དེབ་རིག་པའི་དེང་ཕྲེང་ཁག་གི་གླེང་གཞི།

བོད་རིག་པའི་དེབ་ཕྲེང་དང་པོའི་གླེང་གཞི།

 

གླེང་གཞི།

 ཕྱི་ལོ་ ༢༠༡༩ ལོའི་དགུན་ཁར་ཕྲན་གྱིས་གྲོགས་པོ་རེ་ཟུང་ལ་དིང་སང་བརྡ་འཕྲིན་གྱི་དུས་རབས་ཡིན་མོད། བོད་ཡིག་གི་དྲྭ་ཚིགས་ཉུང་བ་དང་ལྷག་པར་དུ་ཞིབ་འཇུག་རྩོམ་ཡིག་རྐྱང་པ་སྤེལ་སའི་དྲྭ་ཚིགས་ཤིག་མེད་པ་ལ་བརྟེན་ནས། རྩོམ་ལུས་སྣ་ཚོགས་འགོད་སའི་དྲྭ་ཚིགས་དང་། འཕྲིན་སྟེགས། ངོ་དེབ་སོགས་སུ་ཞིབ་འཇུག་རྩོམ་ཡིག་ཚད་ལྡན་སྐོར་ཞིག་ཉ་ཉུངས་མཉམ་བསྲེ་བྱས་ཏེ་སྤེལ་འདུག་པས། ང་ཚོས་ཞིབ་འཇུག་རྩོམ་ཡིག་དག་ལ་རིན་ཐང་སྤྲོད་ཆེད་དང་། དེ་དག་འབྲི་མཁན་ཚོར་མཐུན་རྐྱེན་སྐྲུན་ཆེད་དུ་ཞིབ་འཇུག་རྐྱང་པའི་དྲྭ་ཚིགས་ཤིག་གསར་བཟོ་བྱེད་ཐུབ་ན་ལེགས་ཚུལ་དང་། དྲྭ་ཚིགས་དེ་ལ་བརྟེན་ནས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་མཁས་པ་དང་། ཆེད་ལས་ཞིབ་འཇུག་པ། གསར་ཞུགས་སློབ་གཉེར་བ་སོགས་ཙམ་དུ་མ་ཟད། རྒྱལ་ཁོངས་ཕྱི་རྒྱལ་ཡིན་པའི་བོད་རིག་པ་བ་སོགས་ཀྱང་མཉམ་ཞུགས་གནང་སྟེ། རིམ་བཞིན་དྲྭ་ཚིགས་དེའི་སྟེང་དུ་འགོད་འགྱུར་གྱི་རྩོམ་ཡིག་ཁག་ཅིག་ལ་བརྟེན་ནས། ཀློག་པ་པོ་ཚོས་རྒྱལ་ཕྱིའི་བོད་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་དང་། གནས་བབ། གྲུབ་འབྲས་སོགས་མཁྱེན་རྟོགས་དང་། འཛམ་གླིང་གི་ཡུལ་གྲུ་གང་སར་བཞུགས་པའི་ཞིབ་འཇུག་པ་དག་གིས་ཕན་ཚུན་བར་ལ་དགོངས་ཚུལ་སྤེལ་རེས་དང་། ཉམས་མྱོང་བརྗེ་རེས་གནང་ཐུབ་ན་ཕན་ཐོགས་ཡོད་ཚུལ་ཞུས་པ་ཡིན། དེ་མ་ཐག་ཏུ་གྲོགས་པོ་དག་གིས་ཀྱང་ཕྲན་གྱི་བསམ་ཚུལ་ནི་དགེ་མཚན་ཅན་ཞིག་ཡིན་སྟབས། དྲྭ་ཚིགས་དེ་འདྲ་ཞིག་ངེས་པར་དུ་བཟོ་དགོས་པའི་སྙིང་ཕུར་བརྡབས་པས། དེའི་ཕྱི་ཉིན་ནས་ང་ཚོས“བོད་རིག་པ’’ཞེས་པའི་དྲྭ་ཚིགས་ཀྱི་ཇུས་འགོད་ནས་མགོ་བརྩམས་ཏེ་ལག་ལེན་དངོས་སུ་ཞུགས་པ་ཡིན།

“བོད་རིག་པ’’ཞེས་པའི་དྲྭ་ཚིགས་ཀྱི་མིང་ངམ་བརྡ་ཆད་འདི་ནི་ཉེ་རབས་གསར་དུ་དར་བ་ཞིག་ཡིན་ཞིང་། དེ་ནི་ཨིན་སྐད་དུ་ཏི་བྷེ་ཊོ་ལོ་ཇི(Tibetology)ཞེས་པའམ་ཡང་ན་ཏི་བྷེ་ཊན ཟི་ཌ་ཌིསུ(Tibetan studies)གཉིས་བོད་སྐད་དུ་བསྒྱུར་པ་ལས་བྱུང་བར་མངོན། སྤྱིར་བཏང“བོད་རིག་པ’’ཞེས་པ་ནི་བོད་དང་འབྲེལ་ཡོད་ཀྱི་ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་ཡོངས་རྫོགས་ལ་གོ་བ་སྟེ། ལོ་རྒྱུས། ཆོས་ལུགས། སྐད་ཡིག རིག་གཞུང་། ཡུལ་སྲོལ་གོམས་གཤིས། ཆབ་སྲིད། དཔལ་འབྱོར། ས་ཁམས། སྒྱུ་རྩལ་སོགས་སྣ་ཚོགས་པ་ཞིག་འདུ་བ་མ་ཟད། ཤེས་རིག་གི་རིག་ཚན་དེའི་ཁྱབ་ཁོངས་ད་དུང་ཡང་ལོ་རེ་བཞིན་དུ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།  སྐབས་འདིའི”བོད”ཅེས་པར་ཤེས་རིག་ཅིག་གི་ཁྱབ་ཁོངས་ནས་ལྟ་ཚུལ་དང་། ད་ལྟའི་ཆབ་སྲིད་དང་རིགས་རྒྱུད་རིག་པའི་ཁོངས་ནས་འགྲེལ་ཚུལ་གཉིས་ཡོད་པ་ཡིན། བོད་རིག་པའི་ཁྱབ་ཁོངས་སུ་ཞིབ་འཇུག་བྱེད་སྐབས་རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་བྱེད་ཚུལ་གྱི་འགྲོས་དང་མཐུན་པར། བརྗོད་གཞི་བྱེ་བྲག་པ་ཞིག་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་དགོས་པ་ལས། ཞིབ་འཇུག་ཁྲོད་དུ་གང་ཟག་སྒེར་གྱི་ཡིད་ཆེས་དང་། ཆོས་ལུགས་དད་མོས། ལྷ་སྒྲུང་སོགས་སྒྲུབ་བྱེད་དུ་འགོད་མི་འོས་པར། ཞིབ་འཇུག་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་དོགས་སློང་དང་། དགག་སྒྲུབ། གཏན་ཚིགས་གསུམ་གཙོ་བོར་བཟུང་སྟེ། དཔྱད་གཞིའི་རྒྱུ་ཆ་དང་དཔྱད་ཐབས་སྣ་ཚོགས་སྤྱད་དེ་རྒྱུ་མཚན་འཚོལ་དགོས་པ་ཡིན་ལ། ཞིབ་འཇུག་གང་ཞིག་ཡིག་ཐོག་ཏུ་འགོད་སྐབས་ཀྱང་། རྩོམ་ཡིག་གི་སྒྲོམ་གཞི་སློང་སྟངས་ནས་རྒྱུ་ཆའི་དཔེ་ཐོ་བར་དུ། རྩོམ་བྱང་དང་། བརྗོད་སྙིང་། གནད་ཚིག རྒྱུ་ཆ་ཞིབ་བཤེར། ཐམས་ལམ། གཞུང་དངོས། མཇུག་བསྡུ། ཐུགས་རྗེ་ལེགས་འབུལ་གྱིས་མཚོན་པའི་ཞབས་མཆན་སོགས་ལའང་། ཚད་ལྡན་གྱི་སྒྲོམ་གཞི་དང་གོ་རིམ་ཡོད་པ་ཡིན་ལ། དེ་ལྟ་བུའི་རྩོམ་ཡིག་ནི་དིང་རབས་ཞིབ་འཇུག་གི་རྩོམ་ཡིག་ལ་ངོས་འཛིན་བྱེད་རུང་བ་ཡིན།

