ནང་དོན་བསྡུས་པ། རྩོམ་འདིར་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱི་《གྲུབ་པའི་མཐའ་རྣམ་པར་བཤད་པའི་མཛོད》དང་། དབུས་པ་བློ་གསལ་གྱི་བླ་མར་གྱུར་པ་བཅོམ་ལྡན་རིག་རལ་དང་མཆིམས་འཇམ་པའི་དབྱངས་ཀྱི་འཁྲུངས་འདས་ལོ་ཚིགས། དེབ་སྔོན་སོགས་ལས་བྱུང་བའི་ཨར་བྱང་ཆུབ་ཡེ་ཤེས་ཀྱི་སྐུ་ཚེའི་མཛད་པ་རེ་ཟུང་སོགས་དཀྱུས་སུ་བཟུང་སྟེ། ཨར་བྱང་ཆུབ་ཡེ་ཤེས་དང་། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་གཉིས་མི་སྣ་གཅིག་མ་ཡིན་པའི་དངོས་ཡོད་ལོ་རྒྱུས་ལ་གསལ་ཁ་བྱས་ཡོད།
གཅིག གླེང་གཞི།
རང་རེའི་ལོ་རྒྱུས་ཐོག་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་སྲས་ཀྱི་ཐུ་བོ་བཞི་(ཞང་ཚེ་སྤོང་ཆོས་ཀྱི་བླ་མ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲེ་ཤེས་རབ་འབར)ལས། འབྲེ་ཤེས་རབ་འབར་དང་། དེའི་སློབ་མ་ཨར་བྱང་ཆུབ་ཡེ་ཤེས་གཉིས་ལ་གཞུང་ཕར་ཕྱིན་ལ་མཆོག་ཏུ་མཁས་པ་འབྲེ་ཨར་གཉིས་ཞེས་གྲགས་སོ། ། ཡང་ཕྱི་ལོ་དུས་རབས་བཅུ་གསུམ་པའི་ནང་བཅོམ་ལྡན་རིག་རལ་དང་། རྒྱང་རོ་བྱང་ཆུབ་འབུམ་བཅས་དང་མཉམ་དུ་བཀའ་བསྟན་གསར་སྒྲིག་གི་ཕྱག་ལས་མཛད་མཁན་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཞེས་ལོ་རྒྱུས་ཐོག་མི་སྣ་གྲགས་ཅན་ཞིག་བྱུང་།
ཕྱིས་ཨ་ལགས་དུང་དཀར་ཚང་གི་གསུང་རྩོམ་གཙོར་བྱས་པའི་ལོ་རྒྱུས་ཀྱི་ཡིག་ཆ་འགར་ཡང་། ཨར་བྱང་ཆུབ་ཡེ་ཤེས་དང་། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་གཉིས་མི་སྣ་གཅིག་ཡིན་པའི་བཤད་ཚུལ་བྱུང་། ཡང་ལོ་རྒྱུས་ཡིག་ཆ་མང་པོར་ཁོང་གཉིས་ནི་ལོ་ཚིགས་སྔ་ཕྱིའི་ཐད་འགྲིག་ཐབས་མེད་པའི་མཐོང་སྣེ་ཡང་མང་ངོ་། ། དེར་བརྟེན་རང་རེ་མང་པོ་ཞིག་ལོ་རྒྱུས་ཀྱི་དོན་དངོས་ཐད་ནས་དཀའ་ཁག་བྱུང་བ་མངོན་གསལ་དུ་གྱུར་ཏོ། ། མ་ཟད་གནད་འདིར་ཞིབ་འཇུག་བྱེད་པ་ལ་དཀའ་ཁག་ཅིག་ཞིག་ཡོད་པ་ནི། ལོ་རྒྱུས་ཡིག་ཆའི་ཁྲོད་མཁས་པ་ཁོང་གཉིས་ཀའི་ལོ་རྒྱུས་གསལ་བོ་འཁོད་མེད་པའོ། །དེར་བརྟེན་དཔྱད་པ་གཏིང་ཟབ་དང་། དཔྱད་འབྲས་གྱ་ནོམ་ཞིག་ནི་ཡོང་ཁག་པོ་འདུག་གོ།
