རིགས་གཅིག་རྐང་འཛིན་པ་ཇི་ལྟར་སྐྱེད་སྲིང་གནང་དགོས་པའི་གལ་གནད་ལ་རགས་ཙམ་དཔྱད་པ།

0
1056

བརྗོད་བྱ་གནད་བསྡུས།  རིགས་གཅིག་རྐང་འཛིན་ཞེས་པའི་འདུ་ཤེས་འཛིན་ཚུལ་གྱི་མཆེད་ཁུངས་རྒྱས་བཤད་དང་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་བྱེད་ཕྱོགས་ཐད་ལས་འཕྲོས་ཏེ་བྲིས་ཡོད།   

  གནད་ཚིག་མིང་བརྡ།  རིགས་གཅིག་རྐང་འཛིན།  སློབ་གསོའི་འདུ་ཤེས།  ཁྱིམ་ཚང་སློབ་གསོ། 

  རིགས་གཅིག་རྐང་འཛིན་ཞེས་པའི་ཐ་སྙད་བྱུང་ཚུལ། 

རིགས་གཅིག་རྐང་འཛིན་ཞེས་པ་ནི་རིག་ཚན་བྱེ་བྲག་པའམ་ལས་རིགས་ཡན་གར་བ་ཞིག་དམིགས་སུ་བཟུང་ནས་སྦྱོང་གཉེར་བྱེད་པ་སྟེ་ཆེད་ལས་དང་ངོ་བོ་གཅིག་པའི་ཐ་སྙད་གསར་བ་ཞིག་རེད། ཐ་སྙད་དེ་བོད་ཡིག་ཏུ་དུས་ནམ་ཞིག་ལ་བྱུང་བར་མ་ངེས་མོད། དབྱིན་ཡིག་ལས་ཐད་ཀར་བསྒྱུར་བ་ཡིན་ཚོད་འདུག  ཐ་སྙད་འདི་མཁས་པ་སུ་ཞིག་གིས་དུས་ནམ་ཞིག་ལ་ཐོག་མར་བེད་སྤྱད་པའམ་ཡང་ན་བསམ་བློའི་རྒྱབ་ལྗོངས་ཅི་འདྲ་ཞིག་གི་འོག་ནས་ཐ་སྙད་འདི་སྤྱོད་འགོ་བརྩམས་པའི་སྐོར་ལ་ཁོ་བོས་དཔེ་ཆ་འགའ་རེར་ལྟ་ཀློག་དང་དཔྱོད་ལྡན་རེ་ཟུང་ལ་དྲི་གཏུགས་ཡང་ཡང་བྱས་ཀྱང་།  མཐའ་གཅིག་ཏུ་ཁ་ཚོན་བཅད་དེ་ཡིན་ལུགས་ཕུ་ཐག་ཆོད་པ་ཞིག་ནི་སྨྲ་བར་དཀའ་བའི་ཚོད་དུ་ལྷག  གཞི་རྩའི་རིགས་གཅིག་རྐང་འཛིན་ཞེས་པ་ནི་དབྱིན་སྐད་དུ་specialist ཞེས་པ་སྟེ་ཆེད་ལས་མཁས་པ་ཞེས་པའི་དོན་ཡིན་ལ། འདི་དང་འབྲེལ་བར་ད་དུང་ Generalist ཞེས་པ་དེ་རིགས་མང་རྐང་འཛིན་ཞེས་པའི་ཆེད་ལས་རང་བཞིན་གྱི་ཁྱབ་ཁོངས་ཀྱི་ལས་རིགས་ཤིག་ཀྱང་ཡོད་པར་མངོན། བོད་ནང་ནས་རིགས་གཅིག་རྐང་འཛིན་ཞེས་པའི་ཚབ་ཏུ་ཆེད་ལས་པ་ཞེས་པའི་ཐ་སྙད་དེ་བཀོལ་གྱིན་འདུག  དུས་ཚིགས་ཀྱི་ཆ་ནས་བཤད་ན།  དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བའི་ནང་༧གོང་ས་མཆོག་གི་བཀའ་སློབ་ཁག་གི་ཁྲོད་དུ་རིགས་གཅིག་རྐང་འཛིན་ཞེས་པའི་མིང་ཚིག་དེ་སྔ་རྗེས་སུ་ཡང་ཡང་གསུངས་འདུག་པ་གཤམ་དུ་གང་རྒྱས་བཀོད་ཡོད།  ད་དུང་འདིའི་ཐད་ལ་ཞིབ་འཇུག་བྱ་རྒྱུ་མང་ཙམ་བདོག་ཀྱང་སྐབས་འདིར་དུས་ཚོད་ཀྱིས་གཏུགས་ཤིང་། དགོས་ངེས་ཀྱི་མཐུན་རྐྱེན་མ་འཛོམས་པ་བཅས་ཀྱིས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས་པ་ཡིན།  

