《སྦ་བཞེད་》ལས་གསལ་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྟ་གྲུབ་རགས་ཙམ་བཀྲལ་བ།

0
38

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཚད་ལྡན་《སྦ་བཞེད་》ལས་གསལ་བའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་གདམས་ཚིག་ཉུང་དོན་འདུས་ཀྱི་ལུང་དུམ་གཅིག་གཞིར་བཟུང་སྟེ། ཐོག་མར་ཁོང་གི་ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་ཚུལ་དེ་ཉིད་མདོ་སྡེ་《པདྨ་དཀར་པོ་》དང་རྗེ་ཙོང་ཁ་པ་སོགས་ཀྱི་གསུང་བཀའ་དང་བསྟན་བཅོས་ཀྱི་ཁུངས་ལུང་གསལ་པོར་བཀོད་དེ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན་ཚུལ་རྒྱས་པར་བཀྲལ་ཡོད། དེ་ནས་རིམ་པ་བཞིན་ཁོང་གི་སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་ཚུལ་དང་། ལྟ་སྤྱོད་བར་གྱི་འབྲེལ་བ། རྟག་ཆད་ཀྱི་གོལ་ནོར་ཉེན་ཁ་བསལ་བ། དེ་ལ་བདེན་གཉིས་ཟུང་འབྲེལ་གྱི་གནད་འདུས་ཚུལ། སྨོན་ལམ་གྱི་ལམ་ནས་མཐར་ཐུག་གི་འབྲས་བུ་བསྟན་པ། མ་འོངས་པའི་གདུལ་བྱ་ལ་ཟབ་གཏེར་གྱི་ཤུལ་བཞག་བཞག་ཚུལ། བྲག་དམར་འོམ་བུ་ཚལ་དུ་དངོས་སུ་ཆོས་གང་གསུངས་ཡོད་པ་བཅས་དོན་ཚན་བརྒྱད་དུ་དྲིལ་ནས། སློབ་དཔོན་ཆེན་པོ་ནི་མདོ་སྔགས་ཟུང་འབྲེལ་གྱི་སློབ་དཔོན་ཆེན་པོ་ཞིག་ཡིན་པའི་གནས་ལུགས་ཁ་གསལ་བསྒྲུབས་ཡོད།

གནད་ཚིག 《སྦ་བཞེད་》སློབ་དཔོན་པདྨ་འབྱུང་གནས། དབུ་མ་ཐལ་འགྱུར་བ། ལྟ་སྤྱོད་ཟུང་འབྲེལ། བདེན་གཉིས་ཟུང་འབྲེལ། ཟབ་གཏེར། 《མན་ངག་ལྟ་བའི་ཕྲེང་བ།》 ཆོས་ཀྱི་སྐུ།

སྔོན་གླེང་།

དེང་སང་འཛམ་གླིང་ཀུན་ཏུ་“བོད་བརྒྱུད་ནང་བསྟན་”ཞེས་ཡོངས་སུ་གྲགས་པའི་མདོ་སྔགས་ཟུང་འབྲེལ་གྱི་ལྟ་གྲུབ་དང་ཉམས་ལེན་གྱི་སྒྲོམ་གཞི་ཕུན་སུམ་ཚོགས་པ་འདི་ཉིད། ཐོག་མར་བོད་གངས་ཅན་གྱི་ལྗོངས་སུ་སྲོལ་གཏོད་ཅིང་རྨང་གཞི་བརྟན་པོ་འདིང་མཁན་ནི་མཁན་སློབ་ཆོས་གསུམ་ཡིན། དེ་ཡང་རྒྱ་གར་གྱི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་འབྱེད་ཆེན་པོ་མཁན་ཆེན་ཞི་བ་འཚོའི་ཞལ་བཀོད་བཞིན། རྣམ་དཔྱོད་དང་མངའ་ཐང་མཚུངས་པ་མེད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་དུ་གདན་དྲངས་ཤིང་། མཁན་སློབ་ཆོས་གསུམ་བཀའ་བགྲོས་གཅིག་ཏུ་མཐུན་པའི་སྒོ་ནས་བོད་ཀྱི་ནང་བསྟན་ལྟ་གྲུབ་ཀྱི་སྒྲོམ་གཞི་ཆེན་པོ་འདི་ཉིད་ལེགས་པར་བཏིངས་གནང་བ་ཡིན།