གཉིས། དེ་གཉིས་མི་གཅིག་ཏུ་ངོས་འཛིན་པའི་ཡིག་ཆ།
ཨ་ལགས་དུང་དཀར་གྱི་《དེབ་དམར་མཆན་འགྲེལ་》ལས། “ཨར་བྱང་ཆུབ་ཡེ་ཤེས་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་སྣར་ཐང་གི་བཀའ་འགྱུར་དང་བསྟན་འགྱུར་ཐོག་མར་གསར་སྒྲིགས་བྱེད་སྐབས་བཅོམ་ལྡན་རལ་གྲི་དང་། རྒྱང་རོ་སངས་རྒྱས་འབུམ་བཅས་དང་མཉམ་དུ་ཞུས་དག་མཛད་མཁན་དེ་ཡིན།”① ཞེས་ཨར་བྱང་ཆུབ་ཡེ་ཤེས་དང་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་གཉིས་མི་གཅིག་རང་བྱས་འདུག
ཡང་བཤེས་གཉེན་ཚུལ་ཁྲིམས་ཀྱི་《ལྷ་སའི་དགོན་ཐོ》འི་ནང་དུ་གནམ་རྩེ་ལྡིང་ཕྱག་འདེབས་མཁན་བཤད་སྐབས། “གཞིས་རྩེ་སྣར་ཐང་དགོན་གྱི་《བཀའ་འགྱུར་དང་བསྟན་འགྱུར་》ཐོག་མར་གསར་བསྒྲིགས་བྱེད་སྐབས་བཅོམ་ལྡན་རིག་པའི་རལ་གྲི་དང་། རྒྱང་རོ་སངས་རྒྱས་འབུམ་བཅས་དང་མཉམ་དུ་ཞུས་དག་མཛད་མཁན་ཨར་བྱང་ཆུབ་ཡེ་ཤེས་སམ་དབུས་པ་བློ་གསལ་ཞུ་བ་འདི་ཡིན།”② ཞེས་ཨ་ལགས་དུང་དཀར་གྱི་དེབ་དམར་མཆན་འགྲེལ་ཁུངས་སུ་བྱས་ནས་གསུངས་འདུག་གོ།
ད་རུང་གངས་ཅན་མི་སྣ་གྲགས་ཅན་གྱི་འཁྲུངས་འདས་ལོ་ཚིགས་རེའུ་མིག་སོགས་ཡིག་ཆ་མི་ཉུང་བ་ནའང་དེ་གཉིས་མི་གཅིག་ཏུ་ངོས་འཛིན་གྱིས་ཁྱབ་འདུག་གོ།
གསུམ། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱི་ལོ་རྒྱུས་བཙལ་ཏེ་དཔྱད་པ།
སྣར་ཐང་གི་གདན་རབས་བདུན་པ་མཆིམས་ནམ་གྲགས་(1210-1285)ཀྱི་སློབ་མ་བཅོམ་ལྡན་རིག་རལ་(1227-1305)དང་། དེའི་སློབ་མ་མཆིམས་འཇམ་པའི་དབྱངས(1252-1327)ཡིན། དེ་གཉིས་ཀའི་སློབ་མ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཡིན། དེ་ཡང་དབུས་པ་རང་གིས་མཛད་པའི《གྲུབ་པའི་མཐའ་རྣམ་པར་བཤད་པའི་མཛོད》ཀྱི་མཛད་བྱང་དུ། “རིགས་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པའི་སྒྲོན་མེ་ཆེན་པོ་བརྙེས་པས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་ཐམས་ཅད་དུ་གསལ་བ་དང་། སྨྲ་བ་ངན་པའི་མུན་པ་མ་ལུས་པ་སེལ་བར་མཛད་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱི་ཞབས་རྡུལ་སྤྱི་བོར་ལེན་ཅིང་། ཐུབ་པའི་བརྟུལ་ཞུགས་དྲི་མ་མེད་པ་ལ་ལེགས་པར་གནས་ནས་འཆད་པ་དང་རྩོད་པ་དང་རྩོམ་པའི་ཚུལ་ལ་བློའི་སྣང་བ་ཅུང་ཟད་སྐྱེས་པ་དབུས་པ་བློ་གསལ་རྩོད་པའི་སེང་གེས།”③ ཞེས་སོ། །
