སྔོན་དུ་གླེང་པའི་གཏམ།
རྗེ་བཙུན་བླ་མ་འཇམ་དཔལ་དབྱངས་དང་ངོ་བོ་དབྱེར་མ་མཆིས་པའི་དྲིན་ཅན་དགེ་བའི་བཤེས་གཉེན་རྣམས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཐུགས་རྗེ་ཆེན་པོས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཐུགས་མཉེས་བཞིན་དུ་རྗེས་སུ་གཟུང་དུ་གསོལ། ཐུབ་བསྟན་ཡང་སྙིང་སྣང་སྟོང་འགལ་མེད་དུ།། རྒྱུ་དང་འབྲས་བུར་འཆར་བའི་ཚུལ་བཟང་པོ།། འཇམ་མགོན་བླ་མའི་བཞེད་པ་ཇི་ལྟ་བུ།། འཛིན་མཁས་ཕྱག་ན་པད་མོར་རྟག་ཏུ་འདུད།། ཅེས་མཆོད་པར་བརྗོད་པའི་ཚིག་གིས་སྨྲ་བའི་ལམ་ཡངས་པོར་ཕྱེས་ཏེ་ད་ལམ་དགའ་བྱང་དཔེ་མཛོད་ཁང་གི་གོ་སྒྲིག་ལ་བརྟེན་རང་ཅག་རྣམས་ཀྱི་འདྲེན་པ་བླ་ན་མ་མཆིས་པ་ཉེར་གཅིག་དུས་ཀྱི་སྟོན་པ་ཆེན་པོ་གངས་ཅན་ཕྱག་ན་པདྨོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་སྐབས་དམན་པ་བདག་ལ་ཡང་རྩོམ་ཞིག་འབྲི་བའི་གོ་སྐབས་བཟང་པོ་ཐོབ་པར་སྤྲོ་བ་རབ་ཏུ་བརྟས་ཏེ། རྟེན་འབྱུང་ལ་དཔྱད་པའི་བརྩོན་པ་ལྷུར་བླངས་པ་ཡིན་ཡང་། སྤྱིར་ཁོ་བོར་ཤེས་རབ་རྟ་རྔ་ཙམ་དང་བློ་མིག་ཁབ་རྩེ་ཙམ་ལས་མེད་པ་ཡིན་སྟབས་སྔོན་མ་དཔྱད་པ་ཞིག་འདིར་དཔྱད་པ་ལྟ་ཅི་དཔྱད་ཟིན་པ་རྣམས་ཀྱང་བརྔོ་མི་ཐོགས་ན་ཡང་། འདིར་ཅུང་ཟད་དཔྱད་ཁུལ་བྱས་པའི་རྒྱུ་མཚན་ནི། ཕྱོགས་གཅིག་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཟབ་མོ་འདི་ལ་བག་ཆགས་ཤིག་འཇོག་ཐུབ་ན་ཅི་མ་རུང་སྙམ་པ་དང་། གཉིས་ནས་སྐྱེས་བུ་དམ་པ་གང་ཞིག་ལ་རྗེས་དྲན་བྱེད་སྟངས་རྨད་དུ་བྱུང་བའམ། རབ་དང་། མཆོག་དང་། ཕུལ་དུ་བྱུང་བ་ནི། སྐྱེས་བུ་དམ་པ་གང་དེའི་གསུང་རྗེས་སུ་དྲན་ཚུལ་ཡིན་པ་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་<<རྟེན་འབྲེལ་བསྟོད་པ>>ལས། མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་དེ་ཡང་ནི།། འདི་ཉིད་ཡིན་ཕྱིར་མཁས་པ་ཡིས།། འདི་ལས་སངས་རྒྱས་རྗེས་དྲན་བྱོས།། ཞེས་གསུངས་པ་ལྟར་དང་། གསུང་གི་ནང་ནས་ཀྱང་རྒྱལ་བའི་བསྟན་པའི་ཡང་སྙིང་རྟེན་འབྱུང་ཟབ་མོ་འདི་ཉིད་ཡིན་པ་ཡང་རྗེ་ཉིད་ཀྱིས། ཁྱོད་ཀྱིས་ཇི་སྙེད་བཀའ་བསྩལ་པ།། རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག།། ཅེས་གསུངས་པ་སོགས་ལ་གཞིགས་ནས་རྟེན་འབྱུང་ལ་ཅུང་ཟད་དཔྱད་ཁུལ་བྱས་པ་ཡིན་ལ། ད་དུང་རྒྱུ་མཚན་གཞན་ཞིག་ཡོད་པ་ནི། ཚོགས་མཆོད་སོགས་དགེ་སྦྱོར་གང་ཞིག་བྱས་ཀྱང་། རྟེན་འབྱུང་ཟབ་མོ་འདི་ལ་འཇུག་པའི་དགེ་རྩ་ལས་ཆེ་བ་ཞིག་མེད་པ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་བྱོན་པའི་དགོས་དོན་གཙོ་བོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཟབ་མོ་འདི་སྟོན་པའི་ཆེད་དུ་ཕེབས་པ་ལས་ཤེས་ནུས་ལ། <<ས་ལུ་ལྗང་པའི་མདོ>>ལས་ཀྱང་། སུས་རྟེན་ཅིང་འབྲེལ་བར་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་། །ཞེས་གསུངས་པ་འདི་དག་ལ་བརྟེན་བློ་བཟང་རྒྱལ་བའི་ཐུགས་བཅུད་རྟེན་འབྱུང་ལ་ཅུང་ཟད་དཔྱད་པར་བྱ་སྙམ་པའི་ཀུན་སློང་བྱུང་བ་ཡིན་ལ། དེ་འཆད་པར་བྱ་བ་ལ་ལྔ། རྟེན་འབྱུང་ལ་དཔྱད་པའི་རྒྱུ་མཚན། རྟེན་འབྱུང་བསྟན་པའི་མདོ་སོགས་ངོས་གཟུང་བ། རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ལ་དཔྱད་པ། རྟེན་འབྱུང་སྟོང་པ་དང་སྟོང་པ་རྟེན་འབྱུང་གི་དོན་དུ་འགྲོ་ཚུལ། ལྟ་བའི་དཔྱད་པ་རྫོགས་པའི་ཚད་བཤད་པའོ།།
རྟེན་འབྱུང་ལ་དཔྱད་པའི་རྒྱུ་མཚན།
དང་པོ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་<<བཤེས་སྤྲིངས>>འཕྲུལ་དེབ་(༩༣)ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི།། གསུང་གི་མཛོད་འདི་གཅེས་པ་ཟབ་མོ་སྟེ།། གང་གིས་འདི་ནི་ཡང་དག་མཐོང་བ་དེས།། སངས་རྒྱས་དེ་ཉིད་རིག་པའི་རྣམ་མཆོག་མཐོང་།། ཞེས་པ་ལྟར་སངས་རྒྱས་ཀྱི་གསུང་མཛོད་ལས་ཆེས་གཅེས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འདི་ལ་འཇུག་པར་བྱ་བ་ལ་ཐོག་མར་རྒྱུ་འབྲས་ཀྱི་རྟེན་འབྲེལ་དང་། དེ་ནས་ཆ་ཤས་ལ་ལྟོས་པའི་ལྟོས་གྲུབ་ཀྱི་རྟེན་འབྲེལ་དང་། དེ་ནས་གདགས་གཞི་དང་འདོགས་བྱེད་གཞན་ལ་ལྟོས་པའི་རྟེན་འབྲེལ་ཕྲ་མོའི་སྐོར་སོགས་ལ་རིམ་བཞིན་དཔྱད་ནས་གོ་བ་ལེགས་པོ་ཞིག་མ་ཆགས་བར་དུ་དབུ་མའི་ལྟ་བ་རྟོགས་པའི་གཞི་མེད་པ་ཡིན། དེ་ཡང་རྟོག་པས་ཕར་བཏགས་ཙམ་གྱི་ཆོས་ལེགས་པར་འཇོག་མ་ཐུབ་ཚེ་ཆོས་ཅན་ཀུན་རྫོབ་པ་ཞིག་གཏན་ནས་མེད་པར་འགྱུར་བའམ། ཡང་ན་བློ་འཁྲུལ་ངོར་ཙམ་དུ་ཡོད་ཀྱང་དོན་ལ་མེད་ཟེར་བ་ལྟ་བུའི་ཆད་མཐར་ལྷུང་ཞིང་། ཀུན་རྫོབ་བདེན་པའི་རྣམ་གཞག་ཕྱིན་ཅི་མ་ལོག་པ་མ་བྱུང་ཕྱིན་གནས་ལུགས་གཏན་ལ་འབེབས་པའི་གཞི་མེད་པས། དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀ་ལས་ཉམས་པར་འགྱུར་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་<<རྩ་ཤེའི>>རབ་བྱེད་ཉེར་བཞི་པ་(༣༥)ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། དེ་ནི་སྟོང་པ་ཉིད་དུ་བཤད།། དེ་ནི་བརྟེན་ནས་གདགས་པ་སྟེ།། དེ་ཉིད་དབུ་མའི་ལམ་ཡིན་ནོ།། གང་ཕྱིར་རྟེན་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་པ།། དེ་ཕྱིར་སྟོང་པ་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་ནོ།། ཞེས་གསུངས་པ་འདི་རྟེན་འབྱུང་གང་ཡིན་པ་དེ་ཉིད་ཅེས་ངེས་བཟུང་བྱས་ཏེ་དེ་ག་རང་སྟོང་པ་ཉིད་ཡིན་པ་དང་། སྟོང་པ་གང་ཡིན་པ་དེ་ལ་བརྟེན་ནས་བཏགས་པ་སྟེ། སྟོང་པ་དེ་ག་རང་རྟེན་འབྲེལ་ཡིན་པ་དང་དེ་ལྟར་རྟེན་འབྲེལ་དང་སྟོང་པ་གཉིས་གཞི་གཅིག་གི་སྟེང་དུ་གཞི་མཐུན་དུ་འགལ་མེད་ལེགས་པར་གྲུབ་པའི་བློ་ལ། དེ་ཉིད་ཅེས་ངེས་བཟུང་གིས་དབུ་མའི་ལམ་ཡིན་པར་གསུངས་པ་འདི་ནི།<<ཤེས་རབ་སྙིང་པོ>>ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་པའི་དགོངས་དོན་མཐར་ཐུག་པའོ། །ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གང་ཡིན་ཡང་དེ་ཐོབ་བྱེད་ཀྱི་ཐབས་མ་ནོར་བ་དང་། མེད་ཐབས་མེད་པ་ནི་རྟེན་འབྲེལ་སྙིང་པོ་ཅན་གྱི་དབུ་མ་ཐལ་འགྱུར་པའི་ལུགས་ཀྱི་གནས་ལུགས་རྟོགས་པའི་ཤེས་རབ་འདི་ཉིད་ཡིན་ལ། དེ་སྒོམ་ཚུལ་སོགས་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་རྗེས་སུ་འབྲངས་དགོས་ཀྱི་དེ་ལས་གཞན་དུ་གྱུར་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དང་འབྲས་བུ་ཐོབ་པའི་གནས་མེད་དེ།<<དབུ་མ་འཇུག་པ>>ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི།། ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ།། དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས།། དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན།། ཞེས་པ་ལྟར་རོ།།