དེས་ན་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་ལྟ་གྲུབ་ཀྱི་རང་བཞིན་ལ་དཔྱད་པ་བྱེད་སྐབས། དེའི་ཐོག་མའི་མགོ་ཁུངས་དང་འབྱུང་རྩ་ནས་མ་ནོར་བར་ཡང་དག་པར་གླེང་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། ལོ་རྒྱུས་ཡིག་རྙིང་《སྦ་བཞེད་》ལས་གསལ་བའི་སློབ་དཔོན་ཆེན་པོའི་ལྟ་སྤྱོད་དང་མཛད་འཕྲིན་ངོ་མ་རྣམས་གསལ་སྟོན་བྱ་ཕྱིར་རྩོམ་ཡིག་འདི་ཉིད་བྲིས་པ་ཡིན།

དེང་སང་མི་ལ་ལས་སྤྱི་ཚོགས་ནང་དོ་སྣང་འགུགས་ཆེད་དམ། ཡང་ན་ཡོངས་གྲགས་ཀྱི་ལོ་རྒྱུས་དང་ལྡོག་ཕྱོགས་ཤིག་བཤད་ན་མཁས་རྟགས་སུ་བརྩིས་ཏེ། “སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་དུ་ཆོས་གསུངས་མི་འདུག” ཟེར་བ་དང་། “ཁོང་ཕྱི་པ་དང་ནང་པ་གང་ཡིན་ཆ་མི་འཚལ་” ཟེར་བ་སོགས་ཀྱི་འཆལ་གཏམ་སྤེལ་མཁན་ཁ་ཤས་མཐོང་རྒྱུ་འདུག་པས་དེ་ལྟ་བུའི་བྱུང་རྒྱལ་དུ་སྨྲ་བ་དག་གིས་གཟབ་དགོས་པར་མངོན།

དངོས་གཞི།

བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཚད་ལྡན་《སྦ་བཞེད་》དངོས་ལ་གཟིགས་ན། ཚིག་ཉུང་དོན་འདུས་ཀྱི་ལུང་དུམ་གཅིག་གི་ནང་དུ་སློབ་དཔོན་ཆེན་པོའི་ལྟ་སྤྱོད་དང་མཛད་འཕྲིན་གྱི་གནད་འགག་ཡོངས་རྫོགས་གསལ་པོར་བསྟན་ཡོད། ཚིག་ཉུང་ངུས་གནད་དོན་མང་པོ་གསལ་ནུས་པ་འདི་ནི་གནའ་བོའི་ཡིག་རྙིང་ཚད་ལྡན་སྤྱིའི་ཁྱད་ཆོས་ངོ་མ་དེ་ཡིན། དེ་དག་གོ་བདེ་བའི་སྒོ་ནས་དོན་ཚན་དུ་བསྒྲིལ་ན་གཤམ་གསལ་ལྟར་རེད།

