ཐོག་མའི་གླེང་གཞི།
མིའི་རིགས་ཀྱི་ལོ་རྒྱུས་ཟིན་ཐོར་འཁོད་པ་ནས་ད་ལ་ཐུག་གི་བར་དུ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་སྐྱེ་ཙམ་ཉིད་ནས་ཚེ་རབས་སྔ་མ་དང་དེའི་ཡང་སྔ་མ་དྲན་ཐུབ་པའི་གང་ཟག་ཁྱད་པར་བ་མང་དུ་ཐོན་ཡོད་པ་ལྟར། རྣམ་པར་ཤེས་པ་ཤ་ཁྲག་གི་ལུས་དང་གྱེས་ནས་བར་དོའི་འཇིག་རྟེན་ལ་ལྟད་མོ་ཡིད་ཚིམ་པ་ཞིག་བལྟས་རྗེས་སླར་ཡང་སྔར་གྱི་ཕུང་པོའི་ནང་དུ་ཚུར་ཞུགས་ཡོང་བའི་མི་སྣ་དམིགས་བསལ་བ་ཡང་གནའ་ནས་ད་ལྟའི་བར་དུ་བྱུང་ཡོད་པར་འདུག་ལ། སྨན་བཅོས་དང་མྱུར་སྐྱོབ་ཀྱི་ལག་རྩལ་ཚད་མཐོན་པོར་ཕྱིན་པའི་དེང་གི་དུས་སུ་ནི་གནས་ཚུལ་དེ་འདྲ་རྒྱུན་ལྡན་དུ་འབྱུང་གི་ཡོད་དོ། །
གནའ་བོའི་ནུབ་ཕྱོགས་ལ་མཚོན་ན་ཡ་མཚར་བའི་སྣང་ཚུལ་དེ་དག་མཐོང་བ་ལ་བརྟེན་ནས་དང་པོའི་ཆར་སྐྱེ་བ་སྔ་ཕྱིའམ་འཁོར་བ་ཡོད་པའི་བཤད་སྲོལ་བྱུང་ཞིང་། དེ་རྗེས་མི་ནས་མིར་སྐྱེ་བ་དང་མི་ནས་དུད་འགྲོར་སྐྱེ་བ་སོགས་ཀྱི་གནས་ཚུལ་འདྲ་མིན་སྣ་ཚོགས་མཐོང་བ་ན་དེ་དག་ལ་འགྲེལ་བཤད་བྱ་ཆེད་ལས་དགེ་སྡིག་གི་རྣམ་གཞག་དང་། དེ་རྗེས་འཁོར་བ་ཙམ་མིན་པར་འཁོར་བ་ལས་འདས་པའི་ཐར་པ་དང་། དེ་འཐོབ་བྱེད་ཀྱི་ཐར་ལམ་དང་བཅས་པ་རིམ་བཞིན་གཏན་འབེབས་བྱས་ཡོད་པར་མངོན་ནོ། །
གང་ལྟར་ཟོ་ཆུན་གྱི་འཁོར་ལོ་ལྟར་བར་མཚམས་མེད་པར་འཁོར་བའི་སྐྱེ་འཆིའི་སྣང་ཚུལ་ལ་བརྟེན་ནས་ཆོས་ལུགས་དར་ཞིང་། ཆོས་ལུགས་ཀྱི་སྲོག་རྩ་ཡང་སྐྱེ་བ་སྔ་ཕྱིའི་ཐོག་ལ་ཟུག་ཡོད་པས་སྲོག་གི་གཞི་མ་དེ་ལ་ཆོས་ལུགས་པ་ཀུན་གྱིས་དོ་སྣང་བླ་ལྷག་ཏུ་བྱེད་པ་ཡིན་ལ། ཤི་བའི་ཐིམ་རིམ་དང་སྐྱེ་བའི་འཕེལ་རིམ་གཉིས་པོ་ཅུང་ཟད་རྟོགས་པར་སླ་ཡང་། ཤི་ནས་སྐྱེ་བ་མ་བླངས་པའི་བར་དུ་བྱུང་བའི་བརྒྱུད་རིམ་དེ་ཉིད་ཤིན་ཏུ་ནས་ལྐོག་ཏུ་གྱུར་ཡོད་སྟབས་བར་མཚམས་དེ་ལ་ཡང་སྙིང་གནས་ཚུལ་ག་རེ་བྱུང་ཡོད་དམ་སྙམ་ནས་འཛམ་གླིང་ཤར་ནུས་ཀྱི་ཆོས་ལུགས་པ་ཙམ་མིན་པར་གནའ་བོའི་མཚན་ཉིད་རིག་པ་བ་དང་། དེང་དུས་ཀྱི་ཚན་རིག་པ་བཅས་ཀྱིས་རྟོག་དཔྱོད་དང་ཞིབ་འཇུག་མང་དུ་བྱས་ཡོད་པར་གདའ་འོ། །
བར་དོ་དང་ཆོས་ལུགས།
དེ་ལ་ཤར་ཕྱོགས་རྒྱ་གར་གྱི་གནའ་བོའི་ཆོས་ལུགས་པ་ཚོས་ཤི་བ་དང་བར་དོའི་སྐོར་ལ་དགོངས་ཚུལ་ག་འདྲ་ཡོད་པ་ནི་རང་ཅག་གི་མདོ་རྒྱུད་བསྟན་བཅོས་རྣམས་སུ་ཇི་སྐད་གསུངས་ཡོད་པ་དེ་ཚོ་ཡིན་པས་འདི་རུ་བསྐྱར་བཤད་བྱེད་མི་དགོས་ལ། ནུབ་ཕྱོགས་ཀྱི་ཆོས་ལུགས་པ་ཚོས་ཇི་ལྟར་སྨྲ་བ་ནི་མདོ་རུ་དྲིལ་ན་འདི་ལྟར་ལགས་ཏེ།
ཨེ་ཅེབ་ཆོས་ལུགས།
འདི་ནས་ཕྱིར་ལྡོག་བྱས་ཏེ་བརྩིས་པའི་ལོ་ངོ་དྲུག་སྟོང་གི་སྔོན་ཙམ་ལ་དར་བའི་གནའ་བོའི་ཨེ་ཅེབ་Ancient Egypt ཀྱི་ཆོས་ལུགས་པས་བདག་ཅག་གི་ཤ་ཡི་མིག་འདིས་དངོས་སུ་མཐོང་མི་ཐུབ་ན་ཡང་དོན་དུ་ལུས་པོའི་ནང་དུ་རྦ་(巴)ཞེས་པ་དང་ཁྭ(卡)ཟེར་བའི་དངོས་པོ་གཉིས་ཡོད་པའི་ཡིད་ཆེས་བྱེད་པ་ལ། རྦ་ཞེས་པ་དེ་བོད་སྐད་དུ་བསྒྱུར་ན་རྟག་ཏུ་འཚོ་དང་། ཁྭ་ཞེས་པ་དེ་གནད་ས་རུ་བསྒྱུར་དགོས་ཞེས་ལོ་ཙཱ་བ་ཆུ་དཀར་པདྨ་རྡོ་རྗེས་བཤད་འདུག་ཀྱང་དོན་ལ་གནས་མིན་མ་ཤེས་མོད། ཟེར་སྒྲོས་སུ་རྦ་ཞེས་པ་དེའི་རྣམ་པ་མི་རང་རང་གི་ཤ་ཚུགས་དང་འདྲ་ཞིང་ངོ་བོ་ནི་གཤིས་ཀའམ་སྤྱོད་ལམ་ལྟ་བུ་ལ་གོ་ན་འགྲིག་པ་དང་། ཁྭ་ཞེས་པ་དེའི་ཚུགས་ཀ་ནི་མགོ་བོ་མི་དང་ལུས་པོ་བྱ་ཡི་གཟུགས་སུ་ཡོད་པ་ལ་ངོ་བོ་ནི་ཚེ་སྲོག་གི་ནུས་པའམ་གསོན་ཤུགས་ལྟ་བུ་ལ་གོ་ན་འཐུས་པར་བཤད་པས། རང་རེའི་ཆོས་སྐད་ལྟར་ན་རྦ་ལ་བླ་སྲོག་དང་ཁྭ་ལ་བདག་གམ་རྣམ་ཤེས་ཞེས་ཟེར་དགོས་པ་འདྲའོ། །
དེ་ཡང་མི་རྣམས་ལ་ཤི་བ་དང་པོ་བྱུང་སྟེ་ཕུང་པོ་དུར་དུ་སྦས་པ་ན། ཁྭ་ཞེས་པའི་རྣམ་ཤེས་དེ་བེམ་རོ་དང་གྱེས་ཏེ་བར་དོའི་ཁམས་སུ་འགྲོ་ཞིང་། དེར་ཐོན་རྗེས་བར་དོའི་ཁྲིམས་དཔོན་རྣམས་ཀྱི་འདྲི་ཚིག་ལ་དོན་མཐུན་གྱི་ལན་ཐོགས་མེད་དུ་འདེབས་ཤེས་པའི་ཐོག་ཏུ་དགེ་བ་རླབས་ཆེན་སྟོན་རྒྱུ་ཡོད་ཚེ་སླར་མི་ཡུལ་དུ་ལོག་སྟེ་སྔར་གྱི་བེམ་རོའི་ནང་ལ་བསྐྱར་དུ་ཞུགས་ཆོག་ཅིང་། དེ་ཞུགས་པས་འཆི་བ་མེད་པའི་ཚེ་ཐོབ་སྟེ་ལྷ་ཡི་གོ་འཕང་རྙེད་པ་ཡིན་ལ། གལ་ཏེ་དྲིས་ལན་ཇི་བཞིན་འདེབས་མ་ཤེས་པའི་ཁར་གསོན་པོ་ཡིན་སྐབས་སྡིག་པ་ཚབས་ཆེན་འདྲ་བྱས་ཡོད་ན་དེ་མ་ཐག་བདུད་འདྲེ་རྣམས་ལ་ཟ་རུ་བཅུག་སྟེ་སྲོག་དང་ཕྲལ་བར་བྱེད་པས། དེ་ལ་འཆི་བ་གཉིས་པ་ཞེས་གྲགས་ཏེ་དུས་གཏན་དུ་ཤི་ནས་རྣམ་ཤེས་རྒྱུན་ཆད་འགྲོ་བ་ཡིན།