གནའ་སྔ་མོར་རྒྱ་གར་དུ་དཔྱད་གཞིའི་དོན་ཚན་རེ་རེའི་ཆེད་དུ་ཆེད་རྩོམ་འབྲི་བའི་ལམ་སྲོལ་དེ་བྱུང་མྱོང་ཡོད་པར་མ་ཟད། བརྗོད་གཞི་རེའི་སྟེང་དུ་བརྩམས་པའི་རྩོམ་ཡིག་ཐུང་ངུ་རྣམས་ལ་རབ་ཏུ་བྱེད་པ (པྲཀརཎ) ཞེས་པའི་མིང་ཡང་ཡོད་པར་གསུངས། བོད་ལ་མཚོན་ནའང་ཆོས་རྗེ་ས་པཎ(1182-1251)མཆོག་ནས་བཟུང་སྟེ་བོད་ཀྱི་མཁས་པ་རྣམས་ཀྱིས་བསྟན་བཅོས་ཁག་ལ་དག་ཐེར་དང་། ཞུ་དག  རྒྱ་སྐད་ལས་བསྒྱུར་པའི་བཀའ་དང་བསྟན་བཅོས་ཁག་རྒྱ་དཔེ་དང་བསྡུར་ནས་བསྐྱར་ཞིབ་གནང་ཡོད་པར་མ་ཟད། ལམ་རིམ་མཆན་བཞི་སྦྲགས་དང་། མཆིམས་མཛོད་ལྟ་བུའི་ནང་དུའང་། མཆན་བུ་མང་པོ་མཛད་མཁན་བོད་ཀྱི་མཁས་པ་བྱུང་ཡོད་པས། བོད་ལ་སྲོལ་རྒྱུན་ཞིབ་འཇུག་བྱེད་ཚུལ་གྱི་རིག་པ་སྔ་མོ་ནས་དར་ཡོད་པར་དགོངས་མཁན་ཡོད་མོད། བོད་དང་བོད་ཀྱི་རིག་གནས་སྐོར་ལ་དིང་རབས་ཀྱི་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་མཁན་གྱི་ནུབ་ཕྱོགས་པ་ཐོག་མའི་གྲས་ནི། དུས་རབས་བཅུ་དགུ་པའི་སྟོད་དུ་འཁྲུངས་པའི་ཨ་ལེ་ཁུ་སི་ཊ ཆའོ་མཱ(Alexander Csoma de Koros 1784–1842)ལགས་ཡིན་པར་གྲགས་ཤིང་། བོད་མི་རང་ལ་མཚོན་ན་དུས་རབས་ཉི་ཤུ་པའི་དུས་མགོར་བྱོན་པའི་མཁས་དབང་དགེ་འདུན་ཆོས་འཕེལ(1903-1951)མཆོག་གིས་གང་ཟག་སྒེར་གྱི་ཆོས་ལུགས་དད་མོས་སོགས་ལ་ཡིད་ཆེས་མ་གནང་བར། བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ལ་དངོས་ཡོད་ཀྱི་ལམ་ནས་དཔྱད་པ་གནང་སྟེ་དོགས་སློང་གནང་མགོ་བརྩམས་ཡོད།

དིང་གི་དུས་འདིར། བོད་རིགས་ཞིབ་འཇུག་པ་རྣམས་ཀྱི་རྩོམ་ཡིག་གི་གནས་བབ་ཚད་ག་འདྲ་ཞིག་ཏུ་སླེབས་ཡོད་མེད་ནི་དྲི་བ་ཞིག་ཡིན་མོད། འོན་ཀྱང་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་མཐོང་ཆོས་སུ་ཡོད། བརྗོད་གཞི་བྱེ་བྲག་པ་སྐོར་ཞིག་ལ་ཞིབ་མཇུག་མཐིལ་ཕྱིན་པ་བྱ་དགོས་ཚེ། རང་སྐད་ཁོ་ནས་མི་ལྕོགས་པར་རྒྱ་སྐད་དང་ཨིན་སྐད་ཀྱིས་གཙོས་པའི་སྐད་ཡིག་གཞན་ཡང་མཁྱེན་དགོས། སྐད་ཡིག་གཞན་གྱི་ནང་དུ་བོད་དང་བོད་མིའི་སྐོར་གྱི་ལོ་རྒྱུས་སྔ་མོ་ནས་འབྲི་རྩོམ་བྱས་པའང་ཡོད་དེ། དུས་རབས་ལྔ་པ་ཙམ་ནས་ཨ་རབ་པའི་དེབ་ཐེར་ཁག་ཏུ་བོད་ཀྱི་སྐོར་འཁོད་ཡོད་ལ། དུས་རབས་བརྒྱད་པ་ཙམ་ནས་རྒྱ་ནག་གི་དེབ་ཐེར་ཁག་ཏུ་བོད་ཀྱི་སྐོར་བྲིས་ཡོད་པར་མ་ཟད། དུས་རབས་བཅུ་གཉིས་པ་ཙམ་ནས། ལ་ཏིན་གྱི་སྐད་དུའང་ལྐོག་གྱུར་དང་ལྐོག་གྱུར་མ་ཡིན་པའི་བོད་ཀྱི་ལོ་རྒྱུས་མང་པོ་འཁོད་ཡོད། དིང་སང་ཨིན་སྐད་གཙོས་པའི་ཕྱི་སྐད་སྣ་ཚོགས་ཀྱི་ནང་དུ་བོད་ཀྱི་སྐོར་ལས་འཕྲོས་པའི་དེབ་དང་རྩོམ་ཡིག་གི་ཀློང་བརྡོལ་ཡོད་པས། དེ་དག་ལ་དབྱེ་ཞིབ་དང་དཔྱད་པ་གནང་ཐུབ་ན་གནད་དོན་སྐོར་ཞིག་གི་ཁ་གསལ་བར་འགྱུར་ཞིང་། འདི་ནི་བོད་ཀྱི་ཞིབ་འཇུག་པ་དག་གིས་ངེས་པར་དུ་ཤེས་དགོས་པའི་གནས་ཤིག་ཀྱང་ཡིན།

“བོད་རིག་པ’’དྲྭ་ཚིགས་ཤར་གཏོང་བྱས་ནས་ལོ་གཅིག་ཙམ་ལས་འགོར་མེད་པའི་དུས་ཡུན་ཐུང་ཐུང་འདིའི་ནང་དུ། བརྗོད་གཞི་མི་འདྲ་བའི་རྩོམ་ཡིག་བདུན་ཅུ་ལྷག་སྤེལ་ཟིན་ལ། རྩོམ་ཡིག་དེ་དག་གི་ནང་དུ་ཞིབ་འཇུག་རང་བཞིན་དང་ངོ་སྤྲོད་རང་བཞིན་གྱི་རྩོམ་ཡིག་ཅི་རིགས་ཤིག་འདུས་མོད། རྩོམ་ཡིག་སྐོར་ཞིག་ནི་སྐད་ཡིག་མི་འདྲ་བ་གཉིས་གསུམ་དང་། ཡིག་ཆ་སྣ་ཚོགས། སྒྲུབ་བྱེད་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་བརྗོད་གཞི་གང་དེའི་འབྱུང་རྐྱེན་དང་སྣང་ཚུལ་སོགས་ཀྱི་ཁ་མི་གསལ་བ་རྣམས་གསལ་བར་བྱས་པ་ཤ་སྟག་རེད་འདོད། རྩོམ་ཡིག་དེ་དག་གི་ཁྲོད་དུ་ང་ཚོས་རྩོམ་པ་པོར་དངོས་སུ་འབྲེལ་བ་ཞུས་ཏེ“བོད་རིག་པ’’དྲྭ་ཚིགས་སུ་འབྱོར་བ་དང་། མ་བསྐུལ་དང་བླངས་ཀྱིས་བསྐུར་ཡོང་བ་ཅི་རིགས་ཡོད། ཡང་རྩོམ་ཡིག་རེ་ཟུང་དུས་དེབ་གཞན་དུ་སྤེལ་ཟིན་མོད། རྩོམ་ཡིག་སྤུས་ལེགས་ཅན་དུ་ངོས་འཛིན་བྱས་ཏེ“བོད་རིག་པ”དྲྭ་ཚིགས་སུ་འོས་སྦྱོར་གྱི་ཚུལ་དུ་ཆེད་སྤེལ་བྱས་པ་ཡིན། དྲྭ་ཚིགས་འདིར་འབྱོར་བའི་རྩོམ་ཡིག་ཡོད་ཚད་སྟར་ཆགས་སུ་འགོད་མ་ཐུབ་ཀྱང་། ང་ཚོས་གང་ནུས་ཅི་ལྕོགས་ཀྱིས་རྩོམ་ཡིག་རེ་ཟུང་ལ་བཟོ་བཅོས་ཕྲན་བུ་བྱས་ཏེ་སྤེལ་བའམ། ཡང་ན་རྩོམ་མཁན་ལ་ཡང་བསྐྱར་ཞུ་དག་གནང་བཅུག་སྟེ་བཀོད་པའང་ཡོད། རྩོམ་ཡིག་སྐོར་ཞིག་རྩོམ་མཁན་གྱི་ཐུགས་རེ་ལྟར་དུ་སོར་འཇོག་བྱས་ཡོད་པའང་དགོངས་འཇགས་འཚལ།