 རིགས་གཅིག་རྐང་འཛིན་ཞེས་པའི་འདུ་ཤེས་འཛིན་ཚུལ་གྱི་འགོ་ཁུངས་ལ་དཔྱད་པ། 

རིགས་གཅིག་རྐང་འཛིན་ཞེས་པའི་འདུ་ཤེས་འཛིན་ཚུལ་དེ་ནི་གནའ་བོའི་མཚོ་བོད་མཐོ་སྒང་གི་གཙུག་ལག་གསུང་རབ་དག་ལ་ཐོས་བསམ་གནང་སྟངས་དང་དུས་སྐབས་སོ་སོར་ཤེས་ཡོན་སློབ་གསོ་ལ་བཟུང་བའི་ལྟ་ཚུལ་བཅས་ལ་ཞིབ་དཔྱོད་ཀྱིས་འཇུག་ན་རིམ་པའི་འདུ་ཤེས་འཛིན་ཚུལ་དེས་འུ་ཅག་བོད་པ་ཚང་གི་ཤེས་ཡོན་སློབ་གསོའི་སྡིངས་ཆ་གལ་ཆེན་ཞིག་ཟིན་ཡོད་པ་ག་ལེར་རྟོགས་ཐུབ།  དེ་ཡང་།  རྒྱུ་མཚན་བསྙད་རྒྱུ་མེད་པར་འོལ་ཚོད་ཀྱི་ཅ་ཅོའི་ངག་ཙམ་ཐལ་བ་ག་ལ་ཡིན་ཏེ་མ་ཡིན་ནོ།།  དཔེར་ན།  རང་ཅག་བོད་པ་རྣམས་ཀྱིས་ངག་ཏུ་མ་ཎི་བཟློས་པ་བཞིན་དུ་རང་རེའི་སློབ་གསོའི་དཔལ་ཡོན་ཁྲོད་དུ་(གཅིག་ཤེས་ཀུན་གྲོལ)ཞེས་དང་(ཀུན་ཤེས་གཅིག་རྡུགས)ཞེས་པའི་འདུ་ཤེས་འཛིན་ཚུལ་དེ་ཡིས་རང་རེའི་བོད་ཀྱི་གནའ་བོའི་སློབ་གསོའི་གནས་བབ་གལ་ཆེན་ཞིག་བཟུང་ཡོད་པར་མངོན།  དེ་ཡང་། ངག་རྒྱུན་སློབ་གསོ་གཅིག་བུ་མིན་པར་ཡིག་ཐོག་ཏུ་ཡོད་པ་ནི།  རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པའི་མགུར་འབུམ་ལས།  ཁྱེད་གཅིག་ཤེས་ཀུན་གྲོལ་རེ་བ་ལ།།  ཐ་སྙད་འདི་ཡི་མང་ལུགས་ཀྱིས།།  ཀུན་ཤེས་གཅིག་རྡུགས་བྱུང་གི་དོགས།།  ཞེས་གསུངས།  གཞན་ཡང་།  དཔའ་རིས་སངས་རྒྱས་ཀྱི་དཔེ་ཆོས་ཚིག་མཛོད་དུ་ཡང་དེ་ལྟར་བཀོད་ཡོད་པར་མཇལ།  དེ་ལྟར་ཞིབ་ཏུ་དཔྱད་ན། གནའ་མི་རྒན་པོ་དག་གིས་སློབ་སྦྱོང་སོགས་ལས་རིགས་ཅི་འདྲ་ཞིག་ལ་འབད་ན་རིགས་གཅིག་ལ་རྐང་བརྟན་པོ་ཚུགས་པར་བྱས་ཏེ་རིམ་གྱིས་ལས་རིགས་དང་སློབ་སྦྱོང་གི་ཁ་ཕྱོགས་གཞན་དག་ལ་འཇུག་དགོས་པའི་སློབ་གསོའི་ལམ་ལུགས་ཤིག་ཡོད་པ་དེ་ནི།  ཁ་ནང་ལྕེ་རྒྱུས་ཀྱི་ཚུལ་དུ་གནས་པས་ངས་མང་པོ་ཞུ་བར་འབད་པའི་ངལ་བ་ལེན་དོན་ཆེར་མེད་མོད།  དེང་གི་ཆར་རྒྱུས་མེད་ཚོགས་ཀྱི་གཏམ་ལ་དགའ་བ་རེ་འགས་རིགས་གཅིག་རྐང་འཛིན་ཞེས་པའི་འདུ་ཤེས་འཛིན་ཚུལ་དེ་གནའ་བོའི་བོད་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་སུ་མ་གཏོགས་པའི་དེང་རབས་ནུབ་ཕྱོགས་པའི་བསམ་བློའི་ཁྱབ་ཁོངས་ནས་ཚུར་དར་བ་ལྟ་བུའི་ལྟ་ཚུལ་ཕྱོགས་རེ་བ་ཞིག་ཡོད་མཁན་དག་ལ་བདེན་ལུགས་འདི་མི་བཤད་རང་བཤད་དུ་སྣང་།  དེ་ཡང་ང་ཚོ་བོད་ལ་བསྟན་པ་སྔ་དར་གྱི་སྐབས་ནས་བཟུང་རིགས་གཅིག་འཛིན་པའི་སློབ་གཉེར་ལམ་ལུགས་དེ་ཡོད་པ་མངོན་གསལ་རེད་འདོད།  དཔེར་ན།  དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་བོད་ཀྱི་སློབ་གྲྭ་དང་དགོན་སྡེ་སྒྲ་བསྒྱུར་གླིང་སོགས་ཤེས་རིག་རྒྱ་མཚོ་ལྟ་བུའི་བང་མཛོད།  ཆུ་བོ་ཀུན་གྱི་འགོ་ཁུངས་ལྟ་བུའི་ཆེས་ཐོག་མའི་ཤེས་བྱ་ཀུན་འདུས་ཀྱི་སློབ་གླིང་ཞིག་ཡིན།  དེ་རུ་གླིང་མི་འདྲ་བ་དུ་མ་ཞིག་ཡོད་པར་མངོན་ལ། གླིང་གི་གྲངས་འདྲེན་སྟངས་ལ་ཡང་མཁས་པའི་བཞེད་པ་མི་མཐུན་པ་རེ་འགའ་ཡོད་པར་སྣང་།  དཔེར་ན།   བུ་སྟོན་ཆོས་འབྱུང་ལས།   ཨོ་ཏྱནྟ་པཱུ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ་རི་རབ་གླིང་བཅུ་གཉིས། ཉི་ཟླ་ཟུང་གཅིག་དང་། མཐའ་ལྕགས་རིས་བསྐོར་བའི་བཀོད་པ་མཛད།  ཅེས་གླིང་བཅུ་གཉིས་ཡོད་པར་གསལ་མོད། གླིང་རེའི་རྒྱས་བཤད་སོགས་གང་ཡང་མི་གསལ་བས་སྐབས་འདིར་ཨོ་རྒྱན་གླིང་པས་གཏེར་ནས་སྤྱན་དྲངས་པའི་པདྨ་བཀའ་ཐང་རྒྱས་པར་གླིང་བཅུ་བཞི་བཀོད་པ་ལྟར་གླིང་དེ་དག་གི་སྐོར་མདོར་བསྡུས་ཤིག་བརྗོད་ན།  

དང་པོ་ཤར་སྒོ་འཇམ་དཔལ་གླིང་།   འདི་ནི་གཙོ་བོ་སྨན་རྩིས་བསྒྱུར་ས་ཡིན་ཏེ།  ཤར་སྒོ་འཇམ་དཔལ་གླིང་དུ་རྩིས་སྨན་བསྒྱུར༔  རྒྱ་ནག་སློབ་དཔོན་ཧྭ་ར་ནག་པོ་དང་༔ ཧྭ་ཤང་མ་ཧཱ་ཡཱ་ན་སཱུ་ཏ྄་དང་༔  མ་ཧཱ་ར་ཛ་མ་ཧཱ་དེ་བ་དང་༔  ལོ་ཙཱ་བི་རྗེ་བཙུན་པ་ཤི་ལ་སོགས༔  བོད་ཀྱི་མཁས་པ་མི་བཞིས་ནག་རྩིས་བསྒྱུར༔  སྔ་འགྱུར་རྒྱ་མོ་ཀོང་ཇོས་བསྒྱུར་བ་ཡིན༔  ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང་། འཇམ་དཔལ་གླིང་དུ་མདོ་སྔགས་འཆད་ཉན་བཙུགས༔ ཞེས་གསུངས་པས་གླིང་འདིར་ཆོས་འཆད་ཉན་ཡང་བྱེད་བཞིན་ཡོད་པར་འདུག་ལ།  དེ་ཡང་ཆོས་འཆད་པ་པོའི་གཙོ་བོ་ནི་རྒྱ་ནག་གི་སློབ་དཔོན་རྣམས་ཀྱིས་འཆད་པ་ཡིན་ནམ་སྙམ་མོ།། 

གཉིས་པ་རྣམ་དག་ཁྲིམས་ཁང་གླིང་།   འདི་ནི་གླེགས་ཤིང་དང་། གླེགས་ཐག  ཤོག་བུ།  ཆོས་ཚན་སོགས་ཀྱི་མཐུན་རྐྱེན་སྦྱར་ས་དང་།  གཞུང་ལུགས་བསྒྱུར་ཚུལ་གྱི་གྲོས་བསྡུར་བྱ་ས།  ཆོས་ཀྱི་སྡེའི་ཁྲིམས་གཏན་ལ་འབེབ་ས་བཅས་ཡིན་པར་སྣང་སྟེ།  བཀའ་ཐང་ལས།  དེ་ནས་ལོ་པཎ་ཁྲིམས་ཁང་གླིང་དུ་བྱོན༔ རྒྱལ་པོས་མོན་ལ་ཤོག་བུ་སྡུད་དུ་བཏང་༔ འབངས་རྣམས་རྒྱ་ནག་ཙན་དན་ཤིང་འདྲེན་བཅུག༔  མངའ་འོག་ཀུན་ལ་ཟངས་ལྕགས་ཀོ་བ་བསྡུས༔  ཡིག་མཁན་ཤིང་བཟོ་མགར་བ་མཉེད་མཁན་བཀོལ༔  ཐམས་ཅད་དུས་གང་གཅིག་ལ་ཟིན་པར་བྱས༔  ཞེས་དང་། ཡང་དེ་ལས། རྣམ་དག་ཁྲིམས་ཁང་གླིང་དུ་ཆོས་ཁྲིམས་བཅས༔  ཞེས་གསུངས།  འདིར་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་རེ་འགའ་ཡོད་པར་སྣང་མོད།  ཡིག་ཚོགས་ལ་འཇིགས་ནས་མ་བཀོད་དོ།། 