མི་རྣམས་ལ་འཆི་བ་དང་པོ་འབྱུང་སྐབས་རྦ་ཞེས་པའི་བླ་སྲོག་དེ་ནི་ཚེ་ཕྱི་མིའི་ཡུལ་དུ་མི་འགྲོ་བར་བེམ་རོ་དང་ལྷན་དུ་དུར་ཁྲོད་ནང་དུ་འདུག་པ་སྟེ། དེ་ཡང་ཉིན་མོ་དུར་ས་དང་ཁ་བྲལ་ཏེ་སྔར་གྱི་ཁྱིམ་མི་དང་གཉེན་ཉེ་ལ་ལྟ་རུ་འགྲོ་བ་དང་། ས་ཆ་དྲོ་སར་སོང་ནས་ཉི་མ་ལྡེ་བ་མ་ཟད་བླ་སྲོག་ཕོ་ཞིག་ཡིན་ན་མོ་དང་མོ་ཡིན་ན་ཕོ་ཞིག་བཙལ་ཏེ་ལུས་འབྲེལ་ཡང་བྱེད། མུན་རུབ་པ་ན་སླར་རོ་ཕུང་ནང་དུ་ཞུགས་ཏེ་དུར་ཁུང་དུ་སྦས་ཡོད་པའི་རོ་ཟས་ཟ་ལ། གལ་ཏེ་བླ་སྲོག་དེས་ལྟོ་བ་འགྲངས་པའི་རོ་ཟས་ཟ་རྒྱུ་མ་རྙེད་པར་མུག་གེས་ཤི་སོང་ན། དེ་ཉིད་གང་དུ་གནས་སའི་བེམ་རོ་རུལ་མྱགས་སུ་འགྱུར་བ་མ་ཟད་འཇིག་རྟེན་གཞན་དུ་ཆས་པའི་རྦ་ཞེས་པའི་རྣམ་ཤེས་དེ་ཡང་ཤི་འགྲོ་བ་ཡིན་སོགས་མང་དུ་སྨྲ་སྟེ་ཡོད་ཚད་འབྲི་བར་མི་ནུས་སོ། །
མདོ་རུ་དྲིལ་ནས་བཤད་ན། གནའ་བོའི་ཨེ་ཅེབ་ཀྱི་མིས་ཤི་བའི་ངོ་བོ་དང་ཤི་ནས་བར་དོ་འགྲིམ་པའི་བརྒྱུད་རིམ་སོགས་དཔེ་རིས་དང་བཅས་པ་གསལ་བོར་བྲིས་པའི་དཔེ་རྙིང་ཞིག་ཡོད་པ་ལ་ཤི་བོའི་དཔེ་ཆ་ཞེས་གྲགས་ལ། དེའི་ནང་དུ་གཤིན་པོས་བར་དོ་འགྲིམ་སྐབས་གདོན་འདྲེ་མ་རུང་བ་དང་གཅན་གཟན་འཇིགས་སུ་རུང་བ་གང་དག་དང་འཕྲད་པར་འགྱུར་བ་དང་། དེ་དག་དང་འཕྲད་སྐབས་རྒོལ་ལེན་ཇི་ལྟར་སྤྲོད་དགོས་པ་དང་། གཤིན་རྗེ་ཆོས་རྒྱལ་གཙོར་བྱས་པའི་བར་དོའི་ཁྲིམས་དཔོན་རྣམ་པས་དྲི་བ་ག་རེ་འདྲི་ཡོང་བ་དང་། དེ་ལ་ལན་ག་འདྲ་བརྒྱབ་ན་ཕན་ཁེ་ཆེ་བ་སོགས་རེ་རེ་བཞིན་གདམས་ངག་དམར་ཁྲིད་ཀྱི་རྣམ་པས་ཧ་ཅང་ཁ་གསལ་བོ་ཞིག་བྲིས་ཡོད་སྟབས། ཤི་བོ་ཚོས་མན་ངག་གི་ཡིག་ཆ་དེ་དག་ལ་བལྟས་ན་ཆེས་ཡ་ང་བའི་བའི་བར་དོའི་འཇིགས་པ་ཐམས་ཅད་ལས་བདེ་བླག་ཏུ་ཐར་ཐུབ་པའི་ཡིད་ཆེས་བྱེད་དོ། །
གཞན་ཡང་བར་དོའི་ཁམས་སུ་རི་བོ་མང་ཉུང་ཇི་ཙམ་ཡོད་པ་དང་དེ་དག་ལ་ཁ་དོག་དང་བོངས་ཚད་ག་འདྲ་ལྡན་པ་སོགས་རང་རེའི་གཞུང་དུ་ཟུར་ཙམ་ཡང་མ་གྲགས་པའི་ཞིབ་ཆ་མང་པོ་བཤད་ལ། བར་དོའི་སེམས་ཅན་གྱིས་ཤི་བོའི་དཔེ་ཆ་ཟེར་བའི་ནང་དུ་འཁོད་པའི་གཟུངས་སྔགས་༧༧པ་ཁ་ནས་བཏོན་ན་གཤོག་ཟུང་རྡོ་ལས་གྲུབ་པའི་གསེར་གྱི་བྱ་རྒོད་ཅིག་གི་ལུས་སུ་སྤྲུལ་ཐུབ་དང་། གཟུངས་སྔགས་༧༦པ་ངག་ནས་བཟླས་ན་རང་གི་འདོད་པ་ལྟར་དུ་སྤྲུལ་སྒྱུར་གང་དྲན་དྲན་བྱེད་ནུས་པ་སོགས་ནང་ཆོས་དང་ཆ་མཐུན་པ་ཡང་མང་དུ་བཤད་འདུག་གོ །
ལྗེའུ་ཆོས་ལུགས།
དེའི་ཕྱིས་སུ་དར་བའི་ཆོས་ལུགས་རྒྱ་ཆེ་ཤོས་དང་རྒྱུན་རིང་ཤོས་གཅིག་ནི་ལྗེའུ་ཆོས་ལུགསJudaism ཡིན་ཞིང་། དེའི་རྗེས་འབྲང་དད་ལྡན་པ་ཚོས་ཚད་མར་འཛིན་པའི་ཆོས་གཞུང་གྲགས་ཅན། སྔ་ཕྱིར་བྱོན་པའི་ལུང་སྟོན་པ་བཞི་བཅུ་ཡས་མས་ཀྱིས་སྤྱི་ལོ་སྔོན་གྱི་ལོ༡༤༥༠ཙམ་ནས་མགོ་བཟུང་སྟེ་དུས་རབས་བཅུའི་རིང་དུ་ཡི་གེར་ཕབ་པའི་ལྷ་ཆེམས་རྙིང་མ་ལ། ནང་གསེས་སུ་མདོ་ཚན་མི་འདྲ་བ་༣༩ཡོད་པ་ཐམས་ཅད་ཀྱི་ནང་དུ་ཤི་བ་དང་བར་དོའི་སྐོར་ལ་གསལ་ཁ་ཡོད་པ་ནི་གཞུང་ཚན་དུམ་བུ་གཉིས་ལས་མི་འདུག་ཅེས་དེང་གི་ཞིབ་འཇུག་པ་ཚོས་སྨྲ་བར་བྱེད་ལ། གཞུང་ཚན་གཉིས་ཀྱི་ནང་དུ་གསལ་ཁ་བྱུང་བ་ནི་ཡེ་སྲེ་ཡཱ་ཞེས་པའི་མདོར།
ཚེ་འདས་བསྐྱར་དུ་གསོན་འགྱུར་ཞིང་། །བེམ་རོ་སླར་ཡང་འགྲེང་བར་བྱེད། །
དུར་སར་གཟིམས་པའི་གཤིན་པོ་རྣམས། །མནལ་ལས་སད་དེ་གླུ་དབྱངས་འགུགས། །
ཡངས་པའི་ས་འཛིན་སྒེག་མོས་ཀྱང་། །ཤི་བོ་སླར་ཡང་སྤྲོད་པར་བྱེད། །
ཅེས་འབྱུང་བ་དང་།
ཡང་ཏྭ་ཡི་ལི་ཞེས་པའི་མདོར།
ས་རྡུལ་ཁྲོད་དུ་གཟིམས་པ་རྣམས། །ནམ་ཞིག་སླར་ཡང་སད་པར་འགྱུར། །
ལ་ལས་འཆི་མེད་གོ་འཕང་འཐོབ། །འགའ་ཞིག་གཏན་དུ་སྡུག་གིས་མནར། །
ངོ་ཚས་གདུང་ཞིང་འགྱོད་པས་གཟིར། །ཞེས་འབྱུང་བ་ཙམ་མོ། །
དེའི་ཡང་རྗེས་སུ་དར་བའི་ཆོས་ལུགས་ཆེ་ཤོས་གཅིག་ནི་ལྷ་ཆེམས་རྙིང་མའི་ནང་དུ་ཡང་སྔར་ནས་ལུང་བསྟན་པ། འཇིག་རྟེན་བྱེད་པོའི་ཐུགས་སྲས་སུ་གྲགས་པའི་ལུང་སྟོན་པ་ཡེ་ཤུ་མ་ཤི་ཀས་དུས་རབས་དང་པོའི་ནང་དུ་སྤེལ་བའི་ཡེ་ཤུའི་ཆོས་ལུགསChristianityཞེས་པ་དེ་ཡིན་ཞིང་། དེའི་རྗེས་འབྲང་དད་ལྡན་པ་ཚོས་ཚད་མར་འཛིན་པའི་ལྷ་ཆེམས་གསར་མ་the New Testament)ལ་མདོ་ཚན་མི་འདྲ་བ་༢༧བཞུགས་པ་ལས་གང་དུ་ཡང་བར་དོའི་སྐོར་ལ་དམིགས་བསལ་གྱི་བཤད་པ་མཛད་མེད་པར་གྲགས་སོ། །
ཨི་སི་ལམ་ཆོས་ལུགས།