ང་ཚོས་ལོ་གཅིག་གམ་གཉིས་རེའི་མཚམས་སུ“བོད་རིག་པ’’དྲྭ་ཚིགས་སུ་སྤེལ་ཟིན་པའི་རྩོམ་ཡིག་ཁག་བདམ་སྒྲིག་གིས་དེབ་རེ་སྤར་སྐྲུན་བྱ་རྒྱུའི་འཆར་གཞི་བཏིང་བ་ལྟར། ‘‘བོད་རིག་པ་དྲྭ་ཚིགས་ཀྱི་ཞིབ་འཇུག་རྩོམ་ཡིག’’ཅེས་པའི་དེབ་དང་པོའི་ནང་། སྔར་དུས་དེབ་དང་སྒེར་གྱི་དཔྱད་དེབ་ཁག་ཏུ་མ་སྤེལ་བའི་རྩོམ་ཡིག་གསར་པ་བཅུ་བདུན་རྩོམ་སྒྲིག་ཞུས་ཡོད།  ཐེངས་འདིའི་རྩོམ་ཡིག་ཁག་གི་བརྗོད་བྱ་ནི་སྣ་ཚོགས་པ་ཤིག་སྟེ། ཆོས་ལུགས་དང་། ཚན་རིག ལོ་རྒྱུས། མི་སྣ། བསྟན་བཅོས། བརྡ་སྤྲོད། དམངས་སྲོལ། གསོ་རིག་སོགས་ཀྱིས་གྲུབ་ཡོད་ཅིང་། རྩོམ་ཡིག་ཁག་གི་བརྗོད་གཞི་ལ་རྒྱ་ཆེ་ཆུང་ཡོད་ལ། ཞིབ་འཇུག་གི་ལྟ་གྲུབ་དང་ཐབས་ལམ།  ཐ་ན་རྩོམ་ཡིག་ཁག་གི་སྒྲོམ་གཞི་བསླངས་སྟངས་ཚུན་ཆད་ཀྱང་གཅིག་མཚུངས་ཤིག་མ་ཡིན་ལ། རྩོམ་ཡིག་འདི་དག“བོད་རིག་པ’’དྲྭ་ཚིགས་ཀྱི་རྩོམ་ཡིག་ཡག་ཤོས་སྐོར་ཞིག་ཡིན་པའི་ངེས་པའང་མེད། ད་དུང་དྲྭ་ཚིགས་འདིའི་རྩོམ་ཡིག་ཚད་ལྡན་སྐོར་ཞིག་ཐེངས་འདིའི་དེབ་ཏུ་འགོད་མ་ཐུབ་མོད། འདོན་ཐེངས་གཉིས་པ་དང་གསུམ་པ་གང་རུང་དུ་དགོད་རྒྱུ་ལས་ཐབས་གཞན་མ་མཆིས།

སྔར་རྩོམ་ཡིག་འདི་དག“བོད་རིག་པ’’དྲྭ་ཚིགས་སུ་སྤེལ་སྐབས། ང་ཚོས་རྩོད་གཞི་ཅན་གྱི་བདག་སྒྲ་དང་། དུས་གསུམ། གདམ་ང་ཅན་གྱི་ཡི་གེ་རྣམས་རྩོམ་པ་པོས་གང་སྤྱད་ཡོད་པ་སོར་འཇོག་བྱས་ཡོད་མོད། ད་ཐེངས་རྩོམ་ཡིག་ཁག་དེབ་གཟུགས་སུ་སྤར་སྐྲུན་བྱེད་སྐབས། “བོད་རིག་པ’’དྲྭ་ཚིགས་ལ་རང་ལུགས་ཤིག་ཡོད་ན་ལེགས་པར་བསམས་ཏེ། ལས་བྲེལ་གྱི་བར་གསེང་ནས་དཀའ་བ་ཁྱད་གསད་དང་། ངལ་བ་དང་ལེན་གྱིས་དེབ་འདིའི་རྩོམ་ཡིག་རེ་རེ་བཀླགས་ཏེ་གདམ་ང་ཅན་གྱི་ཡི་གེ་ཁག་དང་། བདག་སྒྲ་དང་དུས་གསུམ། ས་མིང་དང་མི་མིང་སོགས་གཅིག་གྱུར་བཟོས་ཏེ་རྩོམ་སྒྲིག་གི་བགྱི་བ་དག་བྱས་པའི་ཁུལ་ཡིན། རྩོམ་སྒྲིག་བྱས་པའི་ལྷག་བསམ་ལ་རྨ་མེད་ནའང་། དཔྱོད་ཤེས་དང་ཉམས་མྱོང་གི་དབང་གིས་ཆད་ལྷག་ནོར་འཁྲུལ་བྱུང་ཡོད་ན་བཟོད་གསོལ་ཞུ་རྒྱུ་ཡིན།

མཇུག་མཐར། གོ་སྐབས་འདི་བརྒྱུད་དེ“བོད་རིག་པ’’དྲྭ་ཚིགས་ལ་རྩོམ་ཡིག་གི་ཞལ་འདེབས་སྦྱིན་མཁན་གྱི་མཁྱེན་ཡངས་རྩོམ་པ་པོ་རྣམས་ལ་ཐུགས་རྗེ་ཤིན་ཏུ་ཆེ་ཞུས་པ་ཡིན་ལ།  ད་ཕན་དྲྭ་ཚིགས་འདིར་རྩོམ་ཡིག་སྐུར་མཁན་དང་དེབ་འདིའི་རྩོམ་པ་པོ་ཕལ་མོ་ཆེ་ནི། བོད་ཕྱི་ལོགས་སུ་བཞུགས་པའི་བོད་རིགས་སྐོར་ཞིག་ཡིན་ནའང་། མ་འོངས་པར་བོད་དུ་བཞུགས་པའི་ཞིབ་འཇུག་པ་དག་གིས་ཀྱང་། “བོད་རིག་པ’’དྲྭ་ཚིགས་ལ་རྩོམ་ཡིག་སྣ་ཚོགས་བསྐུར་བའི་རེ་བ་ཡོད་ལ། དྲྭ་ཚིགས་འདི་བོད་ཕྱི་ནང་གཉིས་ཀྱི་ཞིབ་འཇུག་པ་དག་འཛོམ་ས་ཞིག་དང་། ང་ཚོ་ཐུན་མོང་གི་འབད་རྩོལ་ལ་བརྟེན་ཏེ་བོད་རིག་པའི་དབུ་འཕང་དགུང་དུ་འདེགས་པའི་རེ་བ་ཡོད།