གསུམ་པ་བརྡ་སྦྱོར་ཚངས་མང་གླིང་།    འདི་ནི་རབ་བྱུང་བསྒྲུབ་སའི་གནས་ཏེ།   བཀའ་ཐང་ལས།  བརྡ་སྦྱོར་ཚངས་མང་གླིང་དུ་རབ་ཏུ་འབྱུང་༔  ཞེས་གསུངས་པའི་ཕྱིར་རོ།  །འདིར་ཡང་བུ་སྟོན་ཆོས་འབྱུང་ལས་ཀྱང་།  བརྡ་སྦྱོར་ཚངས་པའི་གླིང་དུ་བརྡ་སྦྱོར། ཞེས་གསུངས་སོ།། 

བཞི་པ་ཨཱརྱ་པ་ལོའི་གླིང་།  འདི་ནི་མ་འོངས་ལུང་བསྟན་གྱི་སྐོར་བསྒྱུར་ས་དང་། དཀོན་མཆོག་ལ་མཆོད་པ་འབུལ་ས་བཅས་ཡིན་པར་སྣང་སྟེ།  བཀའ་ཐང་ལས། ཨཱརྱ་པ་ལོའི་གླིང་དུ་ལུང་བསྟན་བསྒྱུར༔  ཅེས་དང་། ཨཱརྱ་པ་གླིང་སྒྲིབ་སྤྱོང་ཚོགས་གཉིས་སྤེལ༔    ཞེས་གསུངས་སོ།། 

ལྔ་པ་སྒྲ་བསྒྱུར་གླིང་།  འདི་ནི་མདོ་སྔགས་ཀྱི་ཆོས་གཞུང་རྣམས་བསྒྱུར་ས་ཡིན་ཏེ།  བཀའ་ཐང་ལས།  སྒྲ་བསྒྱུར་གླིང་དུ་མདོ་སྔགས་ཆོས་རྣམས་བསྒྱུར༔  ཅེས་གསུངས་སོ།།   

དྲུག་པ་སྔགས་པ་གླིང་། འདི་དབང་སྐུར་ས་དང་།  མཚམས་བསྙེན་སྒྲུབ།  རིམ་གྲོ་བསྒྲུབ་ས་བཅས་ཡིན་པར་སྣང་ཏེ།  བཀའ་ཐང་ལས། སྔགས་པ་གླིང་དུ་འགལ་རྐྱེན་བར་ཆད་བསྲུང་༔ ཞེས་དང་།    བུ་སྟོན་ཆོས་འབྱུང་ལས།  སྔགས་འཆང་དྷརྨ་ཀིརྟི་ཞེས་པ་སྤྱན་དྲངས་ཏེ་ཡོ་ག་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་དུ་བདུད་འདུལ་སྔགས་པ་གླིང་དུ་དབང་བསྐུར།   ཅེས་གསུངས་སོ།། 

བདུན་པ་བྱམས་པ་གླིང་།  འདི་ནི་སློབ་དཔོན་པདྨ་སོགས་ཀྱིས་ཆོས་ཀྱི་འཆད་ཉན་མཛད་ས་དང་།  མ་འོངས་ལུང་བསྟན་གནང་ས་ཡིན་པར་སྣང་སྟེ།   བཀའ་ཐང་ལས།  དེ་ནས་བྱམས་པ་གླིང་དུ་འཆད་ཉན་བྱེད༔  ཅེས་དང་།  ཡང་དེ་ཉིད་ལས།  བྱམས་པ་གླིང་དུ་ལུང་བསྟན་དབུགས་དབྱུང་མཛད༔  ཅེས་གསུངས་སོ།།  

བརྒྱད་པ་བྱང་ཆུབ་གླིང་།  ཐེག་ཆེན་སེམས་བསྐྱེད་སོགས་བསྒོམ་སའི་གནས་ཡིན་པར་སྣང་སྟེ།  བཀའ་ཐང་ལས།  བྱང་ཆུབ་གླིང་དུ་ཐེག་ཆེན་སེམས་གཉིས་བསྐྱེད༔ ཅེས་གསུངས།   

དགུ་པ་བཻ་རོ་ཙ་ནའི་གླིང་།  འདི་ནི་བསྒྱུར་ཟིན་པའི་སྡེ་སྣོད་ལ་ཞུ་དག་བྱེད་ས་ཡིན་ཏེ།  བཀའ་ཐང་ལས།   བཻ་ཙའི་གླིང་དུ་སྡེ་སྣོད་ཞུ་དག་བྱེད༔ ཅེས་དང་། བུ་སྟོན་ཆོས་འབྱུང་ལས།  བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ།  ཞེས་ཀྱང་གསུངས། 

བཅུ་པ་བསམ་གཏན་གླིང་།  འདི་ནི་ཞི་གནས་སྒོམ་ས་སྟེ།  བཀའ་ཐང་ལས།  བསམ་གཏན་གླིང་དུ་མི་གཡོ་ཏིང་འཛིན་བསྒོམ༔ ཞེས་དང་།  བུ་སྟོན་ཆོས་འབྱུང་ལས།  རྒྱའི་ཧྭ་ཤང་ལ་སོགས་པས་མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་བྱེད།  ཅེས་གསུངས།  དེའང་བསམ་གཏན་གླིང་དུ་མི་གཡོ་ཏིང་འཛིན་བསྒོམ༔  ཞེས་པ་དང་།  བྱང་ཆུབ་གླིང་དུ་ཐེག་ཆེན་སེམས་གཉིས་བསྐྱེད༔ ཅེས་གསུངས་པས་སྐབས་དེར་བསྒོམ་བྱའི་དོན་སོ་སོ་ལ་ལྟོས་ནས་སྒོམ་གནས་སོ་སོར་ཡོད་པར་མངོན། 

བཅུ་གཅིག་པ་སྣ་ཚོགས་གླིང་། འདི་ནི་འཇམ་དཔལ་གླིང་དང་སྒྲ་བསྒྱུར་གླིང་སོགས་ནས་བསྒྱུར་བའི་གཞུང་ཐམས་ཅད་འདིར་བསྡུས་ཏེ་རིག་ཚན་སོ་སོར་དགར་ས་ཡིན་ཏེ།  བཀའ་ཐང་ལས།  སྣ་ཚོགས་གླིང་དུ་ཐེག་པའི་གོ་རིམ་འབྱེད༔ ཅེས་གསུངས། 

བཅུ་གཉིས་པ་ཚང་མང་ཀེ་རུ་གླིང་།   འདི་ནི་པཎྜི་ཏ་དང་ལོ་ཙཱ་བ་དག་གིས་གདུགས་ཚོད་སྤྱོད་ས་ཡིན་ཏེ།  བཀའ་ཐང་ལས།  ཚང་མང་ཀེ་རུར་དགེ་འདུན་གདུགས་ཚོད་སྤྱོད༔  ཅེས་གསུངས་པའོ།།བཅུ་གསུམ་པ་མཐུ་རྩལ་ཀླུ་གླིང་།  འདི་ནི་མཐུ་གཏད་དང་ངན་སྔགས་ཀྱི་རིགས་རྣམས་བསྒྱུར་ས་ཡིན་ཏེ།  བཀའ་ཐང་ལས།  མཐུ་རྩལ་གླུ་གླིང་མཐུ་གཏད་ངན་སྔགས་བསྒྱུར༔  ཅེས་གསུངས་སོ།། 

