གླེང་གཞི།
ང་ཚོར་ཐོན་མི་སམྦྷོ་ཊ་དང་འབྲེལ་བའི་སྐོར་ལ་དོགས་པ་སྣ་ཚོགས་བྱུང་ཡོད་དེ། བཙན་པོའི་སྐབས་ཀྱི་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་གི་ཡི་གེའི་ངོས་སུ་ཐོན་མི་མཆོག་གི་ཆེ་རབས་བརྗོད་མེད་པ་ལ་བརྟེན་ནས་ཁོང་འཇིག་རྟེན་དུ་བྱོན་ཡོད་མེད་དང་། སྲོང་བཙན་སྒམ་པོ་མ་བྱོན་གོང་ལ་ཞང་ཞུང་ལ་སྨར་ཡིག་སྨར་ཆུང་ཟེར་བ་ཡོད་པས་དོན་དངོས་སུ་ཐོན་མིས་དེང་སང་གི་ཡིག་གཟུགས་འདི་གསར་བཟོ་གནང་ཡོད་མེད། གལ་སྲིད་ཐོན་མི་སམྦྷོ་ཊས་ད་ལྟའི་ཡིག་གཟུགས་འདི་གསར་བཟོ་གནང་ཡོད་ཚེ་དཔེ་གང་ལ་བརྟེན་ནས་བཟོས་ཡོད་མེད་སོགས། མདོར་ན་ས་པཎ་མཆོག་གི་ཡི་གེ་སྦྱོར་བ་ན་སུམ་རྟགས་གཉིས་ཀྱི་ཚིགས་བཅད་མང་པོ་ཞིག་ཡོད་པ་དེ་དག་ས་པཎ་རང་གི་མ་གཏོགས་ཐོན་མིའི་ཡིན་ཚུལ་གྱི་ཚིག་ཟུར་ཙམ་ཡང་མེད་པས། བརྡ་སྤྲོད་པའི་བསྟན་བཅོས་སུ་གྲགས་པའི་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་རྩོམ་པ་པོ་ནི་ཐོན་མི་སམྦྷོ་ཊ་མིན་ཚུལ་གྱི་དོགས་པ་བྱུང་ཡོད། ད་དུང་ཐོན་མི་དང་འབྲེལ་བའི་དོགས་པ་གཞན་ཞིག་ཡོད་པ་ནི་རླངས་ཁམས་པ་གོ་ཆས་ཐོན་མི་དང་མཉམ་འབྲེལ་གྱིས་བོད་ཀྱི་ཡི་གེ་བརྩམས་ཡོད་མེད་དེ་ཡིན། བོད་ཀྱི་ལོ་རྒྱུས་དང་ཡིག་ཚང་སོགས་སུ་སློབ་དཔོན་ཐོན་མི་ཞབས་ཀྱིས་བོད་ཡིག་གསར་བཟོ་གནང་སྐོར་འདི་གྲགས་ཆེ་བ་མ་གཏོགས། སློབ་དཔོན་ཐོན་མི་དང་རླངས་ཁམས་པ་གོ་ཆ་གཉིས་ཀྱིས་བོད་ཡིག་གསར་བཟོ་གནང་ཚུལ་འདི་གྲགས་མི་ཆེ་ནའང་། ཐེངས་འདིར་ཕྲན་གྱིས་རླངས་ཁམས་པ་གོ་ཆས་བོད་ཡིག་གསར་བཟོ་གནང་ཡོད་སྐོར་གྱི་ཡིག་ཆ་ངོ་སྤྲོད་དང་འབྲེལ་ཏེ། དོན་དངོས་སུ་ཁོང་གིས་གསར་བཟོ་གནང་ཡོད་མེད་དང་། དེ་ནས་རླངས་ཁམས་པ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཞིག་ཡིན་ཚུལ། ད་དུང་སད་མི་ཞིག་ཀྱང་ཡིན་སྐོར་ལས་འཕྲོས་ཏེ་མཐར་ཁོང་གི་རུས་རྒྱུད་བཅས་ཀྱི་སྐོར་གླེང་རྒྱུ་ཡིན།
གཅིག རླངས་ཁམས་པ་གོ་ཆས་བོད་ཡིག་གསར་བཟོ་གནང་ཡོད་པའི་ཡིག་ཆ།
རླངས་ཁམས་པ་གོ་ཆས་ཐོན་མི་དང་མཉམ་འབྲེལ་གྱིས་བོད་ཀྱི་ཡི་གེ་བརྩམས་པའི་ལོ་རྒྱུས་འདི་བོད་ཀྱི་མཁས་པ་རྣམས་ཀྱི་བསྟན་བཅོས་ཁྲོད་དུ་རེ་ཟུང་ལས་མཇལ་རྒྱུ་མེད། ཁོང་གཉིས་ཀྱིས་ད་ལྟ་རང་ཅག་གིས་སྤྱོད་བཞིན་པའི་བོད་ཡིག་འདི་གསར་བཟོ་གནང་ཡོད་མེད་མ་ཞུས་གོང་། བོད་ཡིག་གསར་བཟོ་གནང་ཡོད་ཚུལ་འཁོད་པའི་ཡིག་ཆ་རེ་ཟུང་ཡོད་པ་དེ་དག་ངོ་སྤྲོད་བྱའོ། །
ད་ཕན་ཕྲན་གྱིས་ཤེས་པ་ནི་རླངས་ཁམས་པ་གོ་ཆ་དང་ཐོན་མི་སམ་བྷོ་ཊ་གཉིས་ཀྱིས་བོད་ཡིག་གསར་བཟོ་གནང་སྐོར་གྱི་ལོ་རྒྱུས་འབྲི་མཁན་འཕྱི་ཤོས་དེ་དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ་འཁྲུངས་པའི་རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐ་(1575-1588 )ཡིན་པར་སྙམ། ཁོང་གིས་མཛད་པའི«དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་བཞུགས»ཞེས་པའི་བསྟན་བཅོས་དེའི་ནང‘‘དེ་ནས་རྒྱལ་རབས་འགའ་ཙམ་སོང་བ་ན། ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་ཏེ། སློབ་དཔོན་ཆེན་པོ་ཐོན་མི་སམ་བྷོ་ཊས་རྒྱ་གར་དུ་ཐེགས། ལོ་ཙ་དང་ཡི་གེ་མཁས་པར་བསླབས། རྒྱ་གར་གྱི་ཡི་གེ་མཁས་པ་ལི་བྱིན་སྤྱན་དྲངས། རླངས་ཁམས་པ་གོ་ཆ་དང་ཐོན་མི་སམ་བྷོ་ཊ་གཉིས་ཀྱིས་བོད་ཡིག་བརྩམས། སྐད་ལ་སྐད་དོད་པ་ཙལ་ཏེ། ཆོས་བསྒྱུར་དུ་བཏུབ་པར་དགོངས་ནས། ཟ་མ་ཏོག་བཀོད་པ། འདུས་པ་རིན་པོའི་ཆེའི་ཏོག་རྒྱལ་པོ་མདོ་ལྔ་སོགས་མང་པོ་བསྒྱུར།’’[1]ཞེས་སློབ་དཔོན་ཐོན་མི་སམ་བྷོ་ཊ་རྒྱ་གར་ནས་བོད་ཡུལ་དུ་ཕྱིར་ཕེབས་རྗེས། ཁོང་དང་རླངས་ཁམས་པ་གཉིས་ཀྱིས་བོད་ཡིག་བརྩམས་ཤིང་། བསྟན་བཅོས་བསྒྱུར་པ་གསལ་བ་འདི་རེད། འོན་ཀྱང་། ཇོ་ནང་ཏཱ་ར་ནཱ་ཐའི་དགོངས་བཞེད་འདི་ཁོང་གི་རྗེས་སུ་བྱོན་པའི་བོད་ཀྱི་མཁས་པ་སུས་ཀྱང་ལུང་འདྲེན་བྱས་པའམ་ཡང་ན་དགག་སྒྲུབ་ལྟ་བུ་གནང་ཡོད་པའི་ཡིག་ཆ་མཐོང་ཡུལ་དུ་མ་གྱུར།
དེས་ན། ཇོ་ནང་ཏཱ་ར་ནཱ་ཐས་རླངས་ཁམས་པ་དང་ཐོན་མི་གཉིས་ཀྱིས་བོད་ཡིག་གསར་བཟོ་གནང་བའི་ལོ་རྒྱུས་དེའི་ཁུངས་གང་ལ་གཏུགས་པའི་སྐོར་བརྩད་གཅོད་བྱེད་སྐབས། དུས་རབས་བཅོ་ལྔའི་ནང་འཁྲུངས་པའི་གོ་བོ་རམ་འབྱམས་པ་བསོད་ནམས་སེངྒེའི་(1429-1486)གསུང་རྩོམ་དུ‘‘དེ་ནས་རྒྱལ་རབས་གཉིས་ན་སྲོང་བཙན་སྒམ་པོའི་རིང་ལ་རྒྱ་གར་གྱི་ཡི་གེ་པ་མཁས་པ་ལི་བྱིན་གདན་དྲངས་ནས། གླང་ཁམ་པ་གོ་ཆ་དང་ཐོན་མི་སཾ་བྷོ་ཊ་གཉིས་ཀྱིས་བོད་ཀྱི་ཡི་གེ་བརྩམས། སྐད་ལ་སྐད་དོད་བཙལ་ཏེ། དམ་པའི་ཆོས་བསྒྱུར་དུ་བཏུབ་མི་བཏུབ་བལྟ་བའི་ཕྱིར་དུ་སྒྲུང་ལ་སོགས་པ་བསྒྱུར་བས་བཏུབ་པར་གོ་ནས། མདོ་ཟ་མ་ཏོག པདྨ་དཀར་པོ། ཙིནྡྷ་མ་ཎི ། འདུས་པ་རིན་པོ་ཆེའི་ཏོག་དང་། རྒྱལ་པོ་མདོ་ལྔ་ལ་སོགས་པ་མང་དུ་བསྒྱུར། ལྷ་ཁང་མང་དུ་བཞེངས། ཆོས་དགེ་བ་བཅུ་སྤེལ་ཞིང་གཏན་ཁྲིམས་རྣམ་པ་ལྔ་བཅས། བཤད་ཉན་གྱི་སྲོལ་དང་ཆོས་གྲྭ་མང་དུ་བཙུགས་ནས་དམ་པའི་ཆོས་ཀྱི་སྲོལ་བཏོད།’’[2]ཞེས་འབྱུང་བ་མཐོང་བྱུང་ལ། གསུང་དུམ་འདིའི་ནང་དུ་ཐོན་མི་དང་རླངས་ཁམས་པ་གཉིས་ཀྱིས་བོད་ཡིག་བརྩམས་གྲུབ་རྗེས། དམ་པའི་ཆོས་བསྒྱུར་བར་གཟིགས་ཆེད་ཐོག་མར་སྒྲུང་སོགས་བསྒྱུར་བར་མ་ཟད། འཆད་ཉན་གྱི་སྲོལ་དང་ཆོས་གྲྭ་མང་དུ་བཙུགས་ནས་དམ་པའི་ཆོས་ཀྱི་སྲོལ་བཏོད་སྐོར་སོགས་ཀྱང་བྲིས་ཡོད་པ་དེ་རེད།