དེ་ནས་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་སྤར་སྐྲུན་རོགས་དངུལ་གྱི་མཐུན་རྐྱེན་སྦྱར་མེད་ཚེ། “བོད་རིག་པ’’དྲྭ་ཚིགས་ཀྱི་དེབ་འདི་སྤར་སྐྲུན་འགྲེམ་སྤེལ་ཐུབ་ཐབས་མེད་པས། དེས་ན་འདིར་ཁོང་ལ་རྗེས་སུ་ཡི་རངས་དང་། བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་འབྲེལ་ཏེ། འབྱུང་འགྱུར“བོད་རིག་པ’’དྲྭ་ཚིགས་ཀྱི་ལས་འཆར་ཁག་ལ་རྩ་ཆེའི་ལམ་སྟོན་དང་། རོགས་ཕན་གྱི་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་མཁྱེན་ཞེས་ཞུ་རྒྱུ་ཡིན། ད་དུང་མཁྱེན་ཡངས་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་དང་མཁྱེན་ཡངས་བསྟན་འཛིན་དགེ་ལེགས་ལགས་རྣམ་གཉིས་ཀྱིས་དེབ་འདིར་ཐུགས་ཁུར་རྒྱབ་སྐྱོར་གནང་བ་དང་། མཁྱེན་ཡངས་རྩོམ་པ་པོ་ཤིས་ཚང་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་སྤྲོ་སྣང་ཆེན་པོས་དེབ་འདི་ཇུས་འགོད་གནང་བ་དང་། ཁོང་གིས་ང་ཚོའི་ཐེངས་གསུམ་གྱི་ཞུ་དག་གི་སྟེང་ལ་ཡང་བསྐྱར་ཞུ་དག་ཐེངས་གཅིག་གནང་བ་བཅས་ལ་བཅོས་མིན་སྙིང་ནས་ཐུགས་རྗེ་ཆེ་ཞུ།

སྙན་བཟང་གཡུང་དྲུང་ཚེ་རིང་གིས་
ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༤ པའི་ཚེས་ ༡༥ ཉིན་བྲིས།

 

བོད་རིག་པའི་དེབ་ཕྲེང་གཉིས་པའི་གླེང་གཞི།

 

གླེང་གཞི།

བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱིས་ནང་པའི་གཞུང་དུ་གསུངས་པའི་བཤད་ཐབས་ཡན་ལག་ལྔ་དང་། དཔྱད་པའི་ཚུལ་ལ་རིགས་པ་བཞིའི་རྣམ་གཞག ། གཞི་དངོས་པའི་གནས་ལུགས་ལ་དཔྱོད་པའི་སྐབས་སུ་དཔྱོད་པ་པོ་ལ་ཚང་དགོས་པའི་རྟོན་པ་བཞི་སོགས་སྤྱད་དེ། ནང་བསྟན་གཞུང་ལུགས་ཀྱི་དཀའ་གནད་དག་ལ་རིགས་པས་དཔྱད་པ་གཙོ་བོར་བྱས་ནས་མཐའ་དཔྱོད་ཀྱི་བསྟན་བཅོས་དུ་མ་མཛད་ཡོད། ཁོང་ཚོས་གཞན་ལུགས་མི་འཐད་པ་རྣམས་དགག་ཅིང་། རང་ལུགས་འཐད་ལྡན་དུ་བཞག་པ་དང་། རང་ལུགས་དེ་ལ་གཞན་གྱིས་དགག་པ་བྱས་པ་དེ་ལ་རྩོད་པ་སྤོང་བའི་བསྟན་བཅོས་དེ་དག་ནི། དིང་སང་བོད་ཀྱི་སྲོལ་རྒྱུན་ཞིབ་འཇུག་རྩོམ་ཡིག་ཏུ་ངོས་འཛིན་རུང་བར་གསུངས་པས། བོད་ལ་སྲོལ་རྒྱུན་དཔྱད་རྩོམ་འབྲི་ཐབས་ཀྱི་ལམ་སྲོལ་སྔ་མོ་ནས་ཡོད་པ་ཞིག་རེད། བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དེ་དག་གིས་སྲོལ་རྒྱུན་དཔྱད་རྩོམ་འབྲི་ཐབས་དེ་ལ་བརྟེན་ནས། དཔལ་ནཱ་ལེནྡྲ་སོགས་ནས་བརྒྱུད་པའི་སངས་རྒྱས་ཆོས་ལུགས་དེ་འཛིན་སྐྱོང་སྤེལ་གསུམ་མཛད་ཐུབ་པ་བྱུང་ཡོད་པར་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་དུ་མཛད་ངེས་པ་ལགས་སོ། ། ཡིན་ནའང་། དུས་རབས་ཀྱི་འགྲོས་དང་བསྟུན་ནས། བོད་ཀྱི་ཆོས་དང་རིག་གཞུང་གང་ཞིག་ཡིན་རུང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནས། མི་རིགས་གཞན་ལ་ངོ་སྤྲོད་དང་འགྲེལ་བརྗོད་བྱེད་དགོས་ཚེ། ང་ཚོས་ངེས་པར་དུ་དིང་རབས་ཀྱི་ཞིབ་འཇུག་ཐབས་ལམ་ལ་མི་བསྟུན་ཐབས་མེད་ཡིན།

ཉེ་བའི་དུས་སུ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ལྟ་བུར་དཔྱད་བརྗོད་སྤེལ་པའི་བོད་ཀྱི་ཞིབ་འཇུག་པ་སྐོར་ཞིག་གི་རྩོམ་ཡིག་ཁག་ནི། ཕྱི་གླིང་པ་མང་པོའི་གཟིགས་སྟངས་ལ་དིང་རབས་དཔྱད་རྩོམ་མིན་པའི་དགོངས་ཚུལ་འཁྲུངས་པའི་སྐད་ཆ་ཐོས། བོད་ཀྱི་ཞིབ་འཇུག་པ་རྣམས་ལ་དཔྱད་གཞིའི་རྒྱུ་ཆ་མེད་པ་དང་། ཆེད་ལས་ཀྱི་གཞུང་ལ་མཁྱེན་དཔྱོད་ཀྱིས་མ་ལྡེང་བ་སོགས་ཀྱི་དཀའ་ངལ་མེད་མོད། དེ་ནི་གཙོ་བོ་དིང་རབས་ཞིབ་འཇུག་གི་ཐབས་ལམ་མ་རྟོགས་པས་ལོས་ཡིན། ཡིན་ནའང་། དགའ་འོས་པ་ཞིག་ལ།  དིང་སང་བོད་ཕྱི་ནང་གཉིས་སུ་སློབ་གྲྭ་ཆེན་མོ་བ་དག་གི་ནང་ན་ཞིབ་འཇུག་རྩོམ་ཡིག་འབྲི་མཁན་དང་། ཆེད་ལས་ཞིབ་འཇུག་གཉེར་མཁན་སོགས་མང་དུ་བྱུང་དང་འབྱུང་མུས་མ་ཟད། བོད་རྒྱ་ཨིན་གསུམ་གྱི་ཡིག་རིགས་གཤིབ་བསྡུར་བགྱིས་ཏེ། ཞིབ་འཇུག་རྩོམ་ཡིག་འབྲི་མཁན་ཡང་མང་དུ་འཕེལ་བཞིན་ཡོད། ལྷག་པར་དུ་བོད་ཀྱི་དགོན་སྡེ་ཁག་ཏུ་བཞུགས་པའི་གྲྭ་བཙུན་རྣམས་ཀྱི་ཁྲོད་དུའང་རྒྱལ་སྤྱིའི་དིང་རབས་ཞིབ་འཇུག་ལ་དོ་སྣང་དང་། རྒྱལ་སྤྱིའི་དིང་རབས་ཞིབ་འཇུག་གི་ཐབས་ལམ་ལ་སློབ་སྦྱོང་བྱེད་མཁན་ཡང་ཡོད། དེ་དང་ཆབས་ཅིག།།དིང་རབས་ཞིབ་འཇུག་གི་ཐབས་ལམ་གྱི་སྐོར་ལ་བྲིས་པའི་དེབ་དང་རྩོམ་ཡིག་ཀྱང་། བོད་ཡིག་གི་ལམ་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་སོགས་ལ་བརྟགས་ན། བོད་ལ་དིང་རབས་ཞིབ་འཇུག་གི་རླབས་རྒྱུན་གསར་པ་ཞིག་འཕྱུར་བཞིན་པའི་སྣང་ཚུལ་མཆིས་ལ། འབྱུང་འགྱུར་བོད་མི་སྐྱ་སེར་གཉིས་ཀའི་ཁྲོད་དུ། ཚན་རིག་ཞིབ་འཇུག་གི་ལས་ལ་གཞོལ་ཏེ། རྩོམ་ཡིག་སྤུས་དག་འབྲི་མཁན་འབྱུང་མིན་དོགས་པ་རྩ་བྲལ་རེད་སྙམ། དེ་ལ་བརྟེན་ནས་བོད་ཀྱི་རིག་གཞུང་གི་རིན་ཐང་དང་གཟི་བརྗིད་ཀྱང་རྒྱལ་སྤྱིའི་སྟེང་ལ་ཇེ་ཆེར་འགྲོ་བ་སྨོས་ཅི་དགོས།