《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཡང་། དེ་གཉིས་ཀའི་སློབ་མ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་འདུལ་བ་ལུང་གི་ལུང་རྒྱུན་རྒྱ་ནག་ནས་བླངས། བཀའ་བསྟན་འགྱུར་ལ་བམ་ཚད་འགྱུར་བྱང་སོགས་ངེས་པར་དཀར་ཆག་བརྩམས། འཇམ་སྒེག་གིས་ཡོ་བྱད་གནང་སྟེ་ལོ་ཙཱ་བ་བསོད་ནམས་འོད་ཟེར་དང་རྒྱང་རོ་བྱང་འབུམ་སོགས་གསུམ་གྱིས་དཀའ་བ་ཆེན་པོས་དབུས་གཙང་ཐམས་ཅད་ནས་ཕྱི་མོ་བཙལ་སྟེ་བཀའ་དང་བསྟན་བཅོས་བོད་དུ་འགྱུར་རོ་འཚལ་བཞེངས་སྟེ་སྣར་ཐང་བཀའ་འགྱུར་དང་བསྟན་འགྱུར་ཞེས་ཐོག་མ་ཡིན། ཕྱིས་བོད་ཡུལ་ཐམས་ཅད་དུ་མང་དུ་མཆེད་པ་ཡིན་ནོ། །④ཞེས་གསུངས་སོ། །
《དེབ་ཐེར་སྔོན་པོ》ལས། “མཁས་པ་ཆེན་པོ་དབུས་པ་བློ་གསལ་ཞེས་གྲགས་པ་དེ་ཡང་། བཅོལ་རལ་དང་བཙུན་པ་འཇམ་དབྱངས་གཉིས་ཀའི་སློབ་མ་ཡིན། བཅོམ་ལྡན་རིག་རལ་གྱིས་བདེ་བར་གཤེགས་པའི་བཀའ་རྣམས་ཀྱི་བམ་ཚད་དང་འགྱུར་བྱང་སོགས་ལའང་ངེས་ངེས་མཛད། བསྟན་བཅོས་རྣམས་ཀྱང་སོ་སོར་ཕྱེ་ནས་ཆོས་ཚན་དུ་བསྡུ་བའི་བསྟན་བཅོས་བསྟན་པ་རྒྱས་པ་བྱ་བའང་མཛད། དེ་རྟིང་འཇམ་དབྱངས་ཀྱིས་ཡོ་བྱད་ཚན་ཆེན་པོ་བསྐུར། དབུས་པ་བློ་གསལ་ལ་སོགས་པ་ལ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བཞེངས་ལ་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་པར་གྱིས་ཤིག་ཅེས་བསྐུལ་བ་བཞིན་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་། ལོ་ཙཱ་བ་བསོད་ནམས་འོད་ཟེར་དང་། རྒྱང་རོ་བྱང་ཆུབ་འབུམ་གསུམ་གྱིས་འབད་པ་ཆེན་པོས་བཀའ་འགྱུར་བསྟན་འགྱུར་ཕྱི་མོ་བཙལ་ཅིང་ལེགས་པར་བཞེངས་ནས”⑤ཞེས་སོ། ། དེ་ལྟར་དབུས་པ་བློ་གསལ་ནི་བཅོམ་ལྡན་རིག་རལ་དང་མཆིམས་འཇམ་དབྱངས་གཉིས་ཀའི་སློབ་མ་ཡིན་པས། ཁོང་གི་འཁྲུངས་འདས་ལོ་ཚིགས་གསལ་བོ་རྩད་མ་ཆོད་ཀྱང་། མཆིམས་འཇམ་དབྱངས་ཕྱི་ལོ་1252ལོར་འཁྲུངས་པའི་ཕྱིས་ཕྱིས་ལ་འཚོ་གཞེས་སུ་ཡོད་པར་མ་ཟད། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