བཅུ་བཞི་པ་དཀོར་མཛོད་པེ་ཧར་གླིང་། འདི་ནི་ཆོས་ཀྱི་གླེགས་བམ་རྩིག་ས་དང་། ནོར་རྫས་འཇོག་ས་ཡིན་ཏེ། བཀའ་ཐང་ལས། དཀོར་མཛོད་ཉི་ཤུ་ཆོས་ནོར་བཙས་ཀྱིས་གཏམས༔ ཞེས་དང་། བུ་སྟོན་ཆོས་འབྱུང་ལས། དཀོར་མཛོད་པེ་ཧར་གླིང་དུ་ནོར་འཇོག  ཅེས་གསུངས་སོ།།   

གོང་བརྗོད་གླིང་བཅུ་བཞི་ཉིད་དུ་གྲངས་མ་ངེས་པའང་སྲིད་མོད་མཁྱེན་ལྡན་དག་གིས་ཞིབ་ཏུ་དཔྱད་པར་འཚལ། འདིར་ཤེས་དགོས་པ་ཞིག་ནི་གླིང་བཅུ་བཞི་པོ་ཐམས་ཅད་སློབ་གླིང་རང་མིན་པར་སྣང་མོད།  འདིར་བཤད་དགོས་པའི་རྒྱུ་མཚན་ནི་སློབ་གླིང་དེ་རུ་དེང་དུས་ཀྱི་གཙུག་ལག་སློབ་གླིང་ཇི་བཞིན་ཆེད་ལས་ཀྱི་ཁྱབ་ཁོངས་མི་འདྲ་བའི་སློབ་གནས་ཚད་ལྡན་ཞིག་གནའ་སྔ་མོའི་དུས་ནས་ཡོད་པ་དེ་སྨྲ་འདོད་པ་ཙམ་ཡིན། 

གཞན་ཡང་ང་ཚོའི་བོད་ཀྱི་དགོན་སྡེའི་སློབ་གསོའི་ལམ་ལུགས་ཀྱི་ཁྲོད་དུ་གཞིགས་ན།  དཔེར་ན།  མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུ་ལ་མཚོན་ན།  རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་དང་།  སྨན་པ་གྲྭ་ཚང་།  རྒྱུད་སྟོད་གྲྭ་ཚང་།  རྒྱུད་སྨད་གྲྭ་ཚང་།  ཀྱཻ་རྡོར་གྲྭ་ཚང་། དུས་འཁོར་གྲྭ་ཚང་བཅས་གླིང་དེ་ན་གྲྭ་ཚང་དྲུག་ཡོད།  གྲྭ་ཚང་དེ་དྲུག་པོ་སོ་སོའི་ཆེད་ལས་སམ་རིགས་གཅིག་རྐང་འཛིན་གནང་སའི་བསླབ་གཞི་སྟེ་སྦྱང་གནས་སོ་སོར་ཡོད་པ་ཡིན།  དཔེར་ན། སྨན་པ་གྲྭ་ཚང་ཡིན་ན་གཙོ་བོར་གསོ་རིག་རྒྱུད་བཞི་སོགས་བློ་ལ་བཟུང་སྟེ་དེའི་ལག་ལེན་བསྟར་ཐབས་སོགས་སྨན་ལ་སློབ་སྦྱོང་གནང་དགོས་པ་དང་།  ཐོས་བསམ་གྲྭ་ཚང་ནས་གཙོ་བོ་ནང་དོན་རིག་པར་ཆེད་དམིགས་ཀྱིས་སློབ་སྦྱོང་གནང་དགོས་པ་ཡིན། དེ་བཞིན་དུ་རྒྱུད་གྲྭ་སྟོད་སྨད་དང་ཀྱཻ་རྡོར་གྲྭ་ཚང་སོགས་ཀྱི་བདེ་གསང་འཇིགས་གསུམ་གྱི་ཆོ་ག་ཁག་དང་འདོན་རྟ་དབྱངས་སོགས་རྒྱུད་སྡེའི་འཆད་ཉན་གྱི་སྲོག་འཛིན་པ་ཡིན་ནོ།།  དེ་ལྟར་རིམ་བཞིན་དུས་ཀྱི་དགོས་མཁོ་ཡི་དབང་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་ཚེའི་སྨད་ཀྱི་ཆར་རྩིས་པ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལགས་ཀྱིས་སྣེ་ཁྲིད་གནང་སྟེ། གཞུང་ཞབས་པའི་ཁྱིམ་རྒྱུད་ནས་འཚར་ལོངས་བྱུང་བའི་བྱང་ངོས་པ་རིག་འཛིན་རྡོ་རྗེ།  སྐྱིད་སྦུག་པ་དབང་བདུད་ནོར་བུ། སྨོན་གྲོང་མཁྱེན་རབ་ཀུན་བཟང་།  སྒོག་མཁར་བ་བསོད་ནམས་མཁན་པོ་སོགས་སློབ་མ་བཞི་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཆེད་མངགས་ཀྱིས་ཏར་འཕྲིན་ལས་རིགས་དང་ས་གཏེར་འདོན་ལས་ཆེད་སྦྱོང་།  གློག་བཟོ་དང་དམག་དོན་རིག་པ་སོགས་ལས་རིགས་ཆེད་བསྐོས་གནང་སྟེ་ཡུལ་དེ་རུ་ཆེད་སློབ་གནངས་མྱོང་བ་ལོ་རྒྱུས་ཡིག་ཚང་ཁག་ཏུ་གསལ་བ་ལྟར་རོ།།   