དེ་བས། ཕྲན་ཆུང་བདག་གིས་རང་རེ་བོད་ཀྱི་ཞིབ་འཇུག་གི་གནས་བབ་གོང་འཕེལ་དང་། ཞིབ་འཇུག་གི་ཕྱོགས་སུ་དོན་གཉེར་བྱེད་མཁན་རྣམས་ལ་ཅུང་ཟད་ཕན་ན་སྙམ་པའི་ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ། ‘‘བོད་རིག་པ་’’ཞེས་པའི་དྲྭ་ཚིགས་དེ་ཉིད་ཆེད་དུ་བཙུགས་ཏེ་ཤར་གཏོང་བྱས་དང་བྱེད་བཞིན་ཡོད། དྲྭ་ཚིགས་དེ་ལ་གཟིགས་མཁན་ཤིན་ཏུ་མང་ཞིང་། ལྷག་དོན་བོད་གཞིས་བྱེས་གཉིས་སུ་ཡོད་པའི་ཤེས་ལྡན་པ་དག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས། ང་ཚོས་དྲྭ་ཚིགས་འདིའི་སྟེང་དུ་གཟའ་འཁོར་རེ་རེར་རྩོམ་ཡིག་གསར་པ་རེ་སྤེལ་ནས་མི་ལོ་གཉིས་ལྷག་ཕྱིན་ནའང་། ད་བར་དུ་‘‘བོད་རིག་པ་’’དྲྭ་ཚིགས་ལ་རྩོམ་ཡིག་འགོད་རྒྱུ་མེད་པའི་དཀའ་ངལ་མ་བྱུང་། དྲྭ་ཚིགས་འདིའི་སྟེང་དུ་བཀོད་ཟིན་པའི་རྩོམ་ཡིག་ཡོད་ཚད། ཞིབ་འཇུག་རྩོམ་ཡིག་ཚད་ལྡན་དང་དཔྱད་ཐབས་དམིགས་བསལ་ཅན་ཡིན་མིན་ལ་མ་ལྟོས་པར། ང་ཚོར་རྩོམ་ཡིག་རེ་ཆད་མེད་དུ་འབྱོར་བཞིན་པ་འདིས། ཕྱོགས་གཅིག་ནས་བཤད་ན། བོད་ཀྱི་ཞིབ་འཇུག་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་རྣམ་པ་གསལ་པོར་མཐོང་ཐུབ།

ཨིན་སྐད་དུ་བྲིས་པའི་ཞིབ་འཇུག་རིག་པའམ་ཉམས་ཞིབ་རིག་པ་ངོ་སྤྲོད་ཀྱི་གཞུང་ལུགས་སུ་གྱུར་པའི་«ཞིབ་འཇུག་གི་སྒྱུ་རྩལ་»ཞེས་པའི་དེབ་དེའི་ནང་དུ། ‘‘གནད་དོན་ཞིག་སེལ་ཐབས་བྱེད་པའི་ཆེད་དང་། ཐག་གཅོད་བྱེད་པའི་ཆེད་དུ་གནད་དོན་དེའི་དྲི་བར་ལན་རྙེད་པའི་ཕྱིར། གནས་ཚུལ་འཚོལ་བསྡུ་བྱེད་པའི་རྒྱུད་རིམ་ཞིག་ལ་ཞིབ་འཇུག་ཅེས་བརྗོད་’’ཅེས་འཁོད་ཡོད་པ་ལྟར། ལོ་གཅིག་གི་སྔོན་ལ། ‘‘བོད་རིག་པ་’’དྲྭ་ཚིགས་ཀྱི་སྟེང་དུ་སྤེལ་བའི་རྩོམ་ཡིག་སྟེ། བརྗོད་གཞི་གང་ཞིག་ཐག་གཅོད་བྱེད་ཆེད་གནད་དོན་དེའི་དྲི་བར་ལན་རྙེད་པར་རྒྱུ་ཆ་སྣ་ཚོགས་འཚོལ་བསྡུ་བྱས་པའི་རྩོམ་ཡིག་བཅུ་དྲུག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་‘‘བོད་རིག་པ་’’དྲྭ་ཚིགས་ཀྱི་ཞིབ་འཇུག་དེབ་ཕྲེང་དང་པོ་སྤར་སྐྲུན་བྱས་ཡོད་ལ། ལྷག་པར་བོད་ཀྱི་ཞིབ་འཇུག་པ་སྐོར་ཞིག་གདན་འདྲེན་ཞུས་ཏེ། ངོ་དེབ་བརྒྱུད་ནས་སྤར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་སྟབས་བདེ་ཞིག་ཀྱང་འཚོགས་ཤིང་། སྤྱི་ནོར་༸གོང་ས་༸རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་དང་། དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག།། ༸དཔལ་རྒྱལ་དབང་ཀརྨ་པ་མཆོག།། ༸སྐྱབས་རྗེ་སྨན་རི་ཁྲི་འཛིན་སོ་བཞི་པ་མཆོག།། འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག།། ༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་ཆོས་བརྒྱུད་རིས་མེད་ཀྱི་བསྟན་བདག་བླ་ཆེན་རྣམ་པར་དེབ་རེ་སྤར་ཕུད་དུ་ཕུལ་ཡོད་ལ། རྒྱ་གར་དུ་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་གི་དཔེ་མཛོད་ཁང་། རྒྱལ་སྤྱིའི་བོད་རིག་པའི་སྡེ་ཁག་རེ་ཟུང་གི་དཔེ་མཛོད་ཁང་། རྒྱ་གར་དུ་བཞུགས་པའི་ཤེས་ཡོན་པ་སྐོར་ཞིག་ལའང་དེབ་རེ་རིན་མེད་དུ་ཕུལ་ཐུབ་པ་བྱུང་ཡོད།

དེབ་དེ་སྤར་སྐྲུན་འགྲེམས་སྤེལ་བྱས་ནས་དུས་ཡུན་རིང་པོ་མ་འགོར་བར། བོད་ཀྱི་ཤེས་ཡོན་པའི་སྡེས་དེབ་འདི་ལ་བསྟོད་བསྔགས་གནང་བར་མ་ཟད། ལར་ནས་དེབ་འདི་ནི་ད་ཕན་བཙན་བྱོལ་དུ་སྤར་སྐྲུན་བྱས་པའི་དཔྱད་རྩོམ་གྱི་དེབ་ཡག་ཤོས་དེ་ཡིན་པར་སྣང་ཞེས་གདེང་འཇོག་ཐོབ། ལྷག་པར་དུ་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་‘‘བོད་རིག་པ་’’དྲྭ་ཚིགས་དང་། ‘‘བོད་རིག་པ་’’དྲྭ་ཚིགས་ཀྱི་དེབ་ཕྲེང་དང་པོར། གཟིགས་པ་ཆེན་པོ་གནང་སྟེ། ཕྱག་འཕྲིན་ཞིག་གསོལ་སྩལ་གནང་བྱུང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་ཚོས་དེ་ནི་‘‘བོད་རིག་པ་’’དྲྭ་ཚིགས་ཀྱི་གཟི་བརྗིད་དུ་རློམ་བཞིན་ཡོད།