དེའི་རྗེས་དར་བའི་ཆོས་ལུགས་ཆེས་གཞི་རྒྱ་ཆེ་བ་ནི་འཛམ་གླིང་གི་ཆོས་ལུགས་ཆེན་མོ་གསུམ་གྱི་ཡ་གྱལ། དུས་རབས་མདུན་པའི་ནང་དུ་གསར་དུ་གཏོད་པའི་ཨི་སི་ལམ་ཆོས་ལུགསIslam; Islamism ཡིན་ཞིང་། ཆོས་ལུགས་དེའི་རྩ་བའི་ཆོས་གཞུང་ཆེན་མོ་ཀོ་རན古兰经ཞེས་གྲགས་པ་ལུང་སྟོན་པ་མོ་ཧ་མེ་དི་穆罕默德མཆོག་གིས་མི་ལོ་ཉི་ཤུ་རྩ་གསུམ་གྱི་ཡུན་དུ་སློབ་མའི་ཚོགས་ལ་བཀའ་ཆོས་ཇི་སྙེད་གསུངས་པ་རྣམས་ཕྱིས་སུ་བུ་སློབ་རྣམ་པས་བཀའ་བསྡུ་མཛད་པ་དེའི་ནང་དུ་ཡང་། ཆོས་ཕྱིར་གཡུལ་དུ་ཞུགས་ནས་ཤི་བ་དང་། བྱེད་པོ་ཨཱ་ལ་དང་སྟོན་པ་མོ་ཧ་མེ་དི་ལ་དད་མཁན་ཚོ་ལྷ་ཡུལ་གྱི་དགའ་ཚལ་དུ་སྐྱེ་འགྲོ་རབས་དང་། ཤེས་བཞིན་དུ་བྱེད་པོ་ཨཱ་ལ་མཆོག་ལ་དད་པ་མི་བྱེད་ཅིང་ཨི་སི་ལམ་ཆོས་ལུགས་ལ་དགག་པ་བྱེད་མཁན་རྣམས་ཚ་དམྱལ་དུ་སྐྱེ་ནས་སྡུག་བསྔལ་དཔག་མེད་མྱོང་ཚུལ་སོགས་མང་དུ་བཤད་འདུག་མོད། བར་དོའི་སྣང་བ་སྐོར་ལ་ནི་དམིགས་བསལ་ཅི་ཡང་གསུངས་མེད་པར་མངོན་ནོ། །
འོན་ཀྱང་མི་ཤི་བའི་ཚེ་རྣམ་ཤེས་རྒྱུན་ཆད་མི་འགྲོ་བར་མུ་མཐུད་དུ་གནས་ཀྱང་དུས་ཀྱི་མཐའ་ལ་མ་ཐུག་བར་དུ་སྐྱེ་བ་གཞན་པ་མི་ལེན་པ་དང་། ནམ་ཞིག་དུས་ཀྱི་མཐའ་ལ་ཐུག་སྐབས་འཇིག་རྟེན་བྱེད་པོ་ལྷ་ཡུལ་ནས་མི་ཡུལ་དུ་ལོག་ཕེབས་མཛད་དེ་དུང་ཆེན་བུས་པ་ན་སྔར་གྱི་ཤི་བོ་ཡོད་དོ་ཅོག་རོ་ལངས་རྒྱག་ཡོང་བ་དང་། སྐབས་དེར་བྱེད་པོས་འདྲི་གཅོད་མཛད་པ་ན་སྐྱེ་བོ་ཀུན་གྱིས་སོ་སོའི་བྱ་སྤྱོད་ཐམས་ཅད་གཅིག་ཀྱང་མ་ལུས་པར་སྙན་ཞུ་བྱེད་དགོས་པ་དང་། འདྲི་གཅོད་མཇུག་གྲོལ་བ་ན་དད་ལྡན་རྣམས་ལྷ་ཡུལ་དུ་ཁྲིད་ཅིང་། དད་མེད་ཚོ་དམྱལ་ཁམས་སུ་བརྫང་བ་ཡིན་ཞེས་སྨྲ་བ་ལ་བཤད་མ་ཐག་པའི་ལྗེའུ་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས། ཨི་སི་ལམ་ཆོས་ལུགས་གསུམ་ཆར་ཡང་འདོད་པ་མཐུན་པ་ཡིན་ནོ། །
འོ་ན་མི་རྣམས་ཤི་བའི་ཚེ་རྣམ་ཤེས་རྒྱུན་ཆད་པར་མི་འགྱུར་ལ། དུས་ཀྱི་མཐའ་ལ་མ་ཐུག་བར་དུ་སྐྱེ་བ་ཡང་མི་ལེན་པ་དེ་ལྟར་ན། དེ་དང་དེའི་བར་དུ་ཡུལ་གང་དུ་ཚུལ་ཇི་ལྟར་གནས་པ་ཡིན་ནམ་ཞེ་ན། དྲི་བ་འདི་ལ་གོང་གི་ཆོས་གཞུང་གསུམ་ཆར་ནང་དུ་ལན་གསལ་བོ་ཞིག་མེད་པར་གྲགས་ལ། ཁོ་བོས་སྔོན་ཆད་ཡེ་ཤུ་ཆོས་སྤེལ་བ་ཞིག་ལ་དེའི་སྐོར་ནས་དྲིས་པས་གཤིན་པོ་རྣམས་བར་དོའི་ཁམས་སུ་བསྡད་ཡོད་པ་རེད་ཅེས་ལན་གནང་སོང་ན་ཡང་། རྒྱ་མི་ཆོས་སྤེལ་མཁན་དེ་ནི་ཅི་ཡང་མི་ཤེས་པའི་མི་བླུན་པོ་ཞིག་ཡིན་བཟོ་འདུག་པས་དེའི་གཏམ་ལ་ཡིད་ཆེས་པར་མི་བྱའོ། །
བར་དོ་དང་མཚན་ཉིད་རིག་པ།
དེ་ཡང་ཤ་ཁྲག་གདོས་བཅས་ཀྱི་ལུས་འདི་ཤི་ཟིན་པའི་རྗེས་སུ་མུ་མཐུད་ནས་ཚེ་སྲོག་གནས་མིན་གྱི་གསང་བ་ཆེན་པོ་དེ་ནི་ཆོས་ལུགས་ཙམ་མིན་པར་མཚན་ཉིད་རིག་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན་སྟབས། སྔ་ཕྱིར་བྱོན་པའི་ནུབ་ཕྱོགས་མཚན་ཉིད་མཁན་པོ་ཕོན་ཆེན་ཞིག་གིས་མི་རྣམས་ཤི་བའི་ཚེ་རྣམ་ཤེས་རྒྱུན་ཆད་མིན་ཐད་ལ་བསམ་ཚུལ་སྣ་ཚོགས་བཤད་འདུག་ཀྱང་། དམིགས་བསལ་བར་དོའི་སྐོར་ལ་བསམ་ཚུལ་བཤད་མཁན་ནི་ཉིན་མོའི་སྐར་མ་ལྟར་ཉུང་བར་མཐོང་ངོ་། །
དེ་ལ་སྤྱི་ལོའི་རྗེས་ཀྱི་དུས་རབས་བར་མའི་ནང་དུ་ལྷ་རིག་པ་ཁོ་ན་གཙིགས་སུ་བཟུང་བས་འཇིག་རྟེན་བྱེད་པོ་ཡོད་ལུགས་ཡོད་སྟངས་དང་། བྱེད་པོ་ཁོང་དང་ཁོང་གི་ཐུགས་དང་སྲས་གསུམ་པོ་ངོ་བོ་གཅིག་དང་ཐ་དད་གང་ཡིན་སོགས་ལ་དགག་སྒྲུབ་ཀྱི་འཁོར་ལོ་བསྐོར་ནས་ཉི་མ་ཕུད་ཡོད་སྟབས། སྲིད་པ་བར་དོའི་སྐོར་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ནི་ཆེར་བྱུང་མེད་ལ། སྤྱི་ལོའི་སྔོན་གྱི་གནའ་རབས་ལ་མཚོན་ན་ལས་འབྲས་དང་སྐྱེ་བ་སྔ་ཕྱིའི་རྣམ་བཞག་གསུང་མཁན་གྱི་མཚན་ཉིད་མཁན་པོ་ཆེས་ཐོག་མ་ནི་སྟོན་པ་སངས་རྒྱས་ཀྱི་སྔོན་ཙམ་ལ་བྱོན་པའི་སློབ་དཔོན་ཕེ་དྷ་གྷོ་རཱ་Pythagorasདང་། ཤི་བ་དང་བར་དོའི་སྐོར་ལ་དཔྱད་པ་ཞིབ་མོ་གཏོང་མཁན་ནི་སྟོན་པ་སངས་རྒྱས་དང་དུས་མཉམ་དུ་བྱོན་པའི་མཁས་མཆོག་ཕོ་ལཱ་ཐོ་Platoཡིན་པར་སྣང་བས་འདིར་ཡང་མདོ་ཙམ་ཞིག་བརྗོད་པར་མོས་སོ། །