དེ་བཞིན་དུ་གོ་བོ་རམ་འབྱམས་པ་བསོད་ནམས་སེངྒེ་དང་དུས་མཉམ་དུ་སྐུ་གཤེགས་པའི་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་( ? -1486 )གྱིས་མཛད་པའི«ཉི་མའི་རིགས་ཀྱི་རྒྱལ་རབས»སུའང‘‘རྒྱལ་པོ་ཤིན་ཏུ་མཉེས་ཏེ། ཁྱེད་ཀྱིས་རྒྱ་གར་གྱི་སྐད་ལས། བོད་ཀྱི་སྐད་དུ་དམ་པའི་ཆོས་རྣམས་བསྒྱུར། སེམས་མང་པོ་ལ་ཕན་གདགས་པར་བྱ་བས། ཡི་གེ་རྩོམ། ཆོས་བསྒྱུར་བར་རིགས་སོ་ཞེས་བཀའ་སྩལ། དེ་ནས་ཐོན་མི་དང་། གླང་ཁམས་པ་གོ་ཆ་གཉིས་ཀྱིས་བོད་དང་བསྟུན་ནས། རྒྱ་ཡིག་ལས་གསལ་བཤད་ཉི་ཤུ་རྩ་བཞི་བསྒྱུར། དྲུག་རང་གིས་བཅོས་ནས་སུམ་བཅུར་བྱས། དབྱངས་ཡིག་བཅུ་དྲུག་ལས། ཨ་ཨི་ཨེ་ཨོ་བཞིར་བསྡུས་ཏེ། གཟུགས་ཁ་ཆེའི་ཡི་གེ་དང་མཐུན་པར་བསྒྱུར། ལྷ་སའི་སྐུ་མཁར་མ་རུར་ཡི་གེ་འཕུལ་བཞག་དང་། འཕྲད་རྣམས་བརྩམས་སོ། །’’[3]ཞེས་རླངས་ཁམས་པ་གོ་ཆ་དང་ཐོན་མི་སམ་བྷོ་ཊ་གཉིས་ཀྱིས་བོད་ཡིག་བརྩམས་སྐོར་གྱི་ལོ་རྒྱུས་འབྱུང་ཞིང་། དེ་ཇི་ལྟར་བརྩམས་སྐོར་གྱི་ལོ་རྒྱུས་སྔར་ལས་གསལ་ཙམ་ཞིག་གསུངས་འདུག ད་དུང་། དུས་རབས་བཅུ་བཞི་པའི་དུས་མཇུག་ཏུ་འཁྲུངས་པའི་ངོར་ཆེན་ཀུན་དགའ་བཟང་པོས(1382-1456 )ཀྱང‘‘དེ་ནས་རྒྱལ་རབས་ལྔ་ན། སྲོང་བཙན་སྒོམ་པོའི་རིང་ལ་རྒྱ་གར་གྱི་ཡི་གེ་མཁས་པ་ལི་བྱིན་གདན་དྲངས་ནས། གླང་ཁམས་པ་གོ་ཆ་དང༌། ཐོན་མི་སམྦྷོ་ཊ་གཉིས་ཀྱིས་བོད་ཀྱི་ཡི་གེ་བརྩམས། སྐད་ལ་སྐད་དོད་བཙལ་ཏེ། དམ་ཆོས་བསྒྱུར་དུ་བཏུབ་མི་བཏུབ་ལྟ་བའི་ཆེད་དུ་སྒྲུང་ལ་སོགས་པ་བསྒྱུར་བས་བཏུབ་པར་གོ་ནས། མདོ་ཟ་མ་ཏོག་བཀོད་པ། པདྨ་དཀར་པོ། ཙིནྡྷ་མ་ཎི། འདུས་པ་རིན་པོ་ཆེ་ཏོག་གཟུངས། རྒྱལ་པོ་མདོ་ལྔ་ལ་སོགས་པ་མང་དུ་བསྒྱུར།’’[4]ཞེས་གསུངས་ཡོད་པ་མཇལ་བྱུང་།
རླངས་ཁམས་པ་གོ་ཆས་ཐོན་མི་དང་མཉམ་འབྲེལ་གྱིས་བོད་ཀྱི་ཡི་གེ་བརྩམས་པར་གྲགས་པའི་ལོ་རྒྱུས་ཀྱི་ཡིག་ཆ་འདི་དག་ལས་གཞན་གནས་སྐབས་རིང་མ་རྙེད་པར་གྱུར་ནའང་། མ་འོངས་པ་ན་ཡིག་ཆ་འདི་དག་ལས་གནད་ཆེ་བ་དང་གསལ་ཁ་དོད་པོའི་དཔྱད་ཡིག་རྙེད་ཚེ་ཁ་གསབ་བྱེད་འདུན་ཡོད།
གཉིས། རླངས་ཁམས་པ་གོ་ཆས་བོད་ཡིག་གསར་བཟོ་གནང་ཡོད་མེད་ཀྱི་ཁུངས་འཚོལ་བ།
གོང་དུ་དྲངས་པའི་ཇོ་ནང་ཏཱ་ར་ནཱ་ཐའི་གསུང་དུམ་དེར་བལྟས་ན། ཁོང་གིས་ངོར་ཆེན་ཀུན་དགའ་བཟང་པོའི་གསུང་ལ་གཞིར་བཞག་སྟེ་བྲིས་ཡོད་པ་ཤེས་ཐུབ་ཅིང་། གུ་གེ་པཎ་ཆེན་དང་གོ་བོ་རམ་འབྱམས་པ་གཉིས་ཀྱི་གསུང་དུམ་གཞན་དང་མ་འདྲ་བའི་ཆ་ཕྲན་བུ་ཡོད་ནའང་། ཁོང་རྣམ་གཉིས་ཀྱིས་ཀྱང་ངོར་ཆེན་ཀུན་དགའ་བཟང་པོའི་གསུང་དངོས་སུ་གསན་ནས་བྲིས་པའམ་ཡང་ན་ཁོང་གི་གསུང་རྩོམ་ལ་མཇལ་ནས་བྲིས་པ་གོར་མ་ཆག ངོར་ཆེན་ནི་ཁོང་གཉིས་ཀྱི་སློབ་དཔོན་ཡིན་པ་དང་། དུས་ཚོད་ཀྱི་ཆ་ནས་ཀྱང་སྔ་བ་ཡིན་པ་རེད། རྒྱུ་མཚན་དེས་ན། ད་ལྟའི་བོད་ཡིག་འདི་སློབ་དཔོན་ཐོན་མི་དང་རླངས་ཁམས་པ་གོ་ཆ་གཉིས་ཀྱིས་གསར་བཟོ་གནང་ཚུལ་གྱི་ལོ་རྒྱུས་ཀྱི་ཆུ་མགོ་དེ་ངོར་ཆེན་ཀུན་དགའ་བཟང་པོར་ཐུག་ཡོད་པར་སྙམ། འོན་ཀྱང་། མཁས་པ་འདིའི་ཁུངས་གཏུགས་སའི་ཡིག་ཆ་གང་ཡིན་མིན་དེ་ཁོང་དང་འབྲེལ་ཡོད་ཀྱི་བླ་བརྒྱུད་དག་གི་གསུང་འབུམ་ཁག་ཏུ་ཞིབ་ཏུ་བཙལ་ནའང་རྙེད་དཀའ་བར་གྱུར། ཡ་མཚར་བ་ཞིག་ལ། ཧ་ལམ་ངོར་ཆེན་ཀུན་དགའ་བཟང་པོ་དང་དུས་རབས་གཅིག་ནང་བྱོན་པའི་ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེའི་(1309-1364)«དེབ་ཐེར་དམར་པོའམ་ཧུ་ལན་དེབ་ཐེར།»དུ‘‘ལོ་ཙཱ་བ་ཐོན་མ་སཾ་བྷོ་ཊ་དང་། དེའི་མཆན་བུ་ངྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ། ཐོན་མིས་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེ་བརྩམས།’’[5]ཞེས་འབྱུང་བ་དང་། ད་དུང་། བསོད་ནམས་རྒྱལ་མཚན་(1312-1375)གྱི«རྒྱལ་རབས་གསལ་བའི་མེ་ལོང»དུ‘‘གཞན་ཡང་བློན་པོ་ཐོན་མི་དེས། པཎྜི་ཏ་ལྷ་རིགས་སེང་གེ་ལ། སྒྲ་བསྟན་བཅོས་བསླབས་ནས། རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཏེ། འདུས་པ་རིན་པོ་ཆེའི་ཏོག མདོ་ཟ་མ་ཏོག སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་བོད་དུ་བསྒྱུར། རྒྱུད་ཅིག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའང་བསྒྱུར་ཟེར་བ་འདུག’’[6]ཅེས་གསལ་བ་བཅས་ཀྱི་ནང་དུའང་། ཐོན་མིས་བོད་ཡིག་བརྩམས་པའི་ལོ་རྒྱུས་ཙམ་ལས་རླངས་ཁམས་པའི་སྐོར་གྱི་ཚིག་འབྲུ་གཅིག་ཀྱང་མིག་ལམ་དུ་མ་མངོན་ནོ། །
དེ་བཞིན་དུ། དུས་རབས་བཅུ་བཞི་པའི་ཡར་སྔོན་གྱི་མཁས་པ་ལྡེའུ་ཇོ་སྲས་ཀྱིས་མཛད་པའི«ལྡེའུ་ཆོས་འབྱུང»དང་། བུ་སྟོན་རིན་ཆེན་གྲུབ་(1290-1364)ཀྱིས་མཛད་པའི«བུ་སྟོན་ཆོས་འབྱུང་།» ཉང་རལ་ཉི་མ་འོད་ཟེར(1124-1192)གྱིས་མཛད་པའི«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད» «ས་སྐྱའི་བཀའ་འབུམ»སོགས་ཀྱི་ནང་དུ། ཐོན་མི་མཆོག་གིས་བོད་ཡིག་བརྩམས་སྐོར་ལ་དགོངས་བཞེད་མི་མཐུན་པ་མེད་ནའང་། གོང་གི་ཆོས་འབྱུང་ཁག་དང་དེ་མིན་གྱི་ཆོས་འབྱུང་མི་འདྲ་བ་ཁ་ཤས་དཀྱིས་གཅིག་ཏུ་བཞག་སྟེ་གཏུགས་ཤིང་བསྡུར་ན། སློབ་དཔོན་ཐོན་མི་ཞབས་ཀྱིས་དོན་དངོས་སུ་བསྟན་བཅོས་གང་དང་གང་དག་བོད་ཡིག་ཏུ་བསྒྱུར་མིན་སྐོར་ལ་ཆོས་འབྱུང་རྩོམ་མཁན་དག་གི་དགོངས་ཚུལ་ཆུ་ལ་ཆུ་བཞག་ཅིག་མ་རེད། ཉེ་རབས་ཀྱི་མཁས་པ་ཚེ་ཏན་ཞབས་དྲུང་ཚང་གིས་ཐོན་མི་མཆོག་གིས་བསྒྱུར་པའི་བསྟན་བཅོས་ཀྱི་མཚན་སྣ་ཚོགས་ཤིག་དྲངས་ཡོད་པ་དེ་དག་དེང་སང་ཆ་ཚང་བ་མཇལ་དུ་མེད་ནའང་། ཉང་རལ་ཉི་མ་འོད་ཟེར་ལྟར་ན། བསྟན་བཅོས་དེ་དག་སྔོན་ཆད་མཆིམས་ཕུའི་ཕྱག་མཛོད་ན་བཞུགས་པ་རེད།