རྟེན་འབྱུང་བསྟན་པའི་མདོ་སོགས་ངོས་གཟུང་བ།
གཉིས་པ་ནི། <<ས་ལུ་ལྗང་པའི་མདོ>>(མདོ་སྡེ་ཚ་པར་༣༡༧)ལས། སྨྲས་པ་ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ། སྨྲས་པ་རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ།། ཞེས་དང་།<<གླང་པོའི་རྩལ་གྱི་མདོ>>(མདོ་སྡེ་ཚ་པར༦༢)ལས། ཆོས་རྣམས་བརྟེན་ཏེ་བྱུང་བས་ན།། འདི་ལ་བདག་ནི་ཡོད་མ་ཡིན།། བསྐལ་པ་བྱེ་བ་སྟོང་དག་ཏུ།། སྙོམ་ལས་མེད་པར་སྦྱིན་པར་བྱིན།། ཞེས་དང་། <<མ་དྲོས་པས་ཞུས་པའི་མདོ>>(མདོ་སྡེ་ཕ་པར༥༩༨ལས། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་བྱས་ཏེ།། མཐར་ལྟ་བ་ལ་གནས་པར་མི་བྱེད་དེ།། རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན།། ཆོས་ནི་རྒྱུ་བཅས་རྐྱེན་བཅས་རབ་ཏུ་ཤེས།། ཞེས་དང་། ཡང་དེ་ཉིད་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན།། རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད།། གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན།། ཞེས་གསུངས་པའི་ཕྱིར་རོ།།
བསྟན་བཅོས་ཀྱི་དབང་དུ་བྱས་ན། <<རྩ་ཤེའི>>རབ་བྱེད་ཉེར་བཞི་པ་ ༣༥ ལས། གང་ཕྱིར་བརྟེན་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་པ།། ཞེས་དང་།<<རྩ་ཤེའི>>རབ་བྱེད་བརྒྱད་པ་ ༡༥ ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང་།། ལས་ཀྱང་བྱེད་པོ་དེ་ཉིད་ལ།། བརྟེན་ནས་འབྱུང་བ་མ་གཏོགས་པ།། འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་།། ཞེས་དང་། <<རིན་ཆེན་ཕྲེང་བ>>འཕྲུལ་དེབ་ ༡༠ ལས། འདི་ཡོད་པས་ན་འདི་འབྱུང་དཔེར།། རིང་པོ་ཡོད་ན་ཐུང་ངུ་བཞིན།། འདི་སྐྱེས་པས་ན་འདི་སྐྱེ་དཔེར།། མར་མེ་འབྱུང་བས་འོད་བཞིན་ནོ།། ཞེས་དང་། <<བཞི་བརྒྱ་པའི>>རབ་བྱེད་བཅུ་བཞི་པ་འཕྲུལ་དེབ་ ༣༩ ལས། གང་ལ་བརྟེན་ནས་འབྱུང་ཡོད་པ།། དེ་ནི་རང་དབང་མི་འགྱུར་ཏེ།། འདི་ཀུན་རང་དབང་མེད་པ་སྟེ།། དེས་ན་བདག་གི་ཡོད་མ་ཡིན།། ཞེས་སོགས་མདོ་དང་བསྟན་བཅོས་ཤིན་ཏུ་མང་ཡང་ཡིག་ཚོགས་ལ་འཇིགས་ཏེ་གྲགས་ཆེ་བ་དེ་དག་ལས་འདིར་མ་དྲང་ངོ་།། སྤྱིར་རྟེན་འབྱུང་ཞེས་པའི་གོ་དོན་ནི། རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའམ་འགྲུབ་པ་དང་། རང་གི་ཆ་ཤས་སམ་གདགས་གཞི་ལ་བརྟེན་ནས་འབྱུང་པའམ་འགྲུབ་པ་དང་།ལྟོས་གཞི་ཆོས་གཞན་ལ་བརྟེན་ནས་འགྲུབ་པའམ་འཇོག་པ་ལ་བྱེད་དེ། <<རྩ་ཤེས་རྣམ་བཤད་རིགས་པའི་རྒྱ་མཚོ>>༢༤ ལས། དེ་ལ་ཕྲད་ལྟོས་རྟེན་གསུམ་རྣམ་གྲངས་པར་གསུངས་པས་རྟེན་པའི་སྒྲ་དོན་ནི་ཤེས་བྱ་ཐམས་ཅད་ལ་ཡོད་ལ་འབྱུང་བ་ལ་གཉིས་ཡོད་པའི་སྐྱེ་བ་ནི་འདུས་བྱས་མིན་པ་ལ་མེད་ཀྱང་དེ་ལ་བརྟེན་ནས་འགྲུབ་པ་ཡང་འབྱུང་བའི་དོན་དུ་གསུངས་པ་ཡོད་དེ་ཞེས་གསུངས་སོ།།
འདིར་ཕྲད་ལྟོས་རྟེན་གསུམ་རྣམ་གྲངས་པར་གསུངས་པ་དོན་གཅིག་མིང་གི་རྣམ་གྲངས་ལ་བྱས་ནས་འབྲེལ་ཚུལ་ཞིག་ཡོད་ཀྱང་། རང་རང་གི་གདགས་གཞི་ལ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་པའི་རྟེན་འབྲེལ་དང་། རང་རང་གི་ཆ་ཤས་ལ་བརྟེན་ནས་གྲུབ་པའི་རྟེན་འབྲེལ་འཇོག་པའི་སྐབས་སུ་རང་གི་ཆ་ཤས་དང་རང་གི་གདགས་གཞི་དེ་ལ་ཕྲད་ལྟོས་རྟེན་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ལུང་དེའི་དོན་ཡིན་གྱི་གཞི་གང་ལ་སྦྱར་ཡང་དེ་གསུམ་མིང་གི་རྣམ་གྲངས་ཙམ་དུ་བཞེད་པ་སུ་ཡང་མེད་པས། སྤྱིར་ཐ་སྙད་དེ་གཞི་གང་ལ་སྦྱར་ནས་འཆད་པའི་སྐབས་ཐོབ་ཀྱི་ཚིག་གི་གོ་བ་ལེན་སྟངས་མི་འདྲ་བ་ཡོད་པ་ནི་གཞུང་ལུགས་ཆེན་མོ་དག་ལས་འགྲེལ་བཤད་གནང་ཚུལ་ལས་ཀྱང་གསལ་བར་ཤེས་ནུས་པ་ཡིན།
འོ་ན་བཤད་པའི་རྣམ་གྲངས་སམ་སྒོ་མི་འདྲ་བ་གང་ཡོད་ཅེ་ན། དེ་ཡང་<<གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན>>༣༠༩ ལས། སྤྱིར་ཕྲད་ལྟོས་རྟེན་གསུམ་རྣམ་གྲངས་པར་ཡང་གསུངས་མོད། གོ་བ་ཆགས་སླ་བའི་ཕྱིར་ཕྲལ་ནས་བརྗོད་ན། འཕྲད་པ་ཞེས་བྱ་བའི་ནི་གཏན་ཚིགས་ཀྱི་དོན་དངོས་པོ་རང་གི་རྒྱུས་བསྐྱེད་པའི་རྟེན་འབྲེལ་འཛིན་པ་ཡིན་ལ། འདི་ནི་གྲུབ་མཐའ་འོག་མ་དང་ཡང་ཐུན་མོང་པའོ།། དེ་ཡང་དེ་ཙམ་ཞིག་རྟེན་འབྲེལ་གྱི་དོན་དུ་འདོད་པར་འདྲ་བས་ཐུན་མོང་པ་ཞེས་བྱ་ཡི་དེ་དག་གིས་འདོད་པའི་རྟེན་འབྲེལ་བདེན་པ་པ་འདོད་པ་ནི་མ་ཡིན་ལ་དེ་དག་གིས་བདེན་མེད་བསྒྲུབ་བྱར་འདོད་པ་ཡང་མ་ཡིན་ནོ།། འཕྲད་པ་ནི་རྒྱུ་དང་འབྲས་བུའི་སྐྱེ་འགག་གི་བྱ་བ་འཕྲད་པ་ལ་བྱ་ཡི་རྒྱུ་འབྲས་གཉིས་འཕྲད་པ་ནི་མ་ཡིན་ནོ།།
