༡ གླེང་གཞི་མདོར་བསྡུས།
བོད་རྩམ་པ་ཟ་མཁན་ཞིག་ཡིན་ཕྱིན་མ་མཐར་ཡང་ཤམ་བྷ་ལ་ཞེས་ཐོས་མ་མྱོང་བ་མི་སྲིད་པའི་ཚད་དུ་སླེབས་ཡོད་ཅིང་། རིགས་རུས་ཀྱི་དབྱེ་བ་མེད་པར་མ་འོངས་པ་ན་རང་ཉིད་ཤམ་བྷ་ལར་སྐྱེ་བའི་སྨོན་ལམ་འདེབས་ཀྱིན་ཡོད་པར་མ་ཟད། འགྲོ་གྲོན་དང་དཀའ་ངལ། ས་ཁད་ཉེ་རིང་སོགས་ཕྱི་ནང་གི་ཆ་རྐྱེན་གང་ལའང་མི་ལྟོས་པར་ཤམ་བྷ་ལར་སྐྱེ་བའི་བག་ཆགས་ཟབ་མོ་འཇོག་ཕྱིར་དུས་འཁོར་དབང་ཆེན་གྱི་ཁ་གྲངས་ལ་འགྲན་གསོག་བྱེད་ཀྱིན་ཡོད། འོན་ཀྱང་རང་ཉིད་མ་འོངས་པར་སྐྱེ་སའི་ཤམ་བྷ་ལ་ཞེས་པ་དེ་གནམ་ས་གང་དུ་གནས་ཡོད་པ་དང་། དོན་དངོས་སུ་ཡུལ་དེའི་རྒྱ་ཁྱོན་ཆེ་ཆུང་དང་དེར་གནས་པའི་མི་དང་སྲོག་ཆགས་གཞན། རང་བྱུང་སྐྱེ་དངོས་སོགས་ཀྱི་ཁྱད་པར་ལ་དོགས་པ་བྱེད་མཁན་ཙམ་ཡང་ཉུང་བར་སེམས། བྱང་ཕྱོགས་ཤམ་བྷ་ལ་ན༎ དངུལ་དཀར་པོས་རྐོང་བུ་བརྡུང་ཡོད། ། གསེར་སེར་བོས་མར་ཁུ་བླུགས་ཡོད། ། ལྷ་བྱམས་པར་མཆོད་པ་ཕུལ་ཡོད།། ཞེས་སོགས་ཨ་མདོའི་དམངས་ཁྲོད་ཀྱི་ལ་གཞས་ཚུན་ཆད་དུའང་ཤམ་བྷ་ལའི་ཐ་སྙད་ཁྱབ་ཡོད་ཀྱང་། དེ་ནི་མ་བརྟགས་མ་དཔྱད་པའི་བྱང་ཕྱོགས་ཙམ་ལས་འཇིག་རྟེན་འདིའམ་ཡུལ་ལུང་གཞན་གང་ཞིག་གི་བྱང་ཕྱོགས་སམ། ས་སྒང་འདིའི་སྟེང་དུ་ཡོད་མེད། ཡོད་ན་གང་དུ་ཡོད་པ་དང་མེད་ན་ཅི་ལྟར་མེད་ཚུལ་སོགས་ཀྱི་གནས་ལུགས་རྒྱུ་མཚན་བཤད་ཤེས་མཁན་ཡང་ཉུང་། གཞན་ཡང་འུ་ཅག་གི་སེམས་ནང་ན་རྩ་བ་བརྟན་ཤོས་དང་རྩེ་མོ་མཐོ་ཤོས་ཀྱི་རིའི་རྒྱལ་བོ་རི་རབ་དང་གླིང་བཞི་གླིང་ཕྲན་བཅུ་གཉིས་སམ། ས་དུམ་བུ་བཅུ་གཉིས་ཀྱང་མཛུབ་མོ་འཛུགས་ས་ཞིག་མེད་ན་བོད་དུས་འཁོར་དང་ཆོས་མངོན་པའི་ལུང་གི་གཟི་བརྗིད་ཀྱང་ཉམས་སྲིད་ལ། ཁབ་ཤུལ་སྐུད་པས་མ་ཁེབས་པའི་ངོ་ཚ་ཡང་ཕོག་སྲིད།
ཡང་བོད་ལ་རྒྱ་ཅན་སྐོར་ཞིག་གིས་མདོ་དང་བསྟན་བཅོས་ལས་ལན་མང་བསྟན་ཅིང་། འུ་ཅག་གི་སེམས་ནང་ན་བརྗིད་པའི་ཞིང་ཁམས་གསང་སྔགས་ཀྱི་གནས་མཆོག་ཤམ་བྷ་ལ་དེ་ཉིད་བོད་རང་གིས་གར་ཡོད་མི་ཤེས་ཀྱང་གསང་བས་ཆོག བསྟན་པ་བསྟན་འཛིན་གྱི་ལ་རྒྱ་མི་ཤོར་བའི་ཆེད་བོད་ཡིག་མི་ཤེས་པའི་ཕྱི་གླིང་བ་ཚོའི་མདུན་དང་མཛོད་དང་དུས་འཁོར་གྱི་གཞུང་། རི་རྒྱལ་གྱི་དཔེ་རིས་སོགས་སྦས་སྐུང་བྱས་པས་འཐུས་སྙམ་ན། དེ་ནི་རང་གཞན་གཉིས་ཀར་མགོ་སྐོར་དང་རྫུན་བཤད་པར་མ་ཟད། འཛམ་གླིང་དཔེ་མཛོད་ཁག་ཏུ་བཀྲམས་པའི་རི་རབ་གླིང་བཞི་དང་ཤམ་བྷ་ལའི་སྐོར་གྱི་དཔེ་ཆ་དེ་དག་མེར་བསྲེགས་གཏོང་ཐབས་ནི་མེད། ད་ལོ་བོད་ཡིག་མི་ཤེས་ཀྱང་སང་ལོ་བོད་ཡིག་ཤེས་པའི་ཕྱི་གླིང་བ་ནི་འབྱུང་། འཇིག་རྟེན་གྱི་གསང་བའི་མཐིལ་བརྟོལ་བ་ལ་ང་ཚོ་ལས་ལྡབ་འགྱུར་གྱི་སྤྱང་གྲུང་འཛོམས་པ་དག་ལ་མགོ་སྐོར་ཡང་གཏོང་ནུས་པ་མིན་ལ། སེམས་ཀྱི་འཆར་སྒོ་ཁ་ནས་འཐོན་མི་ཆོག་པའི་འཆར་ཅན་གྱི་སྨྲ་བརྗོད་རང་དབང་དེ་ཡང་འཕྲོག་ནུས་པ་མིན་ནོ། །
འོ་ན་ཇི་ལྟར་བྱ་ཞེ་ན། འུ་ཅག་གི་འཆར་ཅན་གྱི་ཨུ་ཚུགས་དེ་གཡུགས་ཤིང་ནག་ཁུང་གི་ནང་དུ་བཅུག་པའི་མགོ་བོ་ཕྱི་རུ་བཏོན་ནས་སྒྱིག་ལུག་གི་སྐེ་རགས་དམ་པོར་བཅིངས། མཁྲེགས་བཟུང་གི་གདོང་བ་དང་མིག་སྐྱག་བཀྲུས་ཏེ་མིས་མ་བཤད་པའི་སྔ་རོལ་ནས་རང་གིས་བཤད་པའི་སྤྱང་གྲུང་གི་མིག་ཞགས་ཤིག་གཡོ་རྒྱུ་ཡོད་ན་ནི། བསྟན་པ་བསྟན་འཛིན་དང་བཅས་པའི་ལ་རྒྱ་ཡང་ཡིན་ལ། བོད་ཨ་མའི་བུ་ཞིག་གི་གྲུབ་རྟགས་ཀྱང་དེ་ཡིན།
༢ ཤམ་བྷ་ལ་འཚོལ་བའི་སྔོན་འགྲོའི་ཡན་ལག
བྱང་ཕྱོགས་ཤམ་བྷ་ལ་འཚོལ་བའི་སྔོན་འགྲོའི་ཡན་ལག་གལ་ཆེ་ཤོས་ནི་འཛམ་བུ་གླིང་ངོས་འཛིན་བྱ་རྒྱུ་དེ་ཡིན། ལྷོ་འཛམ་བུ་གླིང་ངོས་འཛིན་པ་ལ་ལྷོའི་ལྡོག་ཟླ་བྱང་སྒྲ་མི་སྙན་དང་། གླིང་གཞན་པ་ཤར་ལས་འཕགས་གླིང་། ནུབ་བ་ལང་སྤྱོད་འཚོལ་དགོས་པར་མ་ཟད། གླིང་བཞིའི་དབུས་སུ་ཡོད་པར་བཤད་པའི་རིའི་རྒྱལ་བོ་རི་རབ་ལའང་མི་དཔྱད་མཐུ་མེད་ཡིན། རི་རབ་དང་གླིང་བཞི་འཚོལ་བ་དེ་ཡང་ལས་སླ་བོ་ཞིག་གཏན་ནས་མ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་རི་རབ་ཀྱི་དབྱིབས་ཟླུམ་པོར་བཤད་པ་དང་། ཆོས་མངོན་པ་མཛོད་ལས་གྲུ་བཞིའམ་གླིང་བཞི་མར་བཤད་པ་སྟེ་མ་མཐར་རི་རབ་ཀྱི་དབྱིབས་ཙམ་ལ་ཡང་མཐུན་ཐབས་མེད། ཕྱོགས་རིས་ཀྱིས་སླད་པའི་མིག་ལྡན་ཁ་ཤས་ཀྱིས། དེ་ལ་སྐྱོན་ཅི་ཡང་མེད་དེ། ཆུ་ཕོར་བ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་བལྟས་པའི་ཚེ་ལྷས་བདུད་རྩི་དང་། མིས་ཆུ། ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང་བ་འདྲ། ཞེས་དབུ་མའི་ཆུ་འབབ་ཀྱི་ལུང་དེ་དག་འཁྱེར་ཡོང་བ་མ་ཟད། རི་རབ་ཡོད་མེད་དང་དེའི་དབྱིབས་དང་ཁ་དོག་ཀྱང་ལས་དབང་གིས་སྣང་མི་སྣང་ཅི་རིགས་འབྱུང་བས་སྐྱོན་གྱི་དྲི་ཙམ་ཡང་མི་བྲོ་ཞེས་དཀའ་ཚེགས་ཅི་ཡང་མེད་པའི་ལན་འདེབས་པར་ངེས་ཀྱང་། དེས་ནི་རི་རྒྱལ་ཡོད་པར་བསྒྲུབས་པ་མིན་ལ་གྲུ་བཞི་དང་ཟླུམ་པོར་ཡང་སྒྲུབ་ནུས་པ་མ་ཡིན་ནོ།། རྒྱུ་མཚན་ནི་ལས་འབྲས་ཟེར་བ་དེ་ཨ་ཕས་ལྕགས་བརྡུང་ས་དང་ཨ་མས་ཡོས་རྔོ་ས་ཀུན་ལ་འཁྱེར་ཡོང་ན་འཇིག་རྟེན་སྤྱིར་བཏང་གི་རྣམ་གཞག་ཤིན་ཏུ་མང་པོ་ཞིག་འཐོར་འགྲོ་བས་ཕག་གི་ཡ་མགལ་དང་ཁྱིའི་མ་མགལ་བཙན་སྦྱོར་སྤངས་ནས་རི་རྒྱལ་དང་ཤམ་བྷ་ལ་སོགས་ཀྱི་གནས་སྟངས་དངོས་ལ་དཔྱད་དགོས་པ་ཡིན། སྤྱིར་འཇིག་རྟེན་ཆགས་ཚུལ་ལ་མདོ་ཕལ་བོ་ཆེ་ལས་ཟླུམ་པོ་དང་གྲུ་གསུམ་སོགས་དབྱིབས་ཐ་དད་པའི་འཇིག་རྟེན་བགྲང་གིས་མི་ལང་བར་བཤད་ཅིང་།[1] སློབ་དཔོན་པདྨས། སངས་རྒྱས་ཀྱི་མཐུ་དང་སེམས་ཅན་གྱི་ལས། འབྱུང་བ་ལྔའི་རྐྱེན་གསུམ་ལས་འཇིག་རྟེན་གྱི་ཁམས་རྣམས་ཆགས་པར་བཤད།[2]བོན་པོ་རྣམས་ཀྱིས། འབྱུང་བ་ལྔའི་རང་བཞིན་གྱི་སྒོ་ང་ཞིག་གིས་འཇིག་རྟེན་ཆགས་པར་འདོད་ཅིང་།[3] ཧིན་དཱུ་དང་ཡེ་ཤུ་སོགས་ཀྱི་ཆོས་ལུགས་ཁག་གཅིག་གིས་འཇིག་རྟེན་དེ་རང་རང་དད་པའི་ལྷ་ཚངས་པ་སོགས་ཀྱིས་བསྐྲུན་པར་འདོད། ཀློང་ཆེན་རབ་འབྱམས་པས(༡༣༠༨-༡༣༦༣)མཛོད་ཀྱི་བཤད་ཚུལ་བཀོད་པ་ལས། ཐོག་མར་ནམ་མཁའ་སྟོང་བར་ཡོད་པ་ལ་འགྲོ་བ་སྤྱི་མཐུན་གྱི་ལས་ཀྱིས་ཕྱོགས་བཞིར་རླུང་ལངས་ནས་འོག་གཞིའི་རླུང་གི་དཀྱིལ་འཁོར་ཟླུམ་པོར་ཆགས་པའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་ཆགས་ཤིང་། ཆར་ཆེན་པོ་བབས་པས་རྒྱ་མཚོ་དང་། རྒྱ་མཚོ་རླུང་གིས་བསྲུབས་ནས་རྙོག་པས་ས་གཞི་འདི་ཆགས། ས་གཞིའི་དབུས་སུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་རི་རབ། ཐུར་དུ་རྒྱ་མཚོའི་ནང་དབང་ཆེན་གྱི་ས་གཞི་ལ་ཐུག་གི་བར་དུ་དཔག་ཚད་བརྒྱད་ཁྲི་དང་། མཚོ་ཁ་ལས་གྱེན་དུའང་དཔག་ཚད་བརྒྱད་ཁྲི་སྟེ་དབྱིབས་གྲུ་བཞི། ཡང་རི་རབ་ཀྱི་ཤར་ངོས་དངུལ་དང་། ལྷོ་བེེཌཱུརྱ། ནུབ་པད་མ་རཱག བྱང་གསེར་ལས་གྲུབ་ཅིང་། ཤར་དུ་ལུས་འཕགས་གླིང་སྟེ་དབྱིབས་ཟླ་གམ་དང་མིའི་གཟུགས་ཕུང་འཛམ་གླིང་གི་ཁྲུ་བརྒྱད་དང་ཚེ་ཚད་ལོ་ཉིས་བརྒྱ་ལྔ་བཅུ་ཐུབ་པར་བཤད། རི་རབ་ཀྱི་ལྷོར་འཛམ་བུ་གླིང་སྟེ་དབྱིབས་སོག་ཁ་དང་། མིའི་གཟུགས་ཚད་ཁྲུ་བཞི་དང་ཚེ་ལ་ལོ་ལྔ་བརྒྱ་ཐུབ། བྱང་དུ་སྒྲ་མི་སྙན་ཏེ་དབྱིབས་གྲུ་བཞི། ལུས་ཚད་ཁྲུ་སུམ་ཅུ་རྩ་གཉིས་དང་ཚེ་ཚད་ལོ་སྟོང་ཐུབ།
ཡང་གླིང་རེ་རེ་ལ་གླིང་ཕྲན་གཉིས་གཉིས་ཏེ་བརྒྱད་ཡོད་པ་ལས། ཤར་ལྷོར་ལུས་དང་ཤར་བྱང་དུ་ལུས་འཕགས། ལྷོ་ནུབ་ཏུ་རྔ་གཡབ་དང་ལྷོ་ཤར་དུ་རྔ་གཡབ་གཞན། ནུབ་ལྷོ་ན་གཡོ་ལྡན་དང་ནུབ་བྱང་ན་ལམ་མཆོག་འགྲོ། བྱང་ཤར་ན་སྒྲ་མི་སྙན་དང་བྱང་ནུབ་ན་སྒྲ་མི་སྙན་གྱི་ཟླའོ།། ད་དུང་རི་རབ་ཀྱི་རྩེ་མོར་ཡར་འདོད་ཁམས་ཀྱི་ལྷ་གནས་བཞི་དང་། གཟུགས་ཁམས་གནས་རིགས་བཅུ་བདུན་གོ་རིམ་བཞིན་ཆགས་ཤིང་། སྟེང་ནས་དཔག་ཚད་བཞི་ཁྲིའི་མཚམས་སུ་ཉི་ཟླ་དང་གཟའ་སྐར་རྣམས་རྒྱུ་ཞིང་རི་རྒྱལ་གྱི་མཐའ་སྐོར་དུ་གསེར་གྱི་རི་བདུན་དང་རོལ་བའི་མཚོ་བདུན་གྱིས་མཛེས་པར་བརྒྱན་པ་སོགས་ངོ་མཚར་བཤད་ན་ཡིད་དབང་འཕྲོག་འགྲོ་བ་ཞིག་འདུག་ལ། བོད་ཀྱི་ཆོས་འབྱུང་རྩོམ་མཁན་ཕལ་ཆེར་གྱི་ལྟ་བ་གཅིག་མཚུངས་ཡིན། ང་ཚོར་དྲི་བ་ཞིག་ཡོད་པ་ནི་དོན་དངོས་སུ་རི་རྒྱལ་དེ་ལྟ་བུ་ཞིག་ཡོད་དམ་མེད་པ་དེ་ཡིན། གལ་ཏེ་ཡོད་ན་གསེར་དངུལ་བེམ་ཆོས་ལས་གྲུབ་པའི་གཟུགས་རགས་པ་དེ་འདྲ་ཞིག་མིག་ཤེས་ཀྱིས་མཐོང་མི་ནུས་ཤིང་ལུས་ཀྱིས་རེག་ཏུ་མེད་པའི་རྒྱུ་མཚན་ཅི་ཡིན་དང་། འཛམ་བུ་གླིང་གི་མི་རྣམས་ཀྱིས་འཛམ་གླིང་འགྲོ་བ་ཐུན་མོང་གི་བདག་འབྲས་སུ་གྱུར་པའི་རི་རབ་ཀྱི་ལྷོ་ངོས་ཙམ་ཡང་མཐོང་མི་ཐུབ་པའི་རྒྱུ་མཚན་ཅི་ཡང་མེད་པར་སེམས་ཤིང་། ཁྱད་པར་རི་རབ་དེ་ཡོད་ན་རང་གི་གོ་སར་གཟུགས་ཅན་གཞན་འབྱུང་བ་གེགས་བྱེད་པའི་ནུས་པ་ངེས་ཅན་དུ་དགོས་པ་ཡིན།
མཚམས་འདིར་སླེབས་དུས་ཞེན་ཁོག་ཅན་ལ་ལས་རི་རབ་ས་སྒང་འདིའི་སྟེང་ན་མེད་ཅིང་། དེང་སང་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་ས་སྒང་འདི་འཛམ་གླིང་ཙམ་ཡིན་ལ། རི་རྒྱལ་དེ་འཇིག་རྟེན་གྱི་ཕྱི་རོལ་བྱང་ཕྱོགས་ཀྱི་ཡུལ་ཞིག་ཏུ་ཡོད་ཟེར་ན་དེ་ནི་མ་བརྟགས་པ་སྟེ། ཀློང་ཆེན་པས། ‘‘བྱང་སྒྲ་མི་སྙན་གྱི་ནམ་ཕྱེད་པ་དང་། ཤར་ལུས་འཕགས་པོའི་ཉི་མ་ནུབ་པ་དང་། ལྷོ་འཛམ་བུ་གླིང་བུའི་ཉི་མ་ཕྱེད་པ་དང་། ནུབ་བ་ལང་སྤྱོད་ཀྱི་ཉི་མ་འཆར་བ་དེ་དག་དུས་གཅིག་པས། ཉི་མའི་འོད་ཀྱིས་གླིང་གཉིས་ལ་ཁྱབ་བོ།།’’[4]ཞེས་པ་ལྟར་འཇིག་རྟེན་གླིང་བཞི་ལ་ཉི་མ་གཅིག་པོ་ལས་མེད་ཅིང་། ཉི་མས་གླིང་གཉིས་ལ་ཁྱབ་པའམ་གླིང་གཉིས་རེའི་ཕྱེད་ཕྱེད་ཁེབས་པ་སྟེ། དཔེར་ན། ཤར་ལུས་འཕགས་གླིང་གི་ལྷོ་ཟུར་དང་ལྷོ་འཛམ་བུ་གླིང་གི་ཤར་ངོས་སུ་ཉི་མ་ཤར་སྐབས་ཟུར་གཞན་གསུམ་མུན་པ་དང་། ཡང་འཛམ་བུ་གླིང་གི་ནུབ་ངོས་དང་ནུབ་བ་ལང་སྤྱོད་ཀྱི་ལྷོ་ཟུར་དུ་ཤར་དུས་ཕྱོགས་གཞན་གསུམ་ལ་མཚན་མོ། དེ་བཞིན་བ་ལང་སྤྱོད་ཀྱི་བྱང་ཟུར་དང་སྒྲ་མི་སྙན་གྱི་ནུབ་ཟུར་ལ་ཤར་སྐབས་སྒྲ་མི་སྙན་གྱི་ཤར་ཟུར་དང་ཤར་ལུས་འཕགས་དང་ལྷོ་འཛམ་བུ་གླིང་གཉིས་ལ་མཚན་མོ་སྟེ་མདོར་ན་འཛམ་བུ་གླིང་དུ་ཉི་མ་ཤར་བའི་དུས་ཤིག་ངེས་པར་འཇོག་དགོས་ཀྱང་། དེ་ལས་ལྡོག་སྟེ་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ས་སྒང་འདིའི་ཐོག་ཉི་མ་ཤར་བའི་སྐབས་མེད་པས་མི་འགྲིག་ལ། ཡང་གླིང་བཞི་བོ་ས་སྒང་འདིའི་སྟེང་དུ་བཞག་ན་ལུས་འཕགས་གླིང་གི་མིའི་ཚེ་ལོ་ཉིས་བརྒྱ་ལྔ་བཅུ་དང་། ནུབ་བ་ལང་སྤྱོད་ལོ་ལྔ་བརྒྱ། བྱང་སྒྲ་མི་སྙན་ལོ་གཅིག་སྟོང་སྟེ་དེ་གསུམ་གྱི་མིའི་ཚེ་ལ་ངེས་པ་ཡོད་ཅིང་། འཛམ་བུ་གླིང་གཅིག་པུའི་ཚེ་ལ་ངེས་པ་མེད་པར་བཤད་པས་མི་འགྲིག་སྟེ། རྒན་དར་གཞོན་གསུམ་གྱི་གནས་སྐབས་གང་ལའང་ཤི་དང་འཆི་བཞིན་ཡོད་པ་ཨེ་ཤ་ཡ་དང་། ཡུ་རོབ། ཨ་རི་དང་ཨ་ཧྥི་རི་ཀ་སོགས་གང་ལ་ཁྱད་པར་སྤུ་ཙམ་ཡང་མེད་པས་སོ། ། ད་དུང་དེས་ག་ག་ཚད་དེ། ཁྲུ་བཅུ་དྲུག་དང་སོ་གཉིས་ཡོད་པའི་མི་ཞིག་ས་སྒང་འདིར་བྱུང་ཚེ་འགྲེམས་སྟོན་ཁང་ག་གེ་མོ་ཞིག་ཏུ་བཤམས་པ་ལས་འོས་མེད་ལ་དེས་ཀྱང་མི་གནོད་དམ། དེས་ན་ཕྱི་རོལ་བ་ཞིག་གིས་དགེ་འདུན་ཆོས་འཕེལ་ལ། ཁྱོད་ཚོའི་རི་རྒྱལ་དེ་གང་ན་ཡོད་ཅེས་དྲིས་པའི་ལན་དུ། ཁྱོད་ཚོའི་དཔག་བསམ་འཁྲི་ཤིང་གི་རྩེ་མོར་འཛེགས་ཏེ་བལྟས་ན་ད་བཟོད་ང་ཚོའི་རི་རྒྱལ་དེ་མཐོང་ཐུབ་གསུངས་པ་ལྟ་བུའི་ལན་རེ་གྲ་སྒྲིག་བྱེད་པ་ལས་འོས་མེད་ཤས་ཆེ། ཀུ་རེ་ཡིན་ཏེ། མ་མཐོང་ཕྱིར་ན་མེད་པ་མིན། ། སོགས་ཁྲིག་གེར་ཡོད་པའི་ལུང་དེ་དག་ང་ཚོས་སྐྱོར་ཤེས་ཤིང་། ཕལ་བའི་མིག་ཤེས་ཀྱིས་འདི་དང་དེ་མཐོང་མི་ནུས་པ་དང་། ཡོད་ཀྱང་སོ་སྐྱེ་ལ་ལས་ཀྱིས་སྣང་མི་ཐུབ། རྒྱལ་བོ་ཇུ་ནང་གི་ཤའི་མིག་དམིགས་བསལ་ཡིན་སོགས་འུ་ཅག་གི་འཆར་ཅན་གྱི་ནག་ཁུང་དེའི་སྒོ་ཕྱེ་ཡོད་པས་སྐྱོན་གྱི་གོ་སྐབས་མེད་དོ། །
ཡང་འཛམ་གླིང་ལ་དེ་རིང་མཐོང་བའི་ས་སྒང་རི་བོ་འདི་བཞག་ན་ཆེ་དྲགས་ཤིང་ཆུངས་ཀྱང་དྲགས་ཏེ། མདོ་དྲན་པ་ཉེར་བཞག་ལས། ‘‘འཛམ་བུའི་གླིང་ནི་པུ་ཏྲས་མགོ་དྲངས་པར་གྱུར་པའི་གྲོང་ཁྱེར་གསུམ་གྱིས་ལྷག་པའི་བརྒྱ་ཡིན་ནོ།།’’[5]ཞེས་འཛམ་གླིང་གི་རྒྱ་ཁྱོན་གྲོང་ཁྱེར་བརྒྱ་དང་གསུམ་གྱི་བདག་ཉིད་ཅན་དུ་བསྟན་ཅིང་། མཁས་དབང་དགེ་ཆོས་ཀྱིས(༡༩༠༣-༡༩༥༡)‘‘དེ་ལས་ཀྱང་ཡ་མཚན་པ་ལུས་འཕགས་ཀྱི་སྐད་དོད་བིདཧ་ནི་ཡུལ་ཤར་ཕྱོགས་ཡངས་པ་ཅན་གྱི་ཡུལ་དུ་ད་ལྟའི་བར་ཡོད་ཅིང་། འདུལ་བ་ལུང་དུ་ཡང་མ་སྐྱེས་དགྲའི་ཨ་མ་ཡངས་པ་ཅན་ནས་འོངས་པ་དེ་ལས་ལུས་འཕགས་མ་ཞེས་གསུངས་སོ།། དེ་ནས་ཤར་ལུས་འཕགས་གླིང་ཞིག་རྙེད། བ་ལང་སྤྱོད་ཀྱི་སྐད་དོད་གོདཝརི་སྟེ་ད་ལྟ་ཡང་མི་དེ་ཁོ་ན་སྟེ་རྒྱ་གར་ནུབ་ཏུ་ཡོད། ཕྱོགས་དེར་བ་གླང་སྤྱོད་ཅིག་ཀྱང་རྙེད། སྒྲ་མི་སྙན་ལ་ཀུ་རུ་སྟེ་སྒྲ་ངན་དུ་ཡང་བསྒྱུར་ཅིང་། མིང་ལ་ཡང་ཨུཏྟརཀུ་རེ་སྟེ་སྒྲ་མི་སྙན་དུ་གྲགས། དེ་ན་སྒྲ་མི་སྙན་ཡང་བྱུང་།’’[6]ཞེས་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས(༡༧༣༨-༡༧༨༠)ཀྱིས། ‘‘རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཀྱི་རྒྱ་མཚོ་ནས་ཚུར་རྡོར་གདན་དུ་ཡོང་བ་ལ། སླར་ཡང་གྲུའི་ལམ་ལས་འཛམ་བུའི་གླིང་ཉིད་དུ་འོངས།’’[7]ཞེས་འཛམ་གླིང་རྒྱ་གར་གྱི་ཡུལ་དབུས་ཙམ་ལ་ངོས་བཟུང་བ་དང་། དགེ་ཆོས་ཀྱིས། སིངྒལའི་རྒྱལ་བོ་སྐར་རྒྱལ་འཁོར་ལྔ་བརྒྱ་དང་བཅས་ནགས་སུ་རྔོན་བྱེད་པར་སོང་སྐབས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཏང་བའི་འཁོར་གཡོག་བཞི་མཐོང་ནས་གནོད་སྦྱིན་དུ་འཁྲུལ་ཏེ་མདའ་འཕེན་གྲབས་བྱས་སྐབས། གནས་བརྟན་གྱིས། ‘‘འདིར་ཤོག བདག་ཅག་འཛམ་བུའི་གླིང་ནས་ཁྱོད་ཁོ་ནའི་ཆེད་དུ་ཡོང་བ་ཡིན།’’[8]ཞེས་དང་། ཡང་རྒྱལ་བོས། ‘‘འདི་དང་འདྲ་བ་གཞན་ཡང་འཛམ་བུའི་གླིང་ན་ཡོད་དམ། ’’ཞེས་དང་། གནས་བརྟན་གྱིས། ‘‘རྒྱལ་བོ་ཆེན་པོ། རེ་ཞིག་འཛམ་བུའི་གླིང་དེ་ཉིད་འདི་ལྟ་བུ་དག་གིས་དམར་སེར་དུ་སྣང་ངོ་། །’’[9]ཞེས་པ་འདི་དག་ཐམས་ཅད་འཛམ་གླིང་རྒྱ་གར་ལ་ངོས་བཟུང་བ་ཤ་སྟག་ཡིན། བཤད་མ་ཐག་པ་དེ་རྣམས་ས་སྒང་ཆེན་པོ་འདི་འཛམ་བུ་གླིང་དུ་བཞག་ན་འཛམ་གླིང་ཆེན་པོ་དང་ཆུང་ངུའི་ཐ་སྙད་བྱས་ཤིང་། འཛམ་གླིང་ཆེན་པོ་གར་ཡོད་མ་བསྟན་ཀྱང་ཆུང་ངུ་ལ། རྒྱ་གར་དང་། བོད། ལི་ཡུལ། རྒྱ་ནག་དང་རྒྱ་ནག་ཆེན་པོ། ཀེེལཤའི་དུམ་བུ་དང་དྲུག་བཞག་སྲོལ་ལ་བལྟས་ན།[10] ཧ་ལམ་འཛམ་གླིང་ཆུང་ངུའི་ནང་ཨེ་ཤ་ཡའི་གླིང་ཡོངས་རྫོགས་ཚུད་པར་སེམས་ལ། དེ་ལྟར་ན་འཛམ་གླིང་ཆེན་པོའི་རྒྱ་ཅི་ཙམ་ཆེ་བ་སྨོས་ག་ལ་དགོས། འདི་ནི་འཛམ་གླིང་ལ་ས་སྒང་འདི་བཞག་ན་ཆུངས་དྲགས་པའི་སྐྱོན་ཡིན། འདི་ནས་ཧ་གོ་དགོས་པ་ཞིག་ནི་འདིར་བཤད་པའི་རི་རྒྱལ་དང་ཤམ་བྷ་ལ། འཛམ་བུའི་གླིང་སོགས་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་ས་སྒང་འདིའམ་ཕྱི་རོལ་གང་ཞིག་ཏུ་གོ་དགོས་པ་ལས། ཤར་ཕྱོགས་མངོན་དགའ་དང་། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་ཐུན་མོང་གི་སྤྱོད་ཡུལ་མ་ཡིན་པ་དང་། གང་སྣང་ལྷའི་དཀྱིལ་འཁོར་དུ་ཤར་བའི་གསང་སྔགས་ཀྱི་རྣལ་འབྱོར་བ་དག་གི་ཉམས་སྣང་། ཏིང་ངེ་འཛིན་གོམས་པ་ཤུགས་ཆེ་བ་དག་གིས་ས་གཞི་ཐམས་ཅད་ཆུའམ་ཀེང་རུས་སམ་མི་རོས་གང་བར་སྣང་བ་རྣམས་འཇིག་རྟེན་གྱི་མི་ཐུན་མོང་གི་ངོར་བཞག་ཏུ་མེད་པ་དེ་དག་དང་ནམ་ཡང་བསྲེས་པར་མི་བྱའོ། །