«བཀའ་འགྱུར»ཁྲོད་དུ་བཞུགས་པའི་ཟ་མ་ཏོག་བཀོད་པའི་མདོ་དང་། འདུས་པ་རིན་པོའི་ཆེའི་ཏོག་གི་གཟུངས། སྙིང་རྗེ་པདྨ་དཀར་པོའི་མདོ་སོགས་སུས་བསྒྱུར་མིན་སྐོར་བཙལ་སྐབས། ཟ་མ་ཏོག་ནི‘‘མཁན་པོ་ཤཱཀྱ་པྲ་བ་དང་། རངྣ་རཀྵེ་ཏས་ཞུས་ཆེན་བགྱིས།’’[7]ཞེས་བྲིས་ཡོད་ཅིང་། འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ལྟ་བུ་ནི‘‘རྒྱ་གར་གྱི་མཁན་པོ་ཤཱིལེནྡ་བོངྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ’’[8]ཞེས་གསལ་བ་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་ནི‘‘རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང་། སུ་རེན་དྲ་བོ་ངྷི་དང་། བྲཛྙ་བ་རྨ་དང་། ཞུས་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ’’[9]ཞེས་བྲིས་འདུག ཚེ་ཏན་ཞབས་དྲུང་ཚང་གིས་དཔང་སྐོང་ཕྱག་རྒྱ་བའི་མཇུག་ཏུ་ཐོན་མིའི་འགྱུར་བྱང་བཀོད་ཡོད་པར་གསུངས་ཡོད་ནའང་། བསྟན་བཅོས་འདི་ཤིང་སྤར་མི་འདྲ་བ་གསུམ་གྱི་སྟེང་བཞུགས་པ་དེ་དག་རེ་རེ་བཞིན་མཇལ་མོད་ཐོན་མིའི་འགྱུར་བྱང་བཀོད་ཡོད་པའི་ལོ་རྒྱུས་མ་མཐོང་། གོང་གི་བསྟན་བཅོས་འདི་དག་གི་མཇུག་ཏུ་ཐོན་མིའི་འགྱུར་བྱང་མེད་པ་ནི་བསྟན་བཅོས་དེ་དག་ལ་ཕྱིས་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ནས་འགྱུར་བཅོས་དང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་དབང་གིས་ཡིན་སྲིད་པའི་གསུང་སྒྲོས་ཤིག་ཀྱང་ཡོད་པར་གྲགས།
ཏུན་ཧོང་གཏེར་ཡིག་ལྟ་བུའི་ནང་དུའང་བོད་ཡིག་སུས་བཟོས་མིན་དང་བསྟན་བཅོས་ཇི་ལྟར་བསྒྱུར་ཚུལ་གསལ་པོ་བྲིས་མེད་པ་དཔེར་ན“བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། །བཙན་པོ་འདི་འི་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། བློན་པོ་འི་རིམ་པ་དང་། ཆེ་ཆུང་གཉིས་ཀྱིས་དབང་ཐང་དང་། ལེགས་པ་ཟིན་པའི་བྱ་དགའ་དང་། ཉེ་ཡོ་བ་འི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང་། སྲང་ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན།།བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལས་བྱུང་ངོ་། །མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། ། སྲོང་རྩན་སྒམ་པོ་ཞེས་མཚན་གསོལ་ཏོ།།’’[10]ཞེས་པ་འདི་ལ་གཟིགས་ན་རྟོགས་ནུས་ཤིང་། དེང་སང་ཐོན་མིས་བརྩམས་པར་གྲགས་པའི་བསྟན་བཅོས་དཔེར་ན་མི་རྗེ་འབའ་ཉག་ཨ་ཐང་མཆོག་ནས་ཕྱོགས་བསྡུས་གཅེས་གསོག་གནང་བའི་བོད་དཔེའི་ཁོངས་སུ་ཡོད་པའི«ཡི་གེའི་བཤད་པ་རྣམ་པར་གསལ་བ»ལྟ་བུ་དང་། ཡང་། ཡར་འབྲོག་པ་རིན་ཆེན་ཏོག་དང་བོན་གྱི་མཁས་པ་རིག་འཛིན་ཀུན་གྲོལ་གྲགས་པས་འགྲེལ་པའང་མཛད་ཡོད་པའི་ཐོན་མི་སམ་བྷོ་ཊའི«སྔགས་ཀློག་མུན་པའི་སྒྲོན་མེ»ལྟ་བུ་སོགས་མཇལ་ཡུལ་དུ་མངོན་རྒྱུ་ཡོད་པའི་སྐལ་བ་ཤར་ནའང་། བསྟན་བཅོས་འདི་དག་གི་ཚིག་འགྲོས་ལ་བལྟས་ན་ནི་བོད་བཙན་པོའི་དུས་ཀྱི་བརྩམས་ཆོས་ཀྱི་རླབས་རིས་མི་རྒོད་དོ། ། ཧ་ལམ་ས་པཎ་གྱི་དུས་སུ་ཡིན་སྙམ་སྟེ། རྒྱུ་མཚན་ནི་ཆོས་རྗེ་ས་པཎ་གྱི་དུས་སྐབས་སུ་བོད་ཀྱི་རིག་གནས་ལ་བསེར་བུ་ཆེན་པོ་ཞིག་ཤོར་ཡོད་པའི་སྣང་ཚུལ་མཆིས།
རྒྱུ་མཚན་དེའི་ཕྱིར་ན། གོང་དུ་བོད་ཀྱི་མཁས་པ་ཁ་ཤས་ཀྱིས་རླངས་ཁམས་པ་གོ་ཆ་དང་ཐོན་མི་སམ་བྷོ་ཊ་གཉིས་ཀྱིས་བོད་ཡིག་བརྩམས་པ་དང་། བསྟན་བཅོས་བསྒྱུར་པར་གསུངས་པའི་ལོ་རྒྱུས་དེའི་བདེན་དཔང་དང་ཁུངས་ལུང་མ་རྙེད་པར་མ་ཟད། ཆོས་འབྱུང་དང་ལོ་རྒྱུས་སྐོར་ཞིག་ཏུ་འབྱུང་བའི་ཐོན་མི་སམ་བྷོ་ཊའི་མཆན་བུ་དྷརྨ་ཀོ་ཥ་དང་། ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱི་མཚན་བཀོད་པའི་བསྟན་བཅོས་ཀྱང་རེ་ཞིག་མ་རྙེད་པར་གྱུར། དེ་བས། བོད་ཀྱི་ལོ་རྒྱུས་སྟེང་གྲགས་ཆེ་བའི་ཐོན་མི་སམ་བྷོ་ཊས་བོད་ཡིག་བརྩམས་པ་དང་། ཁོང་དང་སློབ་མ་རྣམས་ཀྱིས་བསྟན་བཅོས་བསྒྱུར་ཡོད་པའི་བདེན་དཔང་གསལ་པོ་མི་རྙེད་དུས། བསྟན་བཅོས་རེ་ཟུང་དུ་གྲགས་པའི་རླངས་ཁམས་པ་གོ་ཆས་ཐོན་མི་དང་མཉམ་དུ་བོད་ཡིག་བརྩམས་པའི་ལོ་རྒྱུས་རྙེད་ཁག་པོ་ཡིན་པ་སྨོས་མ་དགོས། ཕྲན་གྱིས་ད་ཕན་ཡིག་ཆ་མང་པོ་ཕར་སློག་ཚུར་སློག་བྱས་པ་ལྟར་ན་རླངས་ཁམས་པ་གོ་ཆས་བོད་ཡིག་གསར་བཟོ་གནང་ཡོད་པ་ཕར་ཞོག ཁོང་ནི་ཐོན་མིའི་དུས་སུ་བྱོན་པའི་སྐྱེས་བུ་ཞིག་ཀྱང་མ་ཡིན་པར་འདོད། དེའི་རྒྱུ་མཚན་གཤམ་དུ་འཆད་འགྱུར་གྱི་ཚན་པ་ཁག་ལ་གཟིགས་ནའང་རྟོགས་ནུས། འོ་ན། ས་སྐྱ་བའི་མཁས་པ་ངོར་ཆེན་ཀུན་དགའ་བཟང་པོས་དེང་སང་འཇིག་ཟིན་པའི་ཡིག་ཆ་ཞིག་ལ་གཟིགས་ནས་དེ་ལྟར་གསུངས་པ་ཡིན་ནམ། ཡང་ན་རྒྱུ་རྐྱེན་གཞན་ཞིག་ཡིན་ནམ། ད་དུང་དྲི་བ་འདི་དང་འདི་ལྟ་བུར་ལན་སྟེར་ནུས་པའི་ཡིག་ཆ་མ་རག་པར་གྱུར། གཅིག་བྱས་ན། ག་ཤེད་ཅིག་ཏུ་ཡིག་ཆ་ཡོད་ཀྱང་ཕྲན་གྱི་ལྟ་རྒྱ་ཐོས་རྒྱུ་ཆུང་བའི་སྟབས་ཀྱིས་ནན་ཏན་མ་བྱས་པའི་རིགས་ཡོད་ན་ནི་མཐོལ་ལོ་བཤགས་སོ་ཞེས་ཞུའོ། །
གསུམ། རླངས་ཁམས་པ་གོ་ཆ་ནི་ལོ་ཙཱ་བ་ཞིག་ཡིན་ཚུལ་བཤད་པ།
བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་རླངས་ཁམས་གོ་ཆ་ཞེས་གྲགས་པའི་སྐྱེས་བུ་ཞིག་འཁྲུངས་པའི་བདེན་དཔང་གི་ཡིག་ཆ་མ་རྙེད་མོད། ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་ཁོང་དངོས་སུ་བྱོན་པའི་ཡིག་ཆ་མང་པོ་མཇལ་རྒྱུ་འདུག
«སྣར་ཐང་བཀའ་འགྱུར་གྱི་དཀར་ཆག»ཏུ‘‘ཁྲི་སྲོང་ལྡེ་བཙན་གྱི་དུས་རླངས་ཁམས་པ་གོ་ཆས་འབུམ་ཐུགས་ལ་བཟུང་སྟེ་བསྒྱུར་བས་ཐུགས་འགྱུར་མ་དང་། རྒྱལ་པོའི་མཚལ་ཁྲག་དང་། ར་དཀར་གྱི་འོ་མ་སྦྱར་ནས་བཞེངས་པ་དུམ་པ་བཞི་པ་ལ་རེག་ཟིག་དམར་པོ།’’[11]ཞེས་གསལ་བ་དང་། རྒྱལ་མཆོག་ལྔ་པ་ཆེན་པོས་(1617-1682)ཀྱང‘‘བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་བོ་དྷི་ས་ཏྭ། སློབ་དཔོན་པདྨ་འབྱུང་གནས། བི་མཱ་ལ་མི་ཏྲ། ཤ་ནི་ང་གརྦྷ། པདྨའི་ངང་ཚུལ། བེེ་རོ་ཙ་ན། སད་མི་མི་བདུན་སོགས་ལོ་པཎ་མང་པོ་བླའི་མཆོད་གནས་སུ་བསྐུར་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་ནས་དར་རྒྱས་སུ་མཛད། འདིའི་དུས་རླངས་ཁམས་པ་གོ་ཆས་འབུམ་ཐུགས་ལ་བཟུང་ནས་བསྒྱུར་བས་རླངས་ཀྱི་ཐུགས་འགྱུར་མར་གྲགས། སྦས་མ་ལྷ་དང་ཉང་ཨིནྡྲ་གཉིས་ཀྱིས་བླངས་པའི་རྒྱ་དཔེའི་སྟེང་ནས་ཡོ་བྱད་རྣམས་འབངས་ལ་ཁྲལ་བསྡུས་ནས་བསྒྱུར་པས་དཔྱ་འབུམ་དུ་གྲགས།’’[12]ཞེས་གསུངས་སོ། །