ལྟོས་པ་ཞེས་བྱ་བས་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་རང་རང་གི་ཆ་ཤས་ལ་ལྟོས་ན་རང་གི་བདག་ཉིད་རྙེད་པའི་གཏན་ཚིགས་བསྟན་པ་སྟེ་ས་མུད་པཱ་ད་གྲུབ་པ་ལ་འཆད་པའི་དབང་དུ་བྱས་པའོ།། འདི་ནི་སྔ་མ་ལས་ཁྱབ་ཆེ་ཞིང་དངོས་བསྟན་གྱི་དོན་ཙམ་དབུ་མ་པ་གཞན་དང་ཡང་ཐུན་མོང་མ་ཡིན་པའོ།། བརྟེན་པ་ཞེས་བྱ་བས་ནི་ཆོས་ཐམས་ཅད་བརྟེན་ནས་བཏགས་པའི་གཏན་ཚིགས་ཀྱི་དོན་བསྟན་པ་སྟེ། རང་རང་གི་གདགས་གཞི་ལ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་པའོ།། འདི་ནི་ལུགས་མཆོག་ཏུ་གྱུར་པ་འདི་ཁོ་ནའི་ཁྱད་ཆོས་ཡིན་ཏེ། རང་རྒྱུད་པ་མན་ཆད་དང་ཐུན་མོང་མ་ཡིན་པའོ།། ཞེས་གསུངས་པ་ལྟར་རོ།། སྤྱིར་འཕྲད་པ་ཞེས་པ་སྐབས་སྟོབས་ཀྱིས་གོ་ཚུལ་མི་འདྲ་བ་མང་པོ་ཡོད་པ་དཔེར་ན། སྔོན་འཛིན་སྐད་ཅིག་དང་པོ་དང་གཉིས་པ་ལྟ་བུ་དུས་གཞན་གྱིས་བར་མ་ཆོད་པ་ལ་འཕྲད་ཅེས་པ་དང་། འདབས་འབྱར་དུ་གནས་པའི་རྡུལ་གཉིས་ལྟ་བུ་དེ་གཉིས་ཀྱི་བར་དུ་རྡུལ་གཞན་གྱིས་བར་མ་ཆོད་པ་ལ་འཕྲད་ཅེས་པ་དང་། ཕ་མ་དང་བུ་ཕན་ཚུན་ཉེ་བར་གནས་པའི་སྒོ་ནས་འབྲེལ་བ་བྱུང་བ་ལ་དེ་གཉིས་འཕྲད་ཅེས་པ་སོགས་འཕྲད་ཚུལ་མང་བས་འཇིག་རྟེན་གྱི་ཐ་སྙད་དང་བསྟུན་པའི་སྒོ་ནས་འཇོག་ན་ཤིན་ཏུ་མཛེས་སོ།།
འདིར་དཔྱད་ན། <<རྩ་ཤེས་རྣམ་བཤད་རིགས་པའི་རྒྱ་མཚོ>>༢༤ ལས། དེ་ཡང་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ན་བྲལ་འབྲས་མ་གཏོགས་པ་རྣམས་དངོས་པོ་ལ་བྱ་དགོས་ལ། དེ་མིན་པའི་རྟེན་འབྱུང་རྣམས་ནི་ཆོས་གཞན་ལ་བརྟེན་ནས་འབྱུང་བ་ཡིན་ཡང་ལྟོས་ས་དེ་དེའི་རྒྱུ་རྐྱེན་མིན་ནོ།། ཞེས་པ་འདིས་བྲལ་འབྲས་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་བཤད་པས་དེ་ལྟར་ན་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཡང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་མིན་དང་། གལ་ཏེ་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཡང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ཟེར་ན་བྲལ་འབྲས་མ་གཏོགས་པ་ཞེས་སྨྲོས་པ་དོན་མེད་དུ་མི་འགྱུར་བའི་རྒྱུ་མཚན་གང་ཡིན་སོགས་དཔྱད་པར་བྱའོ།།
རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ལ་དཔྱད་པ།
གསུམ་པ་ནི། <<མ་དྲོས་པས་ཞུས་པའི་མདོ>>(མདོ་སྡེ་ཕ་པར༥༩༨ལས། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་བྱས་ཏེ།། མཐར་ལྟ་བ་ལ་གནས་པར་མི་བྱེད་དེ།། རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན།། ཆོས་ནི་རྒྱུ་བཅས་རྐྱེན་བཅས་རབ་ཏུ་ཤེས།། ཞེས་དང་། ཡང་དེ་ཉིད་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན།། རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད།། གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན།། ཞེས་གསུངས་སོ།། ལུང་དེས་བདག་འགོག་པར་བྱེད་པའི་རྟེན་འབྲེལ་ངོས་འཛིན་པ་ན་རྒྱུ་རྐྱེན་ལ་རག་ལས་པའི་རྟེན་འབྲེལ་འདི་ཉིད་ངེས་བཟུང་མཛད་པ་དང་། དེ་ལ་རྐྱེན་ལས་སྐྱེས་པ་ནི་ཞེས་པའི་གཏན་ཚིགས་དང་། མ་སྐྱེས་ཞེས་བྱ་བའི་ནི་སྒྲུབ་པར་བྱ་བའོ།། དེའི་དོན་ནི་རྐང་པ་གཉིས་པས་བསྟན་ཏེ། སྐྱེ་བ་ཙམ་གཅོད་པ་མིན་གྱི། རང་བཞིན་གྱིས་སྐྱེ་བ་གཅོད་པའི་དོན་ནོ།།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་<<རྩ་ཤེའི>>རབ་བྱེད་བདུན་པ་ ༡༢ ལས། རྟེན་ཅིང་འབྱུང་བ་གང་ཡིན་པ།། དེ་ནི་ངོ་བོ་ཉིད་ཀྱིས་ཞི།། ཞེས་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། ངོ་བོ་ཉིད་ཀྱིས་གྲུབ་པས་ཞི་བའམ་སྟོང་པར་གསུངས་པ་དང་། རྗེའི་<ལམ་གཙོ་རྣམ་གསུམ>>ལས། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།། དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།། དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། ཞེས་གསུངས་པ་འདིས་ཀྱང་། འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། བདེན་འཛིན་གྱི་དམིགས་པའི་གཏད་སོ་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཙམ་ཡང་མེད་དེ། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་པའི་རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། ནས་ཀྱི་མྱུ་གུ་བཞིན། ཞེས་རྟེན་འབྲེལ་གྱི་གཏན་ཚིགས་གསལ་བར་བསྟན་པའི་ཕྱིར་རོ།།
འོ་ན་རྟེན་འབྲེལ་གྱི་གཏན་ཚིགས་ལ་རིགས་པའི་རྒྱལ་པོ་ཞེས་བསྔགས་པའི་རྒྱུ་མཚན་གང་ཞེ་ན། རིགས་པ་ཐམས་ཅད་ཀྱི་གནད་ནི་རྟེན་འབྱུང་གི་གཏན་ཚིགས་འདི་ཉིད་ལ་ཚང་ཞིང་། འདིའི་རྟགས་དང་བསྒྲུབ་བྱའི་ཆོས་ཀྱིས་རྟག་ཆད་ཀྱི་མཐའ་གཉིས་དངོས་སུ་སེལ་བས་ན་རིགས་པའི་རྒྱལ་པོ་ཞེས་བསྔགས་བརྗོད་མཛད་པ་ཡིན་ནོ། །གཏན་ཚིགས་འདིས་མཐའ་གཉིས་ཅིག་ཅར་དུ་སེལ་མིན་དང་གཏན་ཚིགས་ཐམས་ཅད་མཐར་རྟེན་འབྱུང་གི་གཏན་ཚིགས་འདི་ཉིད་ལ་ཐུག་པའི་ཚུལ་འོག་ཏུ་འཆད་འགྱུར་ལས་ཤེས་པར་བྱའོ།།
དེ་ཡང་དཔལ་ལྡན་ཟླ་བའི་<<དབུ་མ་ལ་འཇུག་པ>>ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི།། ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད།། ཅེས་དང་།<<རྣམ་བཤད་དགོངས་པ་རབ་གསལ>>༡༥༩ ལས། དེའི་ཕྱིར་རིགས་པའི་རྒྱལ་པོ་རྟེན་འབྱུང་གི་རིགས་པ་ཉིད་ཀྱིས། རང་བཞིན་གྱིས་སྐྱེ་བ་འགོག་པ་འདི་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པས་ཞེས་དང་། རྗེའི་<<ལྷག་མཐོང་ཆེན་མོ>>༢༤༨ ལས། སེམས་ཅན་གཞན་རྣམས་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བར་བཟུང་བ་ན་དེ་ལ་བརྟེན་ནས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་པར་འཛིན་པས་འཆིང་བར་འགྱུར་ལ། མཁས་པ་སྔ་མ་དག་ལ་ནི་རྒྱུ་མཚན་དེ་ལ་བརྟེན་ནས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་པར་འཛིན་པས་འཆིང་བར་འགྱུར་ལ། མཁས་པ་དག་ལ་ནི་རྒྱུ་མཚན་དེ་ལ་བརྟེན་ནས་རང་བཞིན་ཡོད་པ་འགོག་ཅིང་རང་བཞིན་མེད་པ་ལ་ངེས་པ་དྲངས་ཏེ་མཐར་འཛིན་གྱི་ལྟ་བའི་འཆིང་བ་གཅོད་པས་ན་རྟེན་འབྲེལ་གྱི་རྟགས་ཀྱིས་རང་བཞིན་མེད་པ་འགྲུབ་པ་འདི་ནི་རྨད་དུ་བྱུང་བའི་ཐབས་ལ་མཁས་པ་ཆེན་པོའོ། །ཞེས་དང་། རྗེའི་<<ལྷག་མཐོང་ཆུང་ངུ>>༣༤༤ ལས། དེ་གཉིས་ནི་རྒྱུ་རྐྱེན་འདི་ལས་ོལ་འབྲས་བུ་འདི་འབྱུང་ལ་ངེས་པ་དྲངས་པའི་གཏན་ཚིགས་ལ་བརྟེན་ནས། རང་བཞིན་གྱིས་གྲུབ་པ་བཀག་པ་ན་མ་ལུས་པར་སྤོང་བ་ཡིན་ཏེ། གཏན་ཚིགས་ངེས་པས་ནི་ཆད་ལྟ་དང་། དམ་བཅས་པའི་དོན་ངེས་པས་ནི་རྟག་ལྟ་རྩ་བ་ནས་སུན་འབྱིན་པའི་ཕྱིར་རོ།། ཞེས་གསུངས་སོ།།
