ཅི་རིགས་ཤིག་བྱུང་ཡོད་ནའང། གྲུབ་དོན་ནི་གཞུང་གི་བསྟན་དོན་ཇེ་ཟབ་དང་གོ་བ་ཇེ་ཆེར་སོང་བ་མ་ཟད། འདས་མ་འོངས་ད་ལྟའི་དོན་ཡང་ཡང་བཤད་ཅིང་དཔེར་སྣ་ཚོགས་བརྗོད་པ་དང། ལྷག་ཏུ་དུས་གསུམ་སོ་སོའི་དག་ཆའི་སྐོར་དགག་སྒྲུབ་དང་གསལ་བཀྲོལ་མང་དུ་བྱུང་བ་སོགས་ལ་བརྟེན། ད་གཟོད་དག་ཆ་ལ་གཅིག་གྱུར་དང་། དེ་ཡང་སྦྱངས་ན་བློ་ལ་ངེས་སླ་ཞིང་། བྲིས་ན་ལག་ལེན་སྦྱོར་བདེ་བའི་དགེ་མཚན་ཕུན་སུམ་ཚོགས་པ་ཞིག་བྱུང་ཡོད་དོ། །
ས་བཅད་ལྔ་པ། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་རྣམ་གཞག་གི་འཕེལ་འགྱུར་ལ་བལྟ་བ།
དང་པོ། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་གྱི་ཐོག་མའི་བྱུང་འཕེལ།
བྱ་ཚིག་རྣམ་གཞག་གི་འགྲེལ་ཚུལ་ལ་འཕེལ་འགྱུར་རིམ་པ་ཞིག་བྱུང་བའི་ཁྲོད་ནས། གཅིག་ནི་བྱ་ཚིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་ཚིག་དང་། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་ཚིག་ཅེས་རིགས་ཆེན་པོ་གཉིས་སུ་དབྱེ་ཚུལ་དེ་ཡིན། བྱ་ཚིག་ལ་དེ་ལྟ་བུའི་དབྱེ་ཚུལ་དེ་ནི་བྱ་ཚིག་རྣམ་གཞག་གི་གཞུང་ལུགས་ཀྱི་འཕེལ་འགྱུར་ཆེན་པོ་ཞིག་ཡིན་ངེས་ལ། ། ཐུབ་བསྟན་ཕུན་ཚོགས་ཀྱིས། “བྱ་བྱེད་ཐ་དད་པ་དང་ཐ་མི་དད་པའི་དབྱེ་བ་འདི་ནི་རྟགས་འཇུག་གི་སྙིང་པོ་བྱ་བྱེད་ལས་གསུམ་དང་། བདག་གཞན་དུས་གསུམ་གྱི་དབྱེ་བ་འབྱེད་ཆོས་ཀྱི་ཚད་གཞི་ཉག་ཅིག་ཡིན།”[49] ཞེས་ཀྱང་གསུངས། དེ་ནི་དུས་རབས་བཅོ་བརྒྱད་པའི་སྟོད་དུ་བྱོན་པའི་སི་ཏུ་པཎ་ཆེན་མཆོག་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་ཤིང་། སྔོན་ཆད་སུས་ཀྱང་མ་རྙེད་པའི་སྔོན་འཇུག་ཅིའི་ཕྱིར་འཇུག་གི་གསང་གནས་ཤིག་གསར་དུ་རྙེད་པ་ལྟར་གྱུར། དེ་ཡང་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ལས། “ཡང་འགྲེལ་བྱེད་སྔ་མ་ཐམས་ཅད་ཀྱིས་འདི་སྐབས་ལས་ཀྱི་ཚིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་གྱི་རྣམ་དབྱེ་མ་མཛད་པ་ནི་ཤིན་ཏུ་མི་ལེགས་ཏེ། དེ་མ་ཤེས་ན་བྱེད་པ་པོ་དང་བྱ་བ་ཐ་དད་པ་དང་མི་དད་པའི་ལས་ཀྱི་ཚིག་སོ་སོར་ངོས་མི་ཟིན་ཅིང་། དེ་མ་ཟིན་པས་འདིར་བདག་གཞན་གྱི་ཐ་སྙད་གང་ལ་འཇུག་པ་ཚུལ་བཞིན་མ་རྟོགས་པར་ལོང་བའི་འཁར་བ་བཞིན་གར་འཛུགས་མེད་པའི་ཅལ་ཅོལ་མང་པོ་བྱུང་སྣང་ངོ་། །”[50]ཞེས་གསུངས་པ་བཞིན་སི་ཏུ་པཎ་ཆེན་ཡན་དུ་འདི་ལྟ་བུའི་རྣམ་གཞག་བྱེད་མཁན་མ་བྱུང་བ་དང། རྣམ་གཞག་འདི་བྱུང་བ་ནས་བཟུང་བརྡ་སྤྲོད་སྨྲ་བ་རྣམས་ཀྱང་འདི་ཉིད་ཀྱི་རྗེས་སུ་འབྲངས་ཞིང་། དབྱེ་ཚུལ་དེ་ལ་འགའ་རེས་བྱ་བྱེད་ཐ་དད་པ་དང་མི་དད་པའི་ཐ་སྙད་བྱེད་ཅིང་། ལ་ལས་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་ཅེས་པའི་ཐ་སྙད་བཀོལ་བ་སོགས་བྱུང་ནའང་། ནང་དོན་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་གྱི་དོན་ལས་གཞན་དུ་མ་མཐོང་ངོ་། །
གཉིས་པ། རྣམ་གཞག་དེ་རྩ་བས་དངོས་སུ་བསྟན་མིན་དང་། དེའི་དགེ་མཚན།
འོ་ན་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་དང་མ་འབྲེལ་བའི་བྱ་ཚིག་རིགས་གཉིས་ཀ་རྩ་བས་དངོས་སུ་བསྟན་ཡོད་དམ་ཞེ་ན། འགོས་པདྨ་རྒྱལ་མཚན་གྱིས། “ཕོ་ནི་འདས་དང་ནས་མོ་ནི་བདག་ཅེས་པའི་བར་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་རྩ་བ་དང་། ད་མ་འོངས་ཕྱིར། །ཞེས་པ་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་རྩ་བ་དང་། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་བྱ་བ་སྤྱི་ཙམ་ཡིན་པ་དང་།”[51] ཞེས་རྩ་བས་དངོས་སུ་བསྟན་པར་གསུངས་ཤིང། སི་ཏུ་པཎན་ཆེན་གྱི་དགོངས་པ་ཡང་དེ་ལྟར་ཡིན་པར་སྣང་སྟེ། འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ལས། “འདིར་གཞུང་གི་ཡིག་ཆ་རྣམས་སུ། མོ་ནི་བདག་དང་མ་འོངས་ཕྱིར། །ཞེས་པ་ཡོད་ཅིང་འགྲེལ་བྱེད་སྔ་མ་རྣམས་ལའང་དོགས་པ་མ་ཤར་མོད། དེ་ནི་འདིར་བསྟན་གྱི་བདག་གཞན་དང་དུས་གསུམ་གྱི་དབྱེ་བ་གཞུང་གི་དགོངས་པ་བཞིན་མ་ཕྱེད་པས་ནོངས་ཏེ། བདག་གི་ཐ་སྙད་ཀྱིས་མ་བསྟན་པའི་ད་ལྟ་བའི་ཚིག་འ་འཕུལ་ཅན་མང་དུ་ཡོད་པ་སྐབས་འདིར་བསྟན་དགོས་པ་མ་ཤེེས་པར་འདུག་པའི་ཕྱིར་རོ། །”[52]ཞེས་སྐབས་འདིར་རྩ་བས་བསྟན་རུང་བདག་གི་ཐ་སྙད་ཀྱིས་མ་བསྟན་པའི་ད་ལྟ་བའི་ཚིག་འ་འཕུལ་ཅན་མང་དུ་ཡོད་པ་གསུངས་ཤིང་། དེ་དག་གི་དཔེར་བརྗོད་ནི་གོང་དུ་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་འ་འཕུལ་ཅན་མང་དུ་བཀོད་པ་རྣམས་ཡིན་ངེས་སོ། །