མདོར་ན་མཛོད་དང་དུས་འཁོར་ལས་བཤད་པའི་རི་རྒྱལ་ཞིག་བཞག་ཏུ་མེད་མོད་ཀྱང་། མེད་པ་མཐོང་བཞིན་དུ་ཡོད་པ་ཁས་མ་བླངས་ན་བོད་སྤྱི་ཚོགས་ཀྱི་དགྲ་བོ་ཆགས་པའི་ཉེན་ཁ་ཡོད་པར་མ་ཟད། ཡ་རབས་ཇོ་བཟང་གི་རླུང་རྟ་ལ་ནག་ཐིག་ཕོག་པའི་དངངས་སྐྲག་ཀྱང་ཡོད་པས་རང་ཁ་གྲུ་བཞི་རང་སྲོག་གཅོད་པའི་སྟ་རེ་མ་བྱས་ན་ཡག་སེ་བ་མེད་དམ་སྙམ། ཨ་ཅང་ཀུ་རེ་ཡིན་ཏེ། དག་སྣང་དང་གཉིད། འོད་གསལ་འདྲེས་མར་སྤྱོད་པ་དག་ལ་ཅི་ཡང་སྲིད་ལ་ཅི་ཡང་མི་སྲིད་པས་འུ་ཅག་བློ་བདེ་བས་ཆོག་གོ།
༣ ཤམ་བྷ་ལའི་མི་དང་སྐྱེ་དངོས་སོགས་ལ་དཔྱད་པ།
ཤམ་བྷ་ལ་ཞེས་པ་དེ་དག་པའི་ཞིང་ཁམས་ཤིག་མིན་ལ། མིག་ཤེས་ཀྱི་མཐོང་ཡུལ་དང་ལུས་ཤེས་ཀྱི་རེག་ཡུལ་ལས་འདས་པ་ཞིག་ཀྱང་མ་ཡིན་པར་བསྟན་ཡོད་ཐོགས་བཅས་ཀྱི་ཡུལ་ལུང་ཞིག་སྟེ། གངས་ཀྱི་རི་དང་། ཆུ་ཡི་མཚོ། ནགས་ཚལ་དང་ལྗོན་ཤིང་། བྱ་དང་རི་དྭགས། སྨན་དང་མེ་ཏོག་སོགས་འཇིག་རྟེན་རང་དགའ་བའི་ཁོར་ཡུག་དེར་རྩམ་པ་ཟ་བའི་མིའི་འགྲོ་བ་ཡང་ཡོད། དེར་མ་ཟད་ཡུལ་དེའི་འདབས་འབྲེལ་ཁྱིམ་མཚེས་རྒྱ་གར་དང་མཉམ་དུ་ཉོ་ཚོང་དང་འགྲོ་འོང་སོགས་ཅུང་ཟད་མང་བས། རྒྱ་གར་སྐད་དང་ཆ་ལུགས་ཀྱི་ཤན་རེ་ཞུགས་ཡོད་པ་དང་། མི་ཁ་ཤས་ལ་ཤ་ཁྲག་གི་འབྲེལ་བ་ཡང་བྱུང་བར་སེམས་ཏེ། པཎ་ཆེན་གྱིས། ‘‘ཤམ་བྷ་ལ་ཉིད་ཀྱང་སྐད་དང་ཆ་ལུགས་རིགས་རུས་སོགས་དུ་མའི་སྒོ་ནས་ཡུལ་འདིའི་སྡེར་གཏོགས་པའི་ཕྱིར་དང་།’’[11]ཞེས་གསལ་བོར་བསྟན་ཚུལ་ལ་བལྟས་ན། ཤམ་བྷ་ལའི་མི་རྣམས་ཀྱིས་མ་མཐར་ཡང་རེད་ལ་‘‘ཋིཀེ’’དང་། ཆུ་ལ་‘‘པཱ་ནི’’ཙམ་ཟེར་ཤེས་པར་མངོན། ཡུལ་དེའི་ཉེ་འཁོར་གྱི་སྐྱེ་དངོས་བཤད་སྐབས། པཎ་ཆེན་གྱིས། ‘‘ཕྱོགས་དེར་འཛམ་བུའི་གླིང་གི་ལྗོན་ཤིང་མ་ལུས་པ་སྐྱེ་ཞིང་།’’[12]ཞེས་འཛམ་གླིང་ངམ་རྒྱ་གར་གྱི་ཤིང་རིགས་མང་བོ་སྐྱེ་བར་བསྟན་པ་དང་། ཡང་། ‘‘སྨན་གྱི་ལྗོན་ཤིང་ཚད་མེད་པ་སྐྱེ་བའི་ཡུལ་ལྗོངས་ཉམས་དགའ་བ།’’[13]ཞེས་ཀྱང་བཤད། སུམ་པས། ‘‘མི་ཀུན་ཆོས་དང་གླུ་གར་རོལ་རྩེད་ཀྱིས་དུས་འདའ་བ་སོགས་བདེ་ལྡན་ཞིང་གི་དུམ་བུ་ཞིག་ཆད་དེ་གླིང་འདིར་འཕོས་པ་འདྲ་བ་ཡོད་དོ།།’’[14]ཞེས་པ་འདི་ལས་ཀྱང་གཞས་ཞབས་བྲོ་ལ་ཧ་ཅང་དགའ་བའི་རྒྱ་གར་བའི་གཤིས་ཀ་བསྟན་འདུག་པ་མ་ཟད། མིའི་ཡུལ་ཁམས་སྤྱིར་བཏང་བ་ཞིག་གི་བཀོད་པ་བཤད་འདུག་མོད། ཡང་ཤེལ་གྱི་ས་གཞི་དང་འོ་མའི་མཚོ། གསེར་གྱི་རི་བོ། རྡོ་རྗེ་ཕ་ལམ་གྱི་རྩིག་པ། བཙུན་མོ་ཁྲི་སྟོང་ཅན་གྱི་རྒྱལ་བོ་དང་དཔག་ཚད་ཁྲི་འབུམ་ཅན་གྱི་ཕོ་བྲང་སོགས་གནའ་བོའི་རྫུན་གཏམ་གོམས་པའི་བོད་པ་རྣམས་ཀྱི་སེམས་ཤུགས་མི་ཆག་པའི་ཐམས་ཤེས་ཤིག་ཡིན་ནམ་གང་ལྟར་ཡང་མ། ཤམ་བྷ་ལའི་ཉེ་འཁོར་ཞིག་ཏུ་མི་ལུས་རྟ་མགོ་ཅན་དང་ཁྱི་མགོ་ཅན། རྐང་བ་གཅིག་ལས་མེད་ཅིང་རྐང་བའི་ཐོག་ཏུ་ཕོ་མོའི་མཚན་མ་ཡོད་པ། རྣ་བོ་ཆེའི་རྣ་བ་གཅིག་གིས་སྔས་མགོ་དང་རྣ་བ་གཅིག་གྱོན་ནས་ཉལ་ཐུབ་པ། མགོ་མེད་པར་ཕྲག་པར་མིག་དང་སྐེ་ན་ཁ་ཡོད་པའི་མིའི་འགྲོ་བ་ཡོད་ཚུལ་ཀྱང་བྲིས།[15] དེའི་ཉེ་འཁོར་གྱི་ནགས་ཁྲོད་ན་གནས་པའི་མིའི་གདོང་གི་ངོས་ལ་ལུག་ནག་པོའི་བལ་འདྲ་བའི་སྤུ་སྐྱེ་བ་དག་ཡོད་[16]ཅེས་དང་། ཡང་། ‘‘སེང་གེ་རྐང་བ་བརྒྱད་པ་དང་རི་དྭགས་ལུས་བསྒྱུར་བ་ཞེས་པ་སེམས་ཅན་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ནུས་པ་ཡོད་པས་རིག་སྔགས་མ་གྲུབ་པ་དག་འགྲོ་མི་ནུས།’’[17]ཞེས་སོགས་འཆར་ཅན་གྱི་མགོ་བསྐོར་མང་བོ་ཡང་བསྲེས་འདུག
དེ་འདྲའི་སྐྱག་རྫུན་བཤད་པ་ལ་བཙན་པོ་(༡༧༨༩-༡༨༣༨)ངོ་ཚ་ནས་མི་ལུས་ཁྱི་མགོ་ཅན་ཟེར་བ་ནི་ཁྱིའི་མགོ་དངོས་ཡོད་པའི་དོན་མ་ཡིན་པར་ཁྱི་ལྤགས་ཅན་གྱི་ཞྭ་མོ་སྤུ་ཕྱིར་བསྟན་པ་གྱོན་པས་ཁྱི་མགོ་ཅན་དུ་བྲིས། ཞེས་དང་། ‘‘རྒྱུད་སྡེ་འགའ་ཞིག་ལས། ཝ་ར་ཎ་སིའི་ནུབ་ཕྱོགས་དཔག་ཚད་ལྔ་བརྒྱ་ན་ཨོཌིཡནའི་ཡུལ་ཡོད་པར་གསུངས་པ་དང་། སློབ་དཔོན་པདྨའི་རྣམ་ཐར་ལས་ཨུ་རྒྱན་དང་བོད་བར་ན་ལོ་གཅིག་དང་ཟླ་བ་གཅིག་གི་ལམ་ཡོད་པར་གསུངས།’’[18]ཞེས་དོན་དང་མ་འབྲེལ་བའི་འུད་གཏམ་ལ་ཟུར་ཟའི་རྣམ་པ་མང་བོ་མཛད་ཡོད། གོང་དུ་འཁོད་པའི་ཤམ་བྷ་ལ་དེ་རྒྱ་གར་དང་ཁད་ཉེ་བའི་བོད་ཀྱི་ཡུལ་གྲུ་ཞིག་ཏུ་མཛུབ་མོ་རི་སྟོན་བྱས་པ་ལ། དཔྱད་པ་བཏང་ནས་སྨྲ་མཁན་ལ་ལས། འོ་ན་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ཤམ་བྷ་ལར་ལོ་ལམ་ཟླ་ལམ་བརྒྱུད་དགོས་པར་མ་ཟད། རིག་སྔགས་མ་གྲུབ་པ་དང་། མཚམས་བསྙེན་པ་མེད་ན་སླེབས་མི་ཐུབ་པར་མ་གསུངས་སམ། པཎ་ཆེན་བླ་མའི་གསུང་ལ་འཁྲུལ་བ་ཡོད་དམ་ཟེར་ན། བདེན་མོད་ཁོང་གིས་ཁག་ཐག་ཆོད་ཅིག་གསུངས་པའི་རྒྱུ་རྐྱེན་གཙོ་བོ་ནི་མན་ལུང་གུ་རུའི་ཁ་ལ་མཉན་ནས་སྟོད་མངའ་རིས་ལ་འགྲོ་རྒྱུ་བྱས་ན་དེ་ག་རང་དུ་ཡོད་མོད། དེ་ལྟར་མ་བྱས་པར་ཐོག་མར་བོད་ནས་རྒྱ་གར་རྡོ་རྗེ་གདན་དང་དེ་ནས་ཀྱང་ནུབ་ཕྱོགས་པའི་མཚོ་གླིང་ཞིག་ཏུ་གནས་མཇལ་བྱས། ཡང་བསྐྱར་དེ་ནས་རྡོ་རྗེ་གདན་བརྒྱུད་ཅིང་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་གྲུ་མང་བོ་བརྒལ་མཐར་ཧི་མ་ལ་ཡའི་རི་རྒྱུད་ཀྱང་བཅད་དེ་མངའ་རིས་སུ་སླེངས་དགོས་པས། རྐང་ཐང་དུ་འགྲོ་བའི་ལམ་བར་ན་དགྲ་ཇག