རྩོད་པའི་རྣམ་གཞག་སྟོན་པའི་བོད་ཀྱི་གཞུང་ལུགས་ཐོག་མ།

0
62

ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་དུ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་སློབ་དཔོན་བཻ་རོ་ཙ་ན་གཉིས་ཀྱི་དྲི་བ་དྲིས་ལན་སྟོན་པའི་བསྟན་བཅོས《རིན་པོ་ཆེ་རྩོད་པའི་འཁོར་ལོ》ཞེས་པ་དེ་བཀླགས་ནས། སྤྱིར་བསྟན་བཅོས་དེ་ངོ་སྤྲོད་རགས་ཙམ་ཞིག་དང་།  བྱེ་བྲག་ཏུ་དེའི་བཀླགས་ཚོར་ལ། བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་དར་བའི་རྩོད་པ་རྒྱག་དུས་ཀྱི་བྱ་བ་དང་།  རྩོད་གཞི་ཆོས་ཅན་ལ་ཆོས་ཅན་ཞེས་སྦྱར་ནས་རྟགས་སྦྱོར་འགོད་ལུགས་སོགས་ཐུན་མོང་མ་ཡིན་པའི་ཚུལ་དང་།  རྩོད་པ་རྒྱག་སའི་རིག་གཞུང་དང་འབྲེལ་བའི་མྱོང་ཚོར་གཞན་དག་བཅས་གླེང་ནས།  བསྟན་བཅོས་འདི་རྩོད་པའི་རྣམ་གཞག་སྟོན་པའི་བོད་ཀྱི་གཞུང་ལུགས་ཐོག་མ་དེ་ཡིན་ཚུལ་བཅས་བརྗོད་ཡོད།

གནད་ཚིག རྩོད་པ་རྒྱག  རྩོད་པའི་རྣམ་གཞག

གླེང་སློང་།

དེ་ཡང་དུས་རབས་དགུ་པའི་སྨད་ཙམ་ལ་བྱོན་པའི་བོད་ཀྱི་མཁས་པ་ཆེན་མོ་རྔོག་བློ་ལྡན་ཤེས་རབ་ལགས་ཀྱིས་ཚད་མ་རྣམ་ངེས་ཀྱི་འགྲེལ་པ་སོགས་བརྩམས་ཏེ་བོད་ཁམས་སུ་ཚད་མ་རིག་པའི་ལྟ་གྲུབ་དར་སྤེལ་གནང་བ་དང་།  དེ་ལས་ཀྱང་བོད་ཀྱི་མཁས་པ་ཆེན་པོ་ཕྱྭ་པ་ཆོས་ཀྱི་སེང་གེ་མཆོག་གིས་རྒྱ་གར་གྱི་བསྟན་བཅོས་ལས་བརྒལ་བའི་བོད་ཀྱི་ཚད་མ་རིག་པའི་རྣམ་གཞག་གསར་གཏོད་དང་། རྒྱ་གར་གྱི་འགྲོ་སྟངས་ལས་ལོགས་སུ་གྱུར་བའི་བོད་ཀྱི་དེང་སང་རྩོད་པའི་ལམ་ལུགས་འདི་གསར་གཏོད་བྱས་པ་ནས་བཟུང་སྟེ།  དུས་ད་ལྟའི་བར་དུ།  བསྐྱར་དར་དང་ཉམས་གསོའི་སྒོ་ནས་རྒྱུན་སྐྱོང་བྱས་ནས་ཡོང་བར་སྣང་ལ།  དེ་དག་ནི་མ་གཞི་ང་ཚོས་རྩོད་པའི་རིག་གནས་འདིའི་སྐོར་ནས་མ་གླེང་རང་གླེང་ཡིན་པ་དང་། མ་གླེང་རང་གླེང་ཡིན་པ་ལྟར་དུ་མཁས་པ་མང་པོ་ཞིག་གི་ཞལ་ན་ཡང་ཡོད་མོད།   ཡིན་ན་ཡང་།  བོད་ཀྱི་རིག་གཞུང་ལ་ལྟོས་ན།  དེ་དག་ནི་རྩོད་པའི་རིག་གནས་ཀྱི་བྱས་རྗེས་དང་གསར་གཏོད་ཀྱི་ཐད་ནས་ཆེས་སྔ་ཤོས་ནི་མིན་ཏེ།  ད་ལྟ་མཇལ་དུ་ཡོད་པའི་བོད་ཀྱི་རིག་གཞུང་གི་ངོས་ནས་བལྟས་ན། སློབ་དཔོན་བཻ་རོ་ཙ་ནས་གསུངས་པའི《རིན་པོ་ཆེ་རྩོད་པའི་འཁོར་ལོ》ཞེས་པའི་གཞུང་འདི་ནི་ཐུན་མོང་མ་ཡིན་པའི་བོད་ཀྱི་རྩོད་པ་བྱེད་སྟངས་སྟོན་པའི་གཞུང་ལུགས་ཐོག་མ་ལྟ་བུ་ཞིག་ཏུ་ཆགས་འདུག་སྙམ་མོད།  འདི་ནི་ད་ལྟ་མཁས་པ་མང་པོ་ཞིག་གི་ཞལ་ན་མ་དགོས་སྙན་ན་ཡང་མེད་པ་འདྲ་བས་ན།  བསྟན་བཅོས་འདི་ལ་སྟབས་དང་སྟེས་དབང་ཅུང་ཙམ་འགྲིག་པའི་ང་རང་གིས་བསྟན་བཅོས་འདི་ཉིད་དཔེ་ཀློག་བྱས་པའི་མྱོང་ཚོར་ཙམ་དུ་རྩོམ་ཡིག་ཐུང་ཐུང་འདི་འབྲི་བར་འདོད།

