བོད་རིག་པར་འབྱོར་བའི་ཕྱག་འཕྲིན།

༄༅།། མཁྱེན་དཔྱོད་ལྷག་བསམ་མཆོག་ཏུ་ཡངས་པ་མཚུངས་མེད་སྙན་བཟང་གཡུང་དྲུང་ཚེ་རིང་མཆོག་གི་སྐུ་གམ་དུ།

ཆེད་གསོལ། སྐུ་ཉིད་ནས་དེ་སྔོན་ ༢༠༢༢ ཕྱི་ཟླ་ ༦ ཚེས་ ༡ ལ་བསྩལ་བའི་ཕྱག་བྲིས་དང་མཉམ་ བོད་རིག་པ་ དྲྭ་ཚིགས་ཀྱི་ཞིབ་འཇུག་དེབ་ཕྲེང་དང་པོ། ཞིབ་འཇུག་དཔྱད་རྩོམ་བཅུ་དྲུག་ལས་གྲུབ་པ་ཞིག་དཔར་ཕུད་ཀྱི་ངོ་བོར་གསོལ་བསྩལ་ལག་སོན་བྱུང་བ་བཀའ་དྲིན་བླ་མེད་དུ་ཆེ། རྣམ་ལྷན་ནས་བོད་ཀྱི་ཡང་དག་པའི་རིག་གཞུང་སྐྱེ་རྒུའི་ཕན་བདེའི་གཞི་རྩར་གྱུར་པ་ལ་དད་འདུན་བརྟན་པོས་མཁས་ཚུལ་གསུམ་གྱི་བྱ་བས་འཛིན་སྐྱོང་སྤེལ་བའི་ཐབས་ཚུལ་ལ་གུས་རྟག་བརྩོན་པ་རྒྱུན་ལྡན་དུ་བསྟེན་པའི་མཛད་བཟང་སྤྱི་དང་། ལྷག་པར་དེང་རབས་ཀྱི་འཕྲུལ་ལས་མཐུན་རྐྱེན་རྣམས་དགེ་ཕྱོགས་སུ་བེད་སྤྱོད་ཀྱིས་རྒྱ་ཆེའི་དོན་གཉེར་ཅན་ཡོངས་ཀྱིས་ཚེགས་མེད་དུ་སྙེག་ཐུབ་པའི་དྲྭ་ཚིགས་ཤིག་བཙུགས་ནས་ལོ་འཁོར་གཅིག་ལྷག་སོང་རིང་བརྗོད་གཞི་སྣ་ཚོགས་ཐོག་ཞིབ་འཇུག་དཔྱད་རྩོམ་བདུན་ཅུ་ལྷག་སྤེལ་ཟིན་པ་དང་། དེ་དག་དེབ་གཟུགས་སུ་དཔར་བསྐྲུན་གྱི་ལས་གཞི་ཡང་དབུ་འཛུགས་ཀྱིས་དེབ་ཕྲེང་དང་པོ་དཔར་འགྲེམས་ཟིན་པ་བཅས་ནི་གཉན་འཕྲང་ཅན་གྱི་དུས་རབས་འདིར་རྩ་ཆེའི་རིག་གཞུང་ལ་ཞབས་འདེགས་བླ་མེད་ཅིག་བྱུང་འདུག་པར་སྙིང་ནས་ཡི་རངས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དཔར་བསྐྲུན་ཟིན་པའི་དེབ་ཕྲེང་དུ་འཁོད་པའི་ཞིབ་འཇུག་གི་རྩོམ་ཡིག་ཁག་བརྗོད་གཞིའི་གལ་གནད་དང་། རྗོད་བྱེད་ཀྱི་ཚིག་སྦྱོར། ཞིབ་འཇུག་གི་འགྲོས་དང་ཐབས་ལམ་བཅས་གང་ཅིའི་ཐད་གནའ་དེང་གི་ལམ་སྲོལ་གཉིས་ཀའི་ལེགས་ཆས་ཡོངས་སུ་ཕྱུག་པའི་ཚད་ལྡན་ཤ་སྟག་བྱུང་འདུག་པས་དགའ་སྤོབས་ལྷག་པར་འཕེལ་བས་འབྲེལ་ཡོད་ཡོངས་ལ་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན།

འབྱུང་འགྱུར་ཡང་མཁའ་ཁྱབ་སྐྱེ་འགྲོའི་བདེ་དོན་ཉག་གཅིག་སླད་བོད་ཀྱི་རིག་གཞུང་གཅེས་སྐྱོང་དང་། ཁྱབ་སྤེལ། ལྷག་པར་བོད་ཕྱི་ནང་གཉིས་སུ་བཞུགས་པའི་དྲན་དབང་རྣམས་ཕན་ཚུན་རྣམ་དཔྱོད་སྤེལ་རེས་ཀྱི་བརྒྱུད་ལམ་དུ་དྲྭ་ཚིགས་དང་། ཉམས་ཞིབ། འཆད་རྩོམ་གྱི་ལས་རིམ་འདི་དག་གོང་མཐོར་རྒྱུན་སྐྱོང་གནང་སྐྱོང་ཡོང་བའི་བསྐུལ་འདེགས་ཞུ་རྒྱུ་དང་། འདི་ནས་དགེ་སྦྱོང་རྒད་པོས་ཀྱང་ཁྱེད་རྣམས་ཀྱི་གལ་ཆེའི་ཕྱག་ལས་འདི་དག་གེགས་མེད་ལམ་ལྷོང་དང་བསྟན་འགྲོར་སྨན་པའི་རྒྱུར་འགྱུར་བའི་སྨོན་འདུན་རྒྱུན་ལྡན་ཞུ་རྒྱུ་ཡིན། བར་ལམ་ཕྱོགས་བསྐྱོད་སོགས་རྐྱེན་མང་གི་དབང་གིས་འབྱོར་ལན་འབུལ་འགྱངས་སོང་བར་དབྱིངས་ཁྲེལ་མི་འཇུག་པ་ཞུ་རྒྱུ་བཅས་དགོངས་རོལ་འཚལ།

ཤིས་འཚམས་བཅས་ཟམ་གདོང་སྐྱེས་མིང་པས་
༢༠༢༢ ཕྱི་ཟླ་ ༨ ཚེས་ ༡ ཉིན་དྭང་བས་ཕུལ།།

 

Loading