རྣམ་གཞག་འདིར་གཞུང་དོན་འཆད་བདེ་ཞིང་། ལག་ལེན་སྦྱོར་སླ་བའི་དགེ་མཚན་ཤིན་ཏུ་ལྡན་ཏེ། འདི་ཤེས་ན་བྱ་བྱེད་ཐ་དད་པ་དང་ཐ་མི་དད་པའི་ལས་ཚིག་སོ་སོར་ཤེས་པར་འགྱུར་ཞིང་། དེ་ལ་བརྟེན་ནས་དངོས་པོ་བདག་གཞན་གྱི་རྣམ་གཞག་ཀྱང་། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་ཁོ་ནར་འཐད་ཀྱི། གཞན་ལ་མི་འཐད་པར་གྲུབ་པས་སྐབས་འདིའི་གཞུང་དོན་འཆད་བདེ་བ་དང་། བྱ་བའི་རྣམ་འགྱུར་ལ་བྱེད་པ་པོའམ་བྱེད་པ་དངོས་སུ་མི་གསལ་ཞིང་། རང་གི་ངང་གིས་འགྱུར་བའམ་གཡོ་བ་ལྟ་བུའི་སྣང་ཚུལ་ཅན་ཞིག་དང་། དེ་ལས་ལྡོག་པ་ཞིག་སྟེ་རིགས་ཆེན་པོ་གཉིས་སུ་གསལ་བཀྲོལ་བྱུང་ཞིང་། དེའི་དབང་གིས་སྔ་མ་ལ་རྣམ་དབྱེ་གསུམ་པའི་སྒྲ་མི་འཇུག་པ་དང་། ཕྱི་མ་ལ་འཇུག་པའི་ཁྱད་པར་གྲུབ་པར་བརྟེན། ལག་ལེན་ཁྲོད་རྣམ་དབྱེ་གསུམ་པའི་སྒྲ་གང་ལ་སྦྱར་དགོས་མིན་ཤེས་པར་ཤིན་ཏུ་ཕན་པར་འགྱུར་རོ། །འདི་ལ་བརྡ་སྤྲོད་སྨྲ་བ་མང་པོས་མཐའ་གཅིག་ཏུ་རྣམ་དབྱེ་གསུམ་པའི་སྒྲ་ཐོབ་པ་དང་མི་ཐོབ་པའི་ཁྱད་པར་གསུངས་ནའང་། དེ་ལྟར་ངེས་པ་མེད་དེ། མཐོང་། ཐོས། གོ་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཚིག་ཡིན་རུང་། རྣམ་དབྱེ་གསུམ་པའི་སྒྲ་ཐོབ་པ་ཡིན་ཏེ། དཔེར་ན། ངས་མཐོང་། ངས་གོ་ཞེས་པ་ལྟ་བུའོ། །ཐུབ་བསྟན་ཕུན་ཚོགས་ཀྱིས་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན། རང་དབང་ཅན་གྱི་ལས་ཚིག་ཡིན་པས་ཁྱབ་པ་དང་། ཐ་མི་དད་པའི་ལས་ཚིག་ལ་རིགས་གཉིས་ལས། འགྲོ་དང་འཕུར་ལྟ་བུར་འགྲོ་མི་འགྲོ་དང་། འཕུར་མི་འཕུར་ལ་རང་དབང་ཡོད་པས་རང་དབང་ཅན་ཡིན་རུང་བྱེད་སྒྲ་མི་ཐོབ་པ་དང། “སེམས་ཀྱིས་རྟོགས། མིག་གིས་མཐོང་། རྣ་བས་ཐོས་ལྟ་བུ་བྱེད་སྒྲ་ཐོབ་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་དེ་རིགས་ལ་རང་དབང་མེད་དེ། རྟོགས་དང་མི་རྟོགས། མཐོང་དང་མི་མཐོང་། ཐོས་དང་མི་ཐོས་རང་ངོས་ནས་ཚོད་འཛིན་ཐུབ་པའི་ལས་ཚིག་མ་ཡིན་པའི་ཕྱིར།”[53] ཞེས་སྒྲུབ་བྱེད་བཀོད་པ་འདི་ནི། གཞུང་ལུགས་དང་ལག་ལེན་ཀུན་ལ་ཉེ་བར་འཁོར་བའི་ལེགས་བཤད་རྨད་དུ་བྱང་བ་ཞིག་ཏུ་སེམས་སོ། །
གསུམ་པ། འཕྲོས་དོན་དུས་གསུམ་སོ་སོའི་དག་ཆའི་འཕེལ་འགྱུར།
དེ་ལྟར་གོང་ཞུས་བཞིན་བྱ་ཚིག་རྣམ་གཞག་ལ་འཕེལ་འགྱུར་སྣ་ཚོགས་ཤིག་བྱུང་སྟེ། གཞུང་ལུགས་དང་ལག་ལེན་གང་ཐད་ནས་གཅིག་གྱུར་གྱི་རྣམ་པ་མངོན་གསལ་བྱུང་ཡོད་ཀྱང་། ད་དུང་མི་མཐུན་ས་དང་མི་འདང་ས་ཡང་ཤིན་ཏུ་མང་བ་ལས། བྱ་ཚིག་དང་འབྲེལ་བའི་དག་ཆ་འབྲི་སྲོལ་ཡང་མང་དག་ཅིག་སྣང་། དེ་ལྟར་བྱུང་བའི་རྒྱུ་རྐྱེན་གཅིག་ནི་རྩ་བའི་སུམ་རྟགས་ལུང་གིས་སྒྲུབ་མི་ཐུབ་ཅིང་། རིགས་པས་དཔག་དཀའ་བར་ཐུག་སྟེ། རྩ་བར་“ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །”ཞེས་ཕོ་བ་ཡིག་དུས་འདས་པ་དང་དངོས་པོ་གཞན་བསྒྲུབ་ཕྱིར་དུ་འཇུག་པ་ལས་བདག་དང་ད་ལྟ་བར་འཇུག་པ་དངོས་སུ་མི་གསལ་ཡང་། ཚེ་ཏན་ཞབས་དྲུང་གིས། “བ་ཡིག་འདས་པ་དང་གཞན་བསྒྲུབ་མ་འོངས་པ་ལ་འཇུག་པར་རྩ་བས་དངོས་སུ་བསྟན་པ་ནི་གཙོ་ཆེ་བ་ལ་དགོངས་ཀྱི། ཤུགས་བསྟན་དུ་དུས་ད་ལྟ་བ་དང་སྐུལ་ཚིག་ལ་སྦྱོར་དགོས་པ་ཡང་དུ་མ་ཡོད་དེ། གཟུགས་མི་འགྱུར་བའི་ལས་ཚིག་ལས། བསྟོད་པ། བསྔགས་པ།”[54] ཞེས་སོགས་གསུངས་པ་ལྟར། བསྟོད་པར་བྱེད་ལྟ་བུ་བ་ཡིག་ད་ལྟ་བར་འཇུག་པ་བཞིན། སྔོན་འཇུག་གཞན་རྣམས་ཀྱང་བདག་གཞན་དུས་གསུམ་སོ་སོར་འཇུག་ཚུལ་རྩ་བས་དངོས་བསྟན་དག་ནི་གཙོ་ཆེ་བའི་དབང་ལས། མཐའ་གཅིག་ཏུ་ངེས་སྲོལ་མེད་སྟབས། དུས་གསུམ་གྱི་དག་ཆ་གང་ཞིག་རྩ་བ་ལུང་འདྲེན་ཞུས་ནས་བསྒྲུབ་ནུས་པ་མ་ཡིན་ནོ། །
དེ་དབང་གིས་དུས་གསུམ་གཅིག་གི་དག་ལའང་འབྲི་སྲོལ་དུ་མ་བྱུང་ཞིང་། འཕེལ་འགྱུར་སྣ་ཚོགས་ཤིག་བྱུང་ཡོད་དེ། མཚོན་ཙམ་ཞུས་ན། བྱམས་གླིང་པ་བསོད་ནམས་རྣམ་རྒྱལ་གྱིས། “བཀའ་སྡོད་ཕྱག་བརྙན་གྱིས་བསྐོར་ཞིང་། །སྡང་མིག་སྡིགས་སྡིགས་མོ་ལྟ་བུ་བྱ་བ་ཙམ་ལ་སྔོན་འཇུག་མེད་པས་འདི་ལ་བྱེད་པ་ནོར་ཞིང་དག་པ་རྣམས་ན་མེད་དོ། །འཛུབ་མ་མཛད་ཀྱང་། །ནག་པོའི་སྡེ་འཇོམས་སྡུ་བ་བཞིས། །སྡུད་འཕགས་པ་སྡུད་པ་དང་སོ་སོར་སྡུས་པ་སོགས་མིང་རྣམས་ལ་སྔོན་འཇུག་མེད་དོ། །མཁས་སྡེ་དཔོན་བཅོམ་ལྡན་སྐུ། །”[55]ཞེས་སྡིགས་ནི་བྱ་བ་ཙམ་ཡིན་པས་སྔོན་འཇུག་མི་ཐོབ་པ་དང་། སྡུད་པ་དང་སྡུས་པ་ལྟ་བུ་མིང་ཡིན་པས་སྔོན་འཇུག་མི་ཐོབ་ཚུལ་མཆན་བུར་བཀོད་པ་དང་། ཡང་“ཁོང་ཁྲོས་ཀུན་ལ་བསྡོ་བྱེད་པའོ། །བར་བྱེད། །གྲོགས་པོ་ངན་དང་བསྡོངས་ནས་ནི། །སྙིང་རྗེ་མེད་པར་ཀུན་ལ་བསྡིིགས་བྱེད་པ་ལ་སྔོན་འཇུག་ཡོད། །བསྡུམ་མཁན་མེད་པར་འཐབ་མི་འགྱེད། །”[56]ཅེས་བསྡོ་དང་བསྡིགས་དག་སྐབས་འདིར་བྱེད་པ་ཡིན་ཙང་སྔོན་འཇུག་བ་ཡིག་ཐོབ་ཚུལ་མཆན་བུར་བཀོད།
སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས། གོང་གི་བྱམས་གླིང་པའི་བཞེད་ཚུལ་མི་འཐད་ཚུལ་གསུངས་ནས། རང་གི་ལུགས་བཀོད་པ་ན། “འདིར་རང་ལུགས་ནི། ལེགས་པར་སྦྱར་བའི་སྐད་ལ་བྱེད་རྐྱེན་གྱི་རྗེས་ཡོད་ན། དེའི་བོད་སྐད་ལ། བ་ཡིག་གི་སྔོན་འཇུག་མི་ཐོབ་པས་ཁྱབ། བྱ་བའི་རྐྱེན་གྱི་རྗེས་ཡོད་ན་དེའི་བོད་སྐད་ལ་བ་ཡིག་གི་སྔོན་འཇུག་ཡོད་པས་ཁྱབ་པ། དཔེར་ན། སཱ་དྷྱ་ཞེས་པ་སྒྲུབ་བྱ་ལྟ་བུའོ། །ལེགས་སྦྱར་གྱི་བྱེད་པ་དང་བྱ་བའི་རྐྱེན་དང་། རྟགས་འཇུག་ཏུ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་དགོངས་པས། བྱེད་ཚིག་ཕལ་ལ་བ་ཡིག་གི་སྔོན་འཇུག་མེད་ཅིང། བྱ་བ་དང་འབྲེལ་བ་ལ་ཡོད་པ་སྟེ། འདིས་མང་དུ་མཚོན་ཞིང་ཤེས་པར་བྱ་སྟེ། ལེགས་བཤད་དོ། །”[57]ཞེས་བྱ་ཚིག་ལ་སྔོན་འཇུག་ཡོད་པས་ཁྱབ་པ་དང་། བྱེད་ཚིག་ལ་མེད་པས་ཁྱབ་པ་ལྟ་བུ་ཞིག་གསུངས། ཡང་དཔའ་བོ་གཙུག་ལག་ཕྲེང་བས་ནི། “ཅུང་ཟད་ཞིབ་ཏུ་བརྟགས་ན་བྱ་བའི་སྒྲ་རྣམས་ནི་ཕལ་ཆེར་དུས་མ་འོངས་པ་ཡིན་ཞིང་། བྱེད་པའི་སྒྲ་ད་ལྟ་བ་ཡིན་པས་བྱ་བྱེད་ཀྱི་སྒྲ་གཉིས་བས་འཕུལ་མི་འཐོབ་པར་མཚུངས་པའི་ཕྱིར། སྔར་གྱི་བསྒྲུབ་བྱ་བསྐྱང་བྱ་སོགས་ཀྱི་དཔེས་བརྗོད་པའི་བྱ་བའི་སྒྲ་རྣམས་ཀྱི་བས་འཕུལ་དོར་ན་དོན་རྟོགས་སླ་ལ་ཡི་གེ་ཉུང་ངོ་། །”[58]ཞེས་བྱ་བྱེད་ཀྱི་སྒྲ་གཉིས་ལ་བས་འཕུལ་མི་འཐོབ་པ་མཚུངས་པ་དང་དགེ་མཚན་ཆེ་བར་གསུངས་པ་སོགས་ཀྱི་བཞེད་ཕྱོགས་ནང་དུ་སྣང་བར་བསམས་ན། སེང་རྡོར་གྱིས། “སྣར་ཐང་བཀའ་འགྱུར་གྱི་དུས་གསུམ་འཁྱོགས་ནས་ཡོད། །ཅོ་ནེའི་བསྟན་འགྱུར་གྱི་མིང་མཐའ་གཟུར་ནས་ཡོད། །དཔར་མ་རེ་རེ་ལ་འབྲི་སྲོལ་རེ་རེ་ཡོད། །ཡིག་ནོར་མ་ནོར་གྱི་མཚམས་ཐིག་དཀའ་མོ་རེད། །པྲ་ཏིའི་སྙིང་ཀ་ན་སི་ཏུ་ཡིག་ནོར་རེད། །སི་ཏུའི་མིག་ལམ་ན་པྲ་ཏི་ཁྲམ་རྟགས་རེད། །སྨྲ་སྒོ་ངག་སྒྲོན་སོགས་ཁྱི་ཞི་རྒྱབ་གཏོད་རེད། །ཡིག་ནོར་མ་ནོར་གྱི་མཚམས་ཐིག་དཀའ་མོ་རེད། །”[59]ཅེས་བཤད་པའང་མ་རེད་ཟེར་ས་མི་འདུག་པའི་ཚོད་དུ་འདུག་གོ། །
འོན་ཀྱང་སྤྱིའི་ཆ་ནས་སློབ་དཔོན་ཐོན་མིས་མཚོན་པའི་སྔོན་གྱི་རྒྱལ་བློན་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་གཅིག་གྱུར་ངེས་ཅན་ཞིག་བྱུང་ཡོད་པ་མ་ཟད། དུས་རབས་རིམ་བརྒྱུད་ཀྱི་སྐད་ཡིག་གི་འཕེལ་འགྱུར་རིང་པོའི་ཁྲོད་ནས་ཀྱང་ཇེ་བཟང་ཇེ་ལེགས་སུ་སོང་ཡོད། སྒོས་སུ་བྱ་ཚིག་གི་དག་ཆའི་འཕེལ་འགྱུར་ཡང་འགྱུར་བ་དེ་ཉིད་ལས་མ་འདས་ཤིང་། ལྷག་ཏུ་ལོ་ཆེན་ནམ་མཁའ་བཟང་པོས་དུས་གསུམ་སོ་སོའི་དཔེར་བརྗོད་མཛད་པ་ནས་རིམ་གྱིས་ཞྭ་ལུ་ལོ་ཙཱ་བ་དང་། རྣམ་གླིང་པཎ་ཆེན། སི་ཏུ་པཎ་ཆེན་སོགས་ཀྱིས་དཔེར་བརྗོད་དང་འགྲེལ་བརྗོད་ཞིབ་གསལ་མཛད་པ་མ་ཟད། མཁས་པ་དེ་དག་གི་དཔེར་བརྗོད་ལ་གཅིག་གྱུར་རང་བཞིན་གྱི་དགེ་མཚན་བླ་ལྷག་ཏུ་ལྡན་པ་སོགས་ལ་བརྟེན་ནས། གཅིག་གྱུར་ངེས་ཅན་ཞིག་བྱུང་ཡོད་པ་བཞིན། འབྱུང་འགྱུར་ཡང་ཁ་བ་གངས་ཅན་པའི་བླ་ཚེ་སྲོག་གསུམ་གྱི་བདག་ཉིད་ཡིན་ཆོག་པའི་བོད་ཀྱི་ཕ་སྐད་མ་ཡིག་སྤྱི་དང་སྒོས་སུ་དུས་གསུམ་གྱི་རྣམ་གཞག་གཅིག་གྱུར་ཡོང་ཐབས་ལ་འབད་དགོས་པ་ནི། རང་ཅག་རྣམས་ཀྱི་བཟློག་ཏུ་མེད་པའི་འགན་འཁྲི་ཉག་ཅིག་ཏུ་སེམས་སོ། །
མཇུག་གཏམ།