དེ་ཡང་ནུབ་ཕྱོགས་སུ་ཆོས་ལུགས་ཀྱི་རྣམ་པ་ལྡན་པའི་ལྐོག་གྱུར་གྱི་གྲུབ་མཐའ་ཆེས་ཐོག་མར་འཛུགས་པ་པོ་ནི་འདི་ནས་ཡར་བརྩིས་པའི་མི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་བྱོན་པའི་གནའ་བོ་གྷི་རི་སིའི་གྲངས་ཀ་སྨྲ་བའི་སློབ་དཔོན་ཕེ་དྷ་གྷོ་ཡིན་ཞེས་སྨྲ་བ་ལ་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་སྨྲ་བའི་མཁས་པ་རྣམས་ཁ་མཐུན་པར་སྣང་ཞིང་། དམ་པ་ཁོང་གིས་བར་དོའི་སྐོར་ལ་དམིགས་བསལ་གྱི་དགོངས་ཚུལ་ཅི་ཡང་གསུངས་མེད་པ་འདྲ་ཡང་སྐྱེ་བ་སྔ་ཕྱི་ཡོད་པ་ལ་ནི་སེམས་གཏིང་ནས་ཡིད་ཆེས་པ་ཡིན་འདུག་ལ། ཡིད་ཆེས་པའི་རྒྱུ་མཚན་ནི་གནའ་བོའི་དཔེ་རྙིང་དུ་འཁོད་པ་ལྟར་ན། དམ་པ་ཁོང་གིས་རང་ཉིད་ཀྱི་སྐྱེ་བ་སྔ་མ་བཞི་ཙམ་ཕྱིར་དྲན་བྱེད་ཐུབ་པ་མ་ཟད། ཐེངས་ཤིག་གཞན་པས་ཁྱི་ལ་རྡོ་བ་གཞུས་པ་ཁོང་གིས་དངོས་སུ་མཐོང་སྐབས། དེ་མ་ཐག་མདུན་དུ་རྒྱུགས་ནས་སྐད་གསང་མཐོན་པོས། ཨེ། ལག་པ་མཚམས་ཞོག །དེ་ལ་རྡུང་རྡེག་མ་བྱེད་ཅིག །ཁྱི་རྒན་དེའི་ལུས་ལ་ངའི་གྲོགས་པོ་ཞིག་གི་རྣམ་ཤེས་གནས་ཡོད་པ་དེའི་ངུ་ཟུག་གི་སྒྲ་ལས་ཚོར་ཐུབ་ཀྱི་འདུག། ཅེས་ཀྱང་གསུངས་མྱོང་བར་གྲགས།
གཞན་ཡང་དམ་པ་ཁོང་གིས་དཀར་ཟས་ལ་རོལ་བ་དང་། དབེན་པ་བསྟེན་པ། སྒོམ་རྒྱག་པ། ངག་སྡོམ་པ། འདོད་ཆུང་ཆོག་ཤེས་བསྟེན་པ། གཉེན་སྒྲིག་མི་བྱེད་པར་ཚངས་སྤྱོད་སྲུང་བ། སྐྱེ་བ་སྔ་ཕྱི་དང་ཐར་པ་ཁས་ལེན་པ། མི་ནས་དུད་འགྲོ་དང་དུད་འགྲོ་ནས་མི་རུ་སྐྱེ་བ་ལེན་རྒྱུ་ཡོད་པར་འདོད་པ། མི་ཚེའི་མཐར་ཐུག་གི་དམིགས་ཡུལ་ནི་སེམས་ཀྱི་དྲི་མ་སྦྱངས་ཏེ་འཁོར་བ་ལས་ཐར་བར་བྱ་བ་ཁོ་ན་ཡིན་པ་སོགས་ཆོས་ལུགས་ཀྱི་གོམས་སྲོལ་དང་བལྟ་ཚུལ་དུ་མ་ཞིག་གཏན་འབེབས་མཛད་ཡོད་ཅིང་། དེ་དག་ལས་སྐྱེ་བ་སྔ་ཕྱིའི་རྣམ་བཞག་གི་ཐོག་མའི་མགོ་ཁུངས་ནི་ཤར་ཕྱོགས་རྒྱ་གར་གྱི་རིག་གནས་ཡིན་ཞེས་དེང་གི་ཞིབ་འཇུག་པ་མང་པོས་ཁ་འཆམ་པར་སྨྲ་སྟེ། དེ་ཡང་རྒྱ་གར་གྱི་རིག་གནས་འབོར་ཆེན་ཞིག་པར་ཟིག་དང་ཨེ་ལྗིབ་བརྒྱུད་ནས་ནུས་ཕྱོགས་སུ་དར་བར་འདོད་པའོ། །
དེ་ནས་སྤྱི་ལོ་སྔོན་གྱི་ལོ༤༢༨ཙམ་ལ་མི་ཡུལ་དུ་བྱོན་པའི་ནུབ་ཕྱོགས་མཚན་ཉིད་རིག་པའི་ཕ་ཡུབ། གནའ་བོ་གྷི་རི་སིའི་མི་བོ་ཆེ་གསུམ་གྱི་ཡ་གྱལ་དུ་གྱུར་པ་མིང་ལ་ཕོ་ལཱ་ཐོ་ཞེས་གྲགས་པའི་མཁས་དབང་དེས་ཀྱང་རྣམ་ཤེས་ཀྱི་མཚན་ཉིད་དང་། ཤི་བའི་ངོ་བོ། ཤི་བའི་རྗེས་ཀྱི་བར་དོའི་འཇིག་རྟེན་སོགས་ཀྱི་དཀའ་གནད་དག་ལ་དཔྱད་པ་ཞིབ་མོ་མཛད་འདུག་ལ། ཁྱད་པར་དུ་ཁོང་གིས་བརྩམས་པའི་བསྟན་བཅོས་གྲགས་ཅན་རྒྱ་འགྱུར་གྱི་མིང་ལ་ཕུགས་བསམ་རྒྱལ་ཁབ་理想国ཅེས་འབོད་པ་དེའི་བམ་པོ་བཅུ་པའི་ནང་དུ། ཤི་ནས་སླར་སོས་ཡོང་བའི་དམག་མི་ཞིག་གི་ལོ་རྒྱུས་ངོ་མཚར་བ་ཞིག་བཀོད་ཡོད་པ་དེ་རང་ཅག་གི་བར་དོ་ཐོས་གྲོལ་དུ་བཤད་པའི་རྣམ་བཞག་དང་འདྲ་བོ་འདུག་ལ། དམ་པ་ཁོང་ཉིད་ཀྱིས་ཀྱང་དངོས་བྱུང་གི་ལོ་རྒྱུས་དེ་དང་དེ་འདྲ་བའི་རིགས་ལ་གཞི་བཅོལ་བ་ཡིན་ནམ་སྙམ་པ་ལྟ་བུས་ཤི་བ་དང་བར་དོའི་སྐོར་ལ་དམིགས་བསལ་གྱི་བསམ་ཚུལ་མང་དུ་གསུངས་ཏེ། དཔེར་ན་ཁོང་གིས་མཛད་པའི་དཔེ་ཆ་གྲགས་ཅན་པེ་ཏོ་ལོའི་རབ་བྱེད་斐多篇ཅེས་པའི་ནང་དུ། ངེས་པ་དོན་གྱི་མཚན་ཉིད་མཁན་པོས་མི་ཚེ་ཧྲིལ་བོར་འཆི་བ་ལ་སྦྱོང་བརྡར་བྱེད་པའི་ཕྱིར་འཇིག་རྟེན་དུ་འཆི་བ་ལ་མི་སྐྲག་མཁན་ཞིག་ཡོད་པ་ནི་ཁོ་པ་ཚོ་ཉག་ཅིག་ཡིན་ལ། ཤེས་རབ་ལ་དགའ་བའི་ཁོ་ཚོས་ཤ་ཁྲག་གི་ཕུང་པོ་དགྲ་ལྟར་ལྟ་ཞིང་། རྣམ་ཤེས་ལུས་དང་བྲལ་ནས་རང་དབང་དུ་གནས་པར་རྩེ་གཅིག་ཏུ་རེ་སྨོན་བྱེད་པ་མ་ཟད། དོན་གྱི་ཤེས་རབ་ནི་འཇིག་རྟེན་ཕྱི་མའི་ཡུལ་ནས་ད་གཟོད་རྙེད་ཐུབ་པའི་ཡིད་ཆེས་གཙང་མ་ཡང་བྱེད་པས། བེམ་རིག་སོ་སོར་བྲལ་བའི་དུས་ལ་སླེབས་སྐབས་འཇིགས་ཤིང་ཞེད་པ་དང་སྡུག་བསྔལ་བ་སོགས་ནི་ག་ལ་འགྱུར་ཏེ་མི་འགྱུར་རོ། །གཞན་ཡང་ཁོ་པ་ཚོའི་ཡིད་ལ་བརྣགས་པའི་རེ་སྨོན་ཀློང་གི་ས་ཆ་ནི་སྐྱེ་བ་ཕྱི་མ་དེ་ཡིན་ཞིང་། སྔ་མོ་ནས་ཤི་ཟིན་པའི་གཉེན་ཉེ་དང་བཟའ་ཟླ་བུ་ཕྲུག་སོགས་ཀྱིས་ཀྱང་ཚེ་ཕྱི་མའི་ཡུལ་ཁམས་ནས་སྔོན་ཆད་ཀྱི་མཛའ་བཤེས་དང་མཉམ་འཛོམས་ཡོང་བར་ངང་སྒུག་བྱས་ཡོད་པས། གང་དུ་འགྲོ་འདོད་སའི་འཇིག་རྟེན་དེ་ཉིད་དངོས་སུ་མིག་མདུན་དུ་མངོན་པ་ན་འཇིགས་ཤིང་སྐྲག་སྟེ་དེར་འགྲོ་མི་ཕོད་པ་ནི་ཤིན་ཏུ་བླུན་པ་མ་ཡིན་ནམ། ཞེས་སོགས་གཞན་ཡང་མང་དུ་གསུངས་པ་མདོར་དྲིལ་ན། ཤི་བ་ཞེས་པ་ནི་བེམ་ཤེས་སོ་སོར་ཁ་བྲལ་བ་ཙམ་ལས་ཅི་ཡང་མིན་པས་ཞེད་སྣང་བྱེད་དགོས་དོན་མེད་པ་དང་། གསོན་པའི་དུས་སུ་རྣམ་ཤེས་ལུས་ཀྱི་འཆིང་རྒྱར་ཚུད་ཡོད་པས་རིག་པ་རྣོན་པོ་མེད་ཀྱང་ཤི་བའི་ཚེ་ན་རིག་པ་ཤིན་ཏུ་རྣོ་བས་མཚན་ཉིད་མཁན་པོ་ཚོས་སྐབས་དེར་འཇིག་རྟེན་གྱི་གནས་ལུགས་མཐར་ཐུག་ཇི་བཞིན་རྟོགས་ནུས་པ། གནས་ལུགས་དེ་རྟོགས་ན་དེ་ནས་བཟུང་མི་དང་དུད་འགྲོ་སོགས་འཇིག་རྟེན་འདིའི་སྲོག་ཆགས་གང་གི་ཡང་ལུས་རྟེན་ལེན་མི་དགོས་པར་ཐད་ཀར་ལྷ་ཡུལ་དུ་སྐྱེ་འགྲོ་བ། སྔོན་ཆད་ཤི་ཟིན་པའི་ཕ་མ་མིང་སྲིང་རྣམ་པ་བར་དོའི་འཇིག་རྟེན་དེ་རུ་བསྡད་ཡོད་པས་དེ་ཚོ་དང་ཐུག་འཕྲད་བྱེད་ཐུབ་པ། སྔར་ནས་འདས་ཟིན་པའི་མཚན་ཉིད་རིག་པའི་མཁས་པ་རྣམས་ཀྱང་ས་ཆ་དེ་གར་བཞུགས་ཡོད་སྟབས་དེ་དག་དང་མཉམ་པོར་བགྲོ་གླེང་བྱེད་ཆོག་པ་སོགས་མང་དུ་བཤད་དེ་ཐམས་ཅད་འབྲི་བར་མི་ལང་ངོ་། །
བར་དོ་དང་ཞིབ་འཇུག་པ།
རྣམ་ཤེས་ལུས་དང་བྲལ་ནས་སླར་ལུས་སུ་ཞུགས་ཡོང་བའི་གནས་ཚུལ་ཞིག་ནུབ་ཕྱོགས་ཙམ་མིན་པར་འཛམ་གླིང་གི་ཡུལ་གྲུ་མི་གཅིག་པ་སོ་སོ་ནས་ཐོན་ཡོད་ཀྱང་། དེ་དག་གིས་བཤད་པའི་སྐད་ཆ་ནི་མི་གཅིག་གིས་བཤད་པ་ལྟ་བུའི་གཅིག་འགྱུར་བྱུང་ཡོད་སྟབས། ཧ་ཅང་ཡ་མཚར་ཏེ་སྣང་ཚུལ་ཁེ་མཚར་དེ་ལ་ནུབ་ཕྱོགས་པའི་མཁས་པ་བརྒྱ་ཕྲག་དུ་མས་ལོ་ལ་ལོ་མཐུད་དེ་ཞིབ་འཇུག་བགྲང་གིས་མི་ལོང་པ་ཞིག་བྱས་ཤིང་བྱེད་ཀྱིན་པ་ཡིན་འདུག་གོ །
དེ་ལ་དུས་རབས་བཅུ་དགུ་པ་ནས་མགོ་བཟུང་སྟེ་ད་ལ་ཐུག་གི་བར་དུ་ཤི་བ་དང་བར་དོའི་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་སུ་དང་སུ་འདྲ་བ་བྱུང་ཡོད་པ་དང་། དེ་དང་དེ་དག་གིས་དུས་ཇི་ཙམ་དུ་མི་དུ་ཙམ་ལ་ཞིབ་འཇུག་བྱས་པ་དང་། དེ་ལྟར་བྱས་པ་ལས་གྲུབ་འབྲས་ཅི་དང་ཅི་འདྲ་བ་ལོན་ཡོད་པ་སོགས་རེ་རེ་བཞིན་སྤྲོས་ཏེ་བཤད་ན་མཐའ་ཡས་པ་ཞིག་ཡོད་བཟོ་འདུག་ཀྱང་བཤད་རྒྱུ་མང་དྲགས་ན་ཉོབ་པའི་རྒྱུ་ལས་མེད་པས་ཆམ་གྱིས་བཞག་གོ །
འོན་ཀྱང་དགོས་པའི་དབང་གིས་དཔེ་མཚོན་གཉིས་ཙམ་ཞུས་ན། དུས་རབས་བཅུ་དགུ་པའི་སྨད་ཀྱི་མཁས་པ་ཧེ་མེང་ཟེར་བས་རང་ཉིད་ལ་དངོས་སུ་རྣམ་ཤེས་ལུས་ལས་ཐོན་པའི་གནས་ཚུལ་བྱུང་བས་རྐྱེན་བྱས་ཏེ། སྤྱི་ལོ་༡༨༩༢ལོར་སྣང་ཚུལ་དེ་འདྲ་བྱུང་བའི་མི་སྣ་སུམ་བཅུ་ཙམ་ལ་ཆེད་དུ་ཞིབ་འཇུག་བྱས་པ་ནས་བཟུང་ཉེ་རབས་ཤི་བའི་ཉམས་མྱོང་གི་ཞིབ་འཇུག་མགོ་ཚུགས་པ་ཡིན་འདུག་ལ། དེ་ནས་སྤྱི་ལོ་༡༩༧༩ལོར་རབ་འབྱམས་པ་བླ་མོ་འར་སོགས་ཀྱིས་སྨན་ཁང་བཅུའི་ནང་ནས་སྙིང་འཕར་མཚམས་ཆད་མྱོང་བའི་ནད་པ་༣༤༤ལ་མི་ལོ་བརྒྱད་ཀྱི་ཡུན་དུ་ཞིབ་འཇུག་གཟབ་ནན་བྱས་པས། ཞིབ་འཇུག་བྱ་ཡུལ་གྱི་བརྒྱ་ཆ་བཅོ་བརྒྱད་ཐམ་པ་སྟེ་ནད་པ་དྲུག་ཅུ་རེ་གཉིས་ལ་ཤི་བའི་ཉམས་མྱོང་བྱུང་ཡོད་པ་དངོས་སུ་རྟོགས་ཏེ་རྒྱ་ལྕང་ལོ་མའི་རལ་གྲི་ཟེར་བའི་དུས་དེབ་གྲགས་ཅན་ཞིག་གི་ཐོག་ཏུ་བཀོད་པས་འཇིག་རྟེན་ཐམས་ཅད་འུར་འུར་ཟིང་ཟིང་དུ་བཏང་བར་གྲགས་སོ། །
གང་ལྟར་ཀེ་ལོ་ཕུ་ཟེར་བའི་ཨ་རིའི་ཚོགས་པ་ཞིག་གི་བསྡོམས་བརྩིས་ལྟར་ན། ཨ་མེ་རི་ཁའི་མི་དར་མ་བྱེ་བ་གཅིག་དང་ས་ཡ་ལྔ་༡༥༠༠༠༠༠༠ལ་སྣང་ཚུལ་དེ་འདྲ་བྱུང་ཡོད་པར་བཤད་ཅིང་། གལ་ཏེ་དེའི་ཐོག་ཏུ་བྱིས་པ་ལོ་ཆུང་རྣམས་བསྣན་ན་ནི་དེ་བས་ཀྱང་མང་བར་གྲགས་ལ། དེ་བཞིན་འཇར་མན་གྱི་མི་ས་ཡ་གསུམ་དང་འབུམ་གསུམ་༣༣༠༠༠༠༠དང་། ཧྥ་རན་སིའི་མི་ས་ཡ་གསུམ་༣༠༠༠༠༠༠ལ་སྣང་ཚུལ་དེ་འདྲ་བྱུང་མྱོང་ཡོད་ཅེས་ཨ་མི་རེ་ཁའི་ཝེར་ཅི་ནི་སློབ་གྲྭ་ཆེན་མོའི་སྐྱེ་བ་སྔ་ཕྱིའི་ཞིབ་འཇུག་སྡེ་ཁགDivision of PersonaIity Studiesགིས་བཟོས་པའི་དངོས་ཟིན་གློག་བརྙན་འཁོར་བ་དང་སྐྱེ་འཆི་ཞེས་པའི་ནང་དུ་བཤད་འདུག་གོ །
དེ་ལྟར་དུས་ཀྱི་ཆ་ནས་ལོ་རྒྱུས་ཧ་ཅང་རིང་བ། ཡུལ་གྱི་ཆ་ནས་རྒྱལ་ཁབ་གང་སར་ཁྱབ་པ། ངོ་བོའི་ནས་ཆེས་ཡ་མཚར་བའི་སྣང་ཚུལ་དམིགས་བསལ་བ་དེ་ལ་ད་ལྟ་གསོན་པོར་བཞུགས་ཡོད་པའི་ཨ་རིའི་རབ་འབྱམས་པ་མོས་ཏིས་Moody)ཞེས་པས་ཡུན་དུ་ཞིབ་འཇུག་མཛད་མཐར་མིང་ལ་འཆི་ཁའི་ཉམས་མྱོང་ཞེས་བཏགས་པར་བྱས་ལ། མིང་དེ་ལྡན་གྱི་སྣང་ཚུལ་ཡ་མཚན་དེས་རྣམ་ཤེས་ཀླད་པའི་ཕྱི་རོལ་དུ་སོང་རྗེས་སྔར་བཞིན་བསམ་གཞིག་བྱེད་ནུས་པ་བདེན་དཔང་བྱས་ཡོད་སྟབས་དེའི་ལྡོག་ཆ་ནས་ཀླད་ཕྱིའི་དྲན་པ་ཞེས་ཀྱང་གཞན་དག་ཟེར་རོ། །