གཅིག བསྟན་བཅོས་འདིའི་ངོ་སྤྲོད་རགས་ཙམ།

སྤྱིར་སྡེ་དགེའི་པར་ཤིང་ལྟར་ན། ཤོག་ངོས་སོ་གསུམ་ཙམ་ཡོད་པའི་བསྟན་བཅོས་འདིའི་མཚན་ལ། 《རིན་པོ་ཆེ་རྩོད་པའི་འཁོར་ལོ》ཞེས་ཞུ་ཞིང་། བསྟན་བཅོས་འདི་ནི་བོད་ཀྱི་མཁས་པས་བརྩམས་པ་ལས་རྒྱ་གར་ནས་འགྱུར་བའི་རིག་གཞུང་དེ་འདྲ་མིན་པ་ནི། བསྟན་བཅོས་རང་གི་ནང་དུ་ཡང་གསལ་མོད།  ཡིན་ན་ཡང་། སྔོན་བོད་ཀྱི་མཁས་པ་རྣམས་ཀྱིས་སྡེ་དགེ་བསྟན་འགྱུར་གྱི་ཁྲོད་དུ་བཞག་པ་དང་།  དེའི་ནང་ནས་ཀྱང་སྣ་ཚོགས་ཅེས་པའི་སྡེ་ཚན་དུ་བཞག་ཡོད་ལ། དེ་ནི་ཕལ་ཆེར་བསྟན་བཅོས་འདི་རྩོམ་སྔ་བ་དང་ལོ་ཙྭ་བ་ཞིག་གི་བརྩམས་ཆོས་ཡིན་པས་ཀྱང་ཡིན་སྲིད།  གང་ལྟར་བསྟན་འགྱུར་གྱི་ཁྲོད་དུ་བཞག་པ་དེས། འདི་ལ་མཐོང་ཆེན་བྱས་པ་མཚོན་ཞིང་། དེ་ལྟར་མཐོང་ཆེན་བྱེད་དགོས་པའི་བསྟན་བཅོས་འདི་གང་འདྲ་ཞིག་ཡོད་མེད་ནི།  སྐབས་འདིར་ཤེས་དགོས་པ་གཙོ་བོ་དེ་ཡིན་པས་ན།  སྤྱིར་བསྟན་བཅོས་འདི་ནི་གསུང་པ་པོ་དང་དྲི་བ་པོ་གཉིས་སུ་ཡིན་ཤེས་པ་ཙམ་གྱིས་ཀྱང་དམིགས་བསལ་དུ་བྲོ་བ་སླེབས་ཐུབ་པའི་རིག་གཞུང་ཞིག་ཡིན་པ་འདྲ་སྟེ།  འདིའི་གསུང་པ་པོ་ནི།  ལོ་ཙཱ་བ་བཻ་རོ་ཙ་ན་དང་། དྲི་བ་འདྲི་མཁན་ནི། བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལགས་ཡིན་པར་འདུག། ལོ་རྒྱུས་སྨྲ་བ་ཞིག་གི་མཐོང་སྣང་ལ་མཚོན་ན།  འདིས་ནི་བོད་བཙན་པོའི་སྐབས་ཀྱི་རིག་གཞུང་ཞིག་གི་གནས་བབས་མཚོན་ངེས་ལ།  དག་སྣང་སྨྲ་བ་ཞིག་གི་ལྟ་སྟངས་ལ་མཚོན་ན། འདི་ནི་བོད་རང་གི་བྱང་ཆུབ་སེམས་དཔའ་གཉིས་ཀྱིས་ཆེད་དུ་ང་ཚོ་ལ་བཞག་པའི་གཅེས་ནོར་གྱི་ཆོས་གཞུང་ལྟ་བུ་ཞིག་ཀྱང་ཡིན་པར་ངེས།

དེ་ལྟ་བུའི་བསྟན་བཅོས་འདི་ནི།   ལོ་ཙཱ་བ་བཻ་རོ་ཙ་ན་དང་།  བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་དུ་གསུངས་པ་རྣམས་སློབ་མ་འགའ་ཡིས་ཡི་གེར་ཕབ་པ་ཞིག་དང་།  རྩོམ་སྟངས་ཀྱི་ཆ་ནས།  གླེང་གཞི་དང་མཇུག་སྡུད་ཡོད་པ་དྲི་བ་དྲི་ལན་གྱི་རིམ་པ་ཡོད་པ་སོགས་བཀའ་འགྱུར་གྱི་རྩོམ་སྟངས་དང་ཤིན་ཏུ་འདྲ་བོ་འདུག་སྟེ།  དཔེར་ན།  བསྟན་བཅོས་འདིའི་ནང་དུ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙུན་གྱིས་སློབ་དཔོན་བཻ་རོ་ཙ་ན་ལ་ཞག་བདུན་དུ་བསྐོར་བ་བྱས་ནས།  པུས་མོ་གཡས་པ་ས་ལ་བཙུགས་ཏེ་ནམ་ཞིག་ཐེག་དམན་གྱིས་རྩོད་པ་བྱུང་ན་ཇི་ལྟར་བྱས་ན་འགྲིག་ཅེས་དྲིས་པ་དང་། བཻ་རོ་ཙ་ནས་ཆོས་རྒྱལ་ལ། ཁྱེད་ནི་བྱང་ཆུབ་སེམས་དཔའ་ཡིན་པས་འདིའི་སྐོར་བཤད་མི་དགོས་མོད།  ཁོང་སྔོན་ཨུ་རྒྱན་ཡུལ་དུ་སོང་བ་ན།  ཤེལ་གྱི་ཁྱེའུ་ཆུང་གིས་སྨྲ་བའི་མཚོན་ཆ་ཟེར་བ་ཞིག་དང་། རྩོད་པའི་འཁོར་ལོ་ཞེས་པ་གཉིས་ཞུས་པ་ཡིན་པས།   ཆོས་རྒྱལ་ཁྱེད་ཀྱིས་ཀྱང་རྩོད་པའི་འཁོར་ལོ་ཞུ་བ་ལེགས་ཏེ།  ལྔ་བརྒྱ་དུས་ཀྱི་ཐ་མ་ལ་རྫོགས་ཆེན་གྱི་སྐོར་ནས་རྩོད་པ་འབྱུང་ངེས་པས།   ཕྱི་རབས་རྣམས་ཀྱི་དོན་དུ་ཁོང་གིས་འདི་སྨྲ་བར་བྱ་ལ།  སྨྲ་བ་དེ་དག་ཀྱང་ཡི་གེར་བྲིས་ནས་རྒྱལ་པོས་ཉར་ཚགས་བྱོས་ཞེས་བསྐུལ་མ་ཡང་བྱས་ཡོད་པ་ལྟ་བུའོ། །  དེ་ལྟ་བུའི་ཚུལ་དུ།  ལེའུ་དང་པོ་ལ་རྩོད་པའི་བཅའ་ཐབས་བསྟན་པ་སོགས་བསྟན་བཅོས་འདི་ལེའུ་བཅུ་བདུན་གྱི་སྒོ་ནས་བྲིས་ཡོད་ཅིང་།  སྤྱིར་གསུང་རྩོམ་འདིའི་མཚན་ལ།《རིན་པོ་ཆེ་རྩོད་པའི་འཁོར་ལོ།》ཞེས་བྱ་ན་ཡང་། འདིའི་ནང་དུ་རྩོད་པ་རྒྱག་ཚུལ་གྱི་རྣམ་གཞག་ཁོ་ན་བསྟན་པ་ཞིག་ཀྱང་མ་ཡིན་པར། གཙོ་བོ་ནི་རྫོགས་ཆེན་གྱི་ཆོས་སྐོར་མང་པོ་ཞིག་ཀྱང་བསྟན་ཡོད་དེ། དཔེར་ན། འཁྲུལ་བའི་གཞི་ལམ་འབྲས་གསུམ་དང་།  གསང་སྔགས་རྡོ་རྗེའི་ཐེག་པ་སོགས་ཀྱང་ཚིགས་བཅད་དང་ཚིག་ལྷུག་འདྲེས་པའི་ཚུལ་དུ་གསལ་པོར་བསྟན་ནས་ཡོད་ཅེས་པ་དེ་དག་ནི། ངའི་མཐོང་སྣང་ལས་བྱུང་བའི་གསུང་རྩོམ་འདིའི་བརྗོད་གཞི་དང་། རྩོམ་སྟངས་སོགས་ངོ་སྤྲོད་ཀྱི་ས་མིག་རགས་ཙམ་ཡིན་ཏེ།  མཁས་པ་རྣམས་ཀྱིས་འདི་ལ་རྒྱུས་ལོན་བྱས་ནས་ངོ་སྤྲོད་ཅིག་ཐུབ་ན་ལྷག་ཏུ་ཡང་ཐུན་མིན་གྱི་ཁྱད་པར་མང་པོ་ཡོད་པར་ངེས་སོ། །

