བོད་རིག་པའི་ཞུ་མཆིད།

“བོད་རིག་པ”ཞེས་པའི་དྲྭ་ཚིགས་འདི་ནི་བོད་གཞིས་བྱེས་གཉིས་སུ་སྡོད་པའི་བོད་མི་ཁ་ཤས་ཀྱིས་བཙུགས་པ་ཞིག་ཡིན་ལ། འདི་འདྲའི་དྲྭ་ཚིགས་ཤིག་འཛུགས་དགོས་དོན་ནི་དིང་སང་བོད་ཕྱི་ནང་གཉིས་སུ་དྲྭ་ཚིགས་སྣ་ཚོགས་ཤིག་ཡོད་མོད། བོད་རིག་པའི་ཆེད་རྩོམ་མམ་ཡང་ན་ཞིབ་འཇུག་རྩོམ་ཡིག་རྐྱང་པ་འགོད་སའི་བོད་ཡིག་གི་དྲྭ་ཚིགས་ཤིག་མེད་པས་ཡིན།

ཞིབ་འཇུག་རྩོམ་ཡིག་རྐྱང་པའི་དྲྭ་ཚིགས་ཤིག་མེད་པ་ལ་རྐྱེན་བྱས་ཏེ། རྩོམ་ཡིག་སྣ་ཚོགས་འགོད་སའི་དྲྭ་རྒྱ་དང་། འཕྲིན་སྟེགས། ངོ་དེབ་སོགས་ན་རྒྱུ་སྤུས་ལེགས་པའི་ཞིབ་འཇུག་རྩོམ་ཡིག་ཚད་ལྡན་སྐོར་ཞིག་ཉ་ཉུངས་མཉམ་བསྲེ་ལྟ་བུ་བྱས་ཏེ་སྤེལ་འདུག་པས། ཞིབ་འཇུག་རྩོམ་ཡིག་ཚད་ལྡན་དག་ལ་རིན་ཐང་སྤྲོད་ཆེད་དང་། དེ་དག་འབྲི་མཁན་དག་ལ་མཐུན་རྐྱེན་སྐྲུན་ཆེད་དུ་བཙུགས་པ་ཞིག་ཀྱང་ཡིན།

དྲྭ་ཚིགས་འདིར་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་རིག་པའི་མཁས་པ་དང་། ཞིབ་འཇུག་པ། སློབ་གཉེར་བ། དེ་བཞིན་དུ་ཕྱི་རྒྱལ་བའི་བོད་རིག་པ་བ་སོགས་ཀྱང་མཉམ་ཞུགས་ཐུབ་པའི་རེ་བ་འཆང་བཞིན་ཡོད། རིམ་གྱིས་དྲྭ་ཚིགས་འདིར་བཀོད་པའི་རྩོམ་ཡིག་ཁག་ཅིག་ལ་བརྟེན་ནས། བོད་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་དང་། གནས་བབ། གྲུབ་འབྲས་བཅས་ཤེས་རྟོགས་ཐུབ་པར་མ་ཟད། འཛམ་གླིང་གི་ཡུལ་གྲུ་གང་སར་བཞུགས་པའི་ཞིབ་འཇུག་པ་དག་གི་བར་ལ་དགོངས་ཚུལ་སྤེལ་རེས་དང་ཉམས་མྱོང་བརྗེ་རེས་ཡོང་བའི་རེ་བའང་བྱེད་ཀྱིན་ཡོད།

དྲྭ་ཚིགས་འདི་གསར་དུ་སྒོ་ཕྱེ་མ་ཐག་ཡིན་སྟབས། ད་དུང་ཕྱོགས་གང་ཅིའི་ཐད་ནས་མི་ལྡེང་བའི་ཆ་མང་པོ་ཡོད་སྲིད། རིམ་གྱིས་ཕྱོགས་སྣ་སྒོར་མོ་ནས་ཇེ་རྒྱས་དང་ཇེ་ལེགས་སུ་བཏང་ཆོག འོན་ཀྱང་། བོད་རིག་པའི་མཁས་པ་དང་། ཞིབ་འཇུག་པ་རྣམས་ཀྱིས་རྩོམ་ཡིག་གི་རྒྱབ་སྐྱོར་མ་ཞུས་ཚེ། དྲྭ་ཚིགས་འདི་ནི་བླ་སྲོག་མེད་པའི་བེམ་པོ་ལྟ་བུ་ཞིག་ལས་གཞན་ཅི་ཡང་མིན།