དྲངས་མ་ཐག་པའི་ལུང་དེ་རྣམས་ཀྱིས་མཐའ་གཉིས་སེལ་བར་གསུངས་པ་ཙམ་ལས་ཅིག་ཅར་དུ་སེལ་ཞེས་མ་གསུངས་ཀྱང་། རྒྱལ་དབང་དགེ་འདུན་རྒྱ་མཚོའི་<<བསྟོད་འགྲེལ་བླ་ན་མེད་པའི་འཇུག་ངོགས>>༡༦ ལས། རྟེན་འབྲེལ་གྱི་རྟགས་འདི་ཉིད་ཀྱི་དངོས་ཀྱི་བྱེད་པ་ལས་རྟག་ཆད་ཀྱི་མཐའ་གཉིས་དུས་གཅིག་ཏུ་འགོག་ནུས་པས། མཁས་པ་ཐམས་ཅད་ཀྱིས་རིགས་པའི་རྒྱལ་པོ་རྟེན་འབྲེལ་ཞེས་ཡང་ཡང་གསུངས་པ་ཡིན། ཞེས་དང་། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་<<བསྟོད་འགྲེལ་བཀའ་ཁྲིད>>༧༨ ལས་ཀྱང་། དབུ་མའི་གཞུང་ནས་ཀྱང་། རྡོ་རྗེ་གཟེགས་མའི་གཏན་ཚིགས་དང་། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས་ལ་སོགས་པ་གསུངས་པ་མང་དག་ཅིག་ཡོད་པའི་ནང་ནས་མཐའ་གཉིས་གཅིག་ཅར་དུ་སེལ་བའི་རྟེན་འབྲེལ་གྱི་གཏན་ཚིགས་ནི་ཟླ་མེད་པ་ཡིན་ཞེས་དང་། <<གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན>>༣༡༢ ལས། ད་ནི་གཏན་ཚིགས་ལ་བརྟེན་ནས་མཐའ་གཉིས་སེལ་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། འདིར་ལྟ་བ་རྣམ་དག་རྟོགས་པའི་གོལ་ས་གཙོ་བོ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ཆོས་རྣམས་བདེན་པར་འཛིན་པའི་བདེན་འཛིན་གྱི་དམིགས་གཏད་ཅན་གྱི་རྟག་ལྟ་དང་སྒྲོ་འདོགས་ཀྱི་ལྟ་བའོ།། གཉིས་པ་དགག་བྱའི་ཚད་མ་ཟིན་པར་ཐལ་དྲགས་པས་ཀུན་བྱང་གི་རྒྱུ་འབྲས་མཐའ་དག་ལ་རང་ངོར་ངེས་པ་དྲང་དུ་མེད་པར་སོང་བ་སྟེ། ཆད་ལྟ་དང་སྐུར་འདེབས་ཀྱི་ལྟ་བའོ།། དེ་གཉིས་ཀའང་རྟེན་འབྲེལ་གྱི་གཏན་ཚིགས་འདི་ཉིད་ལ་བརྟེན་ནས་ལྷག་མ་མེད་པར་འགོག་ནུས་ཏེ། གཏན་ཚིགས་ངེས་པས་ཆད་ལྟ་སེལ་ཞིང་རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་ངེས་པ་རྙེད་པ་དང་། བསྒྲུབ་བྱ་ངེས་པས་རྟག་ལྟ་སེལ་ཞིང་རང་བཞིན་མེད་པ་ལ་ངེས་པ་རྙེད་པའོ།། དེ་འདྲའི་ངེས་པ་རྙེད་པ་ལ་སྟོབས་ཤིན་ཏུ་ཆེ་བ་ནི་བརྟེན་ནས་བཏགས་པའི་གཏན་ཚིགས་ཉིད་ཡིན་ནོ།། ཞེས་གསུངས་སོ།།
དེས་ན་དྲངས་མ་ཐག་པའི་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་དེ་རྣམས་ཀྱི་ཚིག་ཟིན་ལ་རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་མཐའ་གཉིས་ཅིག་ཅར་དུ་སེལ་ཞེས་གསལ་པོར་གསུངས་པ་དང་། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་མཆོག་གི་<<བསྟོད་འགྲེལ་མཐར་འཛིན་མུན་སེལ>>༤༡༩ ལས། དཔལ་ལྡན་ཟླ་བའི་དབུ་མ་ལ་འཇུག་པ་ལས། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས།། རྟོགས་པ་འདི་དག་བརྟག་པར་མི་ནུས་པ།། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི།། ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད།། ཅེས་གསུངས་པ་ལྟར་རོ།།
དེ་ལྟར་ན་རིགས་པ་འདིས་ཡོད་མེད་ཀྱི་མཐའ་གཉིས་ཀ་དངོས་སུ་སེལ་བར་བྱེད་ལ། གཅིག་དུ་བྲལ་སོགས་ཀྱིས་ཡོད་མཐའ་དངོས་སུ་སེལ་ཀྱང་མེད་མཐའ་མི་སེལ་བས། དེ་དག་ལ་དམན་མཆོག་གི་ཁྱད་པར་ཡོད་དོ།། འོན་ཏེ་རྟེན་འབྱུང་གིས་མཐའ་གཉིས་ཅིག་ཅར་དུ་སེལ་བ་ནི་མིན་ཏེ། མེད་མཐའ་ནི་གཞི་ཆོས་ཅན་ཚད་མས་གྲུབ་ཙམ་ནས་སེལ་ཞིང་། ཡོད་མཐའ་ནི་བསྒྲུབ་བྱ་མ་གྲུབ་ཀྱི་བར་དུ་མི་སེལ་པའི་ཕྱིར་རོ།། རྗེ་ཡབ་སྲས་ཀྱི་གསུང་ན་ཅིག་ཅར་དུ་སེལ་བར་བཤད་པ་ཚིག་གཅིག་ཀྱང་མེད་ལ། ལམ་གཙོ་ལས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།། ཞེས་སོགས་ཀྱང་འདིའི་ཁུངས་མིན་ཏེ། དེས་ནི་གང་རྟེན་འབྱུང་དུ་མཐོང་ཙམ་ནས་དེ་རང་བཞིན་མེད་པ་ལ་ངེས་ཤེས་རང་སྟོབས་ཀྱིས་འདྲེན་ནུས་པ་ཞིག་བྱུང་ན་དེའི་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ཡིན་ཞེས་བསྟན་པ་ཙམ་ཡིན་པས་སོ།། ཞེས་དང་། ཨ་ལག་ཤ་བསྟན་དར་ལྷ་རམས་པའི་<<བསྟོད་འགྲེལ་རིན་ཆེན་ཕྲེང་བ>>༤༧༣ ལས། སྤྱིར་རྟེན་འབྲེལ་གྱིས་མཐའ་གཉིས་ཅིག་ཅར་དུ་སེལ་ཞེས་པའི་ཚིག་རྩ་འཇུག་རྣམ་བཤད་ལམ་རིམ་སོགས་སུ་མ་བྱུང་ཡང་། ལམ་གྱི་གཙོ་བོ་རྣམ་གསུམ་ལས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།། རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས།། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན།། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།། ཞེས་གསུངས་པ་ལྟར། མཁས་པ་རྣམས་རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་མཐའ་གཉིས་ཅིག་ཅར་དུ་སེལ་ཞེས་གསུངས་ཤིང་། ཅིག་ཅར་སེལ་བའི་དོན་ལ་མཁས་པ་རྣམས་མྱུ་གུ་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། བརྟེན་ནས་འབྱུང་བའི་ཕྱིར། ཞེས་པའི་གཏན་ཚིགས་ཀྱི་དོན་བློ་ཡུལ་དུ་སོང་བས་ཆད་མཐའ་སེལ་ཞིང་། བསྒྲུབ་བྱའི་ཆོས་ཀྱི་དོན་བློ་ཡུལ་དུ་སོང་བས་རྟག་མཐའ་སེལ་ཞེས་བཞེད་པ་ནི་ལམ་རིམ་ཆུང་ངུའི་དགོངས་པ་ཡིན་ཞིང་། ཡང་འགའ་ཞིག་གིས། བརྟེན་ནས་འབྱུང་བའི་ཕྱིར་ཞེས་པའི་གཏན་ཚིགས་གཅིག་པུས་ཀྱང་མཐའ་གཉིས་སེལ་ནུས་ཏེ། གཏན་ཚིགས་དེའི་ཚིག་ཟུར་གྱི་རྟེན་པའི་སྒྲས་གཞན་ལ་ལྟོས་པར་འཕངས་པས་རྟག་མཐའ་སེལ། འབྱུང་བའི་སྒྲས་ཆད་མཐའ་སེལ་ཞེས་བཞེད་ཀྱང་དེ་དག་ལ་ཅིག་ཅར་གྱི་སྒྲ་གསལ་པོ་མ་བྱུང་ལ། ཞེས་གསུངས་སོ།།