ཟླ་ཤས་ཀྱི་སྔོན་ལ། ‘‘བོད་རིག་པ་’’ཞེས་པའི་སྐད་ཚོམས་(Wechat Group) ཤིག་ཀྱང་གསར་དུ་བཙུགས་ཡོད་ལ། སྐད་ཚོམས་དེའི་ནང་དུ་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དགེ་བཤེས་དང་། དགེ་རྒན་ཆེན་མོ། འབུམ་རམས་པ། ཞིབ་འཇུག་པ། རྩོམ་པ་པོ། སློབ་གྲྭ་ཆེན་མོ་བ་སོགས་ཀྱིས་མཚོན་པའི་ཤེས་ལྡན་མི་སྣ་ ༥༠༠ མ་ཟིན་ཙམ་འདུས་ཡོད། ཁོང་ཚོས་‘‘བོད་རིག་པ་’’དྲྭ་ཚིགས་སུ་སྤེལ་བའི་རྩོམ་ཡིག་ཁག་བཀླགས་རྗེས། རྩོམ་ཡིག་དེ་དང་དེ་ལས་འཕྲོས་ཏེ་བགྲོ་གླེང་དང་། བསམ་ཚུལ་བརྗེ་རེས་སོགས་གནང་བཞིན་ཡོད། སྐད་ཚོམས་དེ་འདྲ་ཞིག་བཙུགས་པ་ལ་བརྟེན་ནས། ‘‘བོད་རིག་པ་’’དྲྭ་ཚིགས་སུ་བརྗོད་གཞི་མི་འདྲ་བའི་དཔྱད་རྩོམ་སྐུར་མཁན་ཡང་ཇེ་མང་དུ་འཕེལ་བཞིན་ཡོད། དེ་བས། ང་ཚོས་སྐབས་རེར་‘‘བོད་རིག་པ་’’དྲྭ་ཚིགས་སུ་རྩོམ་ཡིག་སྐུར་མཁན་དག་ལ་རེ་སྐུལ་ཞུས་ཏེ། སོ་སོའི་ཞིབ་འཇུག་རྩོམ་ཡིག་དང་འབྲེལ་ནས་གསུང་བཤད་ཀྱི་དུས་ཚོད་རེ་ཡང་གོ་སྒྲིག་ཞུ་བཞིན་ཡོད་ལ། ཡང་སྐབས་འགར་ཆེད་ལས་ཞིབ་འཇུག་པ་དག་གདན་འདྲེན་གྱིས་བོད་རིག་པའི་ཁྱབ་ཁོངས་ཀྱི་གནད་དོན་བྱེ་བྲག་པའི་སྐོར་ལ་གསུང་བཤད་གནང་བའི་གོ་སྐབས་ཀྱང་བསྐྲུན་དང་སྐྲུན་མུས་སུ་ཡོད། འདིས་ཤེས་རིག་ལ་དགའ་བའི་སྐྱེ་བོ་མང་པོ་ཞིག་ལ་ཕན་ཐོགས་འབྱུང་བཞིན་ཡོད་པའི་རེ་བའང་བྱེད་ཀྱི་ཡོད།

དེ་ལྟར་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་བྱས་པའི་ཉེར་ལེན་གྱིས། ‘‘བོད་རིག་པ་’’ཞེས་པའི་དྲྭ་ཚིགས་དེ་མུ་མཐུད་དུ་གནས་བཞིན་ཡོད་པར་མ་ཟད། ‘‘བོད་རིག་པ་’’དྲྭ་ཚིགས་ཀྱི་ཞིབ་འཇུག་དེབ་ཕྲེང་གཉིས་པའང་རྩོམ་སྒྲིག་བྱས་ཏེ་གྲུབ་ཡོད། དེབ་ཕྲེང་གཉིས་པའང་དེབ་ཕྲེང་དང་པོ་ལྟར་རྩོམ་ཡིག་བཅུ་དྲུག་གི་བདག་ཉིད་ཅན་གྱི་དཔྱད་དེབ་ཅིག་ཡིན་ནའང་། དེབ་ཕྲེང་གཉིས་པའི་ནང་དུ་སྔར་དྲྭ་ཚིགས་སུ་མ་བཀོད་པའི་རྩོམ་ཡིག་གསར་པ་དྲུག་ཡོད་ལ། རྩོམ་ཡིག་དེ་དག་ནི་‘‘གསང་སྔགས་ལས་བྱུང་བའི་རྨི་ལམ་གྱི་ལུས་ལ་དཔྱད་པ།’’ ཞེས་པ་དང་། ‘‘སོག་པོ་སྟག་ཁྲིད་ལ་ཐོག་མར་དཔྱད་པ།’’ ‘‘ལ་དྭགས་གླེ་ཆེན་དཔལ་མཁར་ཕོ་བྲང་། མྱུར་སྐྱོབ་བྱེད་འོས་པའི་ཧི་མ་ལའི་གནའ་བོའི་དཔེ་མཚོན་བཟོ་སྐྲུན།’’ ‘‘སྤྲིན་གྱི་ཕོ་ཉའི་འགྱུར་ལ་དཔྱད་པ།’’ ‘‘བལ་ཡུལ་གྱི་རྒྱལ་པོ་འཇང་སྦ་དྷུར་རཱ་ནཱ་ (Jang Bahadur Rana) ཡི་མི་ཚེའི་ལོ་རྒྱུས་ལས་འཕྲོས་ཏེ་གོར་བོད་དམག་འཁྲུག་ཐེངས་གསུམ་པའི་སྐོར་ལ་མདོ་ཙམ་གླེང་བ།’’ ‘‘བོད་ཀྱི་གསོ་རིག་ལག་ལེན་ཁྲོད་སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཚོགས་ཚད་ཀྱི་སྦྱོར་ཐབས་དང་། དེའི་ཚབ་སྨན་སྔོག་འདོན་གྱི་དགོས་གལ་རང་བཞིན་ལ་དཔྱད་པ་’’བཅས་ཡིན་ལ། རྩོམ་ཡིག་གཞན་དག་ནི་སྔར་དྲྭ་ཚིགས་སུ་སྤེལ་ཟིན་མོད། ཕྲན་གྱིས་རྩོམ་སྒྲིག་བྱེད་པའི་གོ་སྐབས་དང་བསྟུན་ནས་རྩོམ་པ་པོ་རེ་ཟུང་ལ་རེ་སྐུལ་ཞུས་ཏེ་སོ་སོའི་རྩོམ་ཡིག་ལ་སྣོན་འཕྲི་བགྱིས་པའང་ཡོད།