་ཆོམ་རྐུན་དང་གཅན་གཟན་མཐོང་མྱོང་མ་མྱོང་སྣ་ཚོགས། ནགས་ཚལ་སྟུག་པོ་དང་རི་བྲག་གཡང་གཟར། ཟམ་པ་མེད་པའི་ཆུ་ཀླུང་སོགས་ལ་ཉེ་མཆོང་བྱེད་དགོས་པ་ལ་དགོངས་སམ་སྙམ། ཡང་ལ་ལས་ངོ་མཚར་བའི་གསང་སྔགས་ཀྱི་གནས་མཆོག་དེ་འདྲ་ཞིག་ང་ཚོའི་མིག་གིས་ག་ལ་ནུས་སྙམ་ན་མ་འབྲེལ་ཏེ། འདས་པའི་སངས་རྒྱས་བཞི་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་། མ་འོངས་པའི་སངས་རྒྱས་དགུ་བརྒྱ་གོ་དགུ་འཚང་རྒྱ་ས་དང་དེ་དག་གིས་ཆོས་འཁོར་བསྐོར་ས་ནི་རྡོ་རྗེ་གདན་ཡིན་ལ། དེ་ལྟ་བུའི་གནས་མཆོག་དེ་མིག་གིས་མཐོང་རྒྱུ་དང་ལུས་ཀྱིས་རེག་ས་གང་ཡང་ཡོད་ན་ཤམ་བྷ་ལ་མཐོང་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་པར་སེམས། མདོར་ན་ཆོས་མངོན་པ་མཛོད་ལས་གངས་ཏི་སེ་དང་མཚོ་མ་དྲོས་པར་རྫུ་འཕྲུལ་མེད་ན་འགྲོ་མི་ནུས་པར་བཤད་པ་དང་། ས་སྐྱ་པཎ་ཆེན་གྱིས། བོད་ཡུལ་མངའ་རིས་ན་ལྷམ་མེར་བརྗིད་པའི་གངས་རུ་ཏི་སེ་ནི་ཏི་སེ་རྫུན་མ་ཙམ་ལས་དངོས་མ་ཡིན་ཞིང་། གངས་ཏི་སེ་དངོས་ལ་མི་ཕལ་བ་འགྲོ་མི་ཐུབ་པར་བཤད་པ་དང་།[19] བཙན་པོས། ཤམ་བྷ་ལའི་རིགས་ལྡན་ཕེ་རང་ངམ་ཡུ་རོབ་ཀྱི་མི་ཡིན་པར་བཤད་པ་དང་།[20] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས། བོད་ཀྱི་ཡུལ་དེ་ཤམ་བྷ་ལའི་གཟུགས་སུ་བཀོད་པ་དང་། བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་རྒྱལ་བོ་རྣམས་ཤམ་བྷ་ལའི་རྒྱལ་བོའི་གཟུགས་སུ་བཀོད་པ་ལས་ཤམ་བྷ་ལའི་ཡུལ་ཞིག་གླིང་འདིར་མེད།[21]ཅེས་སོགས་མཁས་པའི་བཤད་ཚུལ་སྣ་ཚོགས་ཤིག་འདུག་ཀྱང་། མཁས་དབང་དགེ་ཆོས་ཀྱིས། ‘‘ད་ལྟ་བོད་ཀྱི་བླ་གཟུགས་འགའ་རེས་རྒྱ་གར་དུ་སླེབས་ནས་རྡོར་གདན་འདི་བཏགས་པ་བ་ཡིན་གྱི་དངོས་མ་དེ་ནུབ་ཕྱོགས་ག་ཤེད་ཅིག་ན་ཡོད་ངེས་སོགས་འཆར་ཅན་གྱི་མགོ་བསྐོར་ཆེན་པོ་དེའི་ཁ་རྗེས་ལ་ཉེ་བ་སོགས་མཆིལ་མའི་ཐལ་བ་བཞིན་དུ་འདོར་དགོས།’’[22]གསུངས་པ་ལ་ཡིད་དང་བས་ཕྱོགས་སོ།།
༤ ཤམ་བྷ་ལའི་མིང་ལ་དཔྱད་པ།
དུས་འཁོར་རྩ་རྒྱུད་གསུང་བ་པོ་སྟོན་པ་ཤཱཀྱ་ཐུབ་པ་ཡིན་མིན་ལ་མི་མཐུན་པ་མང་བོ་ཞིག་ཡོད། རང་རེའི་ཆོས་འབྱུང་ལ་ལ་ན་སྟོན་པ་དགུང་གྲངས་བརྒྱད་བཅུ་བ་ལ་རྩ་རྒྱུད་གསུངས་པར་བཤད་པ་ལྟར་ན་ཕྱི་ལོ་སྔོན་གྱི་སོ་དགུ་བ་(39B.C)ལ་འཁེལ་འདུག་ཅིང་། དེ་ནི་ཤམ་བྷ་ལ་ཞེས་པའི་ཐ་སྙད་འདི་འཇིག་རྟེན་དུ་ཐོག་མར་བྱུང་བའི་དུས་ཡིན། དེ་ནས་ལོ་༡༥༠༨པ་སྟེ་ཕྱི་ལོ་༡༠༢༧ལོ་ལ་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་རྩ་རྒྱུད་བོད་སྐད་དུ་ཐོག་མར་བསྒྱུར་ཅིང་། དེ་ནི་ཤམ་བྷ་ལ་ཞེས་པའི་མིང་འདི་ཉིད་ཐོག་མར་བོད་ཡུལ་དུ་སླེབས་པའི་སྐབས་ཡིན།
ཤམ་བྷ་ལ་ཞེས་པའི་མིང་འདི་བོད་དང་རྒྱ་གར་གཉིས་ལས་རྒྱ་སྐད་དང་། འདོད་རྒྱལ་དང་རྗེས་གྲུབ་གཉིས་ལས་རྗེས་གྲུབ་ཀྱི་ཐ་སྙད་ཅིག་ཡིན་ཏེ། སུམ་པས་ཡུལ་དེར་ཤམ་བྷ་ལ་ཟེར་བའི་རྒྱུ་མཚན་ནི་མང་བཀུར་རྒྱལ་བོ་དང་གདུང་རྒྱུད་གཅིག་པའི་ཤཱཀྱ་ཤམབྷལ་བྱ་བས་ཡུལ་དེ་བཟུང་བས་ཤ་བྷ་ལ་ཐོགས་པར་བཤད་ཅིང་།[23] ཐུའུ་བཀྭན་ཆོས་ཀྱི་ཉི་མས་(༡༧༣༧-༡༨༢༠)བཤད་ཚུལ་གཉིས་བཀོད་པའི་སྔ་མ་ནི། ཤཱཀྱའི་རིགས་ཤམ་བྷ་ཀ་ཞེས་པས་ཡུལ་དེ་བཟུང་བས་མིང་དེ་ཐོགས་པར་བཤད། ཕྱི་མ་ནི་ཤམ་བྷ་ལ་ཞེས་པ་བོད་སྐད་དུ་བདེ་འབྱུང་འཛིན་པ་ཞེས་པའི་དོན་ཡིན་ལ། བདེ་འབྱུང་ནི་ལྷ་དབང་ཕྱུག་གི་མིང་དང་། དེས་བཟུང་བའི་ཡུལ་ཡིན་པས་ཤམ་བྷ་ལ་ཟེར་བར་བཤད།[24] བཤད་ཚུལ་འདི་གསུམ་གང་ཡིན་ཀྱང་གང་ཟག་གི་མིང་ཡུལ་ལ་ཐོགས་པར་སེམས། ལུང་གསུམ་པ་འདི་ལས་གསལ་བར་མཐོང་ཐུབ་པ་ནི་ཤམ་བྷ་ལ་ཞེས་པ་དོན་གྱིས་‘‘ཏི་སེ་’’སྟེ་‘‘གངས་རིན་པོ་ཆེ་’’ཡིན་པར་བསྟན་ཡོད། རྒྱུ་མཚན་ནི་ཤེས་རབ་གོ་ཆས་དབང་ཕྱུག་ཆེན་པོ་དང་ཨཱུ་མ་ཁྱུ་མཆོག་དང་བཅས་པ་མངོན་སུམ་དུ་བཞུགས་པའི་གནས་ཏི་སེ་ཡིན་པར་བཤད་པ་ཤིན་ཏུ་འགྲིག་པས་སོ།།[25]
ད་ནི་བོད་རིགས་ལྡན་གྱི་ཆོས་ལ་མོས་པ་རྣམས་ཀྱིས་ཤམ་བྷ་ལ་དེ་སྨོན་ལམ་རྒྱག་སའི་ཡུལ་ཙམ་ཞིག་ལས་ཆུ་བུར་གྱི་མིག་འདིས་ནམ་ཡང་མཐོང་མི་ཐུབ་སྙམ་པའི་སེམས་ཤུགས་ཆག་མི་དགོས་པར་རྩམ་པ་ཁུག་མ་གང་འཁུར་ནས་སྟོད་མངའ་རིས་ལ་ཕེབས་དང་། ཤམ་བྷ་ལའི་ཞིང་ཁམས་དང་འཕྲད་ངེས་ཡིན། ཡ་་་ཡ་་་ཡ་གྲོགས་པོ་ལྷོད་ལྷོད་ཀྱིས། ངས་ཤམ་བྷ་ལ་དེ་གངས་ཏི་སེ་རེད་ཅེས་བཤད་མ་ཐག་འདྲོགས་ཀྱང་མི་དགོས་ལ། རླུང་ཡང་ལངས་དགོས་དོན་མེད། ངས་ཤམ་བྷ་ལའི་གནས་མཆོག་གི་ངོ་མཚར་ཆུང་དུ་གཏོང་བ་དང་དེ་ལ་སྨད་བསམ་པ་གཏན་ནས་མིན་པར་འུ་ཅག་ཚང་མས་ཁས་ལེན་རུང་བའི་སྤྲུལ་སྐུ་མཁས་གྲུབ་དག་གི་གསུང་རྩོམ་ལ་ཞིབ་འཇུག་བྱས་ཏེ། དོན་དངོས་ར་འཕྲོད་པ་ན་རང་གཅིག་པུའི་ཁོག་ཏུ་མ་ཉར་བར་ང་ཚོ་ཚང་མ་ལ་བགོ་བཤའ་བྱེད་པའི་ཀུན་སློང་རྣམ་པར་དག་པས་བཤད་པ་ཡིན། འུ་ཅག་གི་གཞུང་ལུགས་ཤིན་ཏུ་མང་བོ་ན་རྒྱ་གར་ལྷ་ཡི་རིགས། རྒྱ་ནག་ཀླུའི་རིགས། བོད་དུད་འགྲོའི་རིགས་ཞེས་རང་གིས་རང་ལ་སྨད་པ་གོམས་ཆེ་བ་རྣམས་ལ་ཤམ་བྷ་ལ་ལྷ་ཡུལ་རྒྱ་གར་ན་མེད་པར་དུད་འགྲོའི་ལུང་བ་བོད་ཡུལ་དུ་ཡོད་པར་བཤད་ན་ཤིན་ཏུ་ནས་ཀྱང་མི་འཚམ་མོད། གནས་ལུགས་དངོས་ལ་འཁྱོག་བཤད་དང་སྐྱག་རྫུན་བཤད་མ་ཕོད་པར་མིང་གི་ཇོ་བཟང་ལས་དོན་གྱི་ཇོ་བཟང་ཞིག་བྱེད་འདོད་སྐྱེས་པ་ཡིན། ད་ནི་རྒྱུ་མཚན་མང་བོ་ལས་ཤམ་བྷ་ལ་གངས་ཏི་སེ་ཡིན་པ་ར་འཕྲོད་ཚུལ་བཤད་པར་བྱ་སྟེ། སྟོན་པའི་རྣམ་ཐར་ཆེན་མོ་ལས། ‘‘ཆུ་བོ་སུ་ཏཱའི་བྱང་གངས་ལྡན་གྱི་ལྷོ་ན་ཤམ་བྷ་ལ་སའི་དབུས་ཀྱི་ལྟེ་བ་ཀེེལཤར་གྲགས་པ་ན་ལྷས་བཀོད་པའི་གྲོང་ཁྱེར་ཀ་ལ་བ་ ’’ [26]ཞེས་ཆུ་བོ་སི་ཏཱའམ་སེངྒེ་ཁ་འབབ་ཀྱི་བྱང་དུ་ཤམ་བྷ་ལ་ཡོད་པར་བཤད་པ་མ་ཟད། ཀེེལཤ་ཞེས་གངས་རི་ཏི་སེའི་མིང་ཡང་དངོས་སུ་བསྟན་པ་དང་གཅིག མན་ལུང་བས། སྟོད་མངའ་རིས་ནས་ཉིན་གཉིས་གསུམ་ཙམ་སོང་ན་ཤམ་བྷ་ལར་སླེབས་པར་བཤད་པ་དང་གཉིས།[27] ཐུའུ་བཀྭན་པས། ཤམ་བྷ་ལ་ཞེས་པ་ནི་བདེ་འབྱུང་འཛིན་པ་སྟེ་ལྷ་དབང་གིས་བཟུང་བའི་གནས་གངས་ཏི་སེ་ཡིན་པར་བཤད་པ་དང་གསུམ།[28] སུམ་པས། ‘‘གངས་ཅན་དེ་དང་ཏི་སེ་ནི་ཤམ་བྷ་ལའི་གངས་རི་ཡིན་ཞེས་པའང་ཡོད་ཀྱང་། གངས་ཅན་རི་ཞེས་པ་མ་དྲོས་པ་དང་ཉེ་བའི་དེ་དང་ཤམ་བྷ་ལའི་གངས་རི་ལ་བཤད་དུ་རུང་ངོ་།།’’[29] ཞེས་ཤམ་བྷ་ལའི་གངས་རི་གངས་ཏི་སེ་ལ་བཤད་པ་མ་ཟད་ཏི་སེའི་འགྲམ་གྱི་མཚོ་མ་དྲོས་པའམ་མ་ཕམ་གཡུ་མཚོ་དང་བཅས་པ་གསལ་བོར་བསྟན་པ་དང་བཞི། ལམ་ཡིག་ལས། ‘‘མདུན་ཕྱོགས་ཆུ་བོ་སིཏའི་ཕྱོགས་ལ་བསྟན་པའི་གཡས་ན་ཕྱེད་པའི་དེ་ཤམ་བྷ་ལའི་ཡུལ་ཆེན་པོ་ཡིན་ནོ།།’’[30]ཞེས་ཏི་སེའི་འགྲམ་གྱི་ཆུ་བོ་སེང་གེའི་ཁ་འབབ་ཀྱང་བསྟན་པ་དང་ལྔ་། མཚོ་སྔོན་ལོ་རྒྱུས་ལས། ‘‘དེའི་རྒྱབ་ཏུ་ཕྱི་རོལ་བ་ཨུ་རུ་སུ་དང་ནུབ་ཏུ་ཤམ་བྷ་ལར་ཐུག་གི་བར་དུ་མུ་སྟེགས་པ་ཏུ་རུ་ཁ་སོགས་ཧོ་ཐོན་མུ་མེད་པ་ཡོད།’’[31]ཅེས་གངས་ཏི་སེ་དང་བར་ཐག་མི་རིང་བའི་ཀཤིསྨྲི་གྱི་ཁ་ཆེ་དང་བཅས་པ་བསྟན་པ་དང་དྲུག པཎ་ཆེན་གྱིས། ཤམ་བྷ་ལའི་ཕོ་བྲང་གི་ངོ་བོ་གངས་རི་ཡིན་པ་ལ་ལོ་མང་བོར་མ་ཞུ་ཞིང་གཟི་འོད་འཚེར་བ་སོགས་གངས་རི་ཉིད་དུ་བཤད་པ་དང་། བཙན་པོས་ཀྱང་དེ་ཇི་བཞིན་དུ་བཤད་པ་དང་བདུན།[32] ད་དུང་ཤེས་བྱེད་ངོ་མཚར་བ་གཞན་ཞིག་ནི་ཐུའུ་བཀྭན་གྲུབ་མཐའ་ལས། ‘‘ཡུལ་གྱི་བཀོད་པ་ནི། དབྱིབས་ཟླུམ་པོ་མཐའ་གངས་རིས་བསྐོར་བའི་ནང་པདྨ་འདབ་བརྒྱད་ཀྱི་དབྱིབས་ཅན་’’[33]ཞེས་དང་། ལམ་ཡིག་ལས། ‘‘གྲུབ་པའི་གནས་མཆོག་དེ་ནི་ཤིན་ཏུ་དབྱིབས་ཟླུམ་པོ་མཐའ་བསྐོར་གངས་རིའི་འཕྲེང་བས་བསྐོར་ཞིང་།’’[34]ཞེས་དུས་འཁོར་རྒྱུད་འགྲེལ་ཕལ་ཆེར་དང་ཆོས་འབྱུང་གནས་ཡིག་ཁག་ལས་ཤམ་བྷ་ལའི་དབྱིབས་བཤད་པ་དང་། བཙན་པོས། ‘‘ད་ལྟ་ཡོངས་གྲགས་ལ་གྲགས་པའི་ཏི་སེ་ནི་ཤིན་ཏུ་མཐོ་བ། ཕྱིང་གུར་གྱི་དབྱིབས་ལྟ་བུ་གཙང་རིས་དཔལ་མགོན་བདུན་ཅུ་ཡིན་ཟེར་བའི་རི་མང་བོས་བསྐོར་ཡོད་པ་ལ།’’[35]ཞེས་གངས་ཏི་སེའི་དབྱིབས་ཀྱི་ཁྱད་པར་བཤད་པ་རྣམས་ཨུ་ཚུགས་ཅུང་ཟད་ཀྱང་མི་དགོས་པར་རང་ཤུགས་ཀྱིས་འབྱར་འགྲོ་བ་དང་བརྒྱད། ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་(༡༨༥༨-༡༩༣༣)གྱིས། ‘‘གཞན་སྡེས་དུས་འཁོར་ལ་སོགས་གསང་སྔགས་ཀྱི་རྒྱུད་སྡེ་མང་བོ་ཤམ་བྷ་ལ་ནས་བསྒྱུར་བར་བཤད་པ་སོགས་ཀྱང་འོལ་མོ་གླིང་ནས་གཞན་དུ་བསྒྱུར་བ་ཡིན་ཏེ། རྒྱ་གར་གྱི་མི་རྣམས་ཀྱིས་ཞིང་ཁམས་དེ་ལ་ཤམ་བྷ་ལར་མིང་བཏགས་པ་མདོ་ལས་བཤད་པས་སོ།།’’[36]ཞེས་བོན་པོ་རྣམས་ཀྱིས་འོལ་མོ་ལུང་དུ་འབོད་པའི་གངས་ཏི་སེའི་ཡུལ་བསྟན་པར་མ་ཟད་དེ་ལ་རྒྱ་གར་བས་ཤམ་བྷ་ལ་ཞེས་འབོད་པ་དང་བཅས་བསྟན་པ་དང་དགུ། ཡང་སུམ་པས། ‘‘ཤམ་བྷ་ལའི་ས་འདབ་བརྒྱད་འདྲ་བའི་དབུས་ཀྱི་མཚོ་ཆེན་ཟུང་ལས་ཆུ་རྒྱུན་གྱེས།’’[37]ཞེས་གངས་ཏི་སེའི་ལྷོ་འདབས་ཀྱི་མཚོ་མ་ཕམ་པ་དང་། ལ་ལྔའི་(འདི་ལ་ལང་ཀའི་མཚོ་དང་། ལག་ངའི་མཚོ། ལ་ལྔའི་མཚོ་སོགས་ཟེར་ཡང་མིང་གི་རྣམ་གྲངས་ཡིན།)གཉིས་ཀྱང་བསྟན་པ་དང་བཅུ་བོ་འདི་རྣམས་དཔྱད་གཞིར་འོས་པའི་ཡིག་ཆ་ཁག་གི་མཚན་གཞིའི་དཔེར་བརྗོད་ཙམ་ཡིན་ལ། ལྷ་སྒྲུང་དང་སྐྱག་རྫུན་གྱིས་བསླད་པའི་རྣམ་ཐར་ཆོས་འབྱུང་དང་ལམ་ཡིག དག་སྣང་གི་ཆེ་བ་ངོམ་པ་སླེ་ལུང་བཞད་རྡོར་གྱིས་ཟངས་མདོག་དཔལ་རི་རང་གི་གམ་ན་ཡོད་པ་བཤད་པ་ལྟ་བུའི་ལམ་ཡིག་གནས་བཤད་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་གཟིགས་སྣང་དང་ལྟ་སྤྱོད་ཐུན་མོང་གི་ངོར་དཔྱད་དུ་མེད་པ་སོགས་ཤམ་བྷ་ལའི་སྐོར་གྱི་ཡིག་ཆ་འདྲ་མིན་སྟོང་ཕྲག་བརྒལ་བ་ཡོད་སྲིད་ཀྱང་རེ་ཞིག་འདི་ཙམ་དཔྱད་གཞིར་ཕུལ་བ་ཡིན།
༥ གྲོང་ཁྱེར་ཤམ་བྷ་ལའི་རྒྱ་ཁྱོན་དང་མི་འབོར་ལ་དཔྱད་པ།