《སྦ་བཞེད་》ལས། “བྲག་དམར་འོམ་བུ་ཚལ་དུ་བཙན་པོ་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་མན་ངག་ལྟ་བའི་ཕྲེང་བ་བཤད་ནས། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་ལ། སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་མཛོད། ཤོར་ན་དགེ་མེད་སྡིག་མེད་དུ་སོང་། ཆད་པ་ལྟ་བ་སྐྱེས་ནས་ཕྱིས་གསོར་མི་རུང་། སྤྱོད་པའི་རྗེས་སུ་ལྟ་བ་འབྲེངས་(འབྲངས་)ན་དངོས་པོའི་མཚན་མས་བཅིངས་ནས་གྲོལ་བར་མི་འགྱུར། ངའི་སྔགས་སེམས་ཕྱོགས་འདི་ལྟ་བ་ཤས་ཆེ་སྟེ། མ་འོངས་པ་ན་ཚིག་གི་གདེངས་ནི་ཤེས། རྒྱུད་ལ་འཁེལ་བའི་ལྟ་བའི་གདེངས་ནི་མ་རྙེད་ནས་མང་པོ་ཞིག་ངན་སོང་དུ་འགྲོ་བར་གྱུར་རོ།། ལྟ་སྤྱོད་ཡ་བྲལ་བའི་འདྲ་མིན་འགས་སེམས་ཅན་མང་པོའི་དོན་ཡང་བྱེད་པར་འགྱུར་ཏེ་གང་ཟག་གིས་བཅོས་ཏེ་འདྲ་མིན་མང་བས་བྱིན་རླབས་ཉམས་ཏེ་རྟོགས་པ་ཅན་ཉུང་། མ་སླད་པ་འདི་ཀུན་སྦས་ན་ནམ་ཞིག་ལས་ཅན་འགའ་ཞིག་གི་དོན་དུ་འགྱུར་རོ་གསུངས་ནས་དཔེ་མང་པོ་ཞིག་རྫ་ལ་སྦས་སོ།། བཙན་པོ་ལ་དབང་རིམ་མཛད་ནས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལུང་གནང་། ཕུར་བུ་འབུམ་སྡེ་བཤད་ནས་མན་ངག་གཞན་སྨོན་ལམ་འོག་མིན་གྱི་གནས་སུ་བཏབ། བདག་དང་གཏན་པ་མེད་པའི་སྦྱིན་བདག་རྣམས།། ཚེ་རབས་འདི་དང་ཚེ་རྒྱུད་གར་སྐྱེས་ཀྱང་།། འོག་མིན་ཞེས་བྱའི་གནས་མཆོག་དམ་པ་རུ།། རྣལ་འབྱོར་ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག། ”[1] ཅེས་གསལ།

༡ ཁོང་གི་ལྟ་བ་གང་ཡིན།

ལྟ་བ་ནི་སྤྲོས་བྲལ་ཆོས་སྐུའི་དགོངས་པ་སྟེ། “ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་” ཞེས། སློབ་དཔོན་ཆེན་པོ་འདིའི་ལྟ་བ་ནི་སྤྲོས་བྲལ་ཆོས་ཀྱི་སྐུའི་གནས་ལུགས་རྟོགས་པ་སྟེ། ནང་པ་སངས་རྒྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབུ་མ་ཐལ་འགྱུར་བའི་ལྟ་བ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་མཐར་ཐུག་གི་ལྟ་བ་ཡང་དག་པ་དེ་ཉིད་ཡིན།