་བཀའ་བསྟན་དཀར་ཆག་དང་ལོ་རྒྱུས་ལས། “མཆིམས་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས། སྤྱི་ལོ1312ལོ་ནས་ཡོན་རྒྱལ་རབས་ཀྱི་གོང་མ་ཅི་ཙུང་ཨ་ཡུར་པར་པ་ཏ་བུ་ཡན་ཐུས་ལོ་དགུའི་རིང་སྲིད་དབང་བཟུང་སྐབས་སོག་ཡུལ་ལ་གདན་ཞུས་གནང་བ་བཞིན་ཕེབས་འབྱོར་ཐུབ་པའི་འཕྲིན་ལས་ལ་བརྟེན་ནས་ད་ཡོད་བཀའ་བསྟན་ཀྱི་ཕྱི་མོ་སྣར་ཐང་བཀའ་བསྟན་བྲིས་མ་བཞེངས་ཐུབ་ཡོད།”⑥ ཅེས་སོ། ། དེ་ལྟར་ཡོན་གོང་མ་ཅི་ཙུང་ཨ་ཡུར་པར་པ་ཏ་བུ་ཡན་ཐུས་ཀྱི་སྲིད་ལོ། ཕྱི་ལོ་1312ནས་ལོ་དགུའི་བར་ཤེད་དུ་མཆིམས་འཇམ་དབྱངས་སོག་ཡུལ་ལ་འབྱོར་སྐབས་ཕྱིར་བོད་ནང་དུ་ཡོན་སྦྱར་བའི་བདག་རྐྱེན་ལ་བརྟེན་ནས། དབུས་པ་བློ་གསལ་སོགས་ཀྱིས་བཀའ་བསྟན་འབྲི་བཞེངས་མཛད་པའི་ལོ་རྒྱུས་འདི་གཅིག་པུས་ཀྱང་། སྐབས་སུ་བབས་པའི་དགོས་དོན་ཆེ་ཞིག་གསལ་བར་བྱས་འདུག་གོ།
བཞི། ཨར་བྱང་ཆུབ་ཡེ་ཤེས་ཀྱི་ལོ་རྒྱུས་བཙལ་ཏེ་དཔྱད་པ།
སྔོན་གྱི་ཡིག་ཆ་རྣམས་སུ་དགེ་བཤེས་ཨར་གྱི་ལོ་རྒྱུས་འཁོད་པ་ཐམས་ཅད་ཟུར་ཙམ་རེ་མ་གཏོགས་ཁ་ཚང་གསལ་བོ་དེ་འདྲ་གཅིག་ཀྱང་བྱུང་མེད་དོ། ། དེ་བས་ཁོང་གི་སྐུ་ཚེའི་བྱུང་བ་ཆ་ཚང་ཞིག་ཕར་ཟད། ཐ་ན་འཁྲུངས་འདས་ལོ་ཚིགས་ཙམ་ཡང་གསལ་ཐག་ཆོད་ཅིག་ངེས་དཀའ་བར་ཆགས་འདུག་གོ།
ཅུང་ཙམ་རེ་གསལ་བ་ནི། 《དེབ་ཐེར་སྔོན་པོ་》ལས། “དེ་རྗེས་ཤིང་ཕོ་བྱི་བ་ནས་ཆུ་སྤྲེལ་བར་ཨར་གྱིས་དབྱར་གཅིག་གདན་སར་བཞུགས་པ་མ་གཏོགས། ལོ་དགུ་གདན་ས་སྟོངས།”⑦ ཞེས་ཨར་བྱང་ཆུབ་ཡེ་ཤེས་འཕན་པོ་རྒྱལ་ལྷ་ཁང་གི་གདན་སར་བཞུགས་མྱོང་། ཡིན་ཡང་དབྱར་ངོ་གཅིག་ཙམ་མ་གཏོགས་མ་བཞུགས་པར་བཤད།
འདིའི་ཤིང་ཕོ་བྱི་བ་ནི། ཕྱི་ལོ་1144ལོར་ཁེལ་བ་ཕྱིས་ཀྱི་ཡིག་ཆ་མང་པོར་གསལ་བ་བཞིན་དོན་ལ་གནས། འདིར་དོགས་པ་གཞན་ཞིག་གིས་དྲངས་ཏེ་དཔྱད་དགོས་པ་ནི། ཅིའི་ཕྱིར་ཨར་གྱིས་དབྱར་ངོ་གཅིག་ཙམ་མ་གཏོགས་གདན་ས་འཛིན་མ་ཐུབ་པ་རེད། འདིའི་རྒྱབ་ན་ལོ་རྒྱུས་ཀྱི་གསང་བ་ཆེན་པོ་ཞིག་ཡོད་སྲིད་དོ། །