དུས་དེ་ནས་བཟུང་དེང་རབས་ལ་ཁ་ཕྱོགས་པའི་ཆེད་ལས་སམ་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་གནང་འགོ་བརྩམས་པའི་དུས་ཚིགས་གལ་ཆེན་ཡིན་པར་སྣང་།  མདོར་དྲིལ་ནས་བརྗོད་ན། རིགས་གཅིག་རྐང་འཛིན་ཞེས་པའི་སློབ་གསོའི་ཁ་ཕྱོགས་དེ་ཐ་སྙད་བཏགས་མ་བཏགས་ཙམ་ལས་ཆེས་སྔ་མོ་ཞིག་ནས་བོད་ཀྱི་སློབ་གསོའི་སྙིང་བཅུད་དུ་སྦྲུམ་ཡོད་པར་སྨྲ་འདོད་པ་དེ་ཡིན།  དེ་ལྟར་རིམ་བཞིན་གངས་རིའི་ར་བས་བསྐོར་བའི་བོད་ཆེན་པོའི་ལྗོངས་འདིར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་གསར་བརྗེ་ཡི་ལྷགས་རླུང་གང་སར་གཡུགས་ཏེ་ཡུལ་འདིའི་ཆོས་སྲིད་ལུགས་གཉིས་ཀྱིས་བསྡུས་པའི་སྣོད་བཅུད་ཡོད་དོ་ཅོག་ལ་བསམ་ཡིད་ལས་འདས་པའི་གོད་ཆག་བྱུང་སྟེ། བོད་འབངས་རྣམས་གཞིས་བྱེས་གཉིས་སུ་གྱེས་པའི་གོ་རིམ་ཁྲོད་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱིའི་བདེ་དོན་དང་ཡང་སྒོས་བོད་མི་བཙན་བྱོལ་བ་ཚོས་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་ནི་བསྟན་པ་ཆབ་སྲིད་ཀྱི་གནས་བབ་སླར་གསོའི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པའི་ངོས་འཛིན་དང་བཅས་ཏེ། སློབ་གྲྭ་གསར་འཛུགས་དང་དེ་འབྲེལ་གྱི་ལག་བསྟར་ཞུ་དགོས་ཁག་ཕྱོགས་ཀུན་ནས་འབད་པ་བརྗོད་ཀྱིས་མི་ལང་བ་ཞིག་བསྟེན་པ་དང་། ལྷག་ཏུ་དེང་དུས་དང་མཐུན་པའི་སློབ་གསོའི་ཁ་ཕྱོགས་ཇི་རྙེད་ཅིག་བསྟན་པའི་ནང་ནས། ད་ཆ་གཞུང་དང་མི་སྒེར། ཚོགས་པ་སྒྲིག་འཛུགས་སོགས་ཀྱིས་གཙིགས་འཛིན་གྱི་ལམ་ནས་མོལ་བཞིན་པའི་སྐུ་མདུན་གྱི་དགོངས་གཞི་དང་འབྲེལ་བའི་རིགས་གཅིག་རྐང་འཛིན་བྱེད་ཕྱོགས་ཀྱི་ཐད་དུ་སྩལ་བའི་བཀའ་སློབ་ཁོ་བོས་ཞིབ་འཇུག་གི་གྲུབ་དོན་ལས་རྙེད་པའི་སྔ་ཤོས་ནི་༡༩༨༣ ཟླ་༡༠ ཚེས་༩ཉིན་རྒྱལ་ས་ལྡི་ལིར་གཞོན་ནུའི་ཚོགས་འདུར་སྩལ་བའི་བཀའ་སློབ་ཀྱི་ནང་དུ།  “སྤྱིར་བཏང་སློབ་གྲྭ་འཛིན་གྲྭ་བཅུ་པ་དང་། བཅུ་གཉིས་ཐོན་པའི་ཤེས་ཚད་ཀྱིས་མི་འགྲིག་པར། ད་ཆ་རིགས་གཅིག་རྐང་འཛིན་པའི་མཁས་པ་དེ་འདྲ་ཐོན་དགོས་ཀྱི་འདུག དེང་སང་ང་ཚོ་བོད་པའི་གནས་སྟངས་ཕྲན་བུ་ཚད་མཐོ་རུ་ཕྱིན་ཡོད། དཔེར་ན།  དཔལ་འབྱོར་གྱི་གནས་སྟངས་ལ་མཚོན་ན།  ས་ཞིང་དང་།  ལག་ཤེས་ཙག་ཙིག་མིན་པར་གཞི་རྒྱ་ཆེ་བའི་འཆར་གཞི་གསར་པ་བཏིང་རྒྱུ་དང་།  ཐབས་ལམ་གསར་བའི་ཐོག་ནས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད།  དེ་བཞིན་དུ་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་ལ་ཆ་བཞག་ན་ཡང་། རྒྱལ་སྤྱིིའི་ཆབ་སྲིད་ཀྱི་འགྲོ་སྟངས་ཤེས་མཁན་དང་།  རྒྱལ་སྤྱིིའི་ཁྲིམས་ཀྱི་འགྲོ་སྟངས་ཤེས་མཁན།  འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་གི་སྐོར། ལས་ཁུངས་འཛིན་སྐྱོང་གི་ལས་དོན། བཟོ་ལས་གསར་སྐྲུན་སོགས་ལས་རིགས་སྣ་ཚོགས་པ་སོ་སོར་དམིགས་བསལ་གྱིས་སློབ་སྦྱོང་བྱས་ཏེ་རིགས་གཅིག་རྐང་འཛིན་པའི་ལས་བྱེད་མཁས་པ་ཐོན་དགོས་ཀྱི་འདུག  དེང་སང་ང་ཚོར་དེ་འདྲའི་ནུས་པས་མ་འདང་བའི་དཀའ་ངལ་འཕྲད་ཀྱི་འདུག  རིགས་གཅིག་རྐང་འཛིན་པ་ཐོན་རྒྱུར་དོ་སྣང་བྱེད་དགོས་ཀྱི་འདུག  དཔེར་ན།  ཡོ་རོབ་ནང་ལ་སླེབས་ཚར་བའི་ཕྲུ་གུ་ཚོའི་ནང་ནས་གཞི་རྩའི་སློབ་སྦྱོང་གི་ཆ་རྐྱེན་ཡག་པོ་ཡོད་པ་དང་། བློ་རིག་བཀྲ་ཞིང་།  སེམས་ཤུགས་ཡོད་པ་དེ་འདྲ་འདེམས་སྒྲིག་གིས་མཐོ་རིམ་རིགས་གཅིག་མཁས་པའི་སློབ་སྦྱོང་བྱེད་རྒྱུའི་མཐུན་རྐྱེན་སྦྱོར་རྒྱུ་གནད་འགག་ཆེན་པོ་འདུག་”ཅེས་གསུངས།   དེ་བཞིན་དུ་༧མགོན་པོ་མཆོག་གིས་སྤྱི་ལོ་ ༡༩༨༩ ཟླ་ ༡༠ ཚེས་ ༢༣ ཉིན་དྷ་ས་བོད་ཁྱིམ་དབུ་བརྙེས་ནས་ལོ་ ༢༩ འཁོར་བའི་དུས་དྲན་ཐོག་སྩལ་བའི་བཀའ་སློབ་ཁྲོད་དུ།  “དེ་བཞིན་དུ་རྒྱ་གར་ནང་དང་། ཕྱི་རྒྱལ་གང་སར་རིགས་གཅིག་རྐང་འཛིན་དམིགས་བསལ་དེ་འདྲ་ཐོན་ཐུབ་པ་བྱེད་དགོས།  ང་ཚོ་བཙན་བྱོལ་བ་ལྟོ་གོས་ཀྱི་ཐོག་ལ་དཀའ་ངལ་མེད་ཙམ་གྱིས་ཆོག་ཤེས་ནས་བསྡད་ན་ཡར་རྒྱས་འགྲོ་ཐུབ་ཀྱི་མ་རེད།  ང་ཚོས་བོད་སྤྱི་བའི་དོན་དག་བསྒྲུབ་ཀྱི་ཡོད་པས་ན།  དོན་དུ་ལས་རིགས་ཆ་ཚང་བའི་སྤྱི་ཚོགས་ཡར་རྒྱས་འགྲོ་ཐབས་དགོས།  ཡར་རྒྱས་འགྲོ་བ་ལ་ཕྱོགས་མང་བོ་ཞིག་ནས་ལས་རིགས་རྣམ་པ་སྣ་ཚོགས་སོ་སོས་ཁུངས་འཁྱོལ་ངེས་ཤེས་ཡོན་ཡོད་པ་ཞིག་དགོས་ཀྱི་རེད།”ཅེས་གསུངས།   

གཞན་ཡང་།  “ཡང་སྤྱི་ཚོགས་ནང་དུ་ལས་རིགས་འདྲ་མིན་གྱི་ཐོག་ཏུ་བོད་མི་རང་ཉིད་ཀྱི་བློ་གྲོས་དང་རིག་པ་གསར་བ་འདོན་ཐབས་དང་།  ལམ་སྟོན་གསར་བ་བྱེད་མཁན་བོད་མི་རང་ཉིད་ཀྱི་ནང་ནས་ཐོན་དགོས་ཀྱི་འདུག  དཔེར་ན།  རི་མོའི་བྲིས་ཆ་དང་།  འཁྲབ་སྟོན་སྐོར།  སྐུ་བརྙན་བཞེངས་སྐྲུན་སོགས་ང་ཚོར་ཐུན་མོང་མ་ཡིན་པའི་ལག་རྒྱུན་དམིགས་བསལ་ཅན་མང་པོ་ཞིག་སྔ་ནས་ཡོད་པ་དེ་དག་ཉམས་ཆག་མ་སོང་བར་མུ་མཐུད་རྒྱུན་འཛིན་བྱེད་དགོས་པའི་རིགས་གཅིག་དང་།  ཡང་དེང་སང་གི་དུས་རབས་གསར་བའི་སྤྱི་ཚོགས་ནང་གི་ལག་ཤེས་རྣམ་གྲངས་འདྲ་མིན་རྣམས་ཀྱང་ང་ཚོས་ཤེས་དགོས་ཀྱི་འདུག  བོད་པའི་ནང་ནས་དེ་ལྟར་ཐོན་དགོས་ཀྱི་འདུག  མ་གཞི་ངོས་ནས་དེའི་སྐོར་ཐེངས་ཁ་ཤས་བཤད་ཡོད།”ཅེས་པའི་གསུང་གསེར་ནག་གི་རི་བོ་ལྟ་བུས་དེང་རབས་ཀྱི་འགྲོས་དང་མཐུན་པའི་སློབ་སྦྱོང་གི་བརྒྱུད་ལམ་དེའི་སྟེང་དུ་སྐུལ་སློང་གི་ཅོང་བརྡ་ཡང་ཡང་བརྡུངས་མྱོང་།   