འདིར་ཅུང་ཟད་དཔྱད་ན། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་མཆོག་དང་བསྟན་དར་ལྷ་རམས་པ་གཉིས་ཀས་ཞལ་མཐུན་པར་རྟེན་འབྲེལ་གྱི་རིགས་པས་མཐའ་གཉིས་ཅིག་ཅར་དུ་སེལ་ཞེས་པའི་ཚིག་རྗེ་ཡབ་སྲས་ཀྱི་གཞུང་ན་མེད་པར་གསུངས་པ་སོགས་ལ་གཞིགས་ནས་ཁོ་བོས་ནི་རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་མཐའ་གཉིས་དངོས་སུ་སེལ་བར་འདོད་པ་ཡིན་ཡང་། ཅིག་ཅར་དུ་སེལ་བར་འདོད་པ་ནི་མིན་ཏེ། རྗེ་ལམ་རིམ་པས་གསུངས་པ་ལྟར་རྟགས་དེས་ཕྱོགས་ཆོས་ཚད་མས་གྲུབ་པ་ཙམ་གྱིས་ཆད་མཐའ་སེལ་བ་ཡིན་ཡང་། ཡོད་མཐའ་ནི་བསྒྲུབ་བྱ་ཚད་མས་མ་གྲུབ་ཀྱི་བར་དུ་སེལ་མི་ཐུབ་པ་ཡིན་པའི་ཕྱིར་རོ།། སྤྱིར་དགག་བྱ་ཕྲ་མོ་འགོག་པའི་གཏན་ཚིགས་གཞན་རྣམས་ལ་ཡང་ཁྱད་ཆོས་མི་འདྲ་རེ་ཡོད་ཀྱང་། རིགས་པ་ཐམས་ཅད་ཀྱི་གནད་ཚང་ཞིང་། མཐའ་གཉིས་དངོས་སུ་སེལ་བའི་ནུས་པ་ནི་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་འདི་ཁོ་ན་ཡོད་ཀྱི་གཞན་ལ་མེད་པས་ན་འདི་ནི་གཏན་ཚིགས་འདིའི་ཁྱད་ཆོས་བླ་ན་མེད་པའོ།།
འོ་ན་གོང་དུ་དྲངས་ཟིན་པའི་མཐའ་གཉིས་ཅིག་ཅར་དུ་སེལ་བར་གསུངས་པའི་ལུང་རྣམས་ཀྱི་དོན་གང་ཡིན་སྙམ་ན། འདི་ལ་མཁས་པ་ཁ་ཅིག་རྟགས་ཀྱིས་རྟག་མཐའ་དང་བསྒྲུབ་བྱའི་ཆོས་ཀྱིས་ཆད་པའི་མཐའ་སེལ་བར་གསུངས་པ་ནི། སྤྱིར་དབུ་མའི་ལྟ་བ་ལ་དང་པོ་སྦྱོང་བའི་དབང་དུ་བྱས་པ་དང་། རང་བཞིན་གྱིས་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་རྟགས་དང་ཆོས་རེ་རེས་ཀྱང་མཐའ་གཉིས་ཀ་སེལ་བར་གསུངས་པ་ནི་སྟོང་ཉིད་ལེགས་པར་རྟོགས་ནས་སྟོང་རྟེན་འབྲེལ་གཅིག་གྲོགས་གཅིག་ཏུ་སོང་བའི་གང་ཟག་ཅིག་གི་དབང་དུ་བྱས་པར་སེམས་སོ།། ཞེས་གསུངས་པ་དང་། མཁས་པ་འགའ་ཞིག་གིས་རྟེན་འབྲེལ་ལམ་རྟེན་འབྱུང་ཞེས་པའི་དོན་གཅིག་པུ་དེ་ཉིད་ལ་རྟག་མཐའ་དང་ཆད་མཐའ་གཉིས་ཀ་སེལ་བའི་བྱེད་པ་ཅིག་ཅར་རམ་དུས་གཅིག་ཏུ་ཚོགས་པ་ལ་བྱེད་ཀྱི་རྟེན་འབྲེལ་གྱི་གཏན་ཚིགས་ལ་བརྟེན་ནས་བསྒྲུབ་བྱ་བདེན་མེད་རྟོགས་པའི་བློ་དེས་མཐའ་གཉིས་མེད་པ་ཅིག་ཅར་རྟོགས་པ་ལ་མི་བྱེད་ཅེས་གསུངས་པ་དང་། ཡང་འགའ་ཞིག་གིས་རྟེན་འབྲེལ་གྱི་གཏན་ཚིགས་ལ་བརྟེན་ནས་གང་ཟག་ལྟ་བུ་རང་བཞིན་མེད་པར་ངེས་པ་ན། གང་ཟག་བདེན་མེད་དུ་རྟོགས་པའི་བློ་དེ་ཉིད་ཀྱིས་གང་ཟག་ཐ་སྙད་དུ་ཡོད་པ་དངོས་ཤུགས་གང་ལའང་མ་རྟོགས་ཀྱང་གང་ཟག་གི་སྟེང་དུ་བདེན་གྲུབ་བཀག་པའི་ཤུལ་དུ་གང་ཟག་རྟོག་པས་ཕར་བཏགས་ཙམ་ཞིག་ཏུ་ཡོད་པ་ལ་ངེས་པ་ཚེགས་མེད་དུ་འདྲེན་པས་མཐའ་གཉིས་ཅིག་ཅར་དུ་སེལ་ཞེས་གསུངས་པའང་འདུག་པས་དགོངས་པར་སོང་མིན་དཔྱད་པར་བྱའོ།།
ད་དུང་སྐབས་འདིར་དཔྱད་དགོས་པ་ཞིག་ནི། རྟེན་འབྲེལ་གྱི་གཏན་ཚིགས་ཞེས་པའི་རྟེན་འབྲེལ་དེ་རྟེན་འབྲེལ་ཕྲ་མོར་འདོད་པ་ནི། ལྕང་སྐྱའི་<<བསྟོད་འགྲེལ་ལེགས་བཤད་ནོར་བུའི་བང་མཛོད>>༣༦༠ ལས། རྟེན་འབྱུང་གི་ཚུལ་གྱིས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་ནི་མཁས་པ་རྣམས་ཀྱིས་ལེགས་པར་བསྔགས་པ་ཉིད་ཡིན་ཏེ། ཚུལ་འདི་འབའ་ཞིག་གིས་མཐའ་གཉིས་སེལ་ཞིང་བསྟན་པའི་སྙིང་པོར་གྱུར་པའི་ཤེར་ཕྱིན་ཟབ་མོ་རྟོགས་པའི་ཕྱིར་རོ།། འདི་ནི་གྲུབ་མཐའ་སྨྲ་བ་འོག་མ་ལ་གྲགས་པའི་རྟེན་འབྱུང་ཐུན་མོང་བ་མ་ཡིན་གྱི། ལུགས་འདིའི་ཐུན་མོང་མ་ཡིན་པའི་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་ཚུལ་ལོ།། ཞེས་དང་། ཨ་ལག་ཤ་ངག་དབང་བསྟན་དར་བའི་<<བསྟོད་འགྲེལ་དོན་འགྲེལ་རིན་ཆེན་ཕྲེང་བ>>༤༧༥ ལས། དེ་ཡང་དབུ་མ་འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི།། ལྟ་ངན་དྲ་བ་མཐའ་དག་འཇོམས་པར་བྱེད།། ཅེས་རིགས་པའི་རྒྱལ་པོར་བསྔགས་པ་མཛད་པའི་རྟེན་འབྲེལ་དེ་ནི་རང་རྒྱུད་པ་དག་གིས་རྟོགས་མི་ནུས་པའི་རྟེན་འབྲེལ་ཞིག་ཏུ་མངོན་ཏེ། ལྷག་མཐོང་ཆེན་མོ་ལས། དེ་འདྲ་བའི་རྟེན་འབྲེལ་དེ་ཉིད་རང་བཞིན་མེད་པ་རྟོགས་པའི་རྒྱུ་མཚན་བླ་ན་མེད་པར་འགྲོ་བ་འདི་ནི། མཁས་པ་དབུ་མ་པ་ཁོ་ནའི་ཁྱད་ཆོས་སུ་ཤེས་པར་བྱ་ཡི། ཞེས་གསུངས་པའི་ཕྱིར། དེས་ན་རྟེན་འབྲེལ་གྱི་གཏན་ཚིགས་ལ་རིགས་པའི་རྒྱལ་པོ་ཞེས་པའི་ཐ་སྙད་དེ་ནི་རང་རྒྱུད་པའི་སྐབས་སུ་གཏན་ནས་སྦྱོར་མི་རུང་བར་འཁུམས་སོ།། ཞེས་དང་། ཡང་དེ་ཉིད་ ༤༧༦ ལས། མྱུ་གུ་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། བརྟེན་ནས་འབྱུང་བ་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ་འགྲོ་རྒྱུའི་རྟེན་འབྲེལ་དེ་ནི་སྤྱིར་རྟེན་འབྲེལ་ཙམ་མ་ཡིན་པར་རང་བཞིན་གྱིས་མེད་པར་རྟོག་བཏགས་ཙམ་དུ་གྲུབ་པ་དེ་ལ་བྱ་ཞིང་། ཞེས་གསུངས་པའི་ཕྱིར།
དེ་ལ་ཡང་འདི་ལྟར་དོགས་ཏེ། རྟེན་འབྲེལ་གྱི་གཏན་ཚིགས་ཞེས་པའི་རྟེན་འབྲེལ་དེ་རང་བཞིན་གྱིས་མེད་པར་རྟོག་བཏགས་ཙམ་དུ་གྲུབ་པ་དེ་ལ་བྱེད་དགོས་ན། གཞི་དེ་རང་བཞིན་གྱིས་མེད་པར་རྟོག་བཏགས་ཙམ་དུ་གྲུབ་པ་རྟོགས་ན་གཞི་དེ་རང་བཞིན་གྱིས་མེད་པར་རྟོགས་པའི་མ་ཁྱབ་པར་འགྱུར་བས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།། ཁ་ཅིག་རྟེན་འབྲེལ་གྱི་གཏན་ཚིགས་ཞེས་པའི་རྟེན་འབྲེལ་དེ་ནི་རྟེན་འབྲེལ་ཕྲ་མོར་འདོད་པ་མི་འཐད་དེ། རྟེན་འབྲེལ་གྱི་གཏན་ཚིགས་ཀྱི་ཕྱོགས་ཆོས་ནི་ཕྱི་རོལ་པས་རྟོགས་པའི་ཕྱིར་ཏེ། <<སྟོང་ཐུན་སྐལ་བཟང་མིག་འབྱེད>>༤༥༤ ལས། རྟེན་འབྲེལ་གྱི་གཏན་ཚིགས་འདི་ཉིད་ཀྱི་ཡང་ཕྱོགས་ཆོས་ནི་དངོས་པོ་རྣམས་རྒྱུ་མེད་དུ་སྐྱེ་བར་འདོད་པ་མ་གཏོགས་གཞན་རྣམས་ཀྱི་ངོར་གྲུབ་ཟིན་པས་སྒྲུབ་མི་དགོས་ལ། ཞེས་གསུངས་པའི་ཕྱིར་ཞེས་དང་། ཡང་ཕུར་ལྕོག་ངག་དབང་བྱམས་པའི་<<བསྟོད་འགྲེལ་འོད་དཀར་ཕྲེང་བ>>༢༠༠ ལས། རྟེན་འབྲེལ་གྱི་རྟགས་ཀྱི་བསྒྲུབ་བྱ་རང་བཞིན་མེད་པ་ཉིད་ཡིན་གྱི། ཀུན་ཏུ་མེད་པ་མ་ཡིན་ལ། སྒྲུབ་བྱེད་ཀྱི་གཏན་ཚིགས་དེ་ཡང་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཙམ་ཡིན་གྱི། ཞེས་གསུངས་པ་རྣམས་དང་འགལ་ཟེར་ནས་བརྩད་ཀྱང་། ཁོ་བོས་ནི་ཕྱི་རོལ་པས་རྟེན་འབྲེལ་རྟོགས་པར་འདོད་པ་ནི་མིན་ཏེ། དཔལ་ལྡན་ཟླ་བའི་<<རིགས་པ་དྲུག་བཅུ་པའི་འགྲེལ་བ>>འཕྲུལ་དེབ་ ༧༡ ལས། མུ་སྟེགས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པར་སྨྲ་བ་རྣམས་ཀྱི་དངོས་པོ་རྣམས་ལ་ངོ་བོ་ཉིད་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་རང་གི་གྲུབ་པའི་མཐའ་ལས་བྱུང་བ་དང་མི་འགལ་བས་ཞེས་དང་། གྲངས་ཅན་གྱིས་རང་གི་གྲུབ་པའི་མཐའ་ལས་ཡོན་ཏན་སྙིང་སྟོབས་དང་། རྡུལ་དང་མུན་པ་གསུམ་རྟག་པར་ལོབས་ལ། བྱེ་བྲག་པས་ཀྱང་རང་གི་གྲུབ་པའི་མཐའ་ལས་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་ཡན་ལག་ཅན་མ་ལུས་པའི་དངོས་པོ་རྩོམ་པ་རྟག་པ་ཉིད་དུ་ལོབས་ནས་རྟག་པའི་དངོས་པོར་སྨྲ་བའི་ཕྱིར་གལ་ཏེ་དངོས་པོ་ལ་ཞེན་པར་གནས་པ་དང་ངོ་བོ་ཉིད་བཟུང་ནས་གནས་པ་དེ་ལ་ནི་བློ་མཆོག་དང་ལྡན་པ་དག་ངོ་མཚར་དུ་འཛིན་པ་ཅུང་ཟད་ཀྱང་མེད་པ་ཡིན་ནོ། །ཞེས་དང་། <<ལེགས་བཤད་སྙིང་པོ>>༡༣༤ ལས། དངོས་པོ་རྣམས་རྟག་པར་སྨྲ་བས་ཕྱི་རོལ་པས་རྟེན་འབྲེལ་ཁས་མི་ལེན་པས་ཆོས་བདེན་པར་གྲུབ་པར་འདོད་པ་ནི། རང་གི་སྟོན་པའི་ལུགས་ཡིན་པས་མཚར་བའི་གནས་མིན་ལ་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་ཞིང་འབྱུང་བའི་རྟེན་འབྲེལ་ཁས་བླངས་ནས་བདེན་པར་གྲུབ་པར་འདོད་པ་ནི་ཆེས་བཞད་གད་ཀྱི་གནས་སོ་ཞེས་གསུངས་པ་ལྟར་རོ།།
གོང་དུ་དྲངས་ཟིན་པའི་སྟོང་ཐུན་གྱི་ལུང་དེའི་དོན་ནི་ཕྱི་རོལ་པ་ལ་རྟག་སྨྲ་པ་དང་ཆད་སྨྲ་པ་གཉིས་ལས་རྒྱུ་མེད་སྨྲ་བ་རྣམས་ཀྱིས་དངོས་པོ་རྣམས་རྒྱུ་ལ་མ་ལྟོས་པར་ཐོལ་བྱུང་དུ་སྐྱེ་བར་འདོད་ཅིང་། རྟག་པར་སྨྲ་བ་རྣམས་ཀྱིས་དངོས་པོ་རྣམས་རྒྱུ་ལས་སྐྱེ་བར་འདོད་ཀྱང་། མི་མཐུན་པའི་རྒྱུ་ལས་སྐྱེ་བར་འདོད་པས་དེ་དག་གིས་དངོས་པོ་རྣམས་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བའི་རྟེན་འབྲེལ་གཏན་ནས་མ་རྟོགས་ཀྱང་། ས་བོན་ལྟ་བུ་རང་གི་རྒྱུ་རྐྱེན་ལས་སྐྱེ་བར་ཁས་ལེན་གྱིས་གྲུབ་པ་ཙམ་ལ་དགོངས་པ་མིན་ནམ་སྙམ། གོང་དུ་བཤད་ཟིན་པའི་ཕུར་ལྕོག་ངག་དབང་བྱམས་པ་སོགས་ཀྱིས་རྟེན་འབྲེལ་གྱི་རྟགས་དེ་རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་འདོད་པ་ནི་ཁྱབ་ཆུང་བར་མངོན་ཏེ། དེ་ལྟར་ན་འདུས་མ་བྱས་ཀྱི་ཆོས་རྣམས་རྟེན་འབྲེལ་གྱི་གཏན་ཚིགས་ལ་བརྟེན་ནས་རྟོགས་པ་མེད་པར་ཐལ་མིན་སོགས་དཔྱད་དགོས་པ་ཤིན་ཏུ་མང་ཡང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱེད་དོ།།
ད་ནི་རིགས་པ་གཞན་རྣམས་རྟེན་འབྲེལ་གྱི་གཏན་ཚིགས་འདི་ལ་ཐུག་ཚུལ་ཅུང་ཟད་བཤད་ན། བདག་མེད་པ་སྒྲུབ་བྱེད་ཀྱི་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཐམས་ཅད་ཀྱི་གནད་རྟེན་འབྱུང་གི་གཏན་ཚིགས་འདི་ཉིད་ལ་ཐུག་སྟེ། གཏན་ཚིགས་དེ་དག་ཐམས་ཅད་ཀྱི་དོན་གྱི་གཙོ་བོ་མཐའ་གཉིས་བསལ་ནས་དབུ་མའི་ལྟ་བ་རྒྱུད་ལ་བསྐྱེད་པ་ཉིད་ཡིན་ཞིང་དོན་དེ་ནི་རྟེན་འབྲེལ་གྱི་གཏན་ཚིགས་འདི་ཉིད་ཀྱིས་དངོས་སུ་བསྒྲུབ་པའི་ཕྱིར་རོ།། ལུང་གིས་ཀྱང་གྲུབ་སྟེ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་<<སྤེལ་མར་བསྟོད་པའི་བཀའ་ཁྲིད>>༡༣༡ ལས། བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ལ་སོགས་པ་རིགས་ཚུལ་མང་པོ་ཡོད་པའི་ནང་ནས་རྒྱལ་པོ་ལྟ་བུ་རིགས་པ་གཞན་ཐམས་ཅད་ཀྱི་རྩ་བ་བརྟེན་ས་ནི་རྟེན་འབྱུང་གི་གཏན་ཚིགས་འདི་ཡིན་ཞེས་དང་། <<སྟོང་ཐུན་སྐལ་བཟང་མིག་འབྱེད>>༤༥༤ ལས། དེའི་ཕྱིར་རྟེན་འབྲེལ་གྱི་རིགས་པ་ཉིད་རིགས་པ་མཐའ་དག་གི་གཙོ་བོ་ཡིན་ལ་ཞེས་དང་།<<རྩ་ཤེས་རྣམ་བཤད་རིགས་པའི་རྒྱ་མཚོ>>༣༤ ལས། སྟོན་པ་ལ་བསྟོད་པའི་སྒོ་མང་ཡང་རྟེན་འབྱུང་གསུང་བའི་སྒོ་ནས་བསྟོད་པ་འདི་དང་གཞན་དུ་མང་དུ་གསུངས་པ་ནི། རིགས་པ་དྲུག་ཅུ་པའི་མཆོད་བརྗོད་དུ་གསུངས་པ་ལྟར་རྟེན་འབྱུང་ཡིན་པའི་རྒྱུ་མཚན་གྱིས་སྐྱེ་འགག་ལ་སོགས་པའི་མཐའ་ཐམས་ཅད་འགོག་པའི་ཚུལ་དེས། བདག་ཉིད་ཆེན་པོ་འདི་ཐུགས་ཤིན་ཏུ་རངས་པའི་རྒྱུ་མཚན་གྱིས་ཡིན་ཏེ་རིགས་པ་རྣམས་ཀྱི་གཙོ་བོའང་འདི་ཉིད་དོ།། ཞེས་གསུངས་པའི་ཕྱིར་རོ།།
དབུ་མ་ཐལ་འགྱུར་པའི་ལུགས་འདིར་བདག་མེད་གཉིས་གཏན་ལ་འབེབས་པའི་རིགས་པའི་གཙོ་བོ་མཐའ་བཞིའི་སྐྱེ་བ་འགོག་པ་དང་རྣམ་བདུན་གྱི་རིགས་པ་གཉིས་ལ་བྱེད་དགོས་ཤིང་། དེ་གཉིས་ཀྱི་གནད་རྟེན་འབྱུང་ལ་ཐུག་ཚུལ་ནི་<<དབུ་མ་འཇུག་པ>>ལས། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི། །རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས།། དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ།། དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར།། ཞེས་མཐའ་བཞིའི་སྐྱེ་འགོག་གི་རིགས་པ་རྟེན་འབྱུང་ལ་ཐུག་ཚུལ་གསལ་བར་གསུངས་ལྟར། རྗེ་ཉིད་ཀྱི་<<ལེགས་བཤད་སྙིང་པོ>>༢༨༧ ལས་ཀྱང་། མྱུ་གུ་ལ་སོགས་པ་ཕྱི་དང་འདུ་བྱེད་ལ་སོགས་པ་ནང་གི་དངོས་པོ་རྣམས་ས་བོན་དང་མ་རིག་པ་ལ་སོགས་པའི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཉིད་ཀྱིས། དེ་དག་སྐྱེ་བ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་གྱིས་སྟོང་པ་དང་། བདག་གཞན་གཉིས་ཀ་རྒྱུ་མེད་ལས་སྐྱེ་བ་མིན་ནོ་ཞེས་འགོག་པས་ལྟ་ངན་གྱི་དྲ་བ་མཐའ་དག་གཅོད་བྱེད་རིགས་པའི་རྒྱལ་པོ་རྟེན་འབྱུང་གི་རིགས་པ་ཉིད་ལ་གཏུགས་ནས་འགོག་གོ་ཞེས་གསུངས་སོ།།
ཡང་<<འཇུག་པ་>>ལས། དེ་ནི་དེ་ཉིད་དུ་འམ་འཇིག་རྟེན་དུ།། རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི།། རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར།། རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན།། ཞེས་རྣམ་བདུན་གྱི་རིགས་པ་རྟེན་འབྱུང་ལ་ཐུག་ཚུལ་གསལ་བར་གསུངས་པ་ལྟར། <<ལེགས་བཤད་སྙིང་པོ>>༢༨༩ ལས་ཀྱང་ འདི་ཡང་ཕུང་པོ་ལ་བརྟེན་ནས་བཏགས་པ་ཉིད་ཀྱིས་བདུན་པོ་དེར་གང་ཟག་མི་རྙེད་པ་གང་ཟག་གི་བདག་མེད་ཀྱི་དོན་ཡིན་པས་རྟེན་འབྱུང་གི་རིགས་པ་ལ་ཐུག་གོ་ཞེས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ།།
རྟེན་འབྱུང་སྟོང་པ་དང་སྟོང་པ་རྟེན་འབྱུང་གི་དོན་དུ་འགྲོ་ཚུལ།