《དམ་པའི་ཆོས་པདྨ་དཀར་པོ་》ལས་སྨན་གྱི་ལེའུ་ལྔ་པར། “ཆོས་ཀུན་སྟོང་ཞིང་མཉམ་པ་སྟེ།།ཐ་དད་དབྱེར་མེད་བདག་ཉིད་དོ།།དེ་དག་ལ་ནི་མི་རྟོག་སྟེ།།ཆོས་ནི་གང་ཡང་མཐོང་མེད་ན།།ཆོས་ཀྱི་སྐུ་ནི་མ་ལུས་པར།།ཤེས་རབ་ཆེན་པོ་དེས་མཐོང་ངོ་།།ཐེག་པ་གསུམ་དུ་ཡོང་(ཡོངས་)མེད་དེ།།འདི་ན་ཐེག་པ་གཅིག་པུ་ཡོད།།ཆོས་ཀུན་མཉམ་སྟེ་ཐམས་ཅད་ཀྱང་།།མཉམ་ཞིང་སྙོམས་ཏེ་རྟག་ཏུ་མཉམ།།དེ་ལྟར་རིག་ནས་ཞི་བ་ཡི།།མི་འཆི་མྱ་ངན་འདའ་བ་ཤེས།།”[2]ཞེས་ཆོས་ཐམས་ཅད་སྟོང་ཞིང་མཉམ་པ་ཉིད་དུ་རྟོགས་པ་དེ་ཉིད་ཆོས་ཀྱི་སྐུ་མཐོང་བ་ཡིན་པར་གསུངས་པ་དང་། སློབ་དཔོན་ཆེན་པོས་“ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་”ཞེས་གསུངས་པ་གཉིས་ཚིག་དོན་གཉིས་ཀའི་ཆ་ནས་དགོངས་པ་གཅིག་ཏུ་འབབ་ཡོད། དེ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱིས་ལུགས་མ་ནོར་བ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན་ཏེ། དབུ་མ་ཆེན་པོའི་ལུགས་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ནི། ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་བཞིའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་སྟོང་ཉིད་སྤྲོས་བྲལ་ཆེན་པོ་སྟེ། སྣང་སྟོང་དབྱེར་མེད་བདེན་གཉིས་ཟུང་འཇུག་གི་གནས་ལུགས་དེ་ཉིད་ཡིན། དེ་ཡང་སྣང་བ་རྟེན་འབྱུང་གི་ཆོས་ཉིད་མ་འགགས་པར་འཆར་བ་དང་ཆབ་ཅིག ངོ་བོ་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པས་བློ་འདས་ཆོས་ཉིད་ཀྱི་དབྱིངས་སུ་རོ་གཅིག་པ་དེ་ཡིན། ཆོས་ཀྱི་སྐུ་དང་བསྟུན་པའི་དོན་ནི། ཆོས་སྐུ་ནི་སྤྲོས་བྲལ་འོད་གསལ་ཆོས་ཀྱི་དབྱིངས་ཏེ། གཟུང་འཛིན་གཉིས་སྣང་གི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་ཉིད་ཡིན། དེས་ན་ལྟ་བ་ཆོས་སྐུ་དང་བསྟུན་ཞེས་པ་ནི། རྟོག་པས་བཏགས་པའི་མཐར་འཛིན་གྱི་སྤྲོས་པ་ཐམས་ཅད་ཞིག་ནས། སྣང་སྟོང་ཟུང་འཇུག་བློ་འདས་ཆོས་ཀྱི་སྐུའི་གནས་ལུགས་ལ་མཉམ་པར་བཞག་པའི་གཟིགས་ངོ་དང་བསྟུན་པར་གཏན་ལ་འབེབས་པའི་དོན་ཡིན།

དེ་ཡང་། བཀྲལ་ཚུལ་ཅུང་མི་འདྲ་བར་བྱས་ན། བདེན་གྲུབ་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་སྟོང་པ་ཉིད་དེ་ཉིད་ཡིན། དེ་ཡང་ཐ་སྙད་དུ་རྟེན་འབྱུང་བསླུ་བ་མེད་པ་སྟེ། སྟོང་པ་རྟེན་འབྱུང་གི་དོན་དུ་ཤར་བའི་གནས་ལུགས་དེ་ཡིན། “ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་”ཞེས་གསུངས་པའི་ཆོས་སྐུ་ནི་རང་བཞིན་རྣམ་དག་གི་ཆོས་སྐུ་སྟེ། ཆོས་ཐམས་ཅད་བདེན་པར་གྲུབ་པས་སྟོང་པའི་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་རང་བཞིན་དེ་ཉིད་ཡིན། དེས་ན་ལྟ་བ་ཆོས་སྐུ་དང་བསྟུན་ཞེས་པ་ནི། དགག་བྱ་བདེན་གྲུབ་ལ་ཞེན་པའི་བློའི་འཛིན་སྟངས་ཐམས་ཅད་ཞིག་སྟེ། མཉམ་གཞག་ནམ་མཁའ་ལྟ་བུའི་ངང་ནས་རང་བཞིན་གྱིས་གྲུབ་པས་སྟོང་པའི་ཆོས་ཉིད་ལ་གཟིགས་ཚུལ་གྱི་དབང་དུ་མཛད་པ་ཡིན།