མ་འོངས་པར་རིགས་གཅིག་རྐང་འཛིན་པ་མང་དུ་གཏོང་ཐབས་སྐོར་ལས་འཕྲོས་པ། 

༡ ཐོག་མར་ཁྱིམ་ཚང་སློབ་གསོའི་འགན་འཁྲི་གླེང་བ། 

ང་ཚོས་དེང་རབས་དང་མཐུན་པའི་རིགས་གཅིག་རྐང་འཛིན་པ་མང་དུ་གཏོང་བ་དང་།  ཆེད་ལས་མཐོ་རིམ་ཤེས་ཡོན་པ་གསོ་སྐྱོང་བྱེད་དགོས་ན། འདི་ལ་ངེས་པར་དུ་མཐུན་རྐྱེན་དུ་མ་ཞིག་འཛོམས་དགོས་མོད།  གཞི་རྩའི་ང་ཚོ་འགྲོ་བ་མིའི་མི་ཚེའི་བརྒྱུད་རིམ་གྱི་དུས་ཚོད་ལ་ཚད་བཀག་ཡོད་སྟབས། ང་ཚོས་གཞོན་ནུའི་སློབ་གསོའམ་ཁྱིམ་ཚང་སློབ་གསོ་ལ་དོ་སྣང་བྱ་དགོས།  

སྤྱི་ཚོགས་ཁྱོན་ཡོངས་ལ་སློབ་སྦྱོང་གི་བྱེད་ཐབས་འདིའི་ཐད་ཀྱི་གོ་རྟོགས་དང་ངེས་ཤེས་ལེགས་པོ་བསྐྲུན་རྒྱུ་དང་།  ལྷག་ཏུ་གཞི་རིམ་ཁྱིམ་ཚང་སློབ་གསོ་ནས་འགོ་བརྩམས་ཏེ་ཕ་མ་སོ་སོས་རང་གི་བྱིས་པ་ཚོ་ཆུང་དུས་ནས་བྱིས་པ་རང་རང་གི་སེམས་ཁམས་དང་འཚམ་པའི་དགའ་ཕྱོགས་སམ་ལས་རིགས་ཅི་ཞིག་ལ་མོས་པ་ཡོད་མེད་བརྟག་དཔྱད་ལེགས་པོ་གནང་རྒྱུ་དེ་ནི་ལས་དོན་འགངས་ཆེན་ཞིག་ཏུ་བརྩི་དགོས་པར་འདོད།  མ་ཟད་དུས་རིམ་དེ་ཡི་ཁྲོད་ནས་བྱིས་པ་སོ་སོའི་དགའ་ཕྱོགས་དང་བསྟུན་པའི་བྱ་དངོས་དང་ཁོར་ཡུག་སོགས་ཀྱི་མཐུན་རྐྱེན་གྱ་ནོམ་པ་སྦྱར་ཏེ་དཔྱིད་དུས་ཀྱི་ཞིང་ས་ལྟ་བུའི་བྱིས་པའི་ལོ་ཟླ་དག་དེ་ལྟའི་སློབ་གསོའི་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་མཐར། གཞི་ནས་ནར་སོན་གྱི་མི་ཚེའི་འཚོ་བའི་ཁྲོད་དུ་བྱིས་དུས་སུ་རྨིས་མྱོང་བའི་རྨི་ལམ་གྱི་སྣེ་མོར་འཇུས་ཏེ་དངོས་སུ་ཕུགས་བསམ་སྙེག་པའི་སྐབས་སུའང་ཕ་མ་ཚོས་སྔར་ལས་ལྷག་པའི་སེམས་ཤུགས་བསྣན་ཏེ་ཕྲུ་གུ་སྒེར་གྱི་སྤྱིའི་ཤེས་ཡོན་ཡར་རྒྱས་འགྲོ་ཐབས་དང་། ཕུགས་བསམ་གྱིས་བསླངས་པའི་ལས་རིགས་དེ་ལ་རྒྱབ་སྐྱོར་འཕར་མ་གནང་སྟེ། ཕྲུ་གུ་ཚོ་རང་སྐྱ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུའི་གོ་རྟོགས་རྙེད་དགོས། ཕྲུ་གུ་ཚོས་རང་ཉིད་ཀྱི་མི་ཚེའི་འཚོ་བའི་གནད་དོན་དེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཐག་གཅོད་ཐུབ་པ་བྱ་རྒྱུ་ནི། རང་སྐྱ་ཐུབ་པའི་ཆ་རྐྱེན་གཅིག་ཡིན་པར་མ་ཟད་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་པ་ནི་བསྙོན་དུ་མེད། དེ་ལྟར་རྨང་གཞིའི་སློབ་གསོ་ཚད་ལྡན་ཞིག་གིས་སྔོན་བསུ་ཐུབ་ན་རིགས་གཅིག་རྐང་འཛིན་པ་ཁྱད་འཕགས་གྲངས་ལས་འདས་པ་ང་ཚོའི་སྤྱི་ཚོགས་སུ་འཚར་ལོངས་འབྱུང་ཐུབ་པའི་གདེང་སྤོབས་སྙིང་དབུས་སུ་བདོག  འོན་ཏེ།  སྔར་རྒྱུན་བཞིན།  བྱིས་པའི་འཚར་ལོངས་ཕ་མའི་སེམས་ཁམས་ཀྱི་དགའ་སྡུག་ལས་འབྱུང་དགོས་པ།  ཕྲུ་གུའི་ཁོར་ཡུག་ཕ་མས་འདེམས་དགོས་པ་དང་། ཕྲུ་གུའི་སློབ་སྦྱོང་ཕ་མའི་འདོད་མོས་ལྟར་བྱེད་དགོས་པ།  གཞན་ཡང་། ཕྲུ་གུའི་མི་ཚེའི་སྒོ་ཀུན་ནས་དགེ་རྒན་དང་ཉེ་འབྲེལ་ལ་བསྟུན་དགོས་པ་སོགས་གུ་དོག་པའི་ལམ་སྲོལ་འདི་མ་བསྒྱུར་བ་དེ་སྲིད་དུ།  གཞི་རིམ་ནས་རྨང་གཞི་སློབ་གསོ་ངེས་ཅན་ཞིག་བརྒྱུད་པའི་རིགས་གཅིག་རྐང་འཛིན་པ་ཞིག་འབྱུང་ཐུབ་མིན་ནི་ཉིན་མོ་སྐར་མ་འཆར་ཐུབ་མིན་ལ་ཅོ་འདྲི་བ་དང་གཉིས་སུ་མ་མཆིས་པ་ཡིན། དེ་ལས་ལྡོག་སྟེ་ཁྱིམ་ཚང་གི་སློབ་གསོས་སློབ་གྲྭའི་སློབ་གསོ་ལ་ཆར་བ་ཆུ་གྲོགས་ཀྱི་ཚུལ་གྱིས་ནུས་པ་བཏོན་ན་གཞི་ནས་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་རྒྱུ་ཡོད་པ་ཡང་དག་པའི་སློབ་གསོའི་གྲུབ་དོན་ཞིག་ཡིན་ནོ་ཞེས་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་འདོད་བྱུང་།   གོང་བརྗོད་འདི་དག་ནི་ཁྱད་འཕགས་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་བྱེད་ཕྱོགས་ཐད་ཀྱི་རྨང་གཞིའི་སློབ་གསོའི་སྐོར་ནས་ཅུང་ཟད་ཙམ་ཞིག་བསྙད་པ་ཡིན།   