ཡང་། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དུ‘‘སྙགས་ཛྙཱ་ན་ཀུ་མ་ར། ཨཙརྱ་རིན་ཆེན་མཆོག་གཉིས་ཀྱིས་བསྒྱུར་བ་ཀླུ་འབུམ་སྐྱ་བོ་དང་། རླངས་ཁམས་པ་གོ་ཆས་བསྒྱུར་བ་བླ་འབུམ་སྨུག་པོ་ཤས་སྒྲོ་ཅན་ནོ།།’’[13]ཞེས་གསལ་བ་དང་།«བཀའ་འགྱུར་དཔེ་བསྡུར་མ»འི་ནང‘‘འཁོར་ལོ་བར་པ་ཤེས་ཕྱིན་སྐོར་ནི་འཕགས་ཡུལ་ན་བཞུགས་པའི་མདོ་ཐམས་ཅད་བོད་དུ་བྱོན་པ་ཡིན་ཏེ། བསྟན་པ་སྔ་དར་གྱི་དུས་སུ་རླངས་ཁམས་པ་གོ་ཆས་འཕགས་ཡུལ་དུ་བྱོན་ཏེ་ཤེས་ཕྱིན་འབུམ་པ་ཐུགས་ལ་བཟུང་ནས་བོད་དུ་ལེགས་པར་བསྒྱུར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐེག་ཆེན་གྱི་ཆོས་ལ་གུས་པ་ཆེན་པོས་ཉིད་ཀྱི་མཚལ་ཁྲག་དང་ར་དཀར་མོའི་འོ་མ་སྦྱར་ནས་བྲིས་པས་དུམ་པ་བཞི་བྱུང་བ་རེག་ཟིག་དམར་པོ་གྲགས་ཏེ། ལྷ་ས་གོང་གི་སོ་ཕག་མཆོད་རྟེན་གྱི་ནང་དུ་བཞུགས་ཡོད་པར་བཤད་དོ། །’’[14]ཞེས་འབྱུང་བ་སོགས་ལ་བལྟས་ན། རླངས་ཁམས་པ་གོ་ཆ་ནི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་མི་ཞིག་ཡིན་ཅིང་། བཙན་པོས་ཀྱང་ཧ་ཅང་ཆེ་མཐོང་གནང་བའི་སྐྱེས་བུ་ཞིག་ཡིན་པ་ཤེས་ཐུབ། ཡང་གཅིག་བཤད་ན། ཁྲི་སྲོང་ལྡེ་བཙན་གྱིས་རང་གི་མཚལ་ཁྲག་དང་ར་དཀར་པོའི་འོ་མ་བསྲེས་ནས་བྲིས་པ་ནི་ཧ་ཅང་ཆེ་མཐོང་མཚོན་པའི་ཆེད་དུ་ཡིན་པར་གྲགས་ཤིང་། རེག་ཟིག་དམར་པོར་གྲགས་པ་དེ་ལ་བླ་འགྱུར་ཆུང་བ་ཡང་ཟེར་སྐད། རྒྱལ་མཆོག་ལྔ་པ་ཆེན་པོ་ལྟར་ན། བླ་འགྱུར་ཆུང་བ་འདི་ལ་ལོ་ཆེན་བེེ་རོས་སླར་ཡང་རྒྱ་དཔེ་དང་བསྟུན་ནས་ཞུས་ཆེན་མཛད་པ་དང་། བར་སྐབས་དེར་མཆིམས་ཕུ་ན་བཞུགས། མངའ་བདག་ཁྲི་རལ་གྱི་དུས་སུ་བོད་ཀྱི་ལོ་པཎ་རྣམས་ཀྱིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་དུམ་པ་བཅུ་དྲུག་ཏུ་བྱས་པ་དང་། བསྟན་པ་ཕྱི་དར་གྱི་དུས་སུ་རྔོག་ལོ་ཙཱ་བས་ཀྱང་བསྟན་བཅོས་འདི་ལ་འཕྲི་སྣོན་མཛད་པ་རེད།
དེ་བཞིན་དུ། རྗེ་བཙུན་གྲགས་པ་རྒྱལ་མཚན་(1147-1216)གྱིས‘‘འཁོར་ལོ་བར་པ་ཤེར་ཕྱིན་གྱི་མདོ་ནི་རྒྱ་གར་དུ་བཞུགས་སོ་ཅོག་ལྗོངས་འདིར་བྱོན་ཅིང་། བསྟན་པ་སྔ་དར་གྱི་ཚེ་གླང་ཁམས་པ་གོ་ཆ་དང་། པ་གོར་བེེ་རོ་ཙ་ན་སོགས་ཀྱིས་ཡུམ་གསུམ་གྱིས་མཚོན་པའི་བཀའ་དང་། དེའི་དགོངས་འགྲེལ་ཀྱང་དཥཊ་སེ་ནའི་འབུམ་ཊཱིཀ་སོགས་མང་དུ་བསྒྱུར།’’[15]ཞེས་གསུངས་འདུག་པར་མ་ཟད། «སྣར་ཐང་བཀའ་འགྱུར»དཀར་ཆག་རྒྱས་པའི་ནང་དུ‘‘ཡུམ་རྒྱས་པ་འདི་ལ་རླངས་ཁམས་པ་གོ་ཆ། བཻ་རོ་ཙཱ་ན། ལྕེ་ཁྱི་འབྲུག ཞང་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲགས་པ་ཙམ་ལས། དཔེ་ཕལ་ཆེར་ལ་མི་འདུག་གོ’’[16]ཞེས་གསལ། སྤྱིར་བཏང་ཡུམ་རྒྱས་པ་ལ་པོད་བཅུ་གཉིས་དང་། འབྲིང་པོ་ལ་པོད་བདུན། བསྡུས་པ་ལ་པོད་གཅིག་བཅས་ཁྱོན་བསྡོམས་པོད་ཉི་ཤུ་བཞུགས་ཤིང་། ཡུམ་རྒྱས་པ་ནི་བཀའ་འགྱུར་སྣར་ཐང་མའི་ནང་པོད་ཀ་ནས་ན་བར་པོད་བཅུ་གཉིས་བཞུགས་པ་དེ་དག་རེད། ཡིན་ནའང་། བོད་བཙན་པོའི་དུས་ཀྱི་ལོ་ཙཱ་བ་འགའ་ཞིག་གི་མཚན་དང་བསྟན་བཅོས་ཀྱི་མིང་བཀོད་པའི«དཀར་ཆག་འཕང་ཐང་མ»དང་། «དཀར་ཆག་ལྡན་དཀར་མ།»སོགས་ཀྱི་ནང་དུ་ཁོང་གི་འགྱུར་ཡོད་མེད་བཙལ་མོད། གོང་དུ་གསུངས་པ་ཇི་བཞིན་རྙེད་སོན་མ་བྱུང་ལ། སྐབས་དེའི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་བེེ་རོ་ཙ་ན་དང་། ཁ་ཆེ་ཨཱ་ནརྡོ། འདན་མ་རྩེ་མངས། གཉགས་ཀུ་མཱ་ར། རྨ་ཨཱ་ཙཱརྱ་རིན་ཆེན་མཆོག འཁོན་ཀླུའི་དབང་པོ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་བནྡེ་ཡེ་ཤེས་སྡེ་བཅས་དགུ་སྟེ་ལོ་ཙཱ་བ་སྔ་ཚར་གསུམ་དང་། བར་ཚར་གསུམ། ཕྱི་ཚར་གསུམ་ཞེས་ཡོངས་སུ་གྲགས་པའི་ལོ་ཙཱ་བ་དགུའི་གྲས་སུའང་རླངས་ཁམས་པའི་མཚན་མི་འབྱུང་།
དེ་ནས་རླངས་ཁམས་པ་གོ་ཆ་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་ཤེར་ཕྱིར་འབུམ་པ་ཆ་ཚང་ཐུགས་ཐོག་ལ་བཟུང་ནས་བོད་སྐད་དུ་བསྒྱུར་པའི་ལོ་རྒྱུས་ཐོར་རེ་བ་ཞིག་གོང་དུ«བཀའ་འགྱུར་དཔེ་བསྡུར་མ»འི་ནང་གི་ཚིག་དུམ་ཞིག་དྲངས་ཡོད་ལ། སྟག་ཚང་དཔལ་འབྱོར་བཟང་པོས་བརྩམས་པའི«རྒྱ་བོད་ཡིག་ཚང་ཆེན་མོ»ཞེས་པའི་ནང་དུ‘‘སློབ་དཔོན་ཀླུ་སྒྲུབ་ཀྱིས་བཅོས་པའི་གཏང་རགས་ལ། འབུམ་ཕུལ་ནས་མི་ཡུལ་རྒྱ་གར་ལྷོ་ཕྱོགས་སུ་རིམ་པར་དར་ཏེ། རྒྱ་མོ་ཚ་བ་རོང་དུ་སླེབས་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རླངས་ཁམས་པ་གོ་ཆ་གདན་འདྲེན་དུ་བཏང་བས། བསམ་ཡས་སུ་ཕེབས་ནས། བོད་ཁམས་སྤྱི་ཁྱབ་ཏུ་དར་ཞིང་རྒྱས་པར་གྱུར་པས་རྒྱས་པ་འབུམ་ཞེས་གྲགས་སོ།’’[17]ཞེས་གསལ་བ་གཉིས་ལ་གཞིགས་ན། རླངས་ཁམས་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལྟར་རྒྱལ་རོང་ཕྱོགས་སུའང་ཕེབས་ཡོད་པར་སྙམ། དེའི་སྐོར་གྱི་གནས་ཚུལ་འདིར་རེ་རེ་བཞིན་རྒྱས་བཤད་མ་བྱས་སོ། །
བཞི། རླངས་ཁམས་པ་གོ་ཆ་ནི་སད་མི་ཞིག་ཡིན་སྐོར་གླེང་བ།
གོང་གི་ཡིག་ཆ་ཁག་ལས་རྟོགས་ནུས་པ་ནི། རླངས་ཁམས་པ་ནི་ཁྲི་སྲོང་ལྡེ་བཙན་དུས་ཀྱི་མི་ཞིག་ཡིན་ཅིང་། འཕགས་ཡུལ་དང་རྒྱལ་རོང་དུ་ཕེབས་མྱོང་བ། ལོ་ཙཱ་བ་ཞིག་ཀྱང་ཡིན་པའི་ཚོད་བགམ་བྱེད་ཆོག་པ་དེ་རེད། ད་དུང་ཁོང་སད་མི་བདུན་གྱི་གྲས་སུ་དྲངས་ཡོད་པའི་ཡིག་ཆ་ཁ་ཤས་ཡོད་པ་གཤམ་དུ་ཞུ་རྒྱུ་ཡིན་མོད། སྤྱིར་བཏང་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ཁག་ཏུ་སད་མི་བདུན་རབ་ཏུ་བྱུང་བའི་དུས་ཚོད་དེ་བཙན་པོ་གང་གི་དུས་སྐབས་ཡིན་མིན་དང་། དོན་དངོས་སུ་སད་མི་ཅི་ཙམ་ཡོད་མེད། ཐ་ན་སད་མི་རྣམས་ཀྱི་མིང་འབྲི་སྟངས་ལའང་ཁྱད་པར་ཡོད། གང་ལྟར་སད་མི་དྲུག་དང་མི་བདུན་རབ་ཏུ་བྱུང་ཚུལ་ཙམ་བསྟན་པ་སྔ་དར་སྐབས་ཀྱི་ཡིག་ཆར་ཁས་འཆེས་པའི«སྦ་བཞེད»མ་འདྲ་བ་ཁག་དང་། «ལྡེའུ་ཆོས་འབྱུང་།»སོགས་ཀྱི་ནང་དུ་ཟུར་ཙམ་རེ་མཇལ་རྒྱུ་འདུག་ནའང་། «སྦ་བཞེད»དང་། «ལྡེའུ་ཆོས་འབྱུང་།» «བཀའ་ཐང་སྡེ་ལྔ»ལྟ་བུའི་ལོ་རྒྱུས་རྙིང་མ་ཁག་ཏུ་རླངས་ཁམས་པའི་སྐོར་མིང་ཙམ་ལས་མི་གསལ།