དེ་ལྟར་དུས་རབས་བཅུ་གསུམ་ནས་ཉི་ཤུ་བར་དུ་བྱུང་བའི་བརྡ་སྤྲོད་པའི་གཞུང་ཁག་གཙོ་བོར་གྱུར་པའི་བྱ་ཚིག་རྣམ་གཞག་དག་ལ་ལྟ་ཀློག་དང་། བྱ་ཚིག་རྣམ་གཞག་གི་ཟུར་སྣ་ཚོགས་པ་ཞིག་ནས་ཅུང་ཟད་རེ་གླེང་པའི་ཁུལ་དུ་བྱས་རུང་། དེ་འདྲའི་སྤུས་དག་པོ་ཞིག་དང་ཡིད་ཚིམ་པོ་ཞིག་མ་བྱུང་བ་ནི། ང་རང་ཉིད་ཀྱི་ཤེས་ཡོན་དང་འཇོན་ནུས་ཀྱིས་མ་འདང་པ་ཞིག་ཡིན་པར་ངེས་ཤེས་རྙེད་ནའང་། ཡང་རང་ཉིད་སློབ་མ་ཞིག་ཡིན་པ་དང་། དཔྱད་རྩོམ་འབྲི་སྟངས་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་པའི་ངོས་ནས། ཅུང་ཟད་དཔྱད་རྩོམ་གྱི་རྣམ་པ་ལྡན་པའི་ཤོག་ངོས་འགའ་རེ་འབྲི་ཐུབ་སོང་པ་དང་། ལྷག་པར་དུའང་གཞུང་ལུགས་མང་དག་ཅིག་ལ་ལྟ་ཀློག་གི་གོ་སྐབས་དང། དེ་བརྒྱུད་ནས་རང་གི་མཐོང་ཐོས་ཀྱི་རྒྱ་ཇེ་ཆེར་དང་། ཉམས་མྱོང་གི་གཏིང་ཇེ་ཟབ་ཏུ་སོང་ཡོད་པའང་གདོན་མི་ཟ་བས། སེམས་དགའ་ཞིང་བློ་བདེ་བའི་སྣང་བ་ཞིག་ཀྱང་དོན་དངོས་སུ་བྱུང་། གང་ལྟར་ཡང་བྱ་ཚིག་གི་རྣམ་གཞག་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་ནའང་། ཁོ་བོས་ནི་གོང་ཞུས་བཞིན་དུས་རབས་འགའ་ཤས་རིང་དུ་བྱ་ཚིག་དང་འབྲེལ་བའི་དམིགས་བསལ་འཕེལ་འགྱུར་གང་དག་བྱུང་འདུག་པ་དང་། ག་དུས་ག་དུས་བྱུང་འདུག འཕེལ་འགྱུར་དེ་ལ་དགེ་མཚན་གང་བྱུང་འདུག་པ་བཅས་ལ་གཙོར་དམིགས་ཀྱིས་བྲིས་པའི་ཁུལ་དུ་བྱས། ལུང་འདྲེན་ཞུས་པ་དག་ལ་འོག་མཆན་རེ་རེ་བཞིན་བཏབ་ཡོད་ཀྱང་བསྐྱར་དུ་དྲང་དགོས་བྱུང་ཚེ་མཆན་མ་བཏབ་པ་དང་། དེ་བཞིན་ལུང་ཚིག་ཏུ་ཡིག་ནོར་མིན་ནམ་སྙམ་པ་རེ་གཉིས་ལ་གུག་རྟགས་སུ་ཟུར་མཆན་བཏབ་པ་ཙམ་ལས་གཞན་རང་སོར་བཞག་པ་ལགས། དེ་ལྟར་ཡིན་མོད་མ་འདང་ས་དང་མ་འགྲིག་སའི་སྐྱོན་ཆ་ཤིན་ཏུ་མང་ངེས་པས་ཀུན་ལ་བཟོད་གསོལ་ཞུ། དཔྱད་རྩོམ་འདི་བྲིས་པའི་བརྒྱུད་རིམ་ཁྲོད་ནས་སློབ་དཔོན་རྒན་སྤེན་པ་མཆོག་ལ་བཀའ་འདྲི་ཡང་ཡང་ཞུས་ཤིང་། སློབ་སྟོན་རིམ་པར་གནང་བྱུང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། ས་རཱ་མཐོ་སློབ་ཀྱི་དཔེ་མཛོད་དོ་དམ་པས་གཙོས་འབྲེལ་ཡོད་མང་དག་ཅིག་གིས་ཀྱང་། དཔྱད་རྩོམ་གྱི་རྒྱུ་ཆ་འཚོལ་རོགས་སོགས་ཀྱི་ཕྱག་རོགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །
དཔྱད་གཞིའི་ཡིག་ཆ།
[1] ཉན་ཤུལ་མཁྱེན་རབ་འོད་ཟེར།≪སུམ་རྟགས་གཉིས་ཀྱི་མིང་ཚིག་གི་འགྲེལ་པ་བྱིས་པ་དགའ་བའི་གཏམ།≫བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༡༦) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༤༣༤
[2] འཇམ་དཔལ་ཡེ་ཤེས་རྒྱལ་མཚན།≪བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་།≫ ཐེ་ཝན་དཔར་མ། སྤྱི་ལོ་༢༠༡༡ ཤོག་༢༡༠
[3] ན་ག་སངས་རྒྱས་བསྟན་དར།≪བོད་ཀྱི་བརྡ་སྤྲོད་ནག་ཊྀཀ≫ བོད་ཀྱི་དཔེ་མཛོད་ཁང་། ༢༠༡༧ (སྐད་ཡིག་དེབ་ཕྲེང་༦) ཤོག་༣༢༡
[4] སྤང་ལོ་ཙཱ་བ་བློ་གྲོས་བརྟན་པ།≪བརྡ་སྤྲོད་པའི་གཞུང་གི་སྙིང་པོ་གསལ་བ།≫ སྤང་ལོ་བློ་གྲོས་བརྟན་པའི་ཞབས་ཀྱི་གསུང་འབུམ་པོད་དང་པོ་བཞུགས་སོ། ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༧
[5] ལོ་ཙཱ་བ་བྱང་ཆུབ་རྩེ་མོ།≪བརྡ་སྤྲོད་རྒྱ་མཚོའི་སྙིང་པོའི་འགྲེལ་བ།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༢༣) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག༣༦༩
[6] དཔལ་ལྡན་བློ་གྲོས་བརྟན་པས་བསྒྱུར།≪ཀ་ལཱ་པའི་མདོ།≫ བསྟན་འགྱུར།(དཔེ་བསྡུར་མ།) སྒྲ་མདོ། (ལེ) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༥ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༡
[7] རྣམ་གླིང་པཎ་ཆེན་ཀུན་མཆོག་ཆོས་གྲགས།≪ལེགས་བཤད་སྣང་བྱེད་ནོར་བུ།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༣)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༥༩
[8] སི་ཏུ་ཆོས་ཀྱི་འབྱུང་གནས།≪སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།≫ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་གསུམ་པ་བཏབ། ཤོག་༡༤༧
[9] རྩོམ་སྒྲིག་པ་ཀྲང་དབྱི་སུན་སོགས།≪བོད་རྒྱ་ཚིག་མཛོད་ཆེན་མོ།≫ ( སྨད་ཆ།)མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༨༦༤ (རྒྱ་ཡིག་བསྐྱུར་ནས་བོད་ཡིག་བླངས)
[10] མི་ཉག་བུ་ཕྲུག≪སུམ་རྟགས་སྐོར་གྱི་དཀའ་འགྲེལ་ཐོར་བུ།≫བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༡༨) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༥༠༠
[11] སྣར་ཐང་དཔར་མར། སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །ཞེས་གསལ་ཡོད་པ་བསྟན་འགྱུར་དཔེ་བསྡུར་མའི་མཆན་དུ་གསལ།
[12] སློབ་དཔོན་ཐོན་མི། ≪ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ།≫ བསྟན་འགྱུར།(དཔེ་བསྡུར་མ) སྣ་ཚོགས་༼ཅོ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༤༠༥