བཞི་པ་ནི། <<མདོ་>>ལས། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་<<རྩ་ཤེའི>>རབ་བྱེད་ཉེར་བཞི་པ་ ༣༥ ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། དེ་ནི་སྟོང་པ་ཉིད་དུ་བཤད།། དེ་ནི་བརྟེན་ནས་གདགས་པ་སྟེ།། དེ་ཉིད་དབུ་མའི་ལམ་ཡིན་ནོ།། གང་ཕྱིར་རྟེན་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་པ།། དེ་ཕྱིར་སྟོང་པ་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་ནོ།། ཞེས་དང་། <<རྩ་ཤེས་རྣམ་བཤད་རིགས་པའི་རྒྱ་མཚོ>>རབ་བྱེད་ཉེར་བཞི་པ ༣༡༡ ལས། གལ་ཏེ་རང་བཞིན་གྱིས་གྲུབ་པས་སྟོང་པའི་དོན་རྟེན་འབྱུང་གི་དོན་ཡིན་ནོ་ཞེས་མང་དུ་གསུངས་ན་འདིའི་དོན་གང་ཡིན། ཇི་ལྟར་ལྟོ་ལྡིར་བ་བུམ་པའི་དོན་དུ་འཇོག་པ་ལྟ་བུའི་དོན་ཡིན་ན་ནི། འབྲས་བུ་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་ངེས་པའི་བློ་དེ་ཉིད་ཀྱིས་སྟོང་པའི་དོན་ཡང་ངེས་པར་འགྱུར་བས་མི་རིགས་སོ།། འོ་ན་རྟེན་འབྲེལ་རྗོད་བྱེད་ཀྱི་སྒྲའི་དོན་ཉིད་སྟོང་པའི་དོན་དུ་འདོད་ནའང་གནོད་པ་དེ་ཉིད་ཡོད་དོ།། ཅི་སྟེ་རྟེན་འབྲེལ་དངོས་སུ་ངེས་པའི་ཤུགས་ཀྱི་དོན་ལ་འདོད་ནའང་སྔར་ལྟར་མི་འཐད་པས་འདིའི་དོན་གང་ཡིན་སྙམ་ན་དེ་ནི་དེ་ལྟར་མི་འདོད་དོ།། འོ་ན་ཇི་ལྟར་འཇོག་སྙམ་ན་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་འགྲོ་བ་ནི་རང་བཞིན་གྱིས་གྲུབ་པ་ཚད་མས་ཁེགས་པའི་དབུ་མ་པ་རྣམས་ལ་ཡིན་གྱི་གཞན་ལ་མིན་ནོ།། དེ་འདྲ་བའི་དབུ་མ་པ་ལ་ནི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་ལ་རག་ལས་པའི་རྟེན་འབྱུང་དུ་དངོས་སུ་ངེས་པ་ན།བློ་དེ་ཉིད་ཀྱི་མཐུ་ལ་བརྟེན་ནས་རང་བཞིན་གྱིས་ཡོད་པས་སྟོང་པའི་དོན་དུ་ངེས་པར་འགྱུར་རོ།། རང་བཞིན་གྱིས་གྲུབ་པ་གཞན་ལ་ལྟོས་པ་མེད་པར་རྟོགས་ཤིང་དེ་དང་རྟེན་འབྱུང་གཉིས་འགལ་བར་ཚད་མས་རྟོགས་པའི་ཕྱིར་རོ།། དེས་ན་རྟེན་འབྱུང་ཉིད་ཀྱིས་རང་བཞིན་གྱིས་ཡོད་པ་ཁེགས་པའི་སྟོང་ཉིད་ལ་ངེས་པ་རྙེད་པས་ནི། ནས་ཀྱི་མྱུ་གུ་ལ་སོགས་པ་རྒྱུ་རྐྱེན་ལ་ལྟོས་པར་མཐོང་བ་དང་ཐོས་པ་དང་དྲན་པའི་མོད་ལ་རྒྱུ་མཚན་དེ་ཉིད་ཀྱིས་རང་བཞིན་མེད་པ་ཡིན་པའི་ཚུལ་སེམས་པ་ལ་གོམས་པར་བྱའོ།། ཞེས་རྟེན་འབྱུང་སྟོང་པ་དང་སྟོང་པ་རྟེན་འབྱུང་གི་དོན་དུ་འགྲོ་ཚུལ་གསལ་བར་གསུངས་སོ།།
དོན་བསྡུས་ན། ཆོས་གང་ཞིག་རྟེན་འབྱུང་དངོས་སུ་ངེས་པའི་སྟོབས་ཀྱིས་རྒྱུ་མཚན་གཞན་ལ་ལྟོས་མེད་དུ་རང་བཞིན་གྱིས་སྟོང་པར་ངེས་པའི་བློ་འདྲེན་པ་ནི་རྟེན་འབྱུང་སྟོང་པའི་དོན་དུ་སོང་པ་དང་། ཆོས་གང་ཞིག་རང་བཞིན་གྱིས་སྟོང་པར་ངེས་པའི་བྱེད་པ་ཉིད་ལ་བརྟེན་ནས་གཞན་ལ་མ་ལྟོས་པར་རྟེན་འབྱུང་དུ་ངེས་པའི་བློ་འདྲེན་པ་སྟོང་པ་རྟེན་འབྱུང་གི་དོན་དུ་སོང་པ་ཡིན་ནོ་ཞེས་པའི་དོན་ནོ།། སྐབས་འདིར་དོགས་སློང་བྱེད་དགོས་པ་ཞིག་ནི། སྟོང་པ་རྟེན་འབྱུང་གི་དོན་དུ་སོང་ན་སྟོང་པ་རྟེན་འབྱུང་གི་དོན་དུ་རྟོགས་པས་ཁྱབ་བམ་མ་ཁྱབ། དང་པོ་མི་འཐད་དེ། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་མེད་གསར་དུ་རྟོགས་མ་ཐག་པའི་གང་ཟག་གིས་མ་ངེས་པའི་ཕྱིར། གཉིས་པར་འདོད་ཟེར་ན། <<རྩ་ཤེས་རྣམ་བཤད་རིགས་པའི་རྒྱ་མཚོ>>༣༡༠ ལས། དེ་ལྟ་བུའི་རང་བཞིན་གྱིས་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་མ་རྟོགས་བར་དུ་ཡང་ན་བདེན་འཛིན་དམིགས་གཏད་ཀྱི་ལྷག་མ་ལུས། ཡང་ན་རྒྱུ་འདི་ལས་འདི་འབྱུང་གི་རྟེན་འབྱུང་རང་ལུགས་ལ་མི་བདེ་བར་རྟེན་འབྲེལ་གྱི་ངེས་པ་རྣལ་མ་དྲངས་ས་མེད་པས་རྟག་ཆད་གང་རུང་གཅིག་གི་མཐར་ལྟུང་བ་ལས་མི་འདའ་འོ།། ཞེས་གསུངས་པ་དང་འགལ་མིན་དཔྱད་གཞི་ཡོད་ཀྱང་། ཁོ་བོས་ནི་རེ་ཞིག་ལུང་དེའི་དོན་སྤྱིར་སྟོང་ཉིད་རྟོགས་པའི་རྗེས་དཔག་གིས་སྣང་ཕྱོགས་ཀྱི་རྒྱུ་འབྲས་རྟེན་འབྲེལ་སོགས་ཀུན་རྫོབ་ཕྲ་མོ་རྟོགས་པ་མིན་ཡང་། སྣང་ཕྱོགས་ཀྱི་རྒྱུ་འབྲས་རྟེན་འབྲེལ་སོགས་རང་བཞིན་གྱིས་མེད་ཀྱང་ཐ་སྙད་ཙམ་དུ་ཡོད་པར་རྟོགས་པའི་བློ་རང་སྟོབས་ཀྱིས་འདྲེན་མ་ནུས་ཚེ་མཐའ་གཉིས་དང་བྲལ་བའི་དབུ་མའི་ལྟ་བ་རྟོགས་པར་མི་འཇོག་མི་ནུས་ཏེ། དགག་བྱ་རང་བཞིན་གྱིས་གྲུབ་པ་རྟག་པའི་མཐའ་དངོས་སུ་ཁེགས་ཀྱང་བློ་དེའི་སྟོབས་ཀྱིས་ཆད་མཐའ་དོན་གྱིས་ཁེགས་མ་ནུས་ན་ཆད་མཐའ་ཁེགས་པའི་ཚུལ་གཞན་མེད་པའི་ཕྱིར་ཞེས་པའི་དོན་དུ་འདོད་དོ།།
ཡང་འདིར་ངེས་པར་གླེང་དགོས་པ་ཞིག་ནི་གང་ཟག་བདེན་སྟོང་དུ་རྟོགས་པའི་རྗེས་དཔག་ལ་གང་ཟག་སྣང་བ་རྗེ་བླ་མའི་དགོངས་པ་ཡིན་ཞེས་ལོག་པར་སྨྲ་བ་རྣམས་ལ། འཇམ་མགོན་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པའི་ཁུར་བཞེས་ཤིང་། མདོ་རྒྱུད་གཞུང་ལུགས་ཀྱི་དགོངས་དོན་སྨྲ་བ་ལ་མི་འཇིགས་པའི་གདེང་ཐོབ་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ངག་དབང་ཟླ་གྲགས་མཆོག་གི་<<དབུ་མའི་མཐའ་དཔྱོད>>༧༥ ལས། ཁྱེད་ལྟར་ན་སྟོང་ཉིད་ལ་སྔོན་གོམས་ཤས་ཆུང་བའི་གང་ཟག་གིས་བདག་མེད་ཐོག་མར་རྟོགས་པའི་ཚེ། ད་ང་མི་འདུག་སྙམ་དུ་སྐྲག་པ་སྐྱེ་བ་རྒྱལ་བ་སྲས་བཅས་ཀྱི་མགྲིན་གཅིག་ཏུ་གསུངས་པ་མི་འཐད་པར་ཐལ། རང་རྒྱུད་ཀྱི་རིགས་ཤེས་རྗེས་དཔག་ལ་ང་སྣང་བཞིན་དུ་ང་མི་འདུག་སྙམ་སྟེ་སྐྲག་པ་སྐྱེ་མཁན་སྟོང་ཉིད་རྟོགས་པའི་མཁས་པ་ལྟ་ཅི། ཕྱུག་རྫི་ཡན་ཆད་ལ་མི་འབྱུང་བའི་ཕྱིར་རོ།། མགོ་རང་ལ་སྣང་བཞིན་དུ་ད་ང་ལ་མགོ་མི་འདུག་སྙམ་སྟེ་སྐྲག་ཚུལ་མེད་པའི་ཕྱིར་རོ།། ཞེས་སོགས་ལུང་རིགས་ཀྱི་སྤྲོས་པ་དང་འབྲེལ་བའི་ཉམས་མྱོང་གི་གསུང་རྒྱུན་མང་པོ་ཡོད་ཀྱང་མཐའ་དག་པ་བསྙད་ག་ལ་ནུས།
ལྟ་བའི་དཔྱད་པ་རྫོགས་པའི་ཚད་བཤད་པ།