འདིའི་སྐོར་ལ་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་མཁས་དབང་རྗེ་དབལ་མང་པནྜི་ཏ་དཀོན་མཆོག་རྒྱལ་མཚན་(༡༧༦༤-༡༨༥༣)གྱིས་རང་ལུགས་ཀྱི་ཆེ་བ་འདོན་ཕྱིར་མན་ངག་གི་བརྒྱུད་པ་གཞན་ལ་དོགས་དཔྱོད་དང་དགག་བཞག་གི་རིག་པའི་རོལ་རྩེད་བགྱིས་པ་མང་མོད། སློབ་དཔོན་ཆེན་པོའི་ལྟ་བ་ནི། “དུས་དེར་བྱོན་པའི་ཞི་འཚོ་ཡབ་སྲས་གཉིས་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་འཛིན་པ་དང་། སློབ་དཔོན་ཆེན་པོ་པདྨ་སམྦྷ་བ་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་པར་ཐེ་ཚོམ་མེད་མོད། དེ་དག་སོ་སོའི་ལྟ་བའི་གསུང་སྒྲོས་འགའ་ཞིག་ནི་ཐལ་རང་སོ་སོའི་འགྲོས་དང་མཐུན་ཚུལ་འོག་ཏུ་འགོད་དོ།།”[3] ཞེས་གསུངས་ཡོད།

༢ ཁོང་གི་སྤྱོད་པ་གང་ཡིན།

སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ལམ་ཡིན་པར་བསྟན་ཏེ། “སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་” ཞེས་གསུངས་པ་ལྟར། ཕྱི་ཡི་ཀུན་སྤྱོད་ནི་ལས་འབྲས་དང་བྱང་ཆུབ་ཀྱི་སེམས་ལ་གཞི་བཅོལ་ཏེ། གཞན་ཕན་དང་དགེ་སྡིག་བླང་དོར་ལ་གཙིགས་ཆེན་འཛིན་པའི་ཐེག་པ་ཆེན་པོའི་ལམ་ཕ་རོལ་དུ་ཕྱིན་པ་དྲུག་གི་སྤྱོད་པ་གཙང་མ་དེ་ཡིན།

དེ་ཡང་ཞིབ་ཏུ་གླེང་ན། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་(དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད)ནི་ཉན་རང་ཐེག་ཆེན་ཐུན་མོང་བའི་བྱང་ཆུབ་སྒྲུབ་པའི་ལམ་གྱི་རིམ་པ་ཡིན་པས། དེ་དག་ཀྱང་“བྱང་ཆུབ་ཀྱི་ཕྱོགས་”ཞེས་པའི་ཚིག་དོན་འདིའི་ནང་རང་བཞིན་གྱིས་འདུས་ཡོད།

༣ ལྟ་སྤྱོད་བར་གྱི་འབྲེལ་བ་གང་ཡིན།

ཟུང་འབྲེལ་དང་མཐའ་གཉིས་སྤོང་ཚུལ། ལྟ་བ་མཐོ་ཞིང་སྤྱོད་པ་ཞིབ་པ་སྟེ་ལྟ་སྤྱོད་ཟུང་འབྲེལ་དགོས་པ་ལས་ཕན་ཚུན་ཡ་བྲལ་དུ་འགྲོ་མི་རུང་བར་གསུངས། དེ་ནི། རྗེ་བླ་མ་ཙོང་ཁ་པ་ཆེན་པོས། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།།སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།།ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།།ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།།[4]ཅེས་པ་དང་གནད་གཅིག་ཏུ་བབ་ཡོད།

༤ གོལ་ནོར་གྱི་ཉེན་ཁ་གང་ཡོད།

ཆད་ལྟ་དང་རྟག་ལྟའི་གོལ་ས་བསྟན་པ། གལ་ཏེ་ལྟ་བ་མཐོན་པོའི་རྗེས་སུ་སྤྱོད་པ་ཤོར་ན། དགེ་བས་ཕན་མི་ཐོགས་ཤིང་སྡིག་པས་གནོད་མི་སྐྱེལ་བར་འཛིན་པའི་“ཆད་ལྟ་”སྐྱེས་ནས་གསོ་ཐབས་མེད་པའི་ངན་སོང་དུ་ལྟུང་བའི་ཉེན་ཁ་ཡོད། ཡང་སྤྱོད་པའི་རྗེས་སུ་ལྟ་བ་ཤོར་ན། དངོས་པོའི་མཚན་མར་ཞེན་པའི་བཅིངས་པ་ལས་གྲོལ་མི་ཐུབ་པའི་ཉེན་ཁ་ཡོད། ལྷག་པར་དུ་མ་འོངས་པར་ཚིག་ཙམ་ཤེས་ནས་རྒྱུད་ལ་རྟོགས་པ་མ་སྐྱེས་པར་ལྟ་སྤྱོད་ཡ་བྲལ་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་ཡོད།