འོན་ཀྱང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་(1092-1158) ‘‘དེའི་སྲས་ཁྲི་སྲོང་སྡེ་བཙན་གྱི་སྐུ་རིང་ལ། ལོ་ཙཱ་བ་སད་མི་མི་བདུན་བྱུང་སྟེ། རྒན་གསུམ། གཞོན་གསུམ། བར་པ་ནི་བཙུན་པ་ཡེ་ཤེས་དབང་པོ་བྱ་བ་ཡིན་ཏེ། དེ་དང་བདུན་ནོ། ། རྒན་གསུམ་ནི་དབས་མཉྫུ་ཤྲཱི་དང༌། གཙང་ཤཱི་ལནྡྲ་དང༌། བྲན་ཀ་མུ་ཀི་ཏའོ། ། གཞོན་གསུམ་ནི། པ་གོར་བཻ་རོ་ཙ་ན་དང༌། འཁོན་ཀླུའི་དབང་པོ་དང༌། གཙང་དེ་བེནྡྲ་རཀྵི་ཏའོ། །’’[18]ཞེས་གསུངས་ཤིང་། ཁོང་གིས་རླངས་ཁམས་པ་སད་མིའི་གྲས་སུ་བགྲངས་མེད་མོད། བུ་སྟོན་ཚང་གིས‘‘ལུག་གི་ལོ་ལ་ཐམས་ཅད་ཡོད་སྨྲའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་བོད་ལ་བཙུན་པ་བཏུབ་མི་བཏུབ་སང་པའི་ཕྱིར་དུ་སང་མི་མི་བདུན་རབ་ཏུ་བྱུང་སྟེ་རྒན་གསུམ་ནི་མཉྫུ་ཤྲཱི༙། དབའ་རཏྣ་རཀྟི་ཏ། བྲན་ཀ་མི་ཏི་ཀ གཞོན་གསུམ་ནི། འཁོན་ནཱ་གེནྡྲ། པ་གོར་བེེ་རོ་ཙ་ན། རྩངས་དེ་ཝེནྡྲའོ། ། བར་པ་གླང་ཀ་ཏ་ན་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་ཡིན་ལ།’’[19]ཞེས་གསུངས་པར་མ་ཟད། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་(1308-1364)གྱིས་གོང་གི་ཡིག་ཆ་ཁག་ལ་གཟིགས་ཡོད་མེད་ཆ་མ་འཚལ་མོད། ཁོང་གིས‘‘ལོ་རྒྱུས་གཅིག་ལས་ལོ་ཙཱ་བ་སད་མི་བདུན་ནི། རྒན་གསུམ། གཞོན་གསུམ། བར་མ་གཅིག་བྱ་སྟེ། རྒན་གསུམ་ནི་དབའ་མཉྫུ་ཤྲཱི་དང་། རྩངས་ཐེན་ལེན་ཏྲ། བྲན་ཀ་མུ་ཏེའོ། ། གཞོན་གསུམ་ནི་པ་གོར་བེེ་རོ་ཙ་ན། འཁོན་ན་གེན་དྲ། རྩངས་དེ་ཝེན་དྲའོ། །བར་པ་རླངས་སུ་ག་ཏ་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་ཡིན་ལ།’’[20]ཞེས་བུ་སྟོན་ཚང་གི་གསུང་དུམ་དེ་བསྐྱར་བཟློས་ལྟ་བུ་གནང་འདུག
འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས(1597-1659/1660)ཀྱིས‘‘མཁན་ཆེན་ཞི་བ་འཚོས་བོད་ལ་རབ་བྱུང་རུང་མི་རུང་ཉམས་སད་པ་ན་རུང་བར་དགོངས་ནས། དེའི་དྲུང་དུ་རབ་ཏུ་བྱུང་ཞིང་བོད་དུ་རབ་བྱུང་གི་ཐོག་མ་ཡིན་པས་ན་དེ་སྐད་ཅེས་བྱ་ལ། གླང་ཁམས་པ་ལོ་ཙཱ་བ་ནི་སད་མི་མི་བདུན་གྱི་བར་པ་བདེ་གཤེགས་གོ་ཆ་བསྲུངས་པ་ཞེས་གྲགས་པ་དེ་ཉིད་ཡིན་པས།’’[21]ཞེས་གསུངས་ཤིང་། ཇོ་ནང་ཏཱ་ར་ནཱ་ཐས་ཀྱང‘‘བོད་དུ་རབ་ཏུ་བྱུང་བ་ལ་སྔ་བ་ལ་སད་མི་བདུན་གྱི་མཁན་པོ་བོ་དྷི་ས་ཏྭ། ལས་སློབ་དང་། གསང་སྟོན་སོགས་དང་། དཱ་ན་ཤྲཱི་ལ། ཛི་ན་མི་ཏྲ་སོགས་རྒྱ་གར་གྱི་དགེ་སློང་ཁྱད་པར་ཅན་གྱི་ཚོགས་འདུས་པར་བསྙེན་པར་རྫོགས་པ། རྦ་ཡེ་ཤེས་དབང་པོ། པ་གོར་བེེ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་ཨཱ་ཚྭ་རླ་རིན་ཆེན་མཆོག འཁོན་ཀླུའི་དབང་པོ་སྲུང་། རླངས་ཁམས་པ་གོ་ཆ། གཙང་ལེགས་གྲུབ་ཏེ། སད་མི་བདུན་གྱི་ནང་གི་མཆོག་གྱུར་བེེ་རོ་ཙ་ན་འམ་རྣམ་པར་སྣང་མཛད་སྲུང་བར་གྲགས་པ་ཡིན་ནོ། །’’[22]ཞེས་རླངས་ཁམས་པ་སད་མིའི་གྲས་སུ་བགྲངས་ཡོད་པ་དང་། རྒྱལ་དབང་ལྔ་པ་ཆེན་མོས་ཀྱང‘‘རླངས་ཁམས་པ་གོ་ཆས་རབ་ཏུ་བྱུང་བའི་སད་མི་མི་བདུན་གྱི་བར་མར་གྲགས།’’[23]ཞེས་རླངས་ཁམས་པ་ནི་སད་མི་ཞིག་ཡིན་པ་གསུངས་ཡོད།
དེ་ནས་མུ་མཐུད་དུ་བརྗོད་གཞི་འདིའི་སྐོར་གླེང་ཁུལ་བྱས་ན། མཁན་ཆེན་སངས་རྒྱས་ཕུན་ཚོགས་(1649-1705)ཀྱིས‘‘དེའི་ཚེ་ཐམས་ཅད་ཡོད་ཀྵིཾབའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་བོད་ལ་བཙུན་པ་བཏུབ་མི་བཏུབ་ཉམས་སད་པའི་ཕྱིར་སད་མི་མི་བདུན་རབ་ཏུ་བྱུང་སྟེ། དེ་ལ་རྒན་གསུམ་ནི་དབའ་རཏྣ་རཀྵི་ཏ་རིན་ཆེན་བསྲུང་བ་ཞེས་བྱ་བ་བོད་ཡུལ་དུ་བཙུན་པ་བྱུང་བ་ལ་སྔ་བ་ཡིན་ནོ། ། ཛྙཱ་ནས་རཀྵི་ཏ་ཡེ་ཤེས་དབང་པོ་བསྲུང་བ་སྟེ། དམ་པའི་ཆོས་འབྱིན་པའི་མཁན་པོ་བོད་ལ་བཀའ་དྲིན་ཆེ་བ་ཡིན་ཞིང་། སངས་རྒྱས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་རྟ་སྐད་ཅེས་པར་ལུང་བསྟན་པ་ཡིན་ནོ། ། ར་སྣེ་རྒྱུ་རཀྵི་ཏ་རིན་ཆེན་དབང་པོ་བསྲུང་བ་གསུམ་མོ། ། བར་པ་ནི་གླང་ཁམས་པ་སུ་ག་ཏ་ཝ་མེ་རཀྵི་ཏ་བདེ་བར་གཤེགས་པའི་གོ་ཆ་བསྲུང་བ་ཞེས་བྱའོ། ། གཞོན་གསུམ་ནི་པ་གོར་བེེ་རོ་ཙ་ན་རཀྵི་ཏ་རྣམ་པར་སྣང་མཛད་དཱི།། བ་དང་། འཁོན་ནཱ་གེནྡྲ་རཀྵི་ཏ་ཀླུའི་དམ་པའི་ཆོས་ཀྱི་བྱུང་ཚུལ་བསྟན་པའི་རྒྱ་མཚོར་འདུན་པའི་གྲུ་ཆེན་ལ་སྟོང་དང་བཅས་པ་བཞུགས། དབང་པོ་བསྲུང་བ། གཙང་དེ་ལེནྡྲ་རཀྵི་ཏ་ལྷའི་དབང་པོ་བསྲུང་བ་དང་གསུམ་མོ། །’’[24]ཞེས་བར་པ་ནི་གླང་ཁམས་པ་གོ་ཆ་ཡིན་པར་གསུངས་ཏེ། ཁོང་གིས་འདི་དག་སྔོན་གྱི་བཀའ་ཆེམས་ཀྱི་ཡི་གེ་རྙིང་པ་ལས་བྱུང་ངོ་ཞེས་གསུངས་འདུག་མོད། སྐབས་འདིའི་བཀའ་ཆེམས་ཀྱི་ཡི་གེ་རྙིང་པ་ནི་བཙན་པོ་སུ་ཞིག་གི་བཀའ་ཆེམས་ཡིན་མིན་མ་ངེས་ཀྱང་། གལ་སྲིད་བཀའ་ཆེམས་འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་རལ་པ་ཅན་གང་རུང་ཞིག་གི་བཀའ་ཆེམས་ཡིན་ན། སད་མི་རྩི་སྲོལ་འདི་བཙན་པོའི་དུས་སྐབས་སུ་བྱུང་ཡོད་པར་མངོན། ཡིན་ནའང་། ད་ཕན་ཕྲན་གྱིས་སད་མི་ལ་རྒན་གསུམ་དང་གཞོན་གསུམ། བར་པ་ཞེས་རྩི་བའི་སྲོལ་འདི་དུས་རབས་བཅུ་གཉིས་ནང་བྱོན་པའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྔོན་གྱི་ལོ་རྒྱུས་ཁག་ཏུ་ཡོད་པ་མ་མཐོང་།
ཡང་གཅིག་བཤད་ན། རླངས་ཁམས་པ་སད་མིའི་གྲས་སུ་དྲངས་མེད་པའམ་ཡང་ན་མི་གསལ་བའི་ཆོས་འབྱུང་དང་རྒྱལ་རབས་ཀྱང་ཡོད་མོད། ཕྲན་གྱིས་རྩོམ་ཡིག་འདིའི་ནང་དེ་དག་རེ་རེ་བཞིན་འདྲེན་པའི་རྩོལ་བ་མ་བྱས། ཡོངས་གྲགས་སུ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སད་མི་བདུན་རབ་ཏུ་བྱུང་བ་དང་། སྐབས་དེ་ནས་བཟུང་སྟེ་དུས་རབས་བཅུ་བདུན་པའི་བར་དུ། སད་མི་རྣམས་ཀྱི་གྲངས་འདྲེན་ཐད་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་གཅིག་བྱུང་ཡོད་པ་ནི་དཔའ་བོ་གཙུག་ལག་ཕྲེང་བ་རེད། འོན་ཀྱང་། མཁས་པའི་ཁྱུ་མཆོག་འདིས་ཀྱང་སད་མི་ཅི་ཡོད་ཀྱི་གྲངས་འདྲེན་ལུགས་ཙམ་གསུང་ཡོད་པ་མ་གཏོགས་ཞིབ་ཆ་ལྡན་པའི་སྒོ་ནས་རང་ལུགས་བཞག་མེད་པ་རེད།