གཉིས། བསྟན་བཅོས་འདིའི་ཁྱད་ཆོས་ཀྱི་མྱོང་ཚོར།
༡ རྩོད་པ་རྒྱག་དུས་ཀྱི་བྱ་བ།

དེ་ལྟར་བསྟན་བཅོས་འདི་ཡི་ནང་དོན་ལ། མཚན་མ་རང་སར་གྲོལ་བའི་རྫོགས་ཆེན་གྱི་གདམས་པ་མང་པོ་ཡོད་ན་ཡང་། གཅིག་ནས་འདིའི་སྐོར་ནས་རང་ཉིད་ཀྱི་ཆུ་ཚད་ཞན་པ་དང་། གཉིས་ནས་རྫོགས་ཆེན་གྱི་གདམས་པ་མང་པོ་གསུངས་པ་དེ་དག་ཀྱང་རྩོད་ཚུལ་གྱི་རྣམ་གཞག་ལས་འཕྲོས་པ་ཡིན་པ་དང་། གསུམ་ནས། རྩོད་ཚུལ་གྱི་རྣམ་བཞག་དེའི་ཁྲོད་ནས་རང་ཉིད་ཀྱི་ཡིད་ལ་འཇོག་དགོས་པའམ་གཞན་ལ་ངོ་སྤྲོད་བྱས་ན་ལེགས་པར་སྣང་བ་འགའ་རེ་ཡང་བྱུང་བས་ན། འདིར་གཙོ་བོ་བསྟན་བཅོས་འདིའི་ནང་དུ་འབྱུང་བ་བཞིན་རྩོད་པ་བྱེད་ཚུལ་གྱི་རྣམ་གཞག་སྟོན་པའི་སྐོར་ནས་ཅུང་ཟད་འབྲི་བར་བྱ་སྟེ།  དེང་སང་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་བོད་ཀྱི་ཆོས་གྲྭ་ཆེན་པོ་ཁག་གི་ནང་དུ་རྩོད་པའི་རིག་གནས་འདི་མ་དར་བ་མེད་ཅིང་།  དར་བ་ཙམ་དུ་མ་ཟད་འདིའི་སྐོར་ལ་ཆེད་གཏད་ཀྱིས་དུས་ཚོད་ཕུད་ནས་སློབ་སྦྱོང་གི་གོ་སྐབས་ཀྱང་སྤྲོད་ཀྱིན་ཡོད་པས་ན། འོ་ན། རྩོད་པ་རྒྱག་པའི་སྐབས་ཀྱི་ལམ་ལུགས་སམ་རྩོད་པ་རྒྱག་པའི་སྐབས་སུ་མི་སྣ་སོ་སོས་བྱ་བ་གང་འདྲ་ཞིག་བྱས་ན་འགྲིག་པ་ཡིན་ནམ་སྙམ་ན། བོད་བཙན་པོའི་སྐབས་ཀྱི་ལྟ་ཚུལ་ལྟར་ན།  བསྟན་བཅོས་འདིའི་ལེའུ་དང་པོའི་ནང་དུ།  སློབ་དཔོན་བཻ་རོ་ཙ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་གསུངས་པ་ནི། “རིན་པོ་ཆེ་རྩོད་པའི་འཁོར་ལོ་འདི་ལ་དོན་རྣམ་པ་ལྔས་བསྟན་ཏེ། ཕར་ལ་འདྲི་དང་ཚུར་ལ་ལན་གདབ་དང་། །ཕར་ལ་འདྲི་ན་གནང(གནད)དང་གགས(འགག)ལ་དྲི། །ཚུར་ལ་འདྲི་ན་ཕོ་རོག་གླེན་པའི་འགྲོས་ཀྱིས་ཟུར་ལ་འབྲོས། །རང་སེམས་རི་བོ་ཆེན་པོ་བཞིན་དུ་ཤིན་ཏུ་བརྟན་པར་བསྡད་པའོ། །[1]”ཞེས་རྩོད་པ་རྒྱག་དུས་སུ་དགོས་པའི་དོན་ལྔ་གསུངས་ཏེ།  གཅིག  ཕར་ལ་འདྲི་བ། གཉིས། ཚུར་ལ་ལན་འདེབས་པ།  གསུམ། ཕར་ལ་འདྲི་སྐབས་གནད་དང་འགག་ལ་འདྲི་བ། བཞི། ཚུར་ལ་འདྲི་སྐབས་ཐབས་དང་ཟུར་གྱིས་འབྲོ་བ། ལྔ། རང་སེམས་བརྟན་པོར་སྡོད་པ་བཅས་སོ། །