༥ འདི་ལ་བདེན་གཉིས་ཟུང་འབྲེལ་གྱི་གནད་འདུས་ཚུལ།

འདིས་ནི་ལམ་ཉམས་སུ་ལེན་པའི་རིམ་པ་གལ་ཆེན་ཞིག་ཀྱང་བསྟན་པ་ཡིན་ཏེ། དབུ་མ་ཐལ་འགྱུར་བའི་ལུགས་ལ་དོན་དམ་བདེན་པ་སྟོང་པ་ཉིད་སྤྲོས་བྲལ་དུ་གཏན་ལ་འབེབས་པ་དང་ཆབ་ཅིག ཀུན་རྫོབ་ཏུ་ལས་འབྲས་རྟེན་འབྱུང་བསླུ་བ་མེད་པར་འདོད། 《སྦ་བཞེད་》ལས་ “ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་ལ། སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན།” ཞེས་གསུངས་པ་འདིས་དོན་དམ་གྱི་ལྟ་བ་དང་ཀུན་རྫོབ་ཀྱི་སྤྱོད་པ་གཉིས་འགལ་མེད་ཟུང་འབྲེལ་དུ་བསྟན་ཡོད།

དེས་རྟག་ཆད་ཀྱི་མཐའ་གཉིས་སྤོང་ཚུལ་ནི། ཐལ་འགྱུར་བས་སྟོང་ཉིད་ལ་བརྟེན་ནས་ལས་འབྲས་མེད་པར་འཛིན་པའི་ཆད་ལྟ་དང་། དངོས་པོའི་མཚན་མར་ཞེན་པའི་རྟག་ལྟ་གཉིས་ཀ་འགོག་པ་བཞིན། སློབ་དཔོན་གྱིས་ཀྱང་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ན་“ཆད་པ་ལྟ་བ་སྐྱེས་ནས་ཕྱིས་གསོར་མི་རུང་”ཞེས་དང་། སྤྱོད་པའི་རྗེས་སུ་ལྟ་བ་འབྲངས་ན་“དངོས་པོའི་མཚན་མས་བཅིངས་ནས་གྲོལ་བར་མི་འགྱུར་”ཞེས་མཐའ་གཉིས་སྤོང་ཚུལ་གསལ་པོར་གདམས་ཡོད།

དེ་ཐལ་འགྱུར་བའི་གཞུང་དང་མཐུན་ཚུལ་ནི། དཔལ་ལྡན་ཟླ་བ་གྲགས་པའི་《དབུ་མ་ལ་འཇུག་པ་》སོགས་ཐལ་འགྱུར་བའི་གཞུང་ཆེན་ཁག་ཏུའང་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་དགོས་པ་དང་། སྟོང་ཉིད་རྟོགས་པ་དེས་ལས་འབྲས་ལ་ངེས་ཤེས་སྐྱེད་དགོས་པར་བསྟན་པ་དང་སློབ་དཔོན་པདྨའི་ཞལ་གདམས་འདི་དགོངས་པ་གཅིག་ཏུ་བབ་ཡོད།

༦ མཐར་ཐུག་གི་འབྲས་བུ་གང་ཡིན།

མཐར་ཐུག་གི་འབྲས་བུ་ནི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་སྟེ། ལྟ་སྤྱོད་གཉིས་བསྟན་པའི་མཇུག་ཏུ། སྨོན་ལམ་ཚིགས་བཅད་འདིས་དེ་དག་ཉམས་སུ་བླངས་པའི་མཐར་ཐུག་གི་འབྲས་བུ་གསལ་པོར་བསྟན་ཡོད། དེ་ཡང་“འོག་མིན་ཞེས་བྱའི་གནས་མཆོག་དམ་པ་རུ།། རྣལ་འབྱོར་ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག།” ཅེས་གསུངས་པ་ལྟར། དབུ་མའི་ལྟ་བ་དང་བྱང་སེམས་ཀྱི་སྤྱོད་པ་ཟུང་དུ་འབྲེལ་བའི་རྒྱུ་ལ་བརྟེན་ནས། མཐར་ཐུག་གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་རྡོ་རྗེ་ཐེག་པའི་འབྲས་བུ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའི་ནང་པ་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བར་བསྒྲུབས་ཡོད།