[13] སློབ་དཔོན་ཐོན་མི།≪ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ།≫ བསྟན་འགྱུར།(དཔེ་བསྡུར་མ) སྣ་ཚོགས་༼ཅོ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༤༠༣
[14] དོར་ཞི་གདོང་དྲུག་སྙེམས་བློ།≪བརྡ་སྤྲོད་རིག་པའི་རྣམ་བཤད་གསར་སློབ་བདེ་ལམ།≫ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༨ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༩༠
[15] དབུས་པ་བློ་གསལ།≪རྟགས་ཀྱི་འཇུག་པའི་འགྲེལ་བ།≫ དབུས་པ་བློ་གསལ་ཞབས་ཀྱི་གསུང་འབུམ་བཞུགས་སོ། ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༣༡
[16] ལོ་ཆེན་ནམ་མཁའ་བཟང་པོ།≪རྟགས་ཀྱི་འཇུག་པའི་འགྲེལ་པ་མཁས་པའི་རྒྱན།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༡)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༢༤
[17] སི་ཏུ་ཆོས་ཀྱི་འབྱུང་གནས།≪སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།≫ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་གསུམ་པ་བཏབ། ཤོག་༡༤༦
[18] པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ།≪རྟགས་ཀྱི་འཇུག་པའི་དགོངས་འགྲེལ་གསལ་བ།≫བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༡ ལོར་དཔར་ཐེངས་གཉིས་པ་བཏབ། ཤོག་༤༡༧
[19] སི་ཏུ་ཆོས་ཀྱི་འབྱུང་གནས།≪སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།≫ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་གསུམ་པ་བཏབ། ཤོག་༡༥༣
[20] དབུས་པ་བློ་གསལ།≪རྟགས་ཀྱི་འཇུག་པའི་འགྲེལ་བ།≫ དབུས་པ་བློ་གསལ་ཞབས་ཀྱི་གསུང་འབུམ་བཞུགས་སོ། ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༣༡
[21] ལོ་ཆེན་ནམ་མཁའ་བཟང་པོ།≪རྟགས་ཀྱི་འཇུག་པའི་འགྲེལ་པ་མཁས་པའི་རྒྱན།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༡)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༢༤
[22] ལོ་ཆེན་ནམ་མཁའ་བཟང་པོ།≪རྟགས་ཀྱི་འཇུག་པའི་འགྲེལ་པ་མཁས་པའི་རྒྱན།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༡)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༢༦
[23] པཎ་ཆེན་ཤཱཀྱ་མཆོན་ལྡན།≪ཆོས་ལ་འཇུག་པའི་སྒོ།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༢༤)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༣༧
[24] པཎ་ཆེན་ཤཱཀྱ་མཆོན་ལྡན།≪ཆོས་ལ་འཇུག་པའི་སྒོ།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༢༤)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༣༧
[25] རྣམ་གླིང་པཎ་ཆེན་ཀུན་མཆོག་ཆོས་གྲགས།≪ལེགས་བཤད་སྣང་བྱེད་ནོར་བུ།≫བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༣)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༦༥
[26] རྣམ་གླིང་པཎ་ཆེན་ཀུན་མཆོག་ཆོས་གྲགས།≪ལེགས་བཤད་སྣང་བྱེད་ནོར་བུ།≫བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༣)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༦༥
[27] རྣམ་གླིང་པཎ་ཆེན་ཀུན་མཆོག་ཆོས་གྲགས།≪ལེགས་བཤད་སྣང་བྱེད་ནོར་བུ།≫བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༣)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༦༦
[28] པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ།≪རྟགས་ཀྱི་འཇུག་པའི་དགོངས་འགྲེལ་གསལ་བ།≫ བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༡ ལོར་དཔར་ཐེངས་གཉིས་པ་བཏབ། ཤོག་༤༡༦
[29] པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ།≪རྟགས་ཀྱི་འཇུག་པའི་དགོངས་འགྲེལ་གསལ་བ།≫ བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༡ ལོར་དཔར་ཐེངས་གཉིས་པ་བཏབ། ཤོག་༤༡༦
[30] དབྱངས་ཅན་དགའ་བའི་བློ་གྲོས།≪རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ།≫ ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ། །(སྨད་ཆ)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༡༠
[31] དབྱངས་ཅན་དགའ་བའི་བློ་གྲོས།≪རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ།≫ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ། །(སྨད་ཆ)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༡༡