ལྔ། རླངས་ཁམས་པའི་རུས་རྒྱུད་ཀྱི་སྐོར་བརྗོད་པ།
རླངས་ཁམས་པའི་རུས་རྒྱུད་ཀྱི་སྐོར་གྱི་བརྗོད་གཞི་འདི་འགོ་མ་བཙུགས་གོང་། ཁོང་གི་སྐོར་ལ་སྐད་ཆ་གཞན་ཞིག་ཞུས་ན། རླངས་ཁམས་པ་གོ་ཆ་ཞེས་པའི་རླངས་ལ་འབྲི་ཚུལ་མི་འདྲ་བ་ཁ་ཤས་བྱུང་ཡོད། ཕྲན་གྱིས་གོང་དུ་གླེང་ཟིན་པ་དེ་དག་གི་ནང་མཁས་པ་ཚོའི་གསུང་དུམ་རེ་དྲངས་ཡོད་པ་དེ་དག་ལ་གཟིགས་ན་ཤེས་ནུས་པས་འདིར་གསུང་དུམ་དེ་དག་བསྐྱར་འདྲེན་བྱེད་པའི་དགོས་པ་མ་མཆིས་མོད། དཔེ་མཚོན་ཙམ་ཞུས་ན། «སྣར་ཐང་བཀའ་འགྱུར»དང་།«བཀའ་འགྱུར་དཔེ་བསྡུར་མ» ཇོ་ནང་ཏཱ་ར་ནཱ་ཐ། འཇམ་མགོན་ཨ་མྱེས་ཞབས། སྟག་ཚང་ལོ་ཙཱ་བ་སོགས་ཀྱི་གསུང་རྩོམ་ཁག་ཏུ‘‘རླངས’’ཞེས་འབྱུང་ཞིང་། བུ་སྟོན་རིན་ཆེན་གྲུབ་དང་། གོ་བོ་རམ་འབྱམས་པ། གུ་གེ་པཎ་ཆེན། ངོར་ཆེན་ཀུན་དགའ་རྒྱལ་མཚན། རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱིས‘‘གླང’’ཞེས་བྲིས་འདུག ཡང་། སྐབས་རེར«བཀའ་འགྱུར་དཔེ་བསྡུར་མ»དང་། བུ་སྟོན་རིན་ཆེན་གྲུབ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་ན‘‘ཉང་ཁམས་པ’’ཞེས་ཀྱང་གསལ་བས། མཁས་པ་གཅིག་གིས་མི་གཅིག་ལ་མིང་གི་དག་ཆ་མི་འདྲ་བ་རེ་གསུངས་འདུག དེ་བཞིན་དུ། ཡང་། བུ་སྟོན་གྱིས‘‘བར་པ་གླང་ཀ་ཏ་ན’’ཞེས་བྲིས་འདུག་ཅིང་། ཀློང་ཆེན་པས‘‘རླངས་སུ་ག་ཏ’’ཞེས་བྲིས་པའང་མཐོང་། གང་ལྟར་ག་ཏ་ཝ་མེ་རཀྵི་ཏ’’ནི་ལེགས་སྦྱར་གྱི་སྐད་ཡིན་པར་གྲགས་ཤིང་བོད་སྐད་དུ་གོ་ཆ་བསྲུང་བ་ཞེས་གྲགས་སོ། །
«རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ»རུ‘‘རླངས་ཁམས་པ་གོ་ཆ་དང་། རླངས་ཁམས་པ་བེེ་རོ་ཙ་ན་དང་གཉིས་ཀྱིས། དམ་པའི་ཆོས་བོད་དུ་བསྒྱུར་བས་བོད་མུན་པའི་སྨག་རུམ་དུ་དམ་པའི་ཆོས་དང་། གཡུང་དྲུང་བོན་གྱི་སྒྲོན་མེ་བཙུགས་པས། བོད་མུན་པའི་གསལ་སྒྲོན་བྱེད་མི་ཡང་ལྷ་རིགས་རླངས་ཡིན’’[25]ཞེས་བྲིས་ཡོད་པའི་ལོ་རྒྱུས་ལ་བསམ་བློ་བཏང་ན། རླངས་ཁམས་པའི་རླངས་ནི་ར་རླངས་ཡིན་ལ། རྒྱལ་དབང་ལྔ་པ་ཆེན་མོས‘‘འགའ་ཞིག་ཏུ་ག་གླ་བཏགས་སུ་སྣང་བ་ནི་ཡིག་མཁན་གྱིས་མ་དག་པའི་རྒྱུན་འབྱམས་པར་ངེས་སོ། །’’[26]ཞེས་གསུངས་ཡོད་པ་ནི་བདེན་པ་རེད་སྙམ།
གཞན་ཡང་། འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས‘‘དེ་ནས་བར་པ་ནི་མཁན་པོ་ཀླུའི་དབང་པོའི་ཞང་པོ་བདེ་བར་གཤེགས་པའི་གོ་ཆ་བསྲུང་བ་སྟེ་གླང་ཁམས་པ་གོ་ཆར་གྲགས་པ་དེ་ཡིན་ཞིང་།’’[27]གསུངས་ཡོད་པས། འཁོན་ཀླུའི་དབང་པོ་དང་རླངས་ཁམས་པ་གཉིས་ཀྱི་རུས་རྒྱུད་གཅིག་ཡིན་པ་མ་ཟད།«རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ»ལྟ་བུ་ལྟར་ན། ལོ་ཆེན་བེེ་རོ་ཙ་ནའང་རླངས་ཁམས་དང་རུས་རྒྱུད་གཅིག་ཡིན་པ་རེད། ད་དུང་སད་མི་བདུན་གྱི་གྲས་སུ་འཁོན་ཀླུའི་དབང་པོ་དང་རླངས་དཔལ་གྱི་སེངྒེ་ཕྱི་མ་ཞུ་བ་ཞིག་ཀྱང་ཡོད་པ་དེ་གཉིས་ཀྱང་རླངས་ཀྱི་གདུང་རྒྱུད་ཡིན་པར་སྙམ། ཡིག་ཆ་ལ་ལར་སྦ་ཡེ་ཤེས་དབང་པོའི་རབ་ཏུ་བྱུང་བའི་མཚན་འཁོན་ཀླུའི་དབང་པོ་ཡིན་པར་གསལ་མོད་དེ་ནི་བདེན་པ་མ་རེད་སྙམ། སྦ་ཚང་གི་ཁྱིམ་རྒྱུད་འདི་བཙན་པོ་གནམ་རི་སྲོང་བཙན་གྱི་དུས་སུ་རྒྱལ་ཕྲན་དུ་མ་གཅིག་གྱུར་དང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ལ་བྱས་རྗེས་རླབས་པོ་ཆེ་བཞག་པའི་ཁྱིམ་ཚང་ཞིག་རེད་ལ། ཕལ་ཆེར་སྦ་ཚང་གི་མི་རྒྱུད་མཐའ་མ་ལྟ་བུར་གྱུར་པའི་སྦ་ཁྲོམ་བཞེར་གྱིས་དམག་སྣ་དྲངས་ཏེ་མཚོ་སྔོན་གྱི་བྱང་ངོས་སུ་ཡོད་པའི་རྒྱ་དང་ཡུ་གུར་གཉིས་དང་མཉམ་དུ་འཐབ་འཛིང་བྱེད་སྐབས་དམག་འཁྲུག་དེའི་ནང་གཤེགས་ཡོད་པའི་ལོ་རྒྱུས་ཡོད།
རླངས་ཚང་གི་ཁྱིམ་རྒྱུད་འདི་ནི་དུས་རབས་དགུ་པའི་ནང་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་རྨང་འདིང་མཁན་དང་དེ་ཁྱབ་སྤེལ་དུ་གཏོང་མཁན་ཞིག་རེད། རླངས་ཁམས་པའི་སློབ་མ་གཅིག་ནི་འཁོན་ཀླུའི་དབང་པོ་རེད་ལ། འཁོན་ཀླུའི་དབང་པོ་ལྟ་བུར་མཚོན་ན། ཁོང་ལ་སློབ་མ་འཁོན་རྡོ་རྗེ་རིན་ཆེན་ཞུ་བ་ཡོད་ཅིང་། དེའི་སློབ་མ་འཁོན་ཤེས་རབ་ཡོན་ཏན། དེའི་སློབ་མ་འཁོན་རྡོ་རྗེ་གཙུག་ཏོར། ཤཱི་ལ་རཱ་ཛ་སོགས་བྱུང་ཡོད། འཁོན་རྡོ་རྗེ་གཙུག་ཏོར་གྱི་སློབ་བརྒྱུད་མང་པོ་ཞིག་དེད་ནས་མར་ཕྱིན་ན་འཁོན་དཀོན་མཆོག་རྒྱལ་པོ་ལ་ཐུག་འདུག་ཅིང་། ཁོང་ལ་སློབ་ཚོགས་མང་པོ་རྒྱས་ཡོད། དེ་དག་གི་སྐོར་བརྗོད་བྱ་གཙོ་བོ་མིན་སྟབས་འདིར་མ་བྲིས། གང་ལྟར།«སྦ་བཞེད»དུ“བླའི་བཀའ་ལུང་བཞིན་དུ། སུམ་པ་ཁྲི་ལྡེ་བཞི་དགེ་བ་བཙུད། སློབ་མ་ཡང་བཎྡྷེ་གླང་སུ་ཀ་ངྷ་དང་། དཔལ་གྱི་སེང་གེ་དང་། ཨཱ་ཙརྱ་ལ་སོགས་པ་ལགས་ཏེ། བླ་ནས་སློབ་མ་གང་བཟང་། གང་མཁས། གང་མང་། རང་ལུགས་མྱང་ཤ་མི་དང་། སྒྲུན་པ་ལས་ལྷ་ལྡེམ་སྟངས་བཟང་ནས་བྱ་དགའ་ཆེ་ཐང་དུ་བྲན་ཁྱིམ་བཅུ་གཉིས་ལ་སོགས་པ་བསྩལ།’’[28]གསལ་བ་དང་། རླངས་ཁམས་པ་གོ་ཆའི་མིང་འབྲི་ཚུལ་དེ་རྒྱལ་བ་ཀློང་ཆེན་པའི་དབང་དུ་བྱས་ན། བཎྡྷེ་གླང་སུ་ཀ་ངྷ་ཞུ་བ་ནི་རླངས་ཁམས་པ་གོ་ཆ་ཡིན་པ་རེད། དེ་ལྟར་ན་ཁོང་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བྲན་ཁྱིམ་གྱི་བྱ་དགའ་ཐོབ་མྱོང་བའི་རབ་བྱུང་བ་ཞིག་ཀྱང་ཡིན་པ་རེད།
འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་འཁོན་ཀླུའི་དབང་པོའི་ཞང་པོ་ནི་གླང་ཁམས་པ་གོ་ཆ་ཡིན་པར་གསུངས་སྐབས། ཁོང་གིས་འཁོན་ཀླུའི་དབང་པོ་ལ་མཁན་པོའི་མིང་གི་ཆོ་ལོ་སྦྱར་འདུག དེ་ལ་བལྟས་ན་འཇམ་མགོན་ཨ་མྱེས་ཞབས་ཚང་གི་ཕྱག་ཏུ་བསམ་ཡས་ཀྱི་མཁན་པོ་ཚོ་དང་འབྲེལ་བའི་ཡིག་ཆ་གལ་ཆེན་ཞིག་ཐོབ་ཡོད་པར་སྙམ་མོད། དེང་སང་བསམ་ཡས་ཀྱི་མཁན་རབས་རྣམས་དང་འབྲེལ་བའི་ཡིག་ཆ་རྙེད་རྒྱུ་ལས་སླ་པོ་མ་རེད་འདོད། སྐབས་འདིར་སྐད་ཆ་གཞན་པ་ཞིག་བཤད་ན། མཁའ་རྨེའུ་བསམ་གཏན་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་ཚུལ་བྲིས་ཡོད་ཅིང་། ཁོང་གི་དཔྱད་ཡིག་ནི་ཏུན་ཧོང་གི་ཡིག་ཆ་ཞིག་ཡིན་པ་རེད། ཕྲན་གྱིས་ཏུན་ཧོང་གི་ཡིག་ཆ་དེའི་ནང་གསལ་བའི་མི་སྣ་དེ་དག་ནི་ཕལ་ཆེར་མཁན་ཆེན་ཞི་བ་འཚོའི་རིང་ལུགས་འཛིན་མཁན་གྱི་དགེ་སློང་ཁ་ཤས་ཡིན་ཚུལ་བཤད་དེ། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་རབས་ཤིག་མིན་སྐོར་གླེང་ཡོད། གལ་སྲིད་ཏུན་ཧོང་གི་ཡིག་ཆ་དེའི་ནང་འཁོད་པའི་སྐྱེ་བོ་དེ་དག་བསམ་ཡས་ཀྱི་མཁན་རབས་ཡིན་ན་འཁོན་ཀླུའི་དབང་པོ་འདི་ཡང་ངེས་པར་དུ་གསལ་དགོས་མོད། ཁོང་གི་མཚན་ཡིག་ཆ་དེའི་ནང་མི་འབྱུང་བས། སྐྱེ་བོ་དེ་དག་ནི་བསམ་ཡས་ཀྱི་མཁན་མིང་བཞེས་མྱོང་བའི་རང་བྱུང་སྐོར་ཞིག་མ་རེད་ཅེས་སླར་ཡང་ཞུ་འདོད་བྱུང་། འོན་ཀྱང་སྐབས་དེར་ཕྲན་གྱིས་བོད་ཀྱི་མཁས་པ་རྣམས་ལ་སད་མི་འདྲེན་ཚུལ་མི་འདྲ་བ་ཡོད་པ་ལ་རྐྱེན་བྱས་ཏེ་ངན་ལམ་རྒྱལ་མཆོག་དབྱངས་ནི་བསམ་ཡས་ཀྱི་མཁན་རབས་གསུམ་པ་ཡིན་དགོས་ཤིང་། ཁོང་གི་རབ་བྱུང་གི་མཚན་ལ་གླང་ཁམས་པ་སུ་གྷ་ཏ་ཝརྨ་རཀྴི་ཏ་ཞེས་གསོལ་ཡོད་བཤད་པ་ནི་ནོར་འཁྲུལ་ཅན་ཞིག་རེད་འདུག
དེ་ནས་རླངས་ཁམས་པ་ནི་འཁོན་ཀླུའི་ཞང་པོ་ཡིན་དགོས་དོན་ནི་འདི་ལྟར། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་འཁོན་དཔལ་པོ་ཆེའམ། མིང་གཞན་དཀོན་པ་རྗེ་གུང་སྟག་ཏུ་གྲགས་པ་དེས་རླངས་ཁམས་པ་གོ་ཆའི་སྲིང་མོ་རླངས་བཟའ་ནེ་ཆུང་ཁབ་ཏུ་བླངས་པ་ལས་སྲས་གཉིས་འཁྲུངས་པའི་ཆེ་བ་འཁོན་ལོ་ཙཱ་བ་ཀླུའི་དབང་པོ་སྲུང་བ་དང་། ཆུང་བ་རྡོ་རྗེ་རིན་ཆེན་གཉིས་པ་བྱུང་བས་རེད། འཁོན་ཀླུ་ནི་སད་མི་བདུན་གྱི་ནང་ཚན་ཡིན་པ་དང་། དེ་དག་གི་ནང་ནས་ཤེས་རབ་ཆེ་ཤོས་དེ་ཡིན་པར་གྲགས། ད་ད་དུང་གྲུབ་ཐོབ་བརྒྱད་རྩའི་གྲས་ཡིན་པ་རེད། སྐབས་འདིར་གསལ་བཤད་ཅིག་ཞུ་དགོས་པ་ནི། རླངས་བཟའ་ནེ་ཆུང་འདི་རླངས་ཁམས་པའི་སྲིང་མོ་ཡིན་མོད། དུས་རབས་བཅོ་ལྔ་པའི་ནང་འཁྲུངས་པའི་སྟག་ཚང་དཔལ་འབྱོར་བཟང་པོས‘‘མིང་ལ་འཁོན་དཔལ་འབྱོར་ཆེར་གྲགས་ཏེ། དེ་ནས་འཁོན་ལ་མི་ཆོས་ཀྱི་སྒོ་ནས། སྙན་གྲགས་ཆེ་བར་བྱུང་ངོ༌། ། དེ་ཉིད་ཀྱིས་གླང་ཁམས་པ་ལོ་ཙྪ་བའི་ལྕམ་མོ་གླང་ཟ་སྣེ་ཆུང་ཁབ་ཏུ་བཞེས་པ་ལ་སྲས་འཁོན་ཀླུའི་དབང་པོ་བསྲུང་བ་དང༌། གཅུང་རྡོ་རྗེ་རིན་ཆེན་བྱུང་༌།’’[29]ཞེས་གླང་ཁམས་པ་ལོ་ཙྪ་བའི་ལྕམ་མོ་ཞེས་གསུངས་ཡོད། ཡ་མཚར་བ་ཞིག་ལ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་རྩོམ་ཁྲོད་དུའང་གོང་གི་སྟག་ཚང་ལོ་ཙཱ་བའི་གསུང་དུམ་དེ་ཇི་མ་ཇི་བཞིན་དུ་ཡོད་པ་མཐོང་བྱུང་བས། སྐབས་འདིར་ཕྲན་གྱིས་སྟག་མཚན་ཅན་གཉིས་ལས་སུ་ཞིག་སྔ་བ་ཡིན་མིན་བརྩད་ཞིབ་བྱེད་སྐབས། སྟག་ཚང་ལོ་ཙཱ་བའི་རང་རྣམ་དུ། སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོ་ནི་སྟག་ལོ་རང་གི་ཁུ་བོ་ཡིན་པ་གསལ་བས། ཕལ་ཆེར་སྟག་ལོས་རང་གི་ཁུ་བོའི་གསུང་ཇི་བཞིན་དུ་བཤུས་པ་ཨེ་ཡིན་སྙམ།
ད་དུང་། འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་གླང་ཁམས་པའི་ལྕམ་མོ་གླང་བཟའ་ནེ་ཆུང་ཞེས་གསུངས་ཡོད་མོད། དོན་དངོས་སུ་རླངས་ཁམས་པ་གོ་ཆའི་སྲིང་མོ་རླངས་བཟའ་ནེ་ཆུང་ཡིན་པ་རེད། ཉེ་རབས་ཀྱི་མཁས་པ་དུང་དཀར་རིན་པོ་ཆེས་ལོ་རྒྱུས་དངོས་ལ་གཟིགས་ནས་རླངས་ཁམས་པ་ལོ་ཙཱ་བའི་སྲིང་མོ་ཞེས་གསུངས་པ་ནི་མཁས་པའི་གསུང་རང་ཡིན། གང་ལྟར། རླངས་ཁམས་པའི་ཚ་བོ་རྡོ་རྗེ་རིན་ཆེན་ནི་འཁོན་གྱི་གདུང་རབས་གསུམ་པ་ཡིན་ཅིང་། ཁོང་གིས་འབྲོ་ཡུལ་ནས་འབྲོ་དགྲ་འདུལ་གྱི་བུ་མོ་འབྲོ་བཟའ་གཡང་ལོན་སྐྱིད་ཁབ་ཏུ་བཞེས་པ་ལས་སྲས་བདུན་བྱུང་བ་དང་། སྲས་བདུན་བྱུང་བའི་དྲུག་པ་ཤེས་རབ་ཡོན་ཏན་ནི་འཁོན་གྱི་གདུང་རབས་བཞི་པ་རེད། དེ་ཡི་མན་ཆད་ཀྱི་གདུང་རབས་རྣམས་ཞིབ་མོར་ཤེས་འདོད་ཚེ།«རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ»དང་། ཕག་མོ་གྲུ་པ་སྡེ་སྲིད་བྱང་ཆུབ་རྒྱལ་མཚན(1302-1364)གྱི་གསུང་རྩོམ་ལྟ་བུར་གཟིགས་ན་ཤེས་ནུས་སོ། ། «རྗེ་འབངས་ཀྱི་རིགས་རུས་གསལ་བའི་སྒྲོན་མེ»ཞེས་པའི་དེབ་ཏུ་རླངས་ཁམས་པ་གོ་ཆ་ནི་སློབ་དཔོན་པད་མའི་དངོས་སློབ་རླངས་ལྷ་གཟིགས་ཀྱི་རྒྱུད་པ་ཨ་མྱེ་བྱང་ཆུབ་འདྲེ་བཀོལ་ཡིན་པ་གསལ་མོད། ཨ་མྱེ་བྱང་ཆུབ་འདྲེ་བཀོལ་ནི་དུས་རབས་བཅུ་པའི་ནང་བྱོན་པའི་སྐྱེས་བུ་ཞིག་ཡིན་པ་ལོ་རྒྱུས་ཁག་ཏུ་གསལ་བས། རླངས་ཁམས་པ་གོ་ཆ་དང་ཨ་མྱེ་བྱང་ཆུབ་འདྲེ་བཀོལ་གཉིས་གང་ཟག་གཅིག་གཅིག་ཏུ་འཁྲུལ་མི་རུང་ངོ་། །
དེར་བརྟེན། འདིར་རླངས་ལྷ་གཟིགས་ཀྱི་གདུང་རྒྱུད་ཡིན་པའི་རླངས་ཁམས་པ་གོ་ཆའི་སྐོར་རེ་ཞིག་བཤད་ཟིན་པའི་ཁུལ་ཡིན། རླངས་ཁམས་པ་གོ་ཆ་ནི་དུས་རབས་དགུ་པའི་ནང་བྱོན་པའི་སྐྱེས་བུ་ཞིག་ཡིན་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་ཞིག་མ་ཡིན་པ་བཅས་ཀྱི་དབང་གིས། ཁོང་གི་འཁྲུངས་ཡུལ་དང་ཡབ་ཡུམ་སོགས་དང་འབྲེལ་བའི་ལོ་རྒྱུས་བརྗོད་རྒྱུ་ཧ་ཅང་ཁག་པོ་འདུག འོན་ཀྱང་། རླངས་ཁམས་པའི་སྐོར་བོད་ཀྱི་ལོ་རྒྱུས་ཁག་ཏུ་གང་གསལ་བ་དང་ཟུར་ཙམ་རེ་གསལ་བ་ལ་གཞི་བཅོལ་ཏེ་ཁོང་གི་སྐོར་མདོར་བསྡུས་ཤིག་བརྗོད་ཟིན་ཏོ། །
༢༠༡༧ ལོའི་ཡེ་ཟླ་ ༡༠ ཚེས་ ༢ ཉིན་གྱི་ཧྥ་རན་སིའི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་ཞེ་དྲུག་གི་སྟེང་གྲུབ་བོ། ། ཐུགས་རྗེ་ཆེ།
དཔྱད་ཡིག་དང་ཞབས་མཆན།
[1] ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ་བཞུགས་སོ། །(༣༤-༤༥) དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ཤོག་གྲངས ༢༡༥