དེ་ལས། ཕར་ལ་འདྲི་བ་དང་། ཕར་ལ་འདྲི་སྐབས་གནད་དང་འགག་ལ་འདྲི་བ་གཉིས་ནི། རྟགས་གསལ་པའི་ངོས་ནས་དགོས་པ་གཉིས་ཡིན་ལ། ཚུར་ལ་ལན་འདེབས་པ་དང་། ཚུར་ལ་འདྲི་སྐབས་ཐབས་དང་ཟུར་གྱིས་འབྲོ་བ་གཉིས་ནི། དམ་བཅའ་པའི་ངོས་ནས་དགོས་པ་གཉིས་ཡིན་ཞིང་། རང་སེམས་བརྟན་པོར་སྡོད་པ་ནི། དམ་བཅའ་པ་དང་རྟགས་གསལ་བ་གཉིས་ཀ་ལ་ཐུན་མོང་དུ་དགོས་པ་གཅིག་བཅས་ཡིན་པ་འདྲ་སྟེ་རང་གི་བསམ་ཚོར་ཙམ་མོ། །  དེ་ཡང་དང་པོ་རྩོད་པ་རྒྱག་དུས་སུ། ཕར་ལ་དྲི་བ་འདྲི་བའམ་དེང་སང་གི་ཐ་སྙད་ལྟར་ན་རྟགས་གསལ་གཏོང་དགོས་ལ།  རྟགས་གསལ་གཏོང་སྐབས་སུ།  ཆེས་གལ་ཆེ་བ་ནི་གནད་དང་འགག་ལ་འདྲི་དགོས་ཏེ།  དེ་ཡང་གཞན་གྱི་འདོད་པ་དེ་རང་གི་བསམ་ཚུལ་དང་མཐུན་མིན་ལ་མ་ལྟོས་པར།  ཕ་རོལ་པོའི་འདོད་ཚུལ་དང་འདོད་ཚུལ་དེ་བརྗོད་པའི་ཚིག་འབྲུ་ནས་བཟུང་སྟེ།  གོ་བའི་གནས་སུ་གྱུར་བའི་གནད་ཡོད་ན་གནད་འདྲི། གོ་བ་མེད་ཀྱང་ཕ་རོལ་པོས་འདོད་ཚུལ་ཤོར་སྲིད་པའི་ཚིག་གི་འགག་ཡོད་ན་ཡང་འགག་འདྲི་དགོས་ལ། དེའི་སྟེང་དུ་རང་གི་སེམས་གཞན་ལ་གཡེང་བ་སོགས་མི་བྱེད་པར་བློ་སེམས་རྩེ་གཅིག་བྱེད་པ་སོགས་དགོས་པ་ནི་རྟགས་གསལ་པའམ་དྲི་བ་འདྲི་མཁན་དག་ལ་དགོས་པའི་བསླབ་བྱ་ཡིན་པ་ལྟར་སྣང་ངོ་། །

དེ་ནས་དམ་བཅའ་པ་ལ་དགོས་པའི་བསླབ་བྱ་ཡང་། ལན་འདེབས་མཁན་ནམ་དེང་སང་ཆོས་གྲྭ་དག་གི་ཐ་སྙད་ལྟར་ན་དམ་བཅའ་པ་ཞེས་ཟེར་ལ། དེས་ཐོག་མར་ལན་འདེབས་པའམ་དམ་བཅའ་འཛིན་དགོས་ཤིང་། རྟགས་གསལ་བས་ཚུར་རང་གི་དམ་བཅའ་ལ་སྐྱོན་གཏོང་སྐབས་སུ། ཕོ་རོག་གླེན་པ་འབྲོ་བའི་ཚེ་ན་སྐབས་དང་བསྟུན་ནས་གཡས་ལ་འབྲོ་གཡོན་ལ་འབྲོ་བ་ནང་བཞིན་དུ། ཟར་དང་ཟུར་ནས་སྐྱོན་དེ་དག་ལ་གང་ཐུབ་ཀྱིས་འབྲོ་དགོས་པར་གསུངས་པ་སྟེ། གཙོ་བོ་རང་གི་སེམས་བརྟན་པོའི་སྒོ་ནས་ཞེ་འདོད་ཀྱི་དམ་བཅའ་དེ་མ་ཤོར་ན། ཚིག་དང་དོན་གྱི་རྟགས་གསལ་གཞན་ལ་གང་ཐུབ་ཐུབ་ཀྱིས་ཐབས་དང་བསྟུན་ནས་འབྲོ་དགོས་པར་གསུངས་ཏེ། བསྟན་བཅོས་འདིའི་ལེའུ་ལྔ་པའི་སྐབས་སུ་ཡང་། “ཕར་ལ་འདྲི་ན་གནད་དང་གགས་ལ་དྲིའོ། །ཚུར་ལ་འདྲི་ན་ཟུར་དང་ཐབས་ཀྱིས་འབྲོས། །”ཞེས་ཀྱང་གསུངས་སོ། །

དེ་དག་ལས་ཀྱང་ཁྱད་མཚར་བ་ཞིག་བཤད་ན། སློབ་དཔོན་བཻ་རོ་ཙ་ནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་རྫོགས་ཆེན་གྱི་སྐོར་ནས་སྐྱོན་བརྗོད་ཡོང་ན། ཕར་ལ་དྲི་བ་འདི་ལྟར་འདྲི་དགོས་ཞེས་སྟོན་པའི་སྐབས་སུ། བསྟན་བཅོས་འདིའི་ལེའུ་ལྔ་པའི་ནང་དུ། “སྨྱོན་པའི་ཚིག་མ་སྨྲ། བྱིས་པ་ཚང་ཀ་མ་བཞིན་ཡས་ཟུང་མས་ཟུང་མ་སྨྲ།”ཞེས་སོགས་བརྗོད་དགོས་པ་ལྟར་གསུངས་ཡོད་དེ། འདི་ལ་བལྟས་ན། རྩོད་པ་རྒྱག་སྐབས་སུ་ཚིག་ངན་ཅུང་ཟད་རེ་ཡང་སྨྲ་དགོས་པ་ལྟར་འདུག་པས།  འདི་དང་དེང་སང་དམ་བཅའ་འཛིན་སྐབས་སུ་ཟར་དང་ཟུར་ནས་འབྲོ་ས་ཨེ་རྙེད་བལྟ་བ་གཉིས་ནི།  བོད་བཙན་པོའི་སྐབས་ནས་བརྒྱུད་པའི་རྩོད་པའི་རིག་གཞུང་དང་བསྡུར་ན།  ཡོན་ཏན་ཞིག་ཡིན་པ་འདྲ་ལ་གལ་ཏེ་ཡོན་ཏན་ཞིག་མིན་ན་ཡང་དགོས་པ་ཞིག་ནི་ངེས་པར་ཡིན་པ་འདྲའོ། ། ཧ་ཧ།