༧ མ་འོངས་པའི་གདུལ་བྱ་ལ་ཤུལ་བཞག་ཅི་ཡོད།

བསླད་མ་ཞུགས་པའི་ཟབ་གཏེར། ཕྱིས་སུ་གང་ཟག་གིས་རང་བཟོས་བསླད་ནས་ཆོས་ཀྱི་བྱིན་རླབས་ཉམས་པར་གཟིགས་ནས། མ་བསླད་པའི་གདམས་ངག་རྣམས་མ་འོངས་པའི་ལས་ཅན་གྱི་གདུལ་བྱ་རྣམས་ཀྱི་དོན་དུ་“རྫ་ལ་གཏེར་དུ་སྦས་པ་”དེ་ནི་ཁོང་གི་རླབས་ཆེན་གྱི་ཤུལ་བཞག་ངོ་མ་དེ་ཡིན།

༨ ཆོས་དངོས་སུ་གང་གསུངས་ཡོད།

མདོ་སྔགས་ཀྱི་ཟབ་ཆོས་གསུངས་ཚུལ་དངོས་ནི། བྲག་དམར་འོམ་བུ་ཚལ་དུ་བཙན་པོ་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་《མན་ངག་ལྟ་བའི་ཕྲེང་བ་》གསུངས་པ་དང་། བཙན་པོ་ལ་དབང་རིམ་མཛད་དེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལུང་གནང་བ། 《ཕུར་བུ་འབུམ་སྡེ་》བཤད་པ། མཐར་ཐུག་འོག་མིན་གྱི་ཞིང་དུ་རྣལ་འབྱོར་ཐེག་པ་ཆེན་པོའི་འབྲས་བུར་སྤྱོད་པའི་སྨོན་ལམ་མཛད་པ་བཅས་ཁ་གསལ་བཀོད་ཡོད།

མཇུག་བསྡོམས།

《སྦ་བཞེད་》ཀྱི་ལུང་འདི་དག་ལ་བལྟས་ན། སློབ་དཔོན་ཆེན་པོས་བོད་དུ་ཆོས་གསུངས་མེད་ཟེར་བ་དང་། ཁོང་ཕྱི་ནང་གང་ཡིན་མི་ཤེས་ཟེར་བ་ནི་ལོ་རྒྱུས་ཀྱི་ཡིག་རྙིང་ལ་ལེགས་པར་མ་བལྟས་པའམ། ཡང་ན་རང་ཉིད་མི་གཞན་དང་མི་འདྲ་བ་ཞིག་ཡིན་ཁུལ་སྟོན་འདོད་ཀྱི་རྨོངས་གཏམ་ཁོ་ན་ཡིན་པ་གསལ་པོ་རེད། ཁོང་ནི་ཆོས་སྐུའི་ལྟ་བ་དང་བྱང་སེམས་ཀྱི་སྤྱོད་པ་ཟུང་དུ་འབྲེལ་བའི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སློབ་དཔོན་ཆེན་པོ་ཞིག་ཡིན་པ་《སྦ་བཞེད་》རང་གིས་ར་སྤྲོད་གསལ་པོ་བྱས་ཡོད།