ལྔ་པ་ནི། རྗེ་ཉིད་ཀྱི་<<ལམ་གཙོ་རྣམ་གསུམ>>ལས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།། རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས།། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན།། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།། ཞེས་དང་། སྤྱིར་གཞུང་ལུགས་ཀྱི་དཔྱད་པ་རྫོགས་པའི་དོན་ནི། རྗེའི་<<གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ>>འཕྲུལ་དེབ་༣༢ ལས། མན་ངག་གིས་ལྡེ་མིག་བྱས་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་དཔྱད་པས་དཔྱད་པ་རྫོགས་པའི་ཚད་ནི། ལུང་རིགས་ཀྱི་ལམ་ནས་དྲངས་པའི་ངེས་པ་རྙེད་ནས། བློས་དོན་དེར་ཐག་བཅད་ཀྱང་། གཏིང་ནས་མི་བདེ་བའི་རྣམ་པ་མེད་པ་ཞིག་འོང་། དེ་དུས་དོན་དེ་ལ་དཔྱད་པ་རྫོགས་པ་ཡིན་ནོ།། ཞེས་གསུངས་སོ།།
དེ་རྣམས་ཀྱི་སྙིང་པོ་བསྡུས་ནས་བརྗོད་ན། གཞི་གཅིག་གི་སྟེང་དུ་སྟོང་པ་རྟེན་འབྱུང་འགལ་མེད་ལེགས་པར་འཇོག་པ་ལ་བློ་ཡུལ་དུ་མི་བདེ་བ་ཅུང་ཟད་ཀྱང་མེད་པའི་སྟོང་པ་རྟེན་འབྱུང་གཉིས་ཕན་ཚུན་གཅིག་གྲོགས་གཅིག་ཏུ་སོང་ནས་གཅིག་བློ་ཡུལ་དུ་ངེས་པ་དེས་གཅིག་ཤོས་ལ་ངེས་པ་ལྷང་གིས་འདྲེན་ཐུབ་པ་བྱུང་བ་དེའི་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ཡིན་ཞེས་པའི་དོན་ནོ།། འདིར་ཅུང་ཟད་དཔྱད་ན། ལྟ་བ་རྟོགས་ན་ལྟ་བའི་དཔྱད་པ་རྫོགས་པས་ཁྱབ་མིན་ཐད་མཁས་པའི་གསུང་ཚུལ་མི་འདྲ་བ་ཡོད་ཀྱང་། ཁོ་བོས་ནི་ལྟ་བ་རྟོགས་ན་ལྟ་བའི་དཔྱད་པ་རྫོགས་པས་མ་ཁྱབ་པར་འདོད་དེ། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་མེད་གསར་དུ་རྟོགས་མ་ཐག་པའི་གང་ཟག་གིས་ལྟ་བ་རྟོགས་ཀྱང་།དེས་ལྟ་བའི་དཔྱད་པ་མ་རྫོགས་པའི་ཕྱིར་ཏེ། དེས་སྟོང་པ་རྟེན་འབྱུང་གི་དོན་དུ་མ་རྟོགས་པ་གང་ཞིག ལྟ་བའི་དཔྱད་པ་རྫོགས་པ་ལ་སྟོང་པ་རྟེན་འབྱུང་གི་དོན་དུ་རྟོགས་པའི་ཁྱབ་པ་རྗེ་བླ་མའི་དགོངས་པ་མཐར་ཐུག་ཡིན་པའི་ཕྱིར་རོ།།
སྟོང་པ་དང་རྟེན་འབྱུང་ཕན་ཚུན་འགལ་མེད་གཅིག་གྲོགས་གཅིག་ཏུ་འགྲོ་ཚུལ་འདི་རྗེ་བླ་མའི་དགོངས་བཅུད་བླ་ན་མེད་པ་ཡིན་ཏེ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་<<རྩ་བ་ཤེས་རབ་ཀྱི་བཀའ་ཁྲིད་ཟིན་བྲིས>>༡༡ ལས། བོད་ཀྱི་མཁས་མང་ཁྲོད་ལེགས་བཤད་མཛད་མཁན་མཁས་པ་རྨད་དུ་བྱུང་བ་མང་དག་ཅིག་བསྟན་པ་སྔ་དར་དང་། ཕྱི་དར་གཉིས་ཀའི་སྐབས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ནང་དུ་བྱུང་ཡོད། རྗེ་རིན་པོ་ཆེས་ལྟ་བ་གསུང་ཚུལ་གྱི་ཐད་ལ་ཐུན་མོང་མ་ཡིན་པའི་ཟབ་ཁྱད་གང་ནས་ཐོན་ནམ་ཞེ་ན། སྟོང་དང་རྟེན་འབྱུང་ཞེས་རྟེན་འབྱུང་གི་གོ་བའི་སྟེང་ནས་སྟོང་པའི་ངེས་པ་འདྲེན་པ་དང་། སྟོང་པའི་གོ་བའི་སྟེང་ནས་རྟེན་འབྱུང་གི་ངེས་པ་འདྲེན་ཚུལ་གསུངས་པ་དེ་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་དང་། བཅུ་ཕྲག་རིག་པའི་མཛོད་འཛིན་སྨྲ་བ་ཡོངས་ཀྱི་ཁྱུ་མཆོག་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ཀྱང་། སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ།། སྟོང་དང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ།། ཡིད་ཆེས་གཏིང་ནས་རྙེད་པའི་སྒོ་གཅིག་པུ།། ཁྱེད་ཀྱི་ལེགས་བཤད་དག་ལས་གཞན་ན་གང་། ཞེས་གསུངས་སོ།།
ལྟ་བའི་གནད་ཕྲ་མོ་འདི་ཤིན་ཏུ་རྟོགས་དཀའ་བ་ནི། རྗེའི་<<ལྷག་མཐོང་ཆེན་མོ>>༢༢༦ ་ལས། དཀའ་ས་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང་རང་བཞིན་མེད་པའི་གང་ཟག་ལ་སོགས་པ་དེ་ཉིད་ལས་གསོག་པ་པོ་དང་འབྲས་བུ་མྱོང་པ་པོ་ལ་སོགས་པར་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ། དེ་རྣམས་སུ་འཇོག་ཐུབ་པའི་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་ཤིན་ཏུ་རྙེད་དཀའ་བ་ཡིན་ནོ། ། ཞེས་གསུངས་པ་དང་། གནས་འདི་ཤིན་ཏུ་རྟོགས་དཀའ་ཞིང་རྟོགས་ན་ཡ་མཚན་པས། རྗེ་བླ་མས་འདི་ཀུན་ངོ་བོས་སྟོང་པ་དང་།། འདི་ལས་འདི་འབྲས་འབྱུང་བ་ཡི།། ངེས་པ་གཉིས་པོ་ཕན་ཚུན་དུ།། གེགས་མེད་པར་ནི་གྲོགས་བྱེད་པ།། འདི་ལས་ངོ་མཚར་གྱུར་པ་དང་།། འདི་ལས་རྨད་དུ་བྱུང་བ་གང་།། ཞེས་གསུངས་པའི་ཕྱིར་རོ།།
མཇུག་གི་དགེ་བསྔོ།
པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། འཁོར་འདས་རང་བཞིན་རྡུལ་ཙམ་མེད་པ་དང་།། རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་གཉིས།། ཕན་ཚུན་འགལ་མེད་གྲོགས་སུ་འཆར་བ་ཡི།། ཀླུ་སྒྲུབ་དགོངས་དོན་རྟོགས་པར་བྱིན་གྱིས་རློབས།། ཞེས་པ་ལྟར་འགྲུབ་པར་གྱུར་ཅིག།
འདིར་འབད་དགེ་རྩ་ཅི་མཆིས་པ།།
བཤེས་གཉེན་དམ་པའི་ཞབས་བརྟན་དང་།།
བདག་སོགས་ཚེ་རབས་ཐམས་ཅད་དུ།།
ཐོས་བསམ་བྱེད་པའི་རྒྱུར་གྱུར་ཅིག།།
ཅེས<<བློ་བཟང་རྒྱལ་བའི་ཐུགས་བཅུད་རྟེན་འབྱུང་གི་མཐའ་དཔྱོད>>ཅེས་པ་འདི་ནི་དགའ་བྱང་དཔེ་མཛོད་འགན་འཛིན་མཆོག་གིས་ད་ལོར་རང་ཅག་རྣམས་ཀྱི་འདྲེན་པ་བླ་ན་མ་མཆིས་པ་ཉེར་གཅིག་དུས་ཀྱི་སྟོན་པ་ཆེན་པོ་གངས་ཅན་ཕྱག་ན་པདྨོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་དེབ་ཅིག་འདོན་འཆར་ཡོད་པས། དེར་རྩོམ་ཞིག་འབྲི་དགོས་ཞེས་བཀའ་གནང་བར་བརྟེན་གུས་པ་རྫ་ཆུའི་ངག་དབང་གིས་ཕྱི་ལོ༢༠༢༠ཟླ༡༡ཚེས༢༦ཉིན་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རང་ཤག་ཏུ་སྦྱར་བའོ།།
སེམས་གཏམ་དམར་རྗེན་མ།
ལག་སེན་ཟད་ནས་རུས་པར་ཐུག་ཀྱང་རུང་།།
ཕྲེང་ཐག་ཆད་ནས་དུམ་བུར་ལྷུང་ཡང་རུང་།།
སེམས་པའི་ཁ་དོག་མ་འགྱུར་དེ་སྲིད་དུ།།
མཐའ་མར་ཕན་པའི་ཆོས་ཤིག་གང་ན་མཆིས།།
རིགས་ལམ་ལེགས་པོ་ཇི་ལྟར་ཡོད་ཀྱང་རུང་།།
རྟགས་གསལ་ལེགས་པོ་གང་འདྲ་གཏོང་ཡང་རུང་།།
བློ་ཡི་མུན་པ་སེལ་ཕྱིར་མ་བརྩོན་པར།།
ཐལ་སྒྲ་ཕྱིར་སྒྲའི་ངལ་བ་དོན་སྟོང་ཡིན།།
གནས་ལུགས་གང་ཡིན་གར་ཡོད་འཚོལ་ཕྱིར་དུ།།
ཚད་མ་གསུམ་གྱིས་ལེགས་པར་བརྟགས་དགོས་ཀྱང་།།
མཁས་མིང་འཐོབ་ཕྱིར་རྩོད་ལ་བརྩོན་པ་ནི།།
བཙུན་པས་གར་འཁྲབ་ཙམ་ལས་གཞན་ཅི་ཞིག།
ཕྱི་རྒྱན་མཛེས་པོས་རྒྱན་ཡང་མ་རྒྱན་རུང་།།
ནང་རྒྱན་ཤེས་བྱས་དབུལ་ན་སྙིང་པོ་བྲལ།།
ཕྱི་ནས་ཆ་ལུགས་བཅོས་རུང་མ་བཅོས་རུང་།།
ནང་གི་སེམས་འདི་བཅོས་ན་དེ་གས་འཐུས།།
དགེའོ།། དགེའོ།། དགེའོོ།།
– – – – –