འགྲོ་མགོན་ཕག་མོ་གྲུ་པའི་རྣམ་ཐར་ལས། “ཕྱིས་དགུང་ལོ་ཉེར་ལྔ་པ་ལ་ཟུར་ཕུའི་གཙུག་ལག་ཁང་དུ། བྱ་འདུལ་བ་འཛིན་པ་ཆེན་པོས་མཁན་པོ་མཛད་ཅིང་། སྟོད་ལུང་རྒྱ་དམར་བས་སློབ་དཔོན་དང་། ཨར་གྱིས་གསང་སྡེ་མཛད། དགེ་འདུན་གྲངས་ཚང་གི་དབུས། བསྟན་པ་ལ་ཡོངས་སུ་རྫོགས་པར་མཛད་དོ། །”⑧ ཞེས་སོ། །
ཕག་མོ་གྲུ་པ་ནི་ཕྱི་ལོ་1110ལོར་འཁྲུངས་པས། བསྙེན་པར་རྫོགས་པའི་རང་ལོ་ཉེར་ལྔ་པ་འདི་ཕྱི་ལོ་1134ལོར་ཁེལ་ཡོད། ལོ་དེར་ཨར་གྱིས་གསང་སྟོན་སློབ་དཔོན་མཛད་པས། ཨར་ཁོང་མ་མཐའ་ནའང་དགུང་ལོ་ཉི་ཤུ་ལྷག་སོན་ཡོད་ཐག་ཆོད། དེའི་ཐོག་ལ་བགྲང་བྱ་བཅུ་བསྣན་པའི་ཕྱི་ལོ་1144ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས། སྐབས་དེར་ཆེས་ཉུང་ནའང་། ཁོང་དགུང་གྲངས་སུམ་ཅུ་བརྒལ་ཟིན། གལ་ཏེ་ད་རུང་དེའི་ཁར་བགྲང་བྱ་བདུན་ཅུ་བསྣན་ཏེ་ཨར་དགུང་གྲངས་བརྒྱ་ལ་འཚོ་བའི་དབང་དུ་བཏང་ན་ཡང་། ཕྱི་ལོ་1204ལོ་མན་ལ་ནི་ཡོང་ཐབས་མེད་དོ། །
ཨར་གྱི་འཁྲུངས་འདས་ལོ་ཚིགས་གསལ་བོ་ཞིག་བཤད་དཀའ་ཡང་། 《དེབ་ཐེར་སྔོན་པོ》ལས།⑨ སྟོད་ལུང་རྒྱ་དམར་བ་དང་ཨར་གཉིས་ཀྱིས་ཁ་རག་སྒོམ་ཆུང་གི་དངོས་སློབ་ལྷོ་པ་དཀོན་མཆོག་དཔལ་གྱི་བདུན་ནས་སེམས་སྦྱོང་གི་མན་ངག་ཞུས་པར་བཤད་པ་ལ་བལྟ་རྒྱུ་ཞིག་ཡོད།
ཁ་རག་སྒོམ་ཆུང་གི་འདས་ལོ་ནི། རྔོག་ལོ(1059-1109)འི་འདས་ལོ་དང་། དགེ་བཤེས་པོ་ཏོ་བ(1027-1105)འི་འདས་ལོ་དང་ཕལ་ཆེར་དུས་མཉམ་པ་འདྲ་སྟེ། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》⑩ སོགས་སུ་ཁ་རག་སྒོམ་ཆུང་དགུང་ལོ་ཤིན་ཏུ་བགྲེས་དུས་སུ་པོ་ཏོ་བ་དང་ཕན་ཚུན་ཆོས་ཀྱི་བགྲོ་བ་མང་པོ་མཛད་ཚུལ་བྱུང་བས་སོ། །
གཅིག ཨར་གྱིས་ཁ་རག་གི་སློབ་མ་ལྷོ་པ་དཀོན་མཆོག་དང་མཇལ་བ་ལས། ཁ་རག་དང་མཇལ་བའི་ལོ་རྒྱུས་མེད་པ་དང་། གཉིས། ཡང་ཨར་རྔོག་ལོའི་སློབ་མ་འབྲེ་ཤེས་རབ་འབར་དང་མཇལ་བ་ལས། རྔོག་ལོ་རང་དང་མཇལ་བའི་ལོ་རྒྱུས་མ་བྱུང་བ་བཅས་ཀྱིས། ཨར་གྱི་འཁྲུངས་དུས་ཆེས་སྔ་ནའང་ཕྱི་ལོ་དུས་རབས་བཅུ་གཉིས་པའི་མགོའམ། བཅུ་གཅིག་པའི་མཇུག་ཡན་ལ་བསྣུར་མི་རིགས་པ་ཤེས་སོ། །