༢ རྩོད་པ་རྒྱག་དུས་ཀྱི་རྟགས་སྦྱོར་འགོད་ལུགས།

དེ་ལྟར་རྩོད་པ་རྒྱག་པའི་སྐབས་ཀྱི་བྱ་བའམ། རྩོད་པ་རྒྱག་པའི་སྐབས་སུ་རྟགས་བསལ་བ་དང་དམ་བཅའ་བ་གཉིས་ཀྱིས་སོ་སོའི་ངོས་ནས་བསྒྲུབ་དགོས་པ་དག་གང་འདྲ་ཞིག་ཡིན་མིན་ནི་གོང་དུ་བཤད་ཟིན་པ་ལྟར་ཡིན་ལ། གོང་དུ་བཤད་ཟིན་པ་ལྟར་དུ་རྟགས་བསལ་བས་གནད་དང་འགག་ལ་འདྲི་བ་དང་། དམ་བཅའ་པས་ཐབས་དང་ཟུར་གྱིས་འབྲོ་བ་སོགས་ཀྱི་སྒོ་ནས་རྩོད་པ་རྒྱག་པའི་སྐབས་སུ།  རྟགས་བསལ་པའི་རྩོད་པའི་ཐབས་ལམ་གང་འདྲ་ཞིག་སྤྱད་དགོས་པ་ཡིན་ནམ་སྙམ་ན།  བསྟན་བཅོས་འདིའི་ལེའུ་དང་པོའི་ནང་དུ་འབྱུང་བ་ནི།“རྩོད་པའི་རྩོད་ལུགས་འདི་ལྟར་ཤེས་པར་བྱ། །བསྒྲུབ་བྱ་དམ་བཅའ་གཏན་ཚིགས་དཔེ་དང་ཆོས་ཉིད་བསྒྲུབ། །ཁོང་ཡང་དེ་བཞིན་འཆའ་རུ་གཞུག །རང་གི་གྲུབ་མཐའ་འདི་ལྟར་བསྟན་ཏེ། ཐེག་པ་རིམ་པ་དགུའི་ཆོས། ཆོས་ཅན་ཞེས་བྱ། རང་བཞིན་མེད་དེ་ཞེས་བྱ་བར་དམ་བཅའ་གཏན་ཚིགས་ཅིའི་ཕྱིར་ཞེ་ན། ཤེས་བྱ་ཡིན་པའི་ཕྱིར་རོ། །དཔེར་ན་ཆུའི་ནང་གི་ཟླ་བ་ལྟ་བུའོ་ཞེས་སྨྲ། གྲུབ་པར་བྱ་བ་ཆོས་ཉིད་ཡིན་ཞེས་སྨྲའོ། །”ཞེས་གསུངས་ཏེ། འདིའི་དོན་བསྡུས་ན། འདིས་ནི་རྩོད་པ་རྒྱག་པའི་སྐབས་སུ་རྩོད་པ་རྒྱག་ལུགས་སམ་རྩོད་པའི་རྟགས་སྦྱོར་འགོད་ལུགས་གང་འདྲ་ཞིག་དགོས་པ་བསྟན་ཡོད་ལ། རྟགས་སྦྱོར་འགོད་པའི་སྐབས་སུ། བསྒྲུབ་བྱ་ཡོད་པ། དམ་བཅའ་ཡོད་པ། གཏན་ཚིགས་ཡོད་པ། དཔེ་ཡོད་པ། ཆོས་ཉིད་གྲུབ་པ་སྟེ་ཁྱད་ཆོས་ལྔ་ལྡན་ཞིག་དགོས་པ་ལྟ་བུར་གསུངས་ནས་ཡོད།

དེ་ལྟར་གསུངས་པ་དེ་དང་།  རྒྱ་གར་གྱི་སློབ་དཔོན་ཆོས་ཀྱི་གྲགས་པ་དང་ཟླ་བ་གྲགས་པ་སོགས་ཀྱིས་རྟགས་སྦྱོར་འགོད་ལུགས་གཉིས་ལ་བཤིབ་བསྡུར་ཞིག་བྱས་པ་ཡིན་ན།  བསྟན་བཅོས་འདིའི་ནང་གི་རྟགས་སྦྱོར་འགོད་ལུགས་འདི་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ཤེས་ནུས་ཏེ། རྒྱ་གར་གྱི་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་《ཚད་མ་རྣམ་པར་ངེས་པ》ལས། “རྟགས་ནི་གསུམ་སྟེ། མི་དམིགས་པ་དང་རང་བཞིན་དང་འབྲས་བུའོ། །དཔེར་ན། ཕྱོགས་ཀྱི་ཁྱད་པར་འགའ་ཞིག་ན་བུམ་པ་མེད་དེ། དམིགས་པའི་མཚན་ཉིད་ཀྱི་གྱུར་པ་མི་དམིགས་པའི་ཕྱིར་རོ། །”ཞེས་གསུངས་པ་ལས། རྟགས་སྦྱོར་འགོད་ལུགས་ལ་དེ་འདྲའི་ཁྱད་ཆོས་མང་པོ་ཞིག་མ་གསུངས་པ་དང་། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི《དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ》ལས་ཀྱང་སྒྲུབ་ངག་ཡན་ལག་ལྔ་ལྡན་ལྟ་བུ་ཞིག་གསུངས་ན་ཡང་། དམ་བཅའ་ཡོད་པ། ཆོས་ཉིད་གྲུབ་པ་ཞེས་པ་ཞིག་མ་གསུངས་པས། འདི་འདྲའི་ཁྱད་ཆོས་ལྔ་དང་ལྡན་པའི་རྟགས་སྦྱོར་འགོད་ལུགས་འདི་ནི། བསྟན་བཅོས་འདི་ཙམ་ལས་འབྱུང་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་འདྲའོ། ། དེ་ཡང་འདིའི་ནང་དུ་གསུངས་པའི་དམ་བཅའ་ཞེས་པ་ནི། དེང་སང་གི་ཐ་སྙད་ལྟར་ན་བསྒྲུབ་བྱའི་ཆོས་ལ་གོ་དགོས་པ་དང་། གྲུབ་པར་བྱ་བ་ཆོས་ཉིད་ཅེས་པ་ནི། རྟགས་ཀྱིས་བསྒྲུབ་བྱ་བསྒྲུབས་ནས་གྲུབ་པའི་འབྲས་བུ་ལ་ཟེར་བར་མངོན་ཏེ།  བསྟན་བཅོས་འདིའི་ལེའུ་དང་པོ་ལས། “དེ་ལྟར་ཤེས་ན་བསྒྲུབ་བྱ་ལ་སྐྱོན་མེད་པ་ཆོས་ཉིད་ཡིན། དམ་བཅའ་ལ་སྐྱོན་མེད་པ་རང་བཞིན་མེད་པ་ཡིན། གཏན་ཚིགས་ལ་སྐྱོན་མེད་པ་ཤེས་བྱའི་དོན་ཤེས་པ་ཡིན། དཔེ་ལ་སྐྱོན་མེད་པ་ཆུའི་ནང་གི་ཟླ་བ་ཡིན། གྲུབ་པའི་འབྲས་བུ་ལ་སྐྱོན་མེད་པ་སྐུ་དང་ཡེ་ཤེས་གཉིས་སུ་མེད་པ་ཡིན།”ཞེས་ཀྱང་གསུངས་པས་སོ། །