དུས་འཁོར་རྒྱུད་འགྲེལ་ཕལ་ཆེར་དང་ཆོས་འབྱུང་ཁག་ཏུ་ཤམ་བྷ་ལར་གྲོང་ཁྱེར་བྱེ་བ་དགུ་བཅུ་གོ་དྲུག་ཡོད་པར་བཤད་ཅིང་། ལམ་ཡིག་ལས། ‘‘ཁྱོན་བསྡོམས་གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་གཉིས་སོ།།’’[38]ཞེས་སྔ་མ་ལས་བྱེ་བ་བཞིས་ཉུང་བ་ཙམ་ལས་དེར་གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་གྲངས་ཤིག་ཡོད་པ་ལ་མི་མཐུན་པ་མེད། འདིར་བཤད་པའི་གྲོང་ཁྱེར་གྱི་ཚད་གཞི་ནི་གནའ་བོའི་རྒྱ་གཞུང་དང་མི་བསྟུན་མཐུ་མེད་པས་དེ་ལྟར་བཤད་ན། རྒྱ་གར་གྱི་གཞུང་ལུགས་སྤྱི་འགྲོས་ལ་གྲོང་ཞིག་གི་མ་མཐའི་ཚད་གཞི་མི་ཁྱིམ་བརྒྱད་ཡན་འདུས་པ་ཞིག་དགོས་ཤིང་། དེ་ལྟ་བུའི་གྲོང་བརྒྱད་བརྒྱ་འདུས་ཤིང་བཟོ་སོགས་རིག་གནས་བཅོ་བརྒྱད་ཚང་བ་ནི་གྲོང་ཁྱེར་གྱི་མ་མཐའི་ཚད་གཞི་ཡིན། དེ་ལྟར་བྱས་ཚེ་དེང་སང་གི་ས་སྒང་རིལ་བོ་འདིར་གནས་པའི་རྒྱལ་ཁབ་ཆེ་ཕྲ་ཐམས་ཅད་ལ་ཆ་སྙོམས་གྲོང་ཁྱེར་ཆིག་སྟོང་རེ་ཡོད་པ་ལ་ཆ་བཞག་ན་གྲོང་ཁྱེར་སུམ་འབུམ་ཙམ་ཡང་མི་ཟིན་པས། ཤམ་བྷ་ལའི་གྲོང་ཁྱེར་བྱེ་བ་གོ་དྲུག་པོ་བར་གསེང་མེད་པར་བསྒྲིགས་ཀྱང་སྐམ་ས་ཆེན་པོ་འདི་དག་ཏུ་ཤོང་དཀའ་སེ་བ་མེད་དམ་སྙམ། ཡང་སྔ་མའི་མི་ཁྱིམ་རེ་ལ་མི་གཅིག་ལས་མེད་པ་ལ་ཆ་བཞག་ན། ཤམ་བྷ་ལའི་མི་གྲངས་བསྡོམས་འབོར་(༤༡༤༤༠༠༠༠༠༠༠༠)དུང་ཕྱུར་དྲུག་སྟོང་བརྒྱ་དང་བཞི་བཅུ་ཞེ་བཞི་མ་མཐར་ཡང་འབྱུང་ལ། དེ་ནི་སའི་གོ་ལ་རིལ་བོའི་ཁྱོན་གྱི་མི་གྲངས་ལས་ལྡབ་(༡༠༢.༤)བརྒྱ་དང་བཅུ་མེད་གཉིས་དང་གྲངས་ཆུང་བཞི་ཡིས་མང་བར་བསྟན་པ་ཡིན། བློ་རྣལ་དུ་ཕབ་ནས་བསམ་གཞིགས་ཤིག་བྱས་ཚེ་ཤམ་བྷ་ལ་དེ་ས་སྒང་འདིའི་སྟེང་དུ་ཤོང་བའི་གནས་མེད། ཨ་ཅང་ཀུ་རེ་ཡིན་ཏེ། བླ་མ་རྭ་ལོས་འཁྲུངས་ཡུལ་སྟོད་གུང་ཐུང་དུ་གྲོང་ཁྱེར་ཉིས་བརྒྱའི་མི་རྣམས་ཐག་རིང་བོའི་བར་དུ་བསྐྲད་པ་ལ་བསམས་ཚེ་ཤམ་བྷ་ལའི་གྲོང་ཁྱེར་བྱེ་བ་གོ་དྲུག་ཀྱང་ལྷ་ས་མཐིལ་དུ་མི་ཤོང་བའི་དོགས་པ་ནམ་ཡང་མི་དགོས་སོ། །
ཡང་ཕྱོགས་གཞན་པ་ཞིག་ནས་བལྟས་ན་ཤམ་བྷ་ལའི་གྲོང་ཁྱེར་མི་རྙེད་པ་དང་གཞན་དུ་ནོར་འགྲོ་བ་ཞིག་གཏན་ནས་མ་ཡིན་ཏེ། ལམ་ཡིག་ལས། གྲོང་ཁྱེར་དེའི་ཕྱི་བསྐོར་གྱི་གངས་རི་ཕྲེང་བ་ཟླུམ་པོར་བསྐོར་བའི་རྒྱ་ཁྱོན་ནི་དཔག་ཚད་ལྔ་བརྒྱ་དང་། ནང་གི་ཕོ་བྲང་ཀ་ལ་བ་རང་ལའང་བཅུ་གཉིས་ཡོད་པར་བཤད་པ་[39]ལ་བལྟས་ན། མཛོད་ལས། ‘‘འཛམ་བུའི་གླིང་གི་ངོས་གསུམ་ལ། ། སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། ། གཅིག་ལ་དཔག་ཚད་ཕྱེད་དང་བཞི། །’’ཞེས་འཛམ་གླིང་སྤྱིའི་རྒྱ་ཁྱོན་བཤད་པ་ལས་ཧ་ཅང་མི་ཆུང་བས། དེང་སང་རྒྱ་མཚོའི་ཞབས་ཀྱི་རྡེའུ་བཙལ་ནུས་པའི་དུས་རབས་འདིར་དཔག་ཚད་ལྔ་བརྒྱའི་ཁྱོན་ཅན་གྱི་གྲོང་ཁྱེར་ཤམ་བྷ་ལ་བོར་ནས་མི་རྙེད་པ་ག་ལ་སྲིད་སྙམ་མོ། ། འོན་ཀྱང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ལོ་བཅུ་གཉིས་རིང་བཙལ་མཐར་རྙེད་པ་ནི། ‘‘རྒྱ་གར་ཞིང་གི་གྲོང་ཁྱེར་ཤམ་བྷ་ལ་གྲ་མ་་་ ་་་ མ་བྷ་ལའི་གྲོང་དེ་རང་རེའི་ལྷ་ས་ལས་ཆུང་ཙམ་སྣང་ཞིང་། མི་སྟེགས་ཀྱི་ལྷ་ཁང་མང་ཞིང་གནས་ཆེན་དུ་བརྩི།’’[40]ཞེས་བོད་ལྐོག་གྱུར་ལ་དགའ་བ་རྣམས་མི་མགུ་བའི་ལུང་མཐིལ་ཆུང་ངུ་ཞིག་ངོས་འཛིན་གནང་འདུག དོན་དངོས་ཀྱང་བོད་མངའ་རིས་གངས་རི་ཏི་སེ་དང་ཁད་ཉེ་བའི་རྒྱ་བོད་ས་མཚམས་ཀྱི་གྲོང་ཚོ་ཞིག་སྟེ། དབང་ཕྱུག་ཆེན་པོས་ཡུལ་དེ་བཟུང་བའི་གཏམ་རྒྱུད་དང་མིང་ཡང་མ་ཉམས་པར་ཡོད་དམ་སྙམ་ལ། གཞན་དོགས་པ་ཆེན་པོ་ཞིག་ཡོད་པ་ནི་སྟོན་པ་གཤེན་རབ་ཀྱིས་བོན་གྱི་ཆོས་འཁོར་བསྐོར་སའི་ཡུལ་གཙོ་བོ་ནི་འོམ་མོ་གླིང་ངམ་གངས་ཏི་སེའི་ཉེ་འཁོར་ཞིག་ཡིན་པས། སྐབས་དེའི་རྒྱ་གར་གྱི་རྫོ་ཀི་ལྷ་དབང་ཕྱུག་གི་གནས་གངས་ཏི་སེར་གནས་མཇལ་བྱེད་མཁན་ཚོས་གཤེན་རབ་མི་བོ་ཆེ་ལ་ཇི་ལྟར་འབོད་ཚུལ་དང་། རྒྱ་གར་དང་མི་འདྲ་བའི་བོད་ཀྱི་གདོད་མའི་ཆོས་ལུགས་དང་དེ་འཛིན་མཁན་གང་ཟག་གི་ཁྱད་པར་ཅི་ལྟར་བྲིས་ཡོད་མེད་ལ་ཞིབ་འཇུག་ཅིག་བྱ་དགོས་མོད། སྐད་བཞི་སྐད་ལྔ་མཁྱེན་པའི་ཉམས་ཞིབ་པ་འཇོན་པོ་ཞིག་གི་ཕྱག་ལས་ལ་འོས་པར་མཐོང་ནས་རེ་ཞིག་བཞག་གོ། །།
དཔྱད་གཞིའི་ཡིག་ཆའི་འབྱུང་ཁུངས།
[1] ༡༩༩༠ བོད་ལྗོངས་ནང་བསྟན། ཤོག་ངོས་༡༡
[2] ༡༩༩༠ བོད་ལྗོངས་ནང་བསྟན། ཤོག་ངོས་༡༢
[3] རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། ཤོག་ངོས་༤ བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་པར་མ།
[4] ཀློང་ཆེན་ཆོས་འབྱུང་། ཤོག་ངོས་༣༥ནས་༣༦ བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་པར་མ།
[5] སུམ་པ་ཡེ་ཤེས་དཔལ་འབྱོར། འཛམ་གླིང་སྤྱི་བཤད་ངོ་མཚར་གཏམ་སྙན། ཤོག་ངོས་༢ ལྷ་ས་ལྕགས་པར། (འོག་ནས། སུམ་པ། འཛམ་སྤྱི། ཞེས་བཀོད་ཡོད།)
[6] དགེ་འདུན་ཆོས་འཕེལ། གཏམ་རྒྱུད་གསེར་གྱི་ཐང་མ། ཤོག་ངོས་༡༦༡ གངས་ཅན་རིག་མཛོད། ༡༠ (འོག་ནས། དགེ་ཆོས། གསེར་ཐང་། ཞེས་བཀོད་ཡོད།)
[7] པཎ་ཆེན་དཔལ་ལྡན་ཡེ་ཤེས། ཤམ་བྷ་ལའི་ལམ་ཡིག ཤོག་གྲངས་༣༥ བཀྲས་ལྷུན། ཤིང་པར། (འོག་ནས། པཎ་ཆེན། ལམ་ཡིག ཅེས་བཀོད་ཡོད།)
[8] དགེ་ཆོས། གསེར་ཐང་། ཤོག་ངོས་༤༤
[9] དགེ་ཆོས། གསེར་ཐང་། ཤོག་ངོས་༤༤
[10] པཎ་ཆེན། ལམ་ཡིག ཤོག་ངོས་༤༢ སུམ་པ། འཛམ་སྤྱི། ཤོག་ངོས་༢
[11] པཎ་ཆེན། ལམ་ཡིག ཤོག་ངོས་༣༣
[12] པཎ་ཆེན། ལམ་ཡིག ཤོག་ངོས་༤༡
[13] པཎ་ཆེན། ལམ་ཡིག ཤོག་ངོས་༤༡
[14] སུམ་པ། འཛམ་སྤྱི། ཤོག་ངོས་༡༩
[15] པཎ་ཆེན། ལམ་ཡིག ཤོག་ངོས་༣༤
[16] པཎ་ཆེན། ལམ་ཡིག ཤོག་ངོས་༣༤