ཨར་གྱི་འཁྲུངས་དུས་རགས་རིམ་དེ་ལྟར་ཡིན་པར་ཆ་བཞག་ན། 《དེབ་ཐེར་སྔོན་པོ》ལས། རྔོག་ལོའི་“བཤད་པའི་རྒྱུན་གྱི་གཙོ་བོ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་བཟུང་། འདིས་གནམ་རྩེ་ལྡང་ལ་སོགས་པར་སྐུ་ཤིན་ཏུ་བགྲེས་པར་གྱུར་ཚུན་ཆད་དུ་བཤད་པ་མཛད་ཅིང་། སྐབས་དེ་ཤེད་དུ་ནི་རྒྱལ་ལྷ་ཁང་གི་གདན་ས་ཡང་མཛད།”⑾ ཅེས་པ་དེ། ཨར་རྒྱལ་ལྷ་ཁང་གི་གདན་སར་ཕེབས་དུས་སྐུ་ཤིན་ཏུ་བགྲེས་པོ་ཆགས་ཟིན་པའི་དོན་མིན་པ་འདྲ་སྟེ། སྐབས་དེར་ཨར་ཅི་ཙམ་བགྲེས་ཀྱང་། དགུང་གྲངས་ལྔ་བཅུ་ཡས་མས་ལས་ཟིན་མེད་ཚོད་རེད།
ལྔ། དེ་གཉིས་མི་གཅིག་མིན་པའི་གྲུབ་དོན་བཞག་པ།
མདོར་ན། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ནི། ཕྱི་ལོ་1227ལོར་འཁྲུངས་པའི་བཅོམ་ལྡན་རིག་རལ་དང་། ཕྱི་ལོ་1252ལོར་འཁྲུངས་པའི་མཆིམས་འཇམ་པའི་དབྱངས་གཉིས་ཀའི་སློབ་མ་ཡིན་པ་སྔོན་གྱི་ལོ་ཆོས་འབྱུང་དེབ་ཐེར་ཁུངས་མ་རྣམས་སུ་ཤིན་ཏུ་གསལ་བ་དང་། ལྷག་ཏུ་ཁོང་དང་རྒྱང་རོ་བྱང་ཆུབ་འབུམ་སོགས་ཀྱིས། ཕྱི་ལོ་1312ནས་ལོ་དགུའི་བར་ཤེད་ཙམ་ལ་སྣར་ཐང་བཀའ་བསྟན་འབྲི་བཞེངས་ཀྱི་ཕྱག་ལས་མཛད་པའི་ལོ་རྒྱུས་གསལ་བ་བཞིན། ཁོང་ནི་ཕྱི་ལོ་དུས་རབས་བཅུ་བཞི་པའི་མགོ་ཙམ་ནའང་སྐུ་འཚོ་ཞིང་གཞེས་མུས་སུ་ཡོད་པར་དོགས་པ་ཙམ་ཡང་མི་དགོས་སོ།།
ཨར་བྱང་ཆུབ་ཡེ་ཤེས་ནི། ཕྱི་ལོ་1134ལོར་རང་ཉིད་དགུང་གྲངས་ཉི་ཤུ་ལོན་རྗེས་བསྙེན་པར་རྫོགས་ཟིན་ནས། ཕག་མོ་གྲུ་པ་བསྙེན་རྫོགས་སྐབས་གསང་སྟོན་སློབ་དཔོན་མཛད་པ་དང་། ཕྱི་ལོ་1144ལོར་འཕན་པོ་རྒྱལ་ལྷང་ཁང་གི་གདན་སར་ཕེབས་པ་《དེབ་ཐེར་སྔོན་པོ》ར་གསལ་བ་བཞིན། ཁོང་དགུང་གྲངས་བརྒྱར་བཞུགས་པའི་དབང་དུ་བཏང་རུང་། དུས་རབས་བཅུ་གསུམ་པའི་མགོ་མན་ལ་ཡོང་ཐབས་མེད་དོ། ། དེ་ལྟར་ཨར་བྱང་ཆུབ་ཡེ་ཤེས་དགོངས་པ་རྫོགས་པ་དང་། དབུས་པ་བློ་གསལ་གྱིས་བཀའ་བསྟན་འབྲི་བཞེངས་ཀྱི་ཕྱག་ལས་མཛད་པའི་བར་ལ་མ་མཐའང་བགྲང་བྱ་བརྒྱ་ཡས་མས་ཡོད་པས། ཨར་དང་དབུས་པ་གཉིས་མི་སྣ་གཅིག་མིན་པ་ནི། བསམས་པ་ཙམ་གྱིས་ངེས་པ་གཏིང་ནས་འདྲོང་ངེས་སོ། །
གཞན་དུ་ན་ཨར་བྱང་ཆུབ་ཡེ་ཤེས་དགུང་གྲངས་ཉིས་བརྒྱར་ཉེ་བ་ཞིག་ཟིན་པ་ན། གཟོད་མཆིམས་འཇམ་དབྱངས་བླ་མར་བསྟེན། བཀའ་བསྟན་འབྲི་བཞེངས་ཀྱི་མཛད་པ་བསྐྱངས་པ་སོགས་ཟློག་མེད་དུ་ཁས་ལེན་དགོས་ཐལ་ལོ། །