ད་དུང་དེ་ལས་ཀྱང་ཡ་མཚན་པ་དང་བསྟན་བཅོས་འདི་ལས་འབྱུང་བའི་རྟགས་སྦྱོར་འགོད་ཚུལ་ཐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ནི། བསྟན་བཅོས་འདི་ལས། “ཐེག་པ་རིམ་པ་དགུའི་ཆོས། ཆོས་ཅན་ཞེས་བྱ། ”ཞེས་གསུངས་པ་འདི་ཡིན་པར་སྣང་སྟེ།  སྤྱིར་རྒྱ་གར་གྱི་བསྟན་བཅོས་བོད་དུ་འགྱུར་བ་མང་པོ་ལས།  སྒྲ་ལྟ་བུ་ཆོས་ཅན་ཡིན་ཞེས་གསུངས་པ་དང་། རྟགས་སྦྱོར་འགོད་པའི་སྐབས་སུ། སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་པ་ལྟ་བུའི་ཚུལ་དུ་བཀོད་པ་ལས། ངས་མཐོང་ཚོད་ལྟར་ན་དངོས་སུ་སྒྲ་ཆོས་ཅན་ཞེས་རྟགས་སྦྱོར་བཀོད་པ་གཅིག་ཀྱང་མེད་པ་ལྟ་བུ་ཡིན་ན་ཡང་། བསྟན་བཅོས་འདིའི་ནང་དུ། སློབ་དཔོན་བཻ་རོ་ཙ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་རྟགས་སྦྱོར་འགོད་སྐབས་སུ། ཐེག་པ་རིམ་པ་དགུའི་ཆོས་ཆོས་ཅན་ཞེས་བརྗོད་དགོས་པར་གསུངས་པ་འདི་ནི།  དུས་དེ་ནས་བཟུང་སྟེ་ད་བར་དུ་དར་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རྟགས་སྦྱོར་འགོད་ཚུལ་ཞིག་ཏུ་གྱུར་ཡོད་པ་ལྟར་སྣང་།  སྤྱིར་བོད་ཀྱི་མཁས་པ་རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི《ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནས་རྣམ་པར་བཤད་པ》ལས། “བློ་ནི་ཆོས་ཅན། ལུས་ཀྱི་རང་བཞིན་མ་ཡིན་ཏེ། ”ཞེས་རྟགས་སྦྱོར་བཀོད་ཡོད་པ་དེ། ངས་སྔོན་ཆད་རྩོད་གཞི་ཆོས་ཅན་གྱི་ཟུར་དུ་ཆོས་ཅན་ཞེས་སྨོས་ནས་རྟགས་སྦྱོར་འགོད་ལུགས་ཀྱི་ཐོག་མ་ཡིན་པར་བསམ་མོད། ད་བལྟས་ན། རྔོག་བློ་ལྡན་ཤེས་རབ་ལས་ཀྱང་སྔ་བའི་བསྟན་བཅོས་འདི་ནི་དེ་འདྲའི་རྟགས་སྦྱོར་འགོད་དགོས་པར་གསུངས་པའི་ཐོག་མ་ལྟ་བུ་ཡིན་པ་དང་། དེ་ནས་བཟུང་སྟེ་དེ་འདྲའི་རྟགས་སྦྱོར་འགོད་ལུགས་ཀྱི་ལམ་ལུགས་དེ་རིམ་བཞིན་དུ་དར་ཁྱབ་ལ་ཕྱིན་པ་ལྟར་སྣང་སྟེ། ཡིན་ན་ཡང་། རྔོག་བློ་ལྡན་ཤེས་རབ་ལ་བསྟན་བཅོས་འདིས་ཤུགས་རྐྱེན་ཐེབས་ཡོད་མེད་ནི་གནས་སྐབས་སུ་བཤད་དཀའ་བའི་གནས་སོ། །