[17] པཎ་ཆེན། ལམ་ཡིག ཤོག་ངོས་༣༦
[18] བཙན་པོ་འཇམ་དཔལ་བསྟན་འཛིན། འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་གསལ་བའི་མེ་ལོང་། ཤོག་ངོས་༩༢ བོད་ལྗོངས་ལྕགས་པར་མ། (འོག་ནས་བཙན་པོ། འཛམ་རྒྱས་ཞེས་འགོད་རྒྱུ།)
[19] སུམ་པ། འཛམ་སྤྱི། ཤོག་ངོས་༤
[20] བཙན་པོ། འཛམ་རྒྱས། ཤོག་ངོས་༡༢༧
[21] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་དེབ་ཐེར་ལྗང་ཁུ། ཤོག་ངོས་༡༩
[22] དགེ་ཆོས། གསེར་ཐང་། ཤོག་ངོས་༣༤
[23] སུམ་པ། འཛམ་སྤྱི། ཤོག་ངོས་༡༤
[24] ཐུའུ་བཀྭན་གྲུབ་མཐའ། ཤོག་ངོས་༤༦༢ ཀན་སུའུ་ལྕགས་པར།
[25] ཤེས་རབ་གོ་ཆའི་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ། ཤོག་ངོས་༢ ཝཱ་རཱ་ཎ་སཱིའི་ལྕགས་པར།
[26] སྐལ་་བཟང་ཆོས་ཀྱི་རྒྱ་མཚོ་བསོད་ནམས་དབང་བོའི་སྡེ། སྟོན་པའི་རྣམ་ཐར་ཆེན་མོ། མཚོ་སྔོན་ལྕགས་པར། ཤོག་ངོས་༤༦ (འདིའི་རྩོམ་པ་པོའི་འཁྲུངས་འདས་ལོ་ཚིགས་མི་གསལ།)
[27] པཎ་ཆེན། ལམ་ཡིག
[28] ཐུའུ་བཀྭན་གྲུབ་མཐའ། ཤོག་ངོས་༤༦༢
[29] སུམ་པ། འཛམ་སྤྱི། ཤོག་ངོས་༤
[30] པཎ་ཆེན། ལམ་ཡིག ཤོག་ངོས་༤༢
[31] སུམ་པ། འཛམ་སྤྱི། ཤོག་ངོས་༤༩
[32] པཎ་ཆེན། ལམ་ཡིག ཤོག་ངོས་༤༢ དང་བཙན་པོའི་འཛམ་གླིང་རྒྱས་བཤད་ན་ཡང་གསལ།
[33] ཐུའུ་བཀྭན་གྲུབ་མཐའ། ཤོག་ངོས་༤༦༢
[34] པཎ་ཆེན། ལམ་ཡིག ཤོག་ངོས་༤༢
[35] བཙན་པོ། འཛམ་རྒྱས། ཤོག་ངོས་༤༦
[36] ཤར་རྫ་བཀྲ་ཤིས་རྒྱལ་མཙན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། ཤོག་ངོས་༡༥༥ མི་རིགས་དཔེ་སྐྲུན་ཁང་། ལྕགས་པར།
[37] སུམ་པ། འཛམ་སྤྱི། ཤོག་ངོས་༥༤
[38] པཎ་ཆེན། ལམ་ཡིག ཤོག་ངོས་༤༢
[39] པཎ་ཆེན། ལམ་ཡིག ཤོག་ངོས་༤༢
[40] དགེ་ཆོས། གསེར་ཐང་། ཤོག་ངོས་༡༦༡
—–
རྒན་འཇིགས་མེད་ལགས། ཁྱེད་རང་ཡང་ བདེན་པའི་གནས་ཚུལ་འཚོལ་མཁན་ཞིག་ཡིན་པས་སྙིང་ནས་རྗེས་སུ་ཡིད་རངས་ཞུ། ཡིན་ན་ཡང་ ཁྱེད་རང་གི་ཤམྦྷ་ལའི་ཞིབ་འཚོལ་འདི་ མཐིལ་ཕྱིན་ཞིག་སོང་མི་འདུག་སྙམ་པ་ཞིག་བདག་ལ་བྱུང་། ང་ལ་དྲི་བ་དག་པ་ཞིག་ཡོད། བྱུང་ན་འདིའི་ལན་ ཐུགས་བསམ་བཞེས་རོགས་གནང་།
༡ ཁྱེད་རང་ལྟར་ན། ཆུ་བོ་སཱི་ཏཱ་ནི་སེང་གེ་ཁ་འབབ་དང་། ཤམྦྷ་ལ་ནི་ཏི་སེ་ཡིན་པས། སེང་གེ་ཁ་འབབ་འདི་ ཏེ་སེའི་ལྷོ་ལ་ཡོད་ཟེར་རྒྱུ་ཡིན་ནམ།
༢ སེང་གེ་ཁ་འབབ་འདི་ ཨ་རབ་མཀྐ་དང་ ཏི་སེ་གཉིས་ཀྱི་ དབུས་སུ་ཡོད་པ་ཡིན་ནམ།
༣ སྡུད་རྒྱུད་ལས་ དབྱར་དུས་ཉི་མ་ཤམྦྷ་ལའི་བྱང་དུ་འགྲོ་བར་བཤད་འདུག་པས། ཉི་མ་འཕྲེད་ཐིག་༣༡(Latitude 31 N) ཅན་གྱི་
ཏི་སེའི་བྱང་དུ་འགྲོ་བ་ཡོད་དམ།
༤ པདྨ་འདབ་བརྒྱད་ལ་ཡོད་པའི་གྲོང་ཁྱེར་བྱེ་བའི་བདག་ཉིད་རྣམས་ ཏི་སེའི་ཉེ་འགྲམ་དུ་ཡོད་དམ།
༥ འཇམ་དཔལ་གྲགས་པས་ སྡུད་རྒྱུད་བོད་སྐད་དུ་བྲིས་པ་ཡིན་ནམ། ཡང་ན། མངའ་རིས་ལ་ ལེགས་སྦྱར་སྦྱོང་སྲོལ་དར་ཡོད་པ་ཡིན།
༦ ཏི་སེ་ལ་ རིགས་ལྡན་རྒྱལ་པོས་དུས་འཁོར་གསུང་དུས་ ཞུ་མཁན་སུ་ཡིན་ནམ། རིག་པ་འཛིན་པའི་གང་ཟག་ཡིན་ཅེས་ སྲོལ་རྒྱུན་གྱི་རྫུན་དེ་རང་བཤད་རྒྱུ་ཡིན་ནམ། མིའི་འགྲོ་བ་ཡོད་དམ་མེད། ཡོད་ན་ བོད་པ་ཡིན་ནམ་ གཞན་པ་ཞིག་ཡིན།
༧ སྡུད་རྒྱུད་ལས། ཏི་སེའམ་ཀེ་ལ་ཤའི་གངས་རི་ལ་ གངས་རིའི་ཕྲེང་བས་བསྐོར་བར་བཤད་ཅིང་། ཤམྦྷ་ལ་ལ་ གྲོང་ཚོགས་བྱེ་བ་བཤད་པས། དེ་གཉིས་གཅིག་ཡིན་ན། འགལ་སྤོང་ཇི་ལྟར་བྱ།
༨ གསལ་བཤད།
ཁྱེད་རང་གིས་ ཤམྦྷའི་གྲོང་ཚོགས་བྱེ་བ་དགུ་ཅུ་རྩ་དྲུག་དང་། དེའི་མི་འབོར་གྱི་གྲངས་ཚད་ཞིག་ཀྱང་འདུག་པ་ནི་ སྡུད་རྒྱུད་དང་མཐུན་པ་མ་མཐོང་། འདི་ཡང་ བྱེ་བ་༩༦ མིན་པར་ བྱེ་བ་ལོངས་པ་ལ་ཉེ་བའི་ འབུམ་དགུ་ཅུ་རྩ་དྲུག་ཡིན། དེ་ཡང་ མཐའ་འཁོར་པདྨ་འདབ་བརྒྱད་རེ་རེ་ལ་ ཡུལ་འཁོར་བཅུ་གཉིས་རེ་བརྩིས་པས་ ༩༦ དང་། དེ་རེ་རེ་ལ་ གྲོང་ཚོགས་འབུམ་རེ་བརྩི་བ་ རྩ་བའི་དངོས་བསྟན་ཡིན། དེས་ན་ ༩༦ འབུམ་གྱིས་བསྒྱུར་ན་ འབུམ་༩༦ཡིན། འགྲེལ་ཆེན་ལས་ སྤྱིར་བཏང་ནས། གྲོང་ཁྱེར་བྱེ་བ། ཞེས་གསུངས་ཀྱང་། བྱེ་བའི་བདག་ཉིད་ཀྱི་འབུམ་དགུ་ཅུ་རྩ་དྲུག་ ཅེས་པ་ཡང་གསུངས་ཡོད། དེས་ན་བྱེ་བ་༩༦ གི་མི་འབོར་བརྩི་དོན་གང་ན་འདུག།
དེ་ནས་ ཁྱེད་རང་གིས་སྟོན་པས་རྩ་རྒྱུད་གསུངས་དུས་བཤད་སྐབས། “ཕྱི་ལོ་སྔོན་གྱི་སོ་དགུ་བ་(39B.C)ལ་འཁེལ་འདུག་ཅིང་།” ཟེར་བ་དེ་ ནོར་འདུག། རྩ་རྒྱུད་གསུངས་པ་དང་ འདས་ལོ་གཉིས་གཅིག་ཡིན་པས་ ཁྱེད་རང་ལྟར་ན་ སྟོན་པ་འདས་ནས་ མི་ལོ་ ༢༠༤༠ ཙམ་ལས་མ་སོང་བ་འདྲ། དག་བཅོས་མཛད་པར་ཞུ། འདི་ཡང་སྟོན་པའི་འདས་ལོ་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་མཆིས་པའི་ནང་ནས་ གསུམ་ཙམ་གཤམ་དུ་བཀོད་ཡོད།
འབྲུག་ལུགས། 1058 B.C.E བོད་ལུགས། 881 B.C.E ལྷོ་ཕྱོགས་གནས་བརྟན་སྡེ་པའི་ལུགས། 544 B.C.E
གསོལ་འདེབས། ངས་སྡུད་རྒྱུད་ཚིགས་བཅད་ཀྱི་ཐོག་ནས་ ཤམྦྷ་ལའི་འགྲེལ་བཤད་ཅིག་ཀྱང་བྲིས་ཡོད་པས་ འདིར་ཡང་ གཟིགས་པར་ཞུ།
http://acharyasamten.blogspot.com/2018/01/blog-post.html#more