[32] སི་ཏུ་ཆོས་ཀྱི་འབྱུང་གནས།≪སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།≫ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་གསུམ་པ་བཏབ། ཤོག་༡༤༢
[33] དབྱངས་ཅན་གྲུབ་པའི་རྡོ་རྗེ།≪དཀའ་གནད་གསལ་བའི་མེ་ལོང་།≫ དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་གཉིས་པ་བཏབ། ཤོག་༡༤༥
[34] འཕགས་པ་ཀླུ་སྒྲུབ།≪དབུ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ།≫ དབུ་མ་རིགས་ཚོགས་དྲུག ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༣
[35] ཟུར་མཁར་བ་བློ་གྲོས་རྒྱལ་པོ།≪སུམ་རྟགས་ཀྱི་སྦྱར་བཤད་ཡང་དག་མཁས་པའི་དགའ་སྟོན།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༡)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༦༡
[36] དབྱངས་ཅན་དགའ་བའི་བློ་གྲོས།≪རྟགས་ཀྱི་འཇུག་པའི་དཀའ་གནས་བདག་གཞན་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཞིབ་ཏུ་ཕྱེ་བ་ཉུང་གསལ་འཕྲུལ་གྱི་ལྡེ་མིག≫ ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ། །(སྨད་ཆ)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༢༧
[37] དབྱངས་ཅན་དགའ་བའི་བློ་གྲོས།≪རྟགས་ཀྱི་འཇུག་པའི་དཀའ་གནས་བདག་གཞན་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཞིབ་ཏུ་ཕྱེ་བ་ཉུང་གསལ་འཕྲུལ་གྱི་ལྡེ་མིག≫ ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ། །(སྨད་ཆ)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༢༧
[38] པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ།≪རྟགས་ཀྱི་འཇུག་པའི་དགོངས་འགྲེལ་གསལ་བ།≫ བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༡ ལོར་དཔར་ཐེངས་གཉིས་པ་བཏབ། ཤོག་༤༡༦
[39] ཐུབ་བསྟན་ཕུན་ཚོགས།≪བརྡ་སྤྲོད་རྣམ་བཤད་སི་ཏུའི་དགོངས་རྒྱན།≫ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༩༦
[40] ལྕགས་ཐར་རྒྱལ། ≪བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག≫ མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༥༩༧
[41] ལྕགས་ཐར་རྒྱལ། ≪བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག≫ མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༥༩༧
[42] སི་ཏུ་ཆོས་ཀྱི་འབྱུང་གནས།≪སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།≫མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་གསུམ་པ་བཏབ། ཤོག་༡༧༣
[43] ན་ག་སངས་རྒྱས་བསྟན་དར།≪བོད་ཀྱི་བརྡ་སྤྲོད་ནག་ཊྀཀ≫ བོད་ཀྱི་དཔེ་མཛོད་ཁང་། ༢༠༡༧ (སྐད་ཡིག་དེབ་ཕྲེང་༦) ཤོག་༣༣༦
[44] བློ་བཟང་དབང་ཕྱུག≪རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་ཕྲ་ཏིའི་ཞལ་ལུང་པདྨ་དཀར་པོ།≫བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༡༠)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ།
ཤོག་༢༡༧
[45] གསེར་ཏོག་བློ་བཟང་ཚུལ་ཁྲིམས།≪སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེའུ་མིག≫ གསེར་ཏོག་སུམ་རྟགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོར་དཔར་ཐེངས་གཉིས་པ་བཏབ། ཤོག་༡༤༥
[46] རྣམ་གླིང་པཎ་ཆེན་ཀུན་མཆོག་ཆོས་གྲགས།≪ལེགས་བཤད་སྣང་བྱེད་ནོར་བུ།≫བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༣)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༥༩
[47] སི་ཏུ་ཆོས་ཀྱི་འབྱུང་གནས།≪སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།≫མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་གསུམ་པ་བཏབ། ཤོག་༡༤༣
[48] འདིའི་ཁ་ཅིག་རྣམ་གླིང་པཎ་ཆེན་ཡིན་པ་བཞེད་མཁན་འདུག་ཀྱང་ཡིན་མིན་དོགས་ཏེ། འོག་ཏུ་ཕྱོགས་སྔ་མའི་དཔེར་བརྗོད་བཀོད་འདུག་པ་དག་རྣམ་གླིང་གཞུང་དུ་མི་སྣང་།
[49] ཐུབ་བསྟན་ཕུན་ཚོགས།≪བརྡ་སྤྲོད་རྣམ་བཤད་སི་ཏུའི་དགོངས་རྒྱན།≫ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༩༦
[50] སི་ཏུ་ཆོས་ཀྱི་འབྱུང་གནས།≪སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།≫ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་གསུམ་པ་བཏབ། ཤོག་༡༥༠
[51] འགོས་པདྨ་རྒྱལ་མཚན།≪བརྡ་སྤྲོད་པའི་གྲུབ་མཐའི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག≫ ཝ་ཎཱ། ༢༠༠༢ ལོར་དཔར་ཐེངས་གཉིས་པ་བཏབ། ཤོག་༡༣༠
[52] སི་ཏུ་ཆོས་ཀྱི་འབྱུང་གནས།≪སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།≫ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་གསུམ་པ་བཏབ། ཤོག་༡༧༨
[53] ཐུབ་བསྟན་ཕུན་ཚོགས།≪བརྡ་སྤྲོད་རྣམ་བཤད་སི་ཏུའི་དགོངས་རྒྱན།≫ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༩༦
[54] ཚེ་ཏན་ཞབས་དྲུང་།≪ཐོན་མིའི་ཞལ་ལུང་།≫ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༢༥
[55] བྱམས་གླིང་པ་བསོད་ནམས་རྣམ་རྒྱལ།≪བརྡའི་བྱེ་བྲག་ཚིག་ལེའུར་བྱས་པ་སྨྲ་བའི་རྒྱན།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༡༩) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག༣༤༩
[56] བྱམས་གླིང་པ་བསོད་ནམས་རྣམ་རྒྱལ།≪བརྡའི་བྱེ་བྲག་ཚིག་ལེའུར་བྱས་པ་སྨྲ་བའི་རྒྱན།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༡༩) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག༣༤༩
[57] སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས།≪རྟགས་ཀྱི་འཇུག་པའི་འགྲེལ་བ།≫ བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༡༩) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༢༤༢
[58] དཔའ་བོ་གཙུག་ལག་ཕྲེང་བ།≪ལུང་སྟོན་པ་རྟགས་ཀྱི་འཇུག་པ།≫ དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ།(༤) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༥༩༩
[59] སེང་རྡོར།≪སོ་སྐྱེས་སྐད་སྒྲ།≫ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ ལོར་དཔར་ཐེངས་དང་པོ་བཏབ། ཤོག་༡༢༣
ལུང་ཁུངས་ཡིག་ཆ།(རྩོམ་པ་པོའི་འཁྲུངས་རིམ་ལྟར་བསྒྲིགས)
- འཕགས་པ་ཀླུ་སྒྲུབ། དབུ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ། དབུ་མ་རིགས་ཚོགས་དྲུག ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོར་དཔར་ཐེངས་དང་པོ་བཏབ།
- སློབ་དཔོན་ཐོན་མི། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། བསྟན་འགྱུར།(དཔེ་བསྡུར་མ) སྣ་ཚོགས་༼ཅོ༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོར་དཔར་ཐེངས་དང་པོ་བཏབ།
- སྤང་ལོ་ཙཱ་བ་བློ་གྲོས་བརྟན་པ། བརྡ་སྤྲོད་པའི་གཞུང་གི་སྙིང་པོ་གསལ་བ། སྤང་ལོ་བློ་གྲོས་བརྟན་པའི་ཞབས་ཀྱི་གསུང་འབུམ་པོད་དང་པོ་བཞུགས་སོ། ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་དང་པོ་བཏབ།
- ལོ་ཙཱ་བ་བྱང་ཆུབ་རྩེ་མོ། བརྡ་སྤྲོད་རྒྱ་མཚོའི་སྙིང་པོའི་འགྲེལ་བ། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༢༣) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ།
- དབུས་པ་བློ་གསལ། རྟགས་ཀྱི་འཇུག་པའི་འགྲེལ་བ། དབུས་པ་བློ་གསལ་ཞབས་ཀྱི་གསུང་འབུམ་བཞུགས་སོ། ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་དང་པོ་བཏབ།
- ལོ་ཆེན་ནམ་མཁའ་བཟང་པོ། རྟགས་ཀྱི་འཇུག་པའི་འགྲེལ་པ་མཁས་པའི་རྒྱན། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༡)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ།
- བྱམས་གླིང་པ་བསོད་ནམས་རྣམ་རྒྱལ། བརྡའི་བྱེ་བྲག་ཚིག་ལེའུར་བྱས་པ་སྨྲ་བའི་རྒྱན། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༡༩) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ།
- པཎ་ཆེན་ཤཱཀྱ་མཆོན་ལྡན། ཆོས་ལ་འཇུག་པའི་སྒོ། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༢༤)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ།
- ཟུར་མཁར་བ་བློ་གྲོས་རྒྱལ་པོ། སུམ་རྟགས་ཀྱི་སྦྱར་བཤད་ཡང་དག་མཁས་པའི་དགའ་སྟོན། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༡)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ།