ད་དུང་། ‘‘བོད་རིག་པ་’’སྐད་ཚོམས་སུ་སྲོལ་རྒྱུན་དང་དིང་རབས་དཔྱད་རྩོམ་འབྲི་ཐབས་ཀྱི་ཁྱད་པར་དང་། བོད་ཀྱི་སྲོལ་རྒྱུན་དཔྱད་རྩོམ་འབྲི་ཐབས་ཇི་འདྲ་ཞིག་ཡིན་མིན་གྱི་སྐོར་ལ་དྲི་བ་འདྲི་མཁན་བྱུང་བར་མ་ཟད། བརྗོད་གཞི་དེ་ལས་འཕྲོས་ཏེ་གླེང་སློང་ཡང་བྱས་ཡོད། དེ་བས། དེབ་ཕྲེང་འདི་ཀློག་མཁན་གྱི་ཞིབ་འཇུག་གི་ལས་དང་པོ་བ་རྣམས་ལ་དམིགས་ཏེ། ‘‘ཐ་སྙད་ཚད་གྲུབ་དང་ཐ་སྙད་པའི་ཚད་མའི་དོན་ལ་དཔྱད་པ་བློ་གསལ་བུང་བའི་དགའ་སྟོན།’’ ཞེས་པའི་དཔྱད་རྩོམ་དེ་སྲོལ་རྒྱུན་དཔྱད་རྩོམ་གྱི་དཔེ་མཚོན་དུ་བཀོད་ཡོད། ‘‘བོད་རིག་པ་’’དྲྭ་ཚིགས་སུ་རྩོམ་ཡིག་ཚད་ལྡན་གཞན་པ་སྐོར་ཞིག་ཡོད་ནའང་། བློ་ཕམ་པ་ཞིག་ལ། རྩོམ་ཡིག་ཁ་ཤས་རིང་དྲགས་པ་དང་། ཡང་རྩོམ་ཡིག་རེ་ཟུང་གི་བརྗོད་བྱ་གཅིག་མཚུངས་ཡིན་པ་སོགས་ལ་བརྟེན། ང་ཚོས་རྩོམ་ཡིག་འབྱོར་ཚེས་ཀྱི་གོ་རིམ་ལྟར་རྩོམ་ཡིག་སྔ་མ་དག་བདམས་ཡོད། འོན་ཀྱང་། ཐེངས་འདིར་མ་བཀོད་པའི་རྩོམ་ཡིག་དེ་དག་འདོན་ཐེངས་ཕྱི་མའི་ནང་དུ་འགོད་རྒྱུ་ལས་ཐབས་གཞན་མེད་པས། མཁྱེན་ལྡན་རྩོམ་པ་པོ་རྣམས་ལ་འགོངས་འགལ་མེད་པའི་རེ་བ་ཞུ་རྒྱུ་ཡིན།

‘‘བོད་རིག་པ་’’དྲྭ་ཚིགས་ཀྱི་ཞིབ་འཇུག་དེབ་ཕྲེང་གཉིས་པའི་རྩོམ་ཡིག་ཁག་གི་བརྗོད་བྱ་ནི། ནང་ཆོས་དང་། མཚན་ཉིད། མགུར་གླུ། མི་སྣ། འགྱུར་ཡིག །མཆོད་རྟེན། ས་མིང་། གཞི་བདག། གསོ་རིག། པཎ་ཞྭ། ཞབས་བརྟན་གསོལ་འདེབས། གོར་བོད་དམག་འཁྲུག། སོག་པོ་སྟག་ཁྲིད། མདོར་ན་གནའ་བོའི་རྒྱ་གར་གྱི་གཙུག་ལག་ཁང་སོགས་ཀྱིས་མཚོན་པའི་བརྗོད་གཞི་སྣ་ཚོགས་ལས་འཕྲོས་པའི་དཔྱད་རྩོམ་སྐོར་ཞིག་ཡིན་ལ། རྩོམ་ཡིག་དེ་དག་གི་ནང་དུ་ཞིབ་འཇུག་པ་སོ་སོས་དིང་རབས་ཞིབ་འཇུག་གི་ཐབས་ལམ་འདྲ་མིན་བཀོལ་ནས། བརྗོད་གཞི་བྱེ་བྲག་པ་རེ་རེར་ཞིབ་འཇུག་གནད་དུ་ཐིངས་པ་བགྱིས་ཏེ་དཔྱད་པ་ཟབ་ཅིང་། དོན་ལ་སྙེག་པ། དེ་ཡང་ཁ་གསལ་པོའི་སྒོ་ནས་གཞི་རྩའི་ཞིབ་འཇུག་གི་དྲི་བར་ལན་འདེབས་གནང་ཡོད། རྒྱལ་སྤྱིའི་ཞིབ་འཇུག་རྩོམ་ཡིག་སྤྱིའི་འགྲོ་ལུགས་ལྟར། དཔྱད་རྩོམ་འདི་དག་ལའང་རབ་འབྲིང་ཅི་རིགས་ཡོད་པ་ཆོས་ཉིད་ཡིན་ནའང་། ཞིབ་འཇུག་པ་སོ་སོས་ཞིབ་འཇུག་གི་རྒྱུ་ཆ་དབང་བཙན་པར་བྱས་ཐོག།། ཞིབ་འཇུག་གི་ལྟ་གྲུབ་འདྲ་མིན་བརྒྱུད་ནས་བརྗོད་གཞི་སོ་སོར་དཔྱད་པ་བགྱིས་ཡོད་པས། ཕྲན་གྱི་ངོས་ནས་ཀློག་རིན་ཡོད་པའི་ཞིབ་འཇུག་གི་རྩོམ་ཡིག་སྐོར་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།

དེབ་ཕྲེང་འདི་རྩོམ་སྒྲིག་བྱེད་སྐབས། གདམ་ང་ཅན་གྱི་ཡི་གེ་དང་། བདག་སྒྲ་དང་དུས་གསུམ། ས་མིང་དང་མི་མིང་སོགས་དེབ་ཕྲེང་དང་པོའི་ལུགས་སྲོལ་ལྟར་སོར་འཇོག་བྱས་ཡོད་པར་མ་ཟད། ཞིབ་འཇུག་པ་དག་གི་མཆན་འགོད་སྟངས་མི་འདྲ་བ་དང་། ལུང་ཚིག་ལ་རྟགས་བཏབ་ཡོད་མེད། འཁྲུངས་འདས་ལོ་ཚིགས་སོགས་ཀྱིས་མཚོན་པའི་ཨང་གྲངས་ཡི་གེ་རྣམས། བོད་ཡིག་གི་ཡི་གེ་ཡིན་མིན་ཅི་རིགས་ཡོད་པ་དེ་དག་ཀྱང་ཚང་མ་གཅིག་གྱུར་བཟོས་ཏེ། དེབ་ཕྲེང་འདིའི་མཆན་འགོད་སྟངས་དེ། དིང་སང་རྒྱུག་ཆེ་བའི་གཞུང་ལུགས་སྐད་གྲགས་ཅན། ཆི་ཁ་གོའམ་ཐོས་རའ་བེན་(Chicago/Turabian Manual for Writers) གྱི་ལུགས་གཞིར་བཟུང་ཡོད་ལ། ཞིབ་འཇུག་པ་རེ་ཟུང་གིས་ཞིབ་འཇུག་གི་རྒྱུ་ཆ་ལུང་འདྲེན་གནང་སྐབས། རྒྱུ་ཆའི་རྩོམ་ཡིག་གི་ཁ་བྱང་གསལ་ཁ་གནང་ཡོད་པ་མ་གཏོགས། རྩོམ་མཁན་གྱི་མིང་བྲིས་མེད་པ་དང་། ཡང་། ལར་ནས་རྒྱུ་ཆ་ལུང་འདྲེན་བྱེད་སྐབས། རྩོམ་མཁན་གྱི་མིང་བྲིས་ཡོད་པ་ལས། རྒྱུ་ཆའི་རྩོམ་ཡིག་གི་མིང་དྲངས་མེད་པ་དེ་དག།། དཀའ་ཚེགས་ལ་མ་འཛེམས་པར། རྩོམ་མཁན་དང་ཡིག་ཆ་ཁག་འཚོལ་ཞིབ་བགྱིས་ཏེ་དིང་རབས་ཀྱི་འགྲོ་ལུགས་ལྟར་བསྒྲུབས་ཡོད། རྩོམ་པ་པོ་རེ་ཟུང་གིས་འཕྲུལ་དེབ་ཏུ་བཟོས་པའི་ཡིག་ཆ་བེད་སྤྱོད་བྱས་ཡོད་པས། འཕྲུལ་དེབ་རེ་ཟུང་ལ་སྤར་ལོ་དང་སྤར་མིང་མི་གསལ་བས། མཆན་དུའང་རྒྱུ་ཆའི་རྩོམ་ཡིག་སྐོར་ཞིག་ལ་གསལ་ཁ་མི་འདུག།། ཡིན་ནའང་། འཕྲུལ་དེབ་དེ་དག་གི་ཕྱི་མོ་མ་བཙལ་བར་སོར་འཇོག་བགྱིས་ཡོད་པའང་དགོངས་འཇགས་འཚལ། དེ་ནི་དུས་ཚོད་ཐུང་ཐུང་གི་ནང་དུ་རྔོ་ཐོགས་པའི་ལས་ཤིག་ཀྱང་མ་ཡིན་པར་སེམས།