ཞབས་མཆན།
[1] དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། མི་རིགས་དཔེ་སྐྲུན་ཁང་། པོད། 6པ།ཤོག་ངོས།366
[2] བཤེས་གཉེན་ཚུལ་ཁྲིམས། ལྷ་སའི་དགོན་ཐོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2001ལོའི་པར། ཤོག་ངོས།281
[3] དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད་བཅུ་པ། 2013ལོའི་པར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།208
[4] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། དེབ་དང་པོ། དྷརྨ་ཀ་རའི་འཕྲུལ་དེབ་ཁང་། ཤོག་ངོས། 1740
[5] འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་པར། ཤོག་ངོས། 410
[6] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། ཡུལ་གངས་ཅན་གྱི་བཀའ་བསྟན་དཀར་ཆག་དང་བཅས་པའི་ལོ་རྒྱུས་རགས་ཙམ་བརྗོད་པ་སྣང་ཐང་དྲན་དབྱངས། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། ཕྱི་ལོ2012 2 སྤྱིའི་དེབ་གྲངས་དགུ་པ། ཤོག་ངོས། 7
[7] འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་པར། ཤོག་ངོས།118
[8] འགྲོ་མགོན་ཕག་མོ་གྲུ་པའི་རྣམ་ཐར། གློག་རྡུལ་འཕྲུལ་དེབ་ཁང་། ཤོག་ངོས།4
[9] འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་པར། ཤོག་ངོས།404
[10] ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། 228
[11] འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་པར། ཤོག་ངོས། 402
– – – – –
དེབ་སྔོན་ལས། “པོ་ཏོ་བ་ནི་ལྕགས་མོ་ལུག་གི་ལོ་པ་བདུན་ཅུ་རྩ་ལྔ་པ་ཤིང་མོ་བྱ་ལ་གཤེགས།” ཆོས་འབྱུང་མཁས་དགའ་ལས། “ཇོ་བོ་བོད་ཏུ་ཕེབས་ལོ་ལས་ལོ་བཅུས་སྔ་བའི་ལྕགས་མོ་ལུག་ལ་ཕུ་ཆུང་བ་དང་པུ་ཏོ་པ་འཁྲུངས། དོན་ལྔ་པ་ལ་བཀོད་བསྡུས།” སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་བརྩམས་པའི་ ༼༼ དགེ་བའི་བཤེས་གཉེན་པུ་ཏོ་བ་རིན་ཆེན་གསལ་གྱི་རྣམ་ཐར་སེམས་དཔའ་ཆེན་པོའི་སྤྱོད་པ་ངེས་བསྟན ༽༽ ལས“ལྕགས་མོ་ལུག་ལ་འཁྲུངས། ཤིང་མོ་བྱ་ལ་གཤེགས།”ཞེས་སོགས་གསལ་འདུག