- དཔའ་བོ་གཙུག་ལག་ཕྲེང་བ། ལུང་སྟོན་པ་རྟགས་ཀྱི་འཇུག་པ། དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་བཞུགས་སོ། །(པོད་༤) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ ལོར་དཔར་ཐེངས་དང་པོ་བཏབ།
- སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། རྟགས་ཀྱི་འཇུག་པའི་འགྲེལ་བ། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༡༩) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ།
- རྣམ་གླིང་པཎ་ཆེན་ཀུན་མཆོག་ཆོས་གྲགས། ལེགས་བཤད་སྣང་བྱེད་ནོར་བུ། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༣)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ།
- པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ། རྟགས་ཀྱི་འཇུག་པའི་དགོངས་འགྲེལ་གསལ་བ། བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་གསུང་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༡ ལོར་དཔར་ཐེངས་གཉིས་པ་བཏབ།
- སི་ཏུ་ཆོས་ཀྱི་འབྱུང་གནས། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོར་དཔར་ཐེངས་གསུམ་པ་བཏབ།
- དབྱངས་ཅན་དགའ་བའི་བློ་གྲོས། རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ། ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ། །(སྨད་ཆ)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོར་དཔར་ཐེངས་དང་པོ་བཏབ།
- དབྱངས་ཅན་གྲུབ་པའི་རྡོ་རྗེ། དཀའ་གནད་གསལ་བའི་མེ་ལོང་། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༢ ལོར་དཔར་ཐེངས་གཉིས་པ་བཏབ།
- གསེར་ཏོག་བློ་བཟང་ཚུལ་ཁྲིམས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེའུ་མིག གསེར་ཏོག་སུམ་རྟགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོར་དཔར་ཐེངས་གཉིས་པ་བཏབ།
- ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོར་དཔར་ཐེངས་དང་པོ་བཏབ།
- དཔལ་ལྡན་བློ་གྲོས་བརྟན་པས་བསྒྱུར། ཀ་ལཱ་པའི་མདོ། བསྟན་འགྱུར།(དཔེ་བསྡུར་མ།) སྒྲ་མདོ། (ལེ) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༥ ལོར་དཔར་ཐེངས་དང་པོ་བཏབ།
- རྩོམ་སྒྲིག་པ་ཀྲང་དབྱི་སུན་སོགས། བོད་རྒྱ་ཚིག་མཛོད་ཆེན་མོ། ( སྨད་ཆ།)མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོར་དཔར་ཐེངས་དང་པོ་བཏབ།
- ཉན་ཤུལ་མཁྱེན་རབ་འོད་ཟེར། སུམ་རྟགས་གཉིས་ཀྱི་མིང་ཚིག་གི་འགྲེལ་པ་བྱིས་པ་དགའ་བའི་གཏམ། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༡༦) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ།
- བློ་བཟང་དབང་ཕྱུག རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་ཕྲ་ཏིའི་ཞལ་ལུང་པདྨ་དཀར་པོ། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།(པོད་༡༠)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོར་དཔར་ཐེངས་དང་པོ་བཏབ།
- མི་ཉག་བུ་ཕྲུག སུམ་རྟགས་སྐོར་གྱི་དཀའ་འགྲེལ་ཐོར་བུ། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། (པོད་༡༨) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ།
- དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་རིག་པའི་རྣམ་བཤད་གསར་སློབ་བདེ་ལམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༨ ལོར་དཔར་ཐེངས་དང་པོ་བཏབ།
- འཇམ་དཔལ་ཡེ་ཤེས་རྒྱལ་མཚན། བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་། ཐེ་ཝན་དཔར་མ། ༢༠༡༡ ལོར་དཔར་དུ་བཏབ།
- འགོས་པདྨ་རྒྱལ་མཚན། བརྡ་སྤྲོད་པའི་གྲུབ་མཐའི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག ཝ་ཎཱ། ༢༠༠༢ ལོར་དཔར་ཐེངས་གཉིས་པ་བཏབ།
- ལྕགས་ཐར་རྒྱལ། བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོར་དཔར་ཐེངས་དང་པོ་བཏབ།
- ཐུབ་བསྟན་ཕུན་ཚོགས། བརྡ་སྤྲོད་རྣམ་བཤད་སི་ཏུའི་དགོངས་རྒྱན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༤ ལོར་དཔར་ཐེངས་དང་པོ་བཏབ།
- ན་ག་སངས་རྒྱས་བསྟན་དར། བོད་ཀྱི་བརྡ་སྤྲོད་ནག་ཊྀཀ བོད་ཀྱི་དཔེ་མཛོད་ཁང་། ༢༠༡༧ སྐད་ཡིག་དེབ་ཕྲེང་དྲུག་པ།
- སེང་རྡོར། སོ་སྐྱེས་སྐད་སྒྲ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ ལོར་དཔར་ཐེངས་དང་པོ་བཏབ།
– – – – – –
![]()