སློབ་དཔོན་ཆེན་པོ་འདིའི་ལྟ་གྲུབ་དང་མཛད་འཕྲིན་ལ་དཔྱད་གཞི་རྒྱ་ཆེན་པོ་མཆིས་མོད། 《སྦ་བཞེད་》ནི་ཀུན་གྱིས་ལྟ་ཀློག་བདེ་ཞིང་གོ་སླ་བའི་ལོ་རྒྱུས་ཡིག་རྙིང་ཞིག་ཡིན་པས། སྐབས་འདིར་དེ་ཉིད་གཞིར་བཞག་ནས་རགས་ཙམ་གླེང་བ་ཡིན། གལ་ཏེ་ཁོང་གི་ལྟ་གྲུབ་དང་མཛད་རྣམ་ངོ་མར་ཞིབ་འཇུག་གཏིང་ཟབ་གནང་འདོད་པ་རྣམས་ཀྱིས། བཀའ་བསྟན་འགྱུར་དུ་བཞུགས་པའི་ཁོང་གིས་མཛད་པ་དང་བསྒྱུར་བའི་ཆོས་ཚན་ཁག་དང་། ཏུན་ཧོང་ཡིག་རྙིང་གི་ཁྲོད་དུ་གསལ་བའི་སློབ་དཔོན་ཆེན་པོའི་སྐོར། དེ་བཞིན་གཏེར་རྙིང་ཁག་གི་ནང་དོན་བཅས་ཕན་ཚུན་དཔྱད་བསྡུར་གནང་ན། ཁོང་གི་དགོངས་པའི་གཏིང་ཟབ་ས་ནས་ངེས་ཤེས་རྙེད་ཐུབ་པ་ཡིན་ནོ།།

དཔྱད་གཞིའི་ཡིག་ཆ། 

[1]《དབའ་བཞེད་བཞུགས་སོ།།》 (ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ ལོ།) ལྡེབ་གྲངས་ ༩༦-༩༧ བར་བཞུགས། (BDRC གློག་རྡུལ་ཡིག་མཛོད། MW1KG23764། ༢༠༢༦ ལོའི་ཟླ་ ༡༡ པའི་ཚེས་ ༡༣ ཉིན་བཀླགས།)

[2]བཀའ་འགྱུར་མདོ་སྡེ། པོད་རྟགས། 《ཇ》 (༥༡) ལས་《དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།》 (Sutra ID: d113) ལེའུ་ལྔ་པ། ཤོག་གྲངས་ 51-1-1a1~51-1-180b7 བར་བཞུགས། (Adarsha གློག་རྡུལ་ཡིག་མཛོད། ༢༠༢༦ ལོའི་ཟླ་ ༡༡ པའི་ཚེས་ ༡༣ ལ་བཀླགས།)

[3]དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན། (༡༧༦༤–༡༨༥༣) གསུམ་འབུམ། གླེགས་བམ་དགུ་པ།《བདེན་གཏམ་སྙིང་རྗེའི་རོལ་མཚོ་ལས་ཟུར་དུ་ཕྱུང་བ་ས་རྙིང་བཀའ་བརྒྱུད་སོགས་ཀྱི་ཁྱད་པར་མགོ་སྨྲོས་ཙམ་མུ་ཏོའི་རྒྱང་འབོད་ཀྱི་ཚུལ་དུ་བྱ་གཏོང་སྙན་སྒྲོན་བདུད་རྩིའི་བསང་གཏོར་ཞེས་བྱ་བ་བཞུགས་སོ།།》 《རྗེ་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱི་གསུང་བཏུས་ཉེར་མཁོ་ཕྱོགས་བསྒྲིགས་བཞུགས་སོ།》 (མཚོ་སྔོན་ཀེ་ལ་ཤ་དཔེ་སྐྲུན་ཚོགས་པས་བསྐྲུན། ༢༠༡༨ ལོ།) ལྡེབ་གྲངས་ ༢ པར་བཞུགས།

[4]རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། 《རྗེ་བཙུན་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་བཞུགས་སོ།།》 《བྱང་སེམས་བློ་སྦྱོང་གི་རིམ་པ་གཅེས་བཏུས་གཞན་ཕན་ཟླ་བའི་འོད་སྣང་།》 དེབ་གྲངས་བཞི་པ། (སྔ་འགྱུར་ཨ་རིག་ཆོས་གྲྭའི་རིག་གནས་དཔེ་ཚོགས། པར་བསྐྲུན་ལོ་ཚིགས་མི་གསལ།) ལྡེབ་གྲངས་ ༢༣༣ པར་བཞུགས། (BDRC གློག་རྡུལ་ཡིག་མཛོད། MW1KG5395_9E6DE1། ༢༠༢༦ ལོའི་ཟླ་ ༡༡ པའི་ཚེས་ ༡༣ ཉིན་བཀླགས།)

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།