 ༢ བར་དུ་དགེ་རྒན་ལ་རག་ལས་ཚུལ། 

དགེ་རྒན་ནི་མིའི་རིགས་ཀྱི་བསམ་བློའི་བཟོ་བཀོད་པ་དང་། སློབ་མ་ཚོའི་མི་ཚེ་གང་བོར་བློ་གཏོད་བྱེད་ས་དང་། ཀུན་སྤྱོད་སློབ་གསོའི་མེ་ལོང་ལྟ་བུ་ཞིག་ཡིན་པས་མེ་ལོང་དེ་ཡི་ནང་དུ་གང་ཤར་བ་དག་གིས་སློབ་མའི་གཤིས་རྒྱུད་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པ་ཡིན། རྒྱུ་མཚན་དེར་བརྟེན། དགེ་རྒན་གྱིས་སློབ་མའི་རང་གཤིས་དང་འབྲེལ་བའི་སེམས་ཁམས་འཚོལ་དགོས་ལ།  གཞན་ཡང་། སློབ་མའི་དམིགས་འབེན་རྟོགས་དགོས། དགེ་རྒན་གྱིས་ནམ་རྒྱུན་སློབ་ཁྲིད་བྱེད་སྐབས་སློབ་མར་སློབ་སྦྱོང་གི་ཐབས་ཤེས་སློབ་དགོས།  མིའི་རིགས་ཀྱི་ཚད་མཐོའི་བྱ་གཞག་སྒྲུབ་མཁན་གྱི་མི་སྣའི་སྒྲུང་གཏམ་བཤད་པ་དང་།  དགེ་རྒན་གྱིས་རང་གི་འདོད་བློ་ཕལ་བར་བརྩིས་ཏེ་སློབ་མའི་འདོད་འདུན་གཙོར་བཟུང་གིས་སློབ་གསོའི་ལམ་དུ་བསྐྱོད་ན།  ད་གཟོད་གྲུབ་འབྲས་དམིགས་བསལ་བ་རེ་ལོན་སྲིད་པ་རེད།  གང་ལྟར། བྱིས་པ་སོ་སོའི་ནུས་པ་དང་མོས་པ་མི་འདྲ་བས་དེ་བསྟུན་གྱི་སློབ་གསོ་སྤྲོད་རྒྱུ་ནི་གལ་གནད་ཆེ་ཤོས་ལྟ་བུར་སྣང་། མ་གཞི་ཕྱི་ནང་མཁས་པ་མང་པོས་སློབ་གསོའི་ལས་དོན་བསྒྲུབ་པའི་དགེ་རྒན་ཞིག་ཡིན་ཕྱིན་ཆ་རྐྱེན་བདུན་ནམ་བརྒྱད་བཅུ་སོགས་མང་དག་ཅིག་ལྡན་དགོས་པར་བསྙད་མོད།  ཐེངས་འདིར་བདག་གིས་མོལ་བཞིན་པ་ནི་དགེ་རྒན་གྱི་ཕྲག་ཏུ་བབས་པའི་འགན་འཁྲི་དུ་མ་ཞིག་ཡོད་པའི་ནང་གི་ཕྲུ་གུ་ཚོ་ལོ་ན་ཆུང་བའི་དུས་ནས་རང་རང་གི་སེམས་ཁམས་དང་བསྟུན་པའི་འདོད་མོས་བསྔོག་འདོན་དང་དེ་ལ་རྒྱབ་སྣོན་གནང་ཕྱོགས་ཐད་ཁོ་བོས་རང་གི་བློ་མིག་ཏུ་ཤོང་ཚོད་ཙམ་ཞིག་བཀོད་པའི་ཁུལ་ལོ།།   