ཤེས་དགོས་པ་ཞིག་ལ། ཤི་ནས་བསྐྱར་དུ་གསོན་ཡོང་བའི་མི་ཙམ་མིན་པར་བཙས་མ་ཐག་ནས་རང་བཞིན་གྱིས་སྐྱེ་བ་སྔ་མ་དྲན་མཁན་དང་། ནར་སོན་རྗེས་གཉིད་འབེབས་ཀྱི་འཕྲལ་རྐྱེན་ལ་བརྟེན་ནས་ཚེ་རབས་གོང་མའི་བག་ཆགས་ཟབ་མོ་སད་མཁན་ཚོས་ཀྱང་སྲིད་པ་བར་དོའི་སྐོར་གྱི་ཤེས་བྱ་འབོར་ཆེན་ཞིག་བཤད་ནུས་པ་ཡིན་འདུག་སྟེ། དཔེར་ན་སྐད་གྲགས་ཧ་ཅང་ཆེ་བའི་ཨ་རིའི་རབ་འབྱམས་པ་艾米·魏斯ཡིས་སྤྱི་ལོ༡༩༨༨ལོ་ནས་བཟུང་མི་ལོ་ཉི་ཤུའི་རིང་དུ་གཉིད་འབེབས་ཀྱི་ཐབས་སམ་སྐྱེ་བ་སྔ་མ་དྲན་པའི་བཅོས་ཐབས་ལ་བརྟེན་ནས་ནད་པ་སྟོང་ཕྲག་བཞི་༤༠༠༠ལ་ནད་བཅོས་མཛད་པ་ན། ནད་པ་སུམ་ཆ་གཉིས་ཙམ་གྱིས་སོ་སོའི་སྐྱེ་བ་སྔ་མ་དང་དེའི་ཡང་སྔ་མ་མང་པོ་ཞིག་ཕྱིར་དྲན་བྱེད་ཐུབ་པ་བྱུང་ཡོད་འདུག་ལ། མ་ཟད་དེ་དག་གི་ཁྲོད་ནས་གཉིད་འབེབས་ཟབ་མོ་ཐེབས་པའི་མི་འགའ་རེས་སྐྱེ་བ་སྔ་མའི་ལོ་རྒྱུས་རགས་རིམ་ཞིག་འཆད་ནུས་པ་ཙམ་མིན་པར་རྒྱུ་རྐྱེན་གང་ལ་བརྟེན་ནས་ཚུལ་ཇི་ལྟར་ཤི་བ་དང་། ཤི་བའི་རྗེས་སུ་སྲིད་པ་བར་དོ་ནས་ཇི་ལྟར་འཁྱམས་པ་དང་། དེའི་ཚེ་རང་ཉིད་ཀྱི་ལུས་སེམས་ལ་འགྱུར་བ་ཅི་ཞིག་ཐེབས་པ་དང་། ཕྱི་རོལ་གྱི་འཇིག་རྟེན་ལ་འཕོ་འགྱུར་ག་འདྲ་བྱུང་བ་དང། བར་དོའི་སྣང་བ་ནུབ་སྟེ་སྐྱེ་གནས་སུ་ཉིང་མཚམས་ཇི་ལྟར་སྦྱོར་བ་སོགས་རེ་རེ་བཞིན་དྲན་ནས་སྨྲ་ཐུབ་པ་ཡིན་འདུག་གོ །
དེ་ལ་ངེས་པར་དུ་གོ་དགོས་པ་ཞིག་ནི་ཨ་རིའི་འཆི་ཁའི་ཉམས་མྱོང་ཚོགས་པའི་ཚོགས་གཙོ་ལེ་དབྱིན་ཀེ་ཡིས་༡༩༨༤ལོར་འཆི་ཁའི་ཉམས་མྱོང་རྣམས་གཙོ་བོར་རིམ་པ་ལྔའི་ཁོངས་སུ་ཕྱོགས་བསྡུས་མཛད་ལ། རིམ་པ་ལྔ་ནི་ཞི་ཞིང་བག་ཕེབས་པ་དང་། རྣམ་ཤེས་ལུས་དང་ཁ་བྲལ་བ། ཕུག་ལམ་ནག་པོར་སླེབས་པ། ཤི་ཟིན་པའི་གཉེན་ཉེ་དང་སླར་ཡང་འཕྲད་པ། འཇིག་རྟེན་ཁམས་དང་ངོ་བོ་གཅིག་འདྲེས་སུ་གྱུར་པ་བཅས་སོ། །
ཡང་རབ་འབྱམས་པ་མོས་ཏིས་ཟེར་བས་ཤི་ནས་བསྐྱར་དུ་གསོན་པའི་མི་བརྒྱ་དང་ལྔ་བཅུ་ལ་ཞིབ་འཇུག་གཟབ་ནན་བྱས་མཐར། ༡༩༧༥ལོར་ཤི་བའི་ཉམས་མྱོང་ཞེས་པའི་དཔེ་ཆ་བརྩམས་ཏེ་ཤི་བའི་ཉམས་མྱོང་རྣམས་ལ་གཙོ་བོར་ཐུན་མོང་གི་མཚུངས་ཆོས་བཅོ་ལྔ་ཙམ་ཡོད་པར་བཤད་ལ། དེ་དག་ནི་བར་དོའི་མཐོང་ཐོས་མྱོང་གསུམ་སྒྲ་ཚིག་གི་ལམ་ནས་བརྗོད་མི་ཤེས་པ་དང་། འཆི་བཞིན་པའི་སྐབས་སུ་གཞན་གྱིས་སྨྲས་པའི་གཏམ་ཚོར་བ། རྣམ་ཤེས་ལུས་དང་ཁ་བྲལ་བ། ཕུག་ལམ་ནག་པོའི་སྣང་བ་ཤར་བ། ཤི་ཟིན་པའི་གཉེན་ཉེ་དང་སླར་ཡང་འཕྲད་པ། མི་ཚེ་ཧྲིལ་བོའི་གནས་ཚུལ་ཕྲ་རགས་ཐམས་ཅད་མིག་ལམ་དུ་མངོན་ཡོང་བ་སོགས་དཔེ་ཆ་རང་གི་ནང་དུ་དཔེ་བརྗོད་དང་བཅས་ཏེ་གསལ་བར་བྲིས་ཡོད་དོ། །
བོད་ཀྱི་བར་དོ་ཐོས་གྲོལ།
དེ་ལ་གནའ་ནས་ད་ལྟའི་བར་དུ་བྱུང་བའི་འདས་ལོག་རྣམས་ཀྱིས་བཤད་པའི་ཤི་བའི་ཉམས་མྱོང་མང་ཆེ་བ་ཞིག་བར་དོ་ཐོས་གྲོལ་གྱི་དགོངས་པ་དང་མ་བསྒྲིགས་རང་འགྲིགས་བྱུང་ཡོད་པས་དེ་ནི་ཧ་ཅང་ཡ་མཚར་དགོས་པའི་གནས་སུ་འདུག་ལ། ཡ་མཚན་གྱི་གནས་དེ་དག་ཞིབ་པར་ཤེས་འདོད་ཡོད་ན་དམ་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་སྐྱེ་བ་སྔ་ཕྱིའི་རྣམ་བཞག་སྲིད་པ་གསལ་བའི་མེ་ལོང་དང་། ཁོ་བོས་བསྒྱུར་བའི་ཤི་བའི་ཉམས་མྱོང་། རྫོང་སར་ཚེ་བརྟན་གྱིས་བསྒྱུར་བའི་སྐྱེ་བ་སྔ་ཕྱི་དང་། འཁོར་བ་ཡོད་པའི་ཚན་རིག་གི་སྒྲུབ་བྱེད་ཅེས་པའི་དཔེ་ཆ་རྣམས་ལ་ལན་རེ་མཇལ་ན་འཐུས་པས་འདིར་ཁ་རླངས་མང་དུ་གཏོང་མི་དགོས་ལ། མི་དེ་ཚོར་བྱུང་བའི་དངོས་ཡོད་ཀྱི་ཉམས་མྱོང་དང་བར་དོ་ཐོས་གྲོལ་ཆེན་མོའི་བཤད་སྟངས་གཉིས་ཀྱི་བར་ལ་དཔྱད་དགོས་པའི་དོགས་གཞི་ཁ་ཤས་མཐོང་བས་འདིར་ཆེ་ལོང་ཙམ་ཞིག་བརྗོད་པར་འདོད་དོ། །
ཤི་བའི་ས་མཚམས་འཇོག་ཚུལ།
དེང་སང་ལུས་ཀྱི་ཕྲ་སྲིན་བེད་མེད་དུ་གྱུར་པ་དང་སྤང་གི་མེ་ཏོག་སྐམ་པ་སོགས་ལ་ཤི་བའི་མིང་འདོགས་པར་བྱེད་ཀྱང་དེ་ནི་མིང་ཙམ་དུ་ཟད་པས། ཤི་བ་མཚན་ཉིད་པ་ཡོད་མཁན་ནི་འགྲོ་བ་མི་གཙོས་པའི་སྲོག་ཆགས་ཁོ་ན་ཡིན། སེམས་ཅན་དེ་དག་ལ་ཤི་བ་ཡོད་མེད་ཀྱི་རྩོད་པ་མེད་ཀྱང་ཤི་བའི་ས་མཚམས་གང་ནས་འཇོག་དགོས་པ་དང་། ཤི་བའི་ཚད་ཐིག་ག་རེ་ཡིན་པའི་ཐད་ལ་གནའ་ནས་ད་ལྟའི་བར་བཤད་ཚུལ་མི་འདྲ་བ་མང་དུ་བྱུང་ཡོད་པས་རྙོག་དྲ་ཅི་བས་ཆེ་བའོ། །
དེ་ཡང་གནའ་བོའི་དུས་ཀྱི་མཚན་ཉིད་རིག་པ་བ་ཚོས་རྗེས་དཔག་གི་ལམ་ནས་དང་། དེང་གི་གསོ་བ་རིག་པ་བ་སོགས་ཚན་རིག་པའི་སྡེ་ཁག་སོ་སོས་མཐོང་བ་མངོན་སུམ་དང་འཕྲུལ་ཆ་སོགས་ལ་བརྟེན་ནས་དང་། གནའ་དེང་གི་ཆོས་ལུགས་པ་རྣམས་ཀྱིས་ལྷ་སྒྲུང་དང་ཉམས་མྱོང་ཅི་རིགས་ཀྱི་ལམ་ནས་ཤི་བ་དང་ཤི་བའི་ས་མཚམས་གང་ནས་འཇོག་དགོས་མིན་ཐད་ལ་བསམ་ཚུལ་སྣ་ཚོགས་ཤིག་བཤད་དོ། །