༣ རྩོད་པ་རྒྱག་སའི་རིག་གཞུང་དང་གཞན་དག

དེ་ལྟར་རྩོད་པ་རྒྱག་པའི་སྐབས་སུ། རྟགས་བསལ་བ་དང་དམ་བཅའ་བ་གཉིས་ཀྱིས་ཇི་ལྟར་རྩོད་དགོས་ཚུལ་དང་དེ་ལས་ཀྱང་རྟགས་སྦྱོར་ཇི་ལྟར་འགོད་ཚུལ་རྣམས་ནི། བསྟན་བཅོས་འདི་ལས་ལོགས་སུ་བཤད་པ་ཙམ་མིན་པར། སྔ་འགྱུར་རྫོགས་པོ་ཆེན་པོའི་རྣམ་གཞག་དང་འབྲེལ་ནས་གསུངས་ཡོད་པ་ཞིག་སྟེ། དཔེར་ན། གོང་དུ་བཤད་པ་ཐེག་པ་རིམ་པ་དགུའི་ཆོས་ཞེས་ཆོས་ཅན་ལ་བཞག་པ་ལྟ་བུས་ཤེས་ནུས་པ་དང་། གཞན་རྫོགས་པ་ཆེན་པོ་ལ་འདུས་བྱས་མཚན་མའི་ཐེག་པའམ་ཐེག་དམན་གྱིས་རྩོད་པ་བྱུང་ན།  འདི་ལྟར་ཕར་ལ་རྩོད་དགོས་པར་ཡང་གསུངས་ཏེ། འདུས་བྱས་ཀྱི་འབྲས་བུ་རྟག་གམ་མི་རྟག་ཅེས་འདྲི་ཞིང་། རྟག་ན་ཕྱུག་པོའི་ནོར་རྫས་སོགས་ཀྱང་འདུས་བྱས་ཀྱི་འབྲས་བུ་ཡིན་པས་རྟག་པ་ཡིན་ནམ་ཞེས་སྐྱོན་འགལ་དང་། མི་རྟག་ན་འབྲས་བུ་དེ་བསྒྲུབ་པ་ལ་དོན་མེད་ཅེས་སྐྱོན་འགལ་གཉིས་བརྗོད་དགོས་པར་གསུངས་པ་ལྟ་བུའི་མཚོན།  ང་ཚོས་བསྟན་བཅོས་འདི་ལས་རྫོགས་པ་ཆེན་པོའི་སྐོར་ནས་རྩོད་པ་བྱེད་ལུགས་མང་པོ་གསུངས་པ་དག་ལ་བལྟས་ན།   དེང་སང་རྫོགས་པ་ཆེན་པོ་ནི་གསང་སྔགས་ཤིན་ཏུ་ཟབ་པ་དང་།  མན་ངག་གི་སྒོ་ནས་སྟོན་དགོས་པ། ཡིད་ཆེས་པའི་དད་པའི་སྒོ་ནས་རྟོགས་དགོས་པ་ཞིག་ཡིན་པས།  དེའི་སྐོར་ནས་རྩོད་པ་རྒྱག་མི་ཉན་པར་བཤད་པའི་ལུགས་སྲོལ་དེ་དག་ཀྱང་།  ཕྱོགས་གཅིག་གི་ལུགས་སྲོལ་ཙམ་ལས། ཤིན་ཏུ་ནས་ཀྱང་བདེན་པ་དང་ཤིན་ཏུ་ནས་ཀྱང་ཁུངས་བཙན་པའི་ལུགས་སྲོལ་ཞིག་མིན་པ་འདྲ་སྟེ།   སློབ་དཔོན་བཻ་རོ་ཙ་ནས་བསྟན་བཅོས་འདིའི་ནང་དུ། རྫོགས་པ་ཆེན་པོའི་ལྟ་བ་སོགས་ཀྱི་སྐོར་ནས་རྩོད་པ་རྒྱག་ཚུལ་གྱི་རྣམ་གཞག་རྒྱས་པར་བསྟན་ཡོད་པས་སོ། །

དེ་བས་ན། ང་ཚོས་དབུ་མ་དང་ཚད་མ་རྩོད་པ་ནང་བཞིན་དུ། རྫོགས་པ་ཆེན་པོ་ཡང་དེ་ལྟར་རྩོད་པ་བྱེད་རུང་དང་མི་རུང་བའི་རྩོད་གཞི་དེ་ཡང་། བསྟན་བཅོས་འདི་དང་འབྲེལ་བའི་སྒོ་ནས་བསམ་གཞིག་ཅིག་གཏོང་ན་གོ་བ་གཞན་ཞིག་ལེན་རྒྱུ་ཡོད་པ་ལྟར་ཡིན་པ་ནི་རང་གིས་བསྟན་བཅོས་འདི་ལ་མཇལ་བའི་ཚོར་སྣང་ཙམ་ཡིན་པས་འདིར་བྲིས་པ་ཡིན་ལ། དེ་བཞིན་དུ། བསྟན་བཅོས་འདིའི་ནང་ནས་བྱུང་བའི་མྱོང་ཚོར་གཞན་ཡང་། དེང་སང་ང་ཚོ་རྩོད་པའི་སྐབས་སུ། རང་ཚིག་སྔ་ཕྱི་འགལ་བ་དང་དོན་གྱི་འགལ་བ་བྱུང་ན། ཚར་དང་འཁོར་གསུམ་ཞེས་པ་ཞིག་བརྗོད་རྒྱུ་ཡོད་པ་དེའི་ཁུངས་ཀྱང་འདི་ན་གསལ་བ་ལྟ་བུ་འདུག་པས་དཔྱད་པར་བྱ་སྟེ། བསྟན་བཅོས་འདིའི་ལེའུ་དགུ་པའི་ནང་དུ།  “ད་ཅི་དེ་དང་མགོ་བསྒྲེ་སྐྱོན་རྣམས་ཚར་བར་དགལ། །”ཞེེས་དང་། ལེའུ་བཅུ་པའི་ནང་དུ། “གོང་དུ་གྱོ་མོག་ཡིན་ཟེར་བ་དང་འགལ་བ་བྱས་ལ་སྐྱོན་ཚར་བར་དགལ་ལོ། །”ཞེས་འབྱུང་ལ། དེ་དག་གི་དོན་ནི། རང་ཚིག་སྔ་ཕྱི་འགལ་བ་གཏུགས་ནས་སྐྱོན་རྣམས་རྫོགས་པར་ཕ་རོལ་པོའི་སྟེང་ལ་འགེལ་ཞེས་པའི་དོན་ཡིན་པར་འདུག་སྟེ། དེང་སང་ཚར་ཞེས་པའི་དོན་ནི། སྐྱོན་རྣམས་ཚར་བར་རམ་རྫོགས་པར་སྟེང་ལ་འགེལ་ཐུབ་པའི་དོན་ཡིན་མིན་ཡང་དཔྱད་གཞི་ཡོད་པའི་གནས་ཡིན་པ་འདྲ་བས་འདིར་བྲིས་པ་ལགས།