[2] ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེའི་བཀའ་འབུམ། སྡེ་དགེ་དཔར་ཁང་། ཤིང་སྤར། ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཁ་སྐོང་དང་བཅས་པའི་ནང་བཞུགས། པོད་བཅུ་གཉིས་པ། ལྡེབ་གྲངས་༤༣-༤༤
[3] ཉི་མའི་རིགས་ཀྱི་རྒྱལ་རབས་དང་ཟླ་བའི་རིགས་ཀྱི་རྒྱལ་རབས། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི«ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པཎ་ཉི་ཟླའི་ཕྲེང་མཛེས་ཞེས་བྱ་བ་ལགས་སོ། །»ཞེས་པར་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ཤོག་གྲངས་༡༠༡
[4] ངོར་ཆེན་ཀུན་དགའ་བཟང་པོའི་བཀའ་འབུམ གླེགས་བམ་ཀ་པ། སྡེ་དགེ་པར་ཁང་། ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་རིན་པོ་ཆེ་བསྟན་པ་རྒྱས་པའི་ཉི་འོད་བཞུགས་སོ་པའི་ནང་གསལ། ཤིང་སྤར། ལྡེབ་གྲངས་༤༤༨
[5] དེབ་ཐེར་དམར་པོ། ཚལ་བ་ཀུན་དགའ་རྡོ་རྗེ། སྒང་ཏོག ༡༩༦༡ ཤིང་སྤར། ལྡེབ་གྲངས༡༨-༡༩
[6] རྒྱལ་རབས་གསལ་བའི་མེ་ལོང་། བསོད་ནམས་རྒྱལ་མཚན། ཤིང་སྤར། ལྡི་ལི། ༡༩༧༣ ལྡེབ་གྲངས་༡༥༢
[7] བཀའ་འགྱུར། [སྣར་ཐང་།] མདོ་སྡེ། ༼ཀ–ཀི༽ པོད་གྲངས། ༥༣ ལྡེབ་གྲངས། ༣༩༡-༣༩༢
[8] བཀའ་འགྱུར། [སྣར་ཐང་།] མདོ་སྡེ། ༼ཀ་–ཀི༽ པོད་གྲངས། ༥༦ ལྡེབ་གྲངས། ༩༠༩
[9] བཀའ་འགྱུར། [སྡེ་དགེ་པར་ཕུད] མདོ་སྡེ ༼ཆ་༽ པོད་གྲངས། ༥༠ ལྡེབ་གྲངས། ༥༩༡
[10] ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། བོད་མིང་དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ཤོག་གྲངས་༨༡-༨༢
[11] སྣར་ཐར་བཀའ་འགྱུར་དཀར་ཆག རྒྱས་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུས་ཞུས། ༢༠༠༦-༢༠༠༩ ཤོག་གྲབས་༡༠༦-༡༡༣
[12] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་བཞུགས་སོ། །པོད་༢༠། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ཤོག་གྲངས་ ༣༤
[13] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་རལ་ཉི་མ་འོད་ཟེར། བོད་ཀྱི་དཔེ་མཛོད་ཁང་། ལོ་རྒྱུས་དེབ་ཕྲེང་། ༡ ༢༠༡༠ ཤོག་གྲངས་༣༨༧ན་གསལ།
[14] བཀའ་འགྱུར། དཔེ་བསྡུར་མ། བཀའ་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། ཤོག་གྲངས་༡༠༥-༡༩༢
[15] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། དེབ་དྲུག་པ། ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཨུ་ལྷན་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ཤོག་གྲངས་ ༡༦༥
[16] སྣར་ཐང་བཀའ་འགྱུར་དཀར་ཆག ༼རྒྱས་པ།༽ ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས། ༢༠༠༦-༢༠༠༩ ཤོག་གྲངས་ ༡༠༦-༢༢༧
[17] རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་བཞུགས་སོ། ། སྟག་ཚང་དཔལ་འབྱོར་བཟང་པོ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས་ ༤༡
[18] ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ་ལས་གྲགས་པ་རྒྱལ་མཚན་གྱི་གསུང་པོད་ལྔ་པ་པཞུགས། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས ༦༧
[19] བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ཤོག་གྲངས་༡༨༦
[20] ཀློང་ཆེན་ཆོས་འབྱུང་། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ཤོག་གྲངས་ ༢༦༣
[21] འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང། འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ཀ་ཌི་མན་ཌར། ཤིང་སྤར། ལྡེབ་གྲངས་༢༠
[22] ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ་བཞུགས་སོ། །པོད། ༤༤ – ༤༥ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ཤོག་གྲངས་ ༢༠༨
[23] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་བཞུགས་སོ། །པོད་༢༠། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ཤོག་གྲངས་ ༣༤
[24] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། དེབ་བཞི་པ། ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཨུ་ལྷན་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ཤོག་གྲངས་ ༢༣༨
[25] རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༨༦ ཤོག་གྲངས་ ༣༧
གསལ་བཤད། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཚང་གིས«རླངས་ཀྱི་པོ་ཏི་བསེ་རུ»ཞེས་པའི་དེབ་ཐེར་འདིའི་རྩོམ་པ་པོ་ངོ་སྤྲོད་གནང་སྐབས།«རླངས་ཀྱི་པོ་ཏི་བསེ་རུ»སྟོད་ཀྱི་ཆ་ནི་མ་དཔེའི་ཚིག་ཟིན་ལྟར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བསམ་ཡས་གཙུག་ལག་ཁང་གསར་བཞེངས་གྲུབ་པའི་དགའ་སྟོན་གྱི་སྐབས་མཁན་སློབ་ཆོས་གསུམ་སོགས་བཀའ་བགྲོས་ནས་གསུངས་པ་ལྟ་བུར་སྣང་བ་དང་། བར་ཆ་ནི་རླངས་བྱང་ཆུབ་འདྲེ་བཀོལ་གྱི་གསུང་ཡིན་པས་་་ ་་་། སྨད་ཀྱི་ཆ་ནི་དེ་རྗེས་རླངས་ཀྱི་གདུང་རབས་རིམ་ཅན་སྟར་ཆགས་སུ་བཀོད་པ་ཞིག་ཡིན་འདུག་ཅེས་གསུངས་འདུག
[26] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་བཞུགས་སོ། །པོད་༢༠ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ཤོག་གྲངས་ ༣༤
[27] འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང། འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ཀ་ཌི་མན་ཌར། ཤིང་སྤར། ལྡེབ་གྲངས་༢༠
[28] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ཤོག་གྲངས ༧༩
[29] རྒྱ་བོད་ཡིག་ཚང་ཆེན་མོ། སྟག་ཚང་དཔལ་འབྱོར་བཟང་པོ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས་ ༤༡
—–
དཔྱད་རྩོམ་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།