 ༣ མཐར་ཁོར་ཡུག་དང་གདམ་ག་གལ་ཆེ་བ། 

ཁོར་ཡུག་ནི་ལས་དོན་ལེགས་གྲུབ་འབྱུང་བར་མེད་དུ་མི་རུང་བའི་སྡིངས་ཆ་ཞིག་ཡིན།  སྡིངས་ཆ་དེ་གཞུང་འབྲེལ་གྱི་ཚོགས་པ་དང་།གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མཐོ་སློབ་སོགས་སྤྱི་སྒེར་སུ་འདྲ་ཞིག་ཡིན་ཡང་བསྐྲུན་ནུས་པ་ཞིག་དང་བསྐྲུན་འོས་པ་ཞིག་ཡིན།  དེ་སྔ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་ལོ་ངོ་མང་བོའི་རིང་ལ་སྔ་རྗེས་སུ་དེང་དུས་དང་མཐུན་པའི་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་གནང་དགོས་པ་གལ་ཆེན་ཡིན་པ་བཀའ་སློབ་ཡང་ཡང་ཕེབས་པར་བརྟེན། ཤེས་རིག་ལས་ཁུངས་དང་ཆོས་རིག་ལས་ཁུངས་སོགས་ཀྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆེད་ལས་སློབ་ཐོན་པ་དང་ཆེད་ལས་སུ་ཞུགས་མུས་ཀྱི་གྲངས་ཐོ་བསྡུས་ཏེ་སློབ་སྦྱོང་གི་གོ་སྐབས་དམིགས་བསལ་སྤྲོད་ཀྱི་ཡོད་པ་དང་། དེ་འབྲེལ་གྱི་ཟབ་སྦྱོང་གནང་བ་སོགས་གཞུང་སྒེར་གཉིས་ཀྱིས་རིགས་གཅིག་རྐང་འཛིན་གྱི་དགོས་མཁོ་སྒྲུབ་བཞིན་འདུག་མོད།  ཕྱོགས་གཞན་ཞིག་ནས་བརྗོད་ན་རིགས་གཅིག་རྐང་འཛིན་པར་ཁོར་ཡུག་བསྐྲུན་སྟངས་ཀྱི་ཆ་ནས་གཞུང་སྒེར་གཉིས་ལ་སྐྱོན་ཆ་གང་མང་ཞིག་ཡོད་པ་ནི།  དཔེར་ན།  གཞུང་ངོས་ནས་རིགས་གཅིག་རྐང་འཛིན་པའི་སློབ་མ་བསྡུ་ལེན་བྱས་མཐར། དེ་ལ་མཐུན་རྐྱེན་སྦྱོར་མ་ཐུབ་པ་དང་སྦྱར་ཀྱང་འདང་ངེས་མེད་པ།  སྒྲིག་འཛུགས་ཚགས་ཚུད་མེད་ཁར་ལོ་དུས་སོགས་ངེས་གཏན་བྱེད་མ་ཐུབ་པའི་སྐྱོན་ཆ་མང་བོ་བྱུང་དང་འབྱུང་བཞིན་ཡོད་པར་གསལ།  གཞན་ཡང་།  རིགས་གཅིག་རྐང་འཛིན་པར་ཞུགས་མཁན་མི་སྒེར་གྱི་ངོས་ནས་ཟླ་བ་གཉིས་གསུམ་ཙམ་གྱི་སྒྲིག་འཛུགས་དེ་ལས་ཐོན་འགྲོ་བ་དང་།  ཞིབ་འཇུག་གི་གྲུབ་དོན་དུས་ཐོག་ལ་དོ་དམ་པའི་ཕྱག་ཏུ་མི་སྤྲོད་པ། སློབ་ཡོན་ནམ་ཟླ་ཕོགས་ལ་དམིགས་ཏེ་བརྗོད་གཞི་གནད་དུ་མི་ཁེལ་བའི་ཡིག་རྙོག་རེ་ཕུལ་ཏེ་ཟླ་ཕོགས་ལེན་ཐབས་ཀྱིས་དུས་ཚོད་བསྐྱལ་བ་དང་།  ཡང་རིགས་གཅིག་རྐང་འཛིན་པ་བྱེད་རྒྱུའི་ཆ་རྐྱེན་སྒོ་ཀུན་ནས་མ་ཚང་བའི་རྐྱེན་གྱིས་ཐོ་འགོད་བྱས་ཟིན་པའི་སློབ་མ་བརྒྱ་ཆའི་དགུ་བཅུ་གོ་དགུས་མཇུག་སྐྱོང་མ་ཐུབ་པའི་དཀའ་ངལ་སོགས་ཡོད་མུས་སུ་མཆིས།  དཔེར་བཞག་ན། ཉིས་སྟོང་བཅུ་གསུམ་ལོར་ཤེས་རིག་ལས་ཁུངས་ཀྱིས་བསྡུས་པའི་སྒྲིག་ཞུགས་མིན་པའི་རིགས་གཅིག་རྐང་འཛིན་པ་བསྐྱེད་སྲིང་གནང་བའི་གོ་རིམ་ཁྲོད་མཐར་སློབ་མ་གཉིས་ལས་མཇུག་སྐྱོང་མ་ཐུབ་པ་ནི་ཁོ་བོས་ཞིབ་འཇུག་བྱས་པའི་གྲུབ་དོོན་ཡིན།  འདིར་ཤོད་བཞིན་པའི་རིགས་གཅིག་རྐང་འཛིན་པ་ནི་སྤྱིར་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་བྱེད་ཕྱོགས་ཀྱི་ཐད་དུ་གོ་དགོས་པ་ལས་གཞུང་ཆེན་རིགས་གཅིག་རྐང་འཛིན་པར་གོ་བ་མིན།   མདོར་ན།  སྒོ་ཀུན་ནས་འཐུས་ཚང་བ་དང་སྤུས་ལེགས་པ་ཞིག་ཡོང་དགོས་ན།  ངས་གོང་དུ་བརྗོད་པ་བཞིན། འདིའི་ཐད་དོ་སྣང་དང་ཐུགས་ཁུར་གནང་མཁན་གྱི་ཉམས་ཞིབ་པ་གང་མང་ཞིག་གིས་ཐོག་མའི་ནོར་འཁྲུལ་གྱི་འགོ་འཛུགས་ནི་ཕ་མའི་སློབ་གསོ་ལ་རག་ལས་པ་དང༌། བར་གྱི་ནོར་འཁྲུལ་ནི་དགེ་རྒན་གྱི་ལམ་སྟོན་གྱིས་མ་འགྲིག་པ། མཐའ་མའི་ནོར་འཁྲུལ་ནི་སློབ་གཉེར་བ་ཚོའི་གདམ་ག་མ་འགྲིག་པ་གསུམ་དུ་ཡོངས་སུ་འདུ་བར་ངོས་འཛིན་བྱེད་བཞིན་ཡོད་དོ། 

སྨྲས་པ། 
ལྷན་སྐྱེས་རིག་པའི་ལོ་ལེགས་མ་སྨིན་ཞིང་།།
སྦྱངས་སྟོབས་ཡོན་ཏན་ཁྲོམ་པའི་གཟུགས་རིས་བཞིན།
བདག་འདྲ་ཡི་གེའི་ལས་སུ་འཇུག་པ་འདི།། 
མཁས་རྣམས་བཞད་གད་རྒྱུ་ལས་གཞན་མ་ཡིན།། 
ལས་འདིར་གོང་ནས་བསྐུལ་ངོ་མ་བཟློག་ཅིང་།། 
ཡབ་གཅིག་བླ་མའི་དགོངས་གཞི་རྟོགས་ཕྱིར་དང་།། 
སློབ་པའི་ལས་རྣམས་ཡར་རྒྱས་འགྲོ་བའི་སླད།། 
༸སྐྱབས་མགོན་དམ་པའི་ཐུགས་ཀྱི་འོ་མཚོ་ལས།། 
བྱུང་བའི་རིགས་གཅིག་རྐང་འཛིན་བྱེད་ཕྱོགས་ལ།། 
ཅུང་ཟད་བཤད་པའི་ཚུལ་ལས་རྨོངས་གཏམ་དང་།། 
བྱས་ཉེས་གང་ཡོད་མཁས་པའི་མདུན་སར་འཆགས། ། 
འདིར་འབད་དགེ་བ་ཕྲན་ཙམ་ཡོད་གྱུར་ན། ། 
ཕྱག་ན་པད་མོས་ཚེ་རབས་རྗེས་བཟུང་ནས།། 
བོད་འབངས་རྫོགས་ལྡན་འཆར་བའི་རྒྱུ་རུ་བསྔོ།། 

ཞེས་པ་འདི་ནི་དགའ་ལྡན་ཤར་རྩེའི་སློབ་མའི་གྲལ་གྱི་ཡང་མཐའ་འཛིན་པ་བློ་བཟང་རབ་བརྟན་རྒྱ་མཚོར་འབོད་པས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རང་ཤག་ནས་ ༢༠༢༢/༤/༢ ཉིན་ལ་མཇུག་གྲུབ་པར་བགྱིས་སོ།།    །། 

  དཔྱད་གཞིའི་ཡིག་ཆ་ཁག 

 <<པདྨ་བཀའ་ཐང་རྒྱས་པ།>> རིས་མེད་དཔེ་མཛོད་ཁང་ནས་སྤེལ།  

<<རྗེ་བཙུན་མི་ལ་རས་པའི་མགུར་འབུམ།>> རས་པའི་རྒྱན་གྱིས་བརྩམས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྤེལ།  

 <<བདེ་བར་གཤེགས་པའི་བསྟན་བའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ།>> བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད།  ཀུན་བཏུས་འཕྲུལ་དེབ་ཁང་ནས་སྤེལ།  

<<༧རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་གསུང་འབུམ།>>པོད་ཅ་པ་དང་ཏ་པ།   སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་དཔར་སྐྲུན་གནང་།  

<<བོད་ཀྱི་སྲིད་དོན་རྒྱལ་རབས།>> ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས། བོད་གཞུང་ཤེས་རིག་དཔེ་སྐྲུན་ཁང་ནས་༡༩༨༦ལོ་སྤེལ།   

<<དཔེ་ཆོས་ཚིག་མཛོད།>>དཔའ་རིས་སངས་རྒྱས་ཀྱིས་བརྩམས།  མཆོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༡༩༩༩ལོར་སྤེལ།   

 <<མདོ་སྨད་ལོ་རྒྱུས་ཆེན་མོ།>>གླེགས་བམ་གཉིས་པ།  ཧོར་གཙང་འཇིགས་མེད་ཀྱིས་བརྩམས།  བོད་ཀྱི་དཔེ་མཛོད་ཁང་ནས་༢༠༠༩ལོར་སྤེལ།    

 – – – – –

Loading