དེ་དག་ལས་ཆེས་རྙོག་འཛིང་ཆེ་བ་ནི་མཚན་ཉིད་མཁན་པོ་རྣམ་པའི་འདོད་ཚུལ་དེ་ཡིན་སྐད་འདུག་པས་དེའི་སྐོར་ནས་གླེང་བར་མི་ཕོད་ལ། ཕྱིས་ཀྱི་ཚན་རིག་པ་ཚོས་ཇི་ལྟར་བཞེད་པ་ནི་ཨ་མི་རེ་ཁའི་བཅའ་ཁྲིམས་ཚིག་མཛོད་ནང་དུ་ཤི་བའི་མཚན་ཉིད་འཇོག་སྐབས། “ཚེ་སྲོག་གི་མཇུག་རྫོགས་ཏེ་མི་ཟེར་བ་མེད་པར་འགྱུར་བ་སྟེ། ཁྲག་གི་འཁོར་རྒྱུག་ཆ་ཚང་མཚམས་བཞག་ཅིང་། དེའི་རྐྱེན་པས་དབུགས་དང་རྩ་སོགས་སྐྱེ་དངོས་ཚེ་སྲོག་གི་འགུལ་སྐྱོད་མཚམས་ཆད་པའི་དུས་སོ། །”ཞེས་བྲིས་ཡོད་པ་ལྟར་སྙིང་གི་ནུས་པ་ཉམས་ཏེ་ཁྲག་རྒྱུན་ལུས་ཀྱི་རྩ་ལམ་སོ་སོར་ཕར་འགྲེམ་པ་དང་ཚུར་སྡུད་པ་སོགས་བྱེད་མི་ནུས་པར་གྱུར་པ་ལ་སྙིང་ཤི་བ་དང་། གློ་བའི་བྱེད་པ་ཉམས་ཏེ་དབུགས་ཕྱི་ནང་དུ་གཏོང་ལེན་མི་ཐུབ་པར་གྱུར་པ་ལ་གློ་བ་ཤི་བ་ཞེས་པའི་ཤི་སྟངས་མི་འདྲ་བ་གཉིས་ཡོད་ཀྱང་དེ་ཙམ་ཁྱབ་རྒྱ་མི་ཆེ་ལ། དེའི་ཁར་སྤྱི་ལོ་༡༩༦༨ལོར་ཨ་རེའི་ཧཱ་ཝར་སློབ་ཆེན་གྱི་གསོ་རིག་སྡེ་ཁག་གིས་ཀླད་པ་ཤི་བ་(brain death )ཞེས་པའི་ཤི་བའི་ཚད་ཐིག་གསར་པ་ཞིག་ཁ་སྣོན་རྒྱབ་པ་དེ་ད་སྐབས་ཤིན་ཏུ་ནས་དར་ཁྱབ་ཆེ་བར་བཤད་དོ། །
གང་ལྟར་ཁྲིམས་ལུགས་ཙམ་མིན་པར་ནུབ་ལུགས་གསོ་བ་རིག་པ་དང་། སྐྱེ་དངོས་རིག་པ། དབང་རྩ་རིག་པ་སོགས་ཀྱིས་ཀླད་ཆེན་ལས་ལོགས་སུ་གྱུར་པའི་རྣམ་ཤེས་རང་རྐྱ་ཐུབ་པ་ཞིག་ཡོད་པར་མི་འདོད་པས་ན། ཤི་བའི་མཚན་ཉིད་དང་ས་མཚམས་བཅས་པ་ལུས་པོ་ཁོ་ནའི་ཐོག་ནས་འཇོག་པར་བྱེད་དེ། དཔེར་ན་སྙིང་གི་འཕར་ལྡིང་དང་། ཀླད་པའི་འགུལ་སྐྱོད། ཁྲག་རྒྱུན་འཁོར་རྒྱུགས་སོགས་མཚམས་བཞག་སྟེ་ལུས་ཀྱི་དྲོད་ཉམས་པ་དང་མིག་གི་རྒྱ་མོ་འཐོར་བ་ན་ད་གཟོད་ཤི་བ་དང་སྲོག་ཆད་པའི་ཐ་སྙད་འདོགས་པ་ཡིན་སྐད་དོ། །
འདོད་ཚུལ་དེ་དག་གི་དབང་དུ་བྱས་ཚེ་འཆི་ཁའི་ཉམས་མྱོང་བྱུང་བའི་མི་འགའ་རེ་ལ་ཤི་རྟགས་ཆ་ཚང་བྱུང་ཡོད་ན་ཡང་། ཤི་ཡག་མ་རེད་པར་བསྐྱར་དུ་གསོན་ཡོད་སྟབས་དེ་དག་དངོས་སུ་ཤི་ཡོད་ཅེས་ལབ་ན་གཅིག་ནས་ལབ་སྟབས་བདེ་མོ་མེད་ཅིང་། གཉིས་ནས་མིའི་རྣ་ལམ་དུ་ཧ་ཅང་འགྲོ་བར་དཀའ་བ་དང་། གསུམ་དུ་མི་འགའ་རེ་ལ་ཤི་རྟགས་ཕྱོགས་རེ་ཙམ་ལས་ཆ་ཚང་བྱུང་མེད་པས་ན། སྤྱི་ཁྱབ་ནས་མི་དེ་དག་དངོས་སུ་ཤི་མེད་པར་ཤི་བ་ལ་ཉེ་བར་བཅར་བ་ཙམ་ཡིན་ཞེས་སྨྲ་མཁན་མང་ཞིང་མིང་ལ་ཡང་འཆི་ཁའི་ཉམས་མྱོང་ཞེས་འདོགས་པར་བྱེད་དོ། །
ཡེ་ཤུའི་ལྷ་ཆེམས་སུ་ཤི་བའི་ངོ་བོ་ངོས་འཛིན་ཚུལ་མི་འདྲ་བ་གསུམ་ཙམ་བཤད་ཡོད་པའི་ནང་གི་གཅིག་ནི་དེབ་མིང་ལ་(雅各)ཞེས་པའི་ཞལ་ཆེམས་སུ། ལུས་པོའི་ནང་དུ་རྣམ་ཤེས་མེད་པ་ནི་འཆི་བའོ། །ཞེས་གསུངས་ཡོད་པ་ལྟར་ཡིན་ལ། ཡེ་ཤུའི་ཆོས་ལུགས་ཙམ་མིན་པར་རྣམ་ཤེས་དང་སྐྱེ་བ་ཕྱི་མ་ཁས་ལེན་པའི་ཆོས་ལུགས་ཐམས་ཅད་ཀྱིས་ཤི་བ་དང་ཤི་བའི་ས་མཚམས་དེ་བེམ་རིག་སོ་སོར་བྲལ་བའི་བར་མཚམས་དེ་ག་ལ་འཇོག་དགོས་པར་སྣང་ངོ་། །
འུ་ཅག་ནང་པ་བས་ཇི་ལྟར་འདོད་སྙམ་ན། ཤི་བ་དང་བར་དོ་གཉིས་སྲང་མདའི་མཐོ་དམན་བཞིན་སྐད་ཅིག་གཞན་གྱིས་བར་མ་ཆོད་པར་འབྱུང་བ་དང་། ཤི་བ་ཞེས་པ་ཡང་རགས་པའི་ལུས་སེམས་ཀྱི་ཚོགས་པ་སོ་སོར་བྲལ་བ་ཙམ་ལ་ཟེར་བ་དང་། བར་དོ་དང་བར་སྲིད་ཅེས་པ་ཡང་ཤི་ནས་སྐྱེ་བ་རྗེས་མ་མ་བླངས་པའི་བར་གྱི་ལུས་སེམས་ཕྲ་མོ་ལ་ངོས་འཛིན་དགོས་ཚུལ་སོགས་ཀུན་མཁྱེན་མི་བསྐྱོད་པས་རླུང་སེམས་དབྱེར་མེད་ཀྱི་ཁྲིད་དུ་ཇི་སྐད་གསུངས་ཡོད་པ་ལྟར་དུ་ཁས་ལེན་པ་ཡིན་ནོ། །
དེ་ལྟ་ན་ཡང་བེམ་རིག་སོ་སོར་གྱེས་པ་ཙམ་གྱིས་ཤི་བ་མཚན་ཉིད་པ་བྱུང་བའི་ཁྱབ་པ་ནི་མེད་དེ། རྩ་རླུང་ལ་དབང་འབྱོར་བའི་རྣལ་འབྱོར་པ་འགའ་རེས་འཕོ་བ་གྲོང་འཇུག་གི་གདམས་པ་བེད་སྤྱད་ནས་རང་དབང་གི་སྒོ་ནས་རྣམ་ཤེས་ལུས་ལས་འཕོས་ཏེ་སླར་ལུས་སུ་ཞུགས་པ་ཡོད་ཀྱང་དེ་ལ་འཆི་བའི་མིང་མི་ཐོབ་པའི་ཕྱིར་རོ། །འོན་ཀྱང་ང་ཚོ་བོད་པ་ཚང་ལ་ལུས་པོ་ཤུལ་དུ་བཞག་ནས་རྣམ་ཤེས་གཅིག་པུ་བར་དོའི་ཁམས་སུ་ཡུལ་སྐོར་ལ་ཕེབས་འགྲོ་བའི་གང་ཟག་ཁྱད་པར་བ་འགའ་རེ་ཡོད་པ་ལ་འདས་ལོག་ཅེས་འབོད་ཚུལ་ལ་བརྟགས་ན། བོད་པ་ཚོས་མི་དེ་ཚོ་ཤི་ནས་བར་དོའི་ཁམས་ལ་ཐོན་རྗེས་སླར་མི་ཡུལ་དུ་ཚུར་ལོག་ཡོང་བར་འདོད་ཀྱིན་ཡོད་པར་མངོན་ཏེ། འདས་ཞེས་པ་དེ་ཤི་བའི་མིང་གི་ཞེ་སའི་ཚིག་ཙམ་དུ་ཟད་པའི་ཕྱིར་རོ། །