དེ་བཞིན་དུ།  སྤྱིར་དུས་རབས་བརྒྱད་པ་དགུ་པའི་ནང་དུ་བརྩམས་པའི་བསྟན་བཅོས་མང་པོའི་ནང་དུ། དེང་སང་གི་སྐད་ཆ་ལྟར་བཤད་ན། སྦྲགས་སྐད་མང་པོ་ཡོད་པ་ལ། བསྟན་བཅོས་འདིའི་ནང་དུ་ཡང་སྦྲགས་སྐད་ཀྱི་རྣམ་པ་ཡོད་དེ། དཔེར་ན། ལེའུ་བཞི་པའི་ནང་ནས། སྒོ་བཞིའི་མཚན་ཉིད་སྟོན་པའི་སྐབས་སུ།  “བྱས་པ་སརྦ་འཇིག་པའི་སྒོ། །འདུས་པ་སརྦ་འབྲལ་བའི་སྒོ། །”ཞེས་ཐམས་ཅད་ཅེས་པའི་ཚབ་ཏུ་སརྦ་ཞེས་སྨོས་པ་མང་པོ་ཡོད་པ་ལྟ་བུ་དང་། “བུདྡྷའི་གསུང་ལ་འགག་སྒྲིབ་མེད་པར་མ་རིག་སྟེ། །”ཞེས་སངས་རྒྱས་ཀྱི་ཚབ་ཏུ་བུདྡྷ་སྨོས་པ་སོགས་ཡོད་དེ། འདི་ལྟ་བུའི་སྣང་ཚུལ་ནི།  ངས་བལྟས་ན་སྐྱོན་གང་ཡང་མིན་པར་མཁས་པ་རང་རང་སོ་སོས་སྐད་ཡིག་གཞན་ཡང་ཤེས་པའི་ཁྱད་ཆོས་མངོན་སྟངས་ཤིག་ཡིན་པར་སེམས་ཏེ། སྤྱིར་འདི་འདྲའི་ཚིག་འབྱུང་བ་ཕལ་ཆེ་བ་ནི་ལོ་ཙཱ་པའི་གཞུང་དུ་ཡིན་པ་དང་། དེང་སང་ཡང་དབྱིན་ཇིའི་སྐད་ཡིག་ཤེས་པ་རྣམས་ཀྱིས་བོད་ཡིག་གི་ནང་དུ་ཡང་དབྱིན་ཇིའི་སྐད་ཡིག་བཀོལ་བ་སོགས་འབྱུང་བ་ལྟ་བུ་སྟེ། འདི་དག་ཀྱང་རང་གིས་བསྟན་བཅོས་འདིའི་ནང་ནས་རྙེད་པའི་ཁྱད་ཆོས་ཀྱི་མྱོང་ཚོར་ཞིག་ཡིན་པ་འདྲ་བས་འདིར་ཞོར་དུ་བྲིས་པ་ཡིན་ནོ། །

མཇུག་བསྡུ་བ།

དེ་ནས་ངས་བསྟན་བཅོས་འདི་བཀླགས་པའི་གྲུབ་འབྲས་ཙམ་དུ། ངོ་སྤྲོད་དང་ཁྱད་ཆོས་ཀྱི་མྱོང་ཚོར་ཅུང་ཟད་ཅིག་བྲིས་ཟིན་པ་ལ། ཡང་བསྐྱར་གླེང་འདོད་པ་ནི། བསྟན་བཅོས་འདིའི་གསུང་པ་པོ་སློབ་དཔོན་བཻ་རོ་ཙ་ན་དང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གཉིས་ནི་དུས་རབས་བརྒྱད་པ་ཡར་མར་ཙམ་ལ་བྱོན་པའི་སྐྱེས་བུ་གཉིས་ཡིན་པས་ན། བསྟན་བཅོས་འདི་ཡང་དུས་རབས་བརྒྱད་པ་ཡར་མར་ཙམ་ལ་གསུངས་པ་ཞིག་ཡིན་སྲིད་ཅིང་།  སྤྱིར་བོད་ལ་ཆེད་དུ་རྩོད་པའི་སྐོར་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་ནི་བོད་ཀྱི་མཁས་པ་ཕྱྭ་པ་ཆོས་ཀྱི་སེང་གེ་ཡིན་ན་ཡང་།  ཁོང་གིས་བརྩམས་པའི་རྩོད་པའི་རྣམ་གཞག་སྟོན་པའི་གཞུང་ལུགས་ཤིག་ཀྱང་ད་ལྟ་མཇལ་དུ་མེད་པ་སོགས། སྤྱིར་ཆེད་དུ་བོད་ལ་རྩོད་པ་རྩོད་ཚུལ་གྱི་རྣམ་གཞག་སྟོན་པའི་གཞུང་ལུགས་དཀོན་པ་དང་། ལྷག་པར་དུ་དུས་རབས་བརྒྱད་པ་ཙམ་གྱི་གོང་དུ་འདི་འདྲའི་རྩོད་པ་རྩོད་ཚུལ་གྱི་རྣམ་གཞག་སྟོན་པའི་གཞུང་ལུགས་ཤིག་གཏན་ནས་མེད་པ་འདྲ་བས་ན།  བསྟན་བཅོས་འདི་ནི་ཏག་ཏག་ཆེད་དུ་རྩོད་པའི་རྣམ་གཞག་སྟོན་པའི་བོད་ཀྱི་གཞུང་ལུགས་ཐོག་མ་དེ་ཡིན་པ་འདྲ་ཞིང་།  གཞུང་ལུགས་འདི་ལ་བརྟེན་ནས་ད་ལྟ་མཐོང་དུ་ཡོད་པའི་རྟགས་གསལ་པས་གནད་ལ་འགག་ལ་འདྲི་བའི་ལུགས་སྲོལ་དང་། དམ་བཅའ་པ་ཐབས་དང་ཟུར་གྱིར་འབྲོ་བའི་ལུགས་སྲོལ་དང་།  དེའི་ཞོར་དུ་ཚིན་ངན་ཅུང་ཟད་སྨྲ་བའི་ལུགས་སྲོལ་དང་། རྩོད་གཞི་ཆོས་ཅན་ལ་ཆོས་ཅན་ཞེས་སྦྱར་ནས་རྟགས་སྦྱོར་འགོད་པའི་ལུགས་སྲོལ་དང་།  སྐྱོན་ཚར་བར་འགེལ་ནས་ཚར་རྒྱག་པའི་ལུགས་སྲོལ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོད་པའི་རྣམ་གཞག་འདི་དར་བར་སྣང་སྟེ་ང་ལས་ཀྱང་རིག་གཞུང་ཞིབ་འཇུག་ལ་མོས་པ་ཡོད་པའི་དཔྱོད་ལྡན་རྣམས་ཀྱིས་དཔྱད་ན་དེ་ལས་ཀྱང་གོ་རྟོགས་མང་པོ་སད་རྒྱུ་ཡོད་ངེས་སོ། །

ཞབས་མཆན།

[1]འདིས་མཚོན། དཔྱད་རྩོམ་འདིའི་གོང་འོག་ཀུན་ཏུ་དྲངས་པའི་ལུང་ཀུན། སྙི་ཆས་ཀུན་གསལ་མེ་ལོང(ADARSHAH)དུ་བཏགས་ན་གཟིགས་ཐུབ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།