‘‘བོད་རིག་པ་’’དྲྭ་ཚིགས་ཀྱི་ཞིབ་འཇུག་དེབ་ཕྲེང་དང་པོའི་རྩོམ་ཡིག་ཁག་གི་རྐང་པ་ཅན་གྱི་ཡི་གེའི་རྗེས་སུ་ཤད་བཞག་མེད་མོད། ཕྱིས་སུ་ཕྲན་གྱིས་བོད་ཀྱི་བཀའ་བསྟན་གྱིས་གཙོས་པའི་བསྟན་བཅོས་རྙིང་པ་ཁག་གཅིག་གི་ཤིང་སྤར་ལ་དོ་སྣང་བགྱིས་པ་ལྟར་ན། བསྟན་བཅོས་ཕལ་མོ་ཆེའི་ནང་དུ། རྐང་པ་ཅན་གྱི་ཡི་གེའི་རྗེས་སུ་ཤད་བྲིས་འདུག་པས། འདོན་ཐེངས་གཉིས་པ་ནས་བཟུང་དེ་ལྟར་བཞག་སྟེ་ལེགས་བཅོས་བྱས་པ་ཡིན།

‘‘བོད་རིག་པ་’’དྲྭ་ཚིགས་ཀྱི་ཞིབ་འཇུག་དེབ་ཕྲེང་དང་པོ་རྩོམ་སྒྲིག་བགྱིས་ཏེ་སྤར་སྐྲུན་འགྲེམས་སྤེལ་བྱས་ཡོད་མོད། ད་ཕན་དེབ་དེའི་རྩོམ་སྒྲིག་བྱེད་ཕྱོགས་ཐད་ལ། ཐུགས་འདོད་མ་ཁེངས་པའི་བསམ་འཆར་ཤོད་མཁན་བྱུང་མེད། དེ་ལྟ་ནའང་། ‘‘སྨིན་གྲོལ་གླིང་དང་སྨིན་གླིང་ལོ་ཆེན་མདོར་ཙམ་བརྗོད་པ་’’ཞེས་པའི་རྩོམ་ཡིག་ཏུ་གསལ་བའི་མི་སྣ་རེ་ཟུང་གི་འཁྲུངས་འདས་ལོ་ཚིགས་དེབ་ཀྱི་སྒྲིག་གཞི་ལྟར། བོད་ཀྱི་གྲངས་ཡིག་ཏུ་བྲིས་ཏེ་གཅིག་གྱུར་བཟོ་སྐབས། ལོ་ཚིགས་རེ་ཟུང་ལ་གཏག་ནོར་ཤོར་ཡོད། དེ་བས་ཉམས་མྱོང་དེ་དག་བསླབ་བྱར་བླངས་ནས། དཔྱད་དེབ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དག་ཚད་ལྡན་དང་སྤུས་ལེགས་ཡོང་ཆེད། དེབ་ཕྲེང་གཉིས་པ་རྩོམ་སྒྲིག་བྱེད་པའི་སྐབས་དང་བསྟུན་ནས། ལོ་རེར་རྩོམ་སྒྲིག་འགན་འཛིན་གྱི་ལས་རོགས་སུ་གདན་ཞུས་རྩོམ་སྒྲིག་པ་གཉིས་གདན་འདྲེན་བྱེད་པའི་མགོ་བརྩམས་ཡོད། ཕྱི་ལོ་ ༢༠༢༣ ལོའི་གདན་ཞུས་རྩོམ་སྒྲིག་པ་གཉིས་ནི། དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་མཆོག་དང་། རྣམ་གྲྭ་སྐུ་ཞབས་རྒན་ཐུབ་བསྟན་ཡར་འཕེལ་མཆོག་གཉིས་ཡིན།

ཕྲན་གྱིས་དེབ་ཕྲེང་གཉིས་པའི་རྩོམ་ཡིག་ཁག་ཐེངས་གཅིག་ཀློག་བཞིན་རྩོམ་སྒྲིག་བྱས་ཚར་རྗེས། གདན་ཞུས་རྩོམ་སྒྲིག་པ་གཉིས་ལ་ཕུལ་ཡོད་ཅིང་། ཁོང་རྣམ་པ་གཉིས་ཀྱིས་ཞུས་དག་དང་དགོངས་འཆར་གནང་གྲུབ་མཚམས། ཕྲན་གྱིས་ཡང་བསྐྱར་རྩོམ་ཡིག་རེ་རེ་བཞིན་ཞུས་དག་ཐེངས་གཅིག་བྱས་ཏེ་གྲུབ་པར་བྱས་ཡོད། གང་ལྟར། ང་ཚོས་གང་ནུས་ཅི་ལྕོགས་ཀྱིས་དེབ་ཕྲེང་གཉིས་པ་རྩོམ་སྒྲིག་བགྱིས་པའི་ཁུལ་ཡིན་མོད། རྩོམ་སྒྲིག་གི་ལས་ཀ་འདི་མགོ་རྙོག་ཅན་ཞིག་ཡིན་པ་དང་། ལྷག་པར་དུ་ང་ཚོས་ལས་ཞོར་དུ། དུས་ཡུན་ཧ་ཅང་ཐུང་ངུ་ཞིག་གི་ནང་དུ་རྩོམ་སྒྲིག་བགྱིས་པ་ཡིན་སྟབས། འདོད་བློ་ཚིམས་པ་ཞིག་བྱུང་མེད་པས། ནོར་འཁྲུལ་གང་ཡོད་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གསུང་མཁན་ཡོད་ན་ཡི་རང་ཞུ་བཞིན་ཡོད། དེ་ལྟར་བྱས་ན། དེབ་ཕྲེང་གསུམ་པའི་ནང་དུ་དེབ་ཕྲེང་གཉིས་པའི་ཁྲོད་ཀྱི་ཆད་པ་དང་ལུས་པ་ཁག་ལ་ཁ་སྐོང་བྱས་ཏེ་དགོས་ངེས་ཀྱི་ཡོ་བསྲང་བྱས་ཆོག་པ་རེད།

དེ་ནས་དེབ་ཕྲེང་འདི་ལ་མཐུན་རྐྱེན་སྦྱོར་མཁན་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་བ་དང་འབྲེལ། འབྱུང་འགྱུར་ཡང་‘‘བོད་རིག་པ་’’དྲྭ་ཚིགས་དང་། དྲྭ་ཚིགས་འདིའི་ཞིབ་འཇུག་དེབ་ཕྲེང་ཕྱི་མ་དག་ལའང་རྩ་ཆེའི་ལམ་སྟོན་དང་། རོགས་དངུལ་མཐུན་རྐྱེན་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། གཞན་ཡང་། གདན་ཞུས་རྩོམ་སྒྲིག་པ་རྣམ་པ་གཉིས་དང་། བོད་ཕྱི་ནང་གཉིས་ནས‘་‘བོད་རིག་པ་’’དྲྭ་ཚིགས་ལ་རྩོམ་ཡིག་སྐུར་མཁན་དང་། ཀློག་མཁན། དེབ་འདིའི་དཔེ་རྟགས་ཐད་ལ་རོགས་རམ་གནང་མཁན་དང་། ཇུས་འགོད་གནང་མཁན་སོགས། མདོར་ན། དེབ་འདིའི་འབྲེལ་ཡོད་ཀུན་ལ་ཐུགས་རྗེ་ཆེ་ཞེས་ཀྱང་ཞུའོ།།

མཐའ་དོན། ང་ཚོས་འདིར་འབད་པའི་རྣམ་དཀར་ལེགས་བྱས་རྣམས་བོད་ཀྱི་རིག་གཞུང་གི་ཞབས་འདེགས་སུ་འགྱུར་བའི་རེ་སྨོན་ཤུགས་དྲག་དང་བཅས།

སྙན་བཟང་གཡུང་དྲུང་ཚེ་རིང་གིས།
བོད་རྒྱལ་ལོ་ ༢༡༥༠ ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༥ པའི་ཚེས་ ༡ ཉིན།

Loading