དེ་བས། བོད་རིག་པའི་དྲྭ་ཚིགས་འདི་ཁྱེད་དང་ང་། ཡང་ན་ང་ཚོ་ཐུན་མོང་ལ་དབང་བ་ཞིག་ཡིན་སྟབས། བོད་རིག་པའི་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་རིག་གཞུང་དང་དེ་ལས་འཕྲོས་པའི་ཆེད་རྩོམ་མམ་ཡང་ན་ཞིབ་འཇུག་རྩོམ་ཡིག་གང་མང་སྤེལ་ཐུབ་པའི་རེ་བ་དང་། དྲྭ་ཚིགས་འདི་རུ་ཞུགས་ཏེ་ཐོས་པ་འཚོལ་བའི་བོད་རིགས་སྤུན་ཟླ་ཚང་མར་ཐུགས་སྤྲོ་བོ་ཡོང་བའི་རེ་བ་ཡོད།

ཞིབ་འཇུག་གི་གནས་ཚད་ལྡན་པའི་རྩོམ་ཡིག་ཅིག་འགྲུབ་པར་བྱེད་པ་ལ་རྒྱུ་ཆ་མང་པོ་འཚོལ་སྒྲུབ་བྱེད་དགོས་ཤིང་། དུས་ཚོད་ཀྱང་མང་པོ་གཏོང་དགོས། དེར་བརྟེན། དྲྭ་ཚིགས་འདིར་དཀའ་སྤྱད་འབད་བརྩོན་གྱིས་བྲིས་པའི་རྩོམ་ཡིག་གསར་པ་སྐུར་མཁན་བྱུང་ཚེ་དགའ་བསུ་ཞུ་རྒྱུ་ཡིན་ལ། སྔར་དུས་དེབ་དང་སྤྱི་ཚོགས་དྲྭ་རྒྱ་གང་རུང་དུ་སྤེལ་ཟིན་ནའང་། རིན་ཐང་ལྡན་པའི་ཞིབ་འཇུག་རྩོམ་ཡིག་སྐུར་མཁན་ཡོད་ནའང་བསྔགས་བརྗོད་ཡོད།

མ་འོངས་པར་དཔལ་འབྱོར་གྱི་མཐུན་རྐྱེན་རག་ཚེ། དྲྭ་ཚིགས་འདིར་བཀོད་པའི་རྩོམ་ཡིག་ཚད་ལྡན་ཁག་ཕྱོགས་གཅིག་ཏུ་བསྒྲིག་སྟེ་ལོ་རེར་དེབ་ཕྲེང་རེ་སྤར་སྐྲུན་བྱ་རྒྱུ་ཡིན། དྲྭ་ཚིགས་འདིར་ཞིབ་འཇུག་རྩོམ་ཡིག་གི་གནས་ཚད་ལོང་དང་མི་ལོང་གི་རྩོམ་ཡིག་ཡོད་ཚད་དགོད་རྒྱུ་མིན་ལ། སྲིད་དོན་དང་འབྲེལ་བའི་རྩོམ་ཡིག་ཁག་ཀྱང་སྤེལ་རྒྱུ་མིན་པ་དགོངས་འཇགས་འཚལ།

ཞིབ་འཇུག་པ་ཚོས་ཚན་རིག་གི་ཐབས་ཤེས་དང་། དངོས་ཐོག་བདེན་འཚོལ་གྱི་བྱ་ཐབས་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་དང་། ཆབ་སྲིད། དཔལ་འབྱོར། རིག་གནས། ཆོས་ལུགས། གོམས་གཤིས་སོགས་ལས་འཕྲོས་པའི་ཞིབ་འཇུག་རྩོམ་ཡིག་སྣ་ཚོགས་འབྲི་རྩོམ་གནང་བའི་རེ་བ་ཡོད་ཅེས་ཞུ་བཞིན་ཡོད།

བོད་རིག་པ་དྲྭ་ཚིགས་རྩོམ་སྒྲིག་ཚོགས་ཆུང་གིས།
ཕྱི་ལོ་༢༠༢༡ལོའི་ཟླ་༤པའི་ཚེས་༡༣ཉིན་སྤེལ།

Loading