གང་ལྟར་འཆི་ཁའི་ཉམས་མྱོང་བྱུང་བའི་ཕལ་མོའི་ཆེའི་རྣམ་ཤེས་ལུས་དང་བྲལ་ནས་ཕྱི་རུ་ཐོན་ཡོད་པའི་ཁར། བར་དོ་དང་པོ་ཙམ་དུ་མ་ཟད་སྲིད་པ་བར་དོའི་སྣང་བ་ཡང་མང་དུ་ཤར་ཡོད་པ་ལ་སྙོན་དུ་མེད་པའི་ཕྱིར། རང་ཅག་ནང་པ་བའི་ལུགས་ལྟར་ན་མི་དེ་ཚོ་ཤི་ཡོད་མེད་ལ་ཐེ་ཚོམ་ཅི་ཡང་བྱེད་མི་དགོས་པར་འདུག་པས། ཡ་མཚར་བའི་སྣང་ཚུལ་དེ་ལ་འཆི་ཁའི་ཉམས་མྱོང་ལས་ཀྱང་ཤི་བའི་ཉམས་མྱོང་ཞེས་བཏགས་ན་དོན་ལ་འབྱོར་ཆེ་བར་སེམས་སོ། །
ཤི་བའི་ཚོར་བ་བདེ་སྡུག །
འཆི་ཁ་མའི་དུས་སུ་ཟུག་གཟེར་ཅི་རིགས་སྐྱེ་ཡང་ཤི་མ་ཐག་ལུས་ཀྱི་ན་ཟུག་དང་སེམས་ཀྱི་སྐྱོ་གདུང་ཐམས་ཅད་རེ་རེ་བཞིན་འཇའ་ཡལ་བ་ལྟར་མེད་པར་གྱུར་ནས་ལུས་སེམས་གཉིས་ཀ་བདེ་སྐྱིད་དང་། བག་ཕེབས། དྲོད་ཁོལ། བརྩེ་བ་སོགས་ཀྱི་ཀློང་དུ་འབྱམས་འགྲོ་བས་མུ་མཐུད་ནས་བར་དོའི་ཁམས་སུ་གཏན་སྡོད་བྱེད་དྲན་པ་མ་གཏོགས། སྐྱ་ཟད་སྔོ་སྡུག་གི་མི་ཡུལ་འདི་རུ་ཕྱིར་ལོག་བྱེད་འདོད་སྤུ་ཙམ་ཡང་མ་མཆིས་སོ་ཞེས་ཤི་བའི་ཉམས་མྱོང་བྱུང་བའི་གང་ཟག་ཕལ་མོ་ཆེས་ཐུན་མོང་དུ་སྨྲ་བས་དོན་ལ་ཡང་དེ་ལྟར་ཡིན་ངེས་མོད། ཐོས་གྲོལ་ཆེན་མོའི་ནང་དུ་ནི་སྐད་ཆ་དེ་འདྲ་ཚིག་ཟུར་ཙམ་ཡང་གསུངས་ཡོད་པ་མ་མཐོང་བས་བླ་མ་གུ་རུ་རིན་པོ་ཆེའམ་གྲུབ་ཐོབ་ཀརྨ་གླིང་པ་གང་རུང་ལ་དེའི་ཐད་ནས་བཀའ་འདྲི་ཞུ་དགོས་པར་སེམས་སོ། །
འོན་ཀྱང་རྣམ་ཤེས་ལུས་ལས་བྲལ་མ་ཐག་འཇིགས་སུ་རུང་བའི་སྲོག་ཆགས་མང་པོས་མཐའ་ནས་བསྐོར་ཏེ་འཚེ་བ་བྱེད་པ་སོགས་ཀྱི་སྣང་བ་ཤར་སོང་ཞེས་ཁོང་ཁྲོ་དང་གདུག་རྩུབ་འབའ་ཞིག་མ་གཏོགས་སྙིང་རྗེ་དང་བྱམས་སྐྱོང་སྐྲ་རྩེ་ཙམ་ཡང་མེད་པའི་ཉེས་རྟོག་པ་ཞིག་གིས་བཤད་འདུག་པ་མཐོང་བས་སྣང་ཚུལ་དེ་ནི་ནང་ཆོས་ཀྱི་དགོངས་པ་དང་ཤིན་ཏུ་ནས་འགྲིག་པར་སྣང་ངོ་། །
བར་དོའི་ལུས་རྟེན་གྲུབ་སྟངས།
ཡང་ཐོས་གྲོལ་ཆེན་མོ་ལས་བར་དོའི་ལུས་ནི་རྫུས་སྐྱེས་སུ་འབྱུང་ཞེས་གསུངས་པ་ནི་གསར་དར་གཏེར་ཆོས་ཀྱི་དགོངས་པ་ཙམ་མིན་པར་ནང་བསྟན་སྤྱི་ཁྱབ་ཀྱི་བཤད་སྟངས་རྙིང་པ་ཞིག་ཡིན་མོད་དེ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། བར་དོའི་སེམས་ཅན་དེ་མ་ཡི་མངལ་ཁུང་ནས་མི་བཙའ་ཞིང་། སྒོ་ངའི་སྦུབས་ལས་ཀྱང་མི་གྲོལ་ལ། དྲོད་གཤེར་ལས་ཀྱང་མི་སྐྱེ་བར་ཐོལ་བྱུང་གི་སྒོ་ནས་མངོན་དུ་འགྱུར་གྱིན་ཡོད་སྟབས་དེ་ཙམ་གྱི་ཆ་ནས་རྫུས་སྐྱེས་སུ་བཤད་ཀྱང་མི་འཐད་པ་ཆེར་མེད་མོད། ཡིན་ངོ་མ་ནི་ཡིད་ལྟར་དྭངས་བའི་ལུས་པོ་ཕྲ་མོ་ཞིག་རང་ཅག་མི་གསོན་པོ་དག་གི་རགས་པའི་ལུས་ཕུང་གི་ཁོང་གསེང་དུ་གབ་པ་དང་སྦས་པའི་ཚུལ་གྱིས་སྔར་ནས་ཡོད་པ་ཞིག་གློ་བུར་དུ་རྒྱུ་རྐྱེན་ག་གེ་མོའི་སྟོབས་ཀྱིས་རགས་ལུས་ཀྱི་འཆིང་རྒྱ་ལས་ཐར་ཏེ་སྒོར་ཐོན་པ་ཙམ་ལས་ཅི་ཡང་མིན་པར་གདའ་འོ། །
ཕུག་ལམ་ནག་པོའི་འཁྲུལ་སྣང་།
ང་རང་གློ་བུར་དུ་ཤི་བར་གྱུར། སྐབས་དེར་ཆེས་ཐོག་མར་བྱུང་བའི་ཉམས་མྱོང་དེ་ཡོང་བ་ཧ་ཅང་མགྱོགས། དེ་ཡང་འོད་སྣང་མེད་པའི་མུན་ནག་གི་བར་སྣང་སྟོང་པ་ཞིག་ནས་ཆེས་མྱུར་བའི་ཚུལ་གྱིས་ཕར་བགྲོད་ཚུར་བགྲོད་བྱེད། མུན་ནག་གི་བར་སྟོང་དེ་ནི་གཅིག་བྱས་ན་ཕུག་ལམ་ནག་པོ་ཞིག་ཡིན་པར་སེམས་སོ། །ཞེས་ཤི་ནས་སླར་སོས་ཡོང་བའི་མི་ཞིག་གིས་བཤད་འདུག་པ་ལྟར་ཤི་བའི་ཉམས་མྱོང་བྱུང་བའི་གང་ཟག་གི་ཕལ་མོ་ཆེས་རང་ཉིད་གློ་བུར་དུ་སྨག་རུམ་འཐིབ་པའི་མུན་ཁུང་ཞིག་གི་ཀློང་དུ་འཐེན་པའི་སྣང་བ་ཤར་སོང་ཐུན་མོང་དུ་སྨྲ་བར་བྱེད་ལ། ཅུང་ཟད་ཐུན་མོང་མིན་པ་ནི་མུན་ཁུང་དེ་ཉིད་འགའ་རེས་བྲག་ཕུག་དང་། འགའ་རེས་གྲོག་རོང་། འགའ་རེས་ལྕགས་མདོང་སོགས་དང་འདྲ་བོ་འདུག་ཅེས་བཤད་ལ། དེང་སང་སྣང་ཚུལ་དེའི་མིང་ལ་སྤྱི་ཁྱབ་ནས་ཕུག་ལམ་ནག་པོ་ཞེས་བཏགས་ནས་ཤི་བའི་ཉམས་མྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་འཛིན་གྱིན་འདུག་གོ །
འོན་ཀྱང་ཐོས་གྲོལ་ཆེན་མོའི་ནང་དུ་ཤི་བའི་ཚེ་སྣང་བ་དེ་འདྲ་འབྱུང་ཚུལ་ཡེ་ནས་གསུངས་མེད་པས་དེའི་ཆ་ནས་ཐོས་གྲོལ་ཆེན་མོ་རྗེས་ལུས་ཐེབས་ཡོད་པར་འདུག་ལ། བོད་ཀྱི་བླ་མ་ཞིག་གི་རྣམ་ཐར་དུ་མི་རྣམས་ཤི་བའི་ཚེ་ཕུག་ལམ་ནག་པོའི་སྣང་བ་ཤར་ཡོང་ཚུལ་དངོས་སུ་གསུངས་ཡོད་སྐད་འདུག་མོད་ཁོ་བོས་ནི་རེ་ཞིག་བླ་རྒན་དེ་རྩད་མ་ཆོད་དོ། །
རྣམ་པ་གཅིག་ཏུ་ན་གསང་སྔགས་ཀྱི་གཞུང་དུ་ཤི་བའི་ཐིམ་རིམ་འཆད་སྐབས། ལུས་པོའི་འབྱུང་བ་བཞི་ཆར་གྱི་བྱེད་ལས་ཉམས་ཤིང་སྒོ་ལྔའི་དབང་ཤེས་ཡོད་ཚད་འགགས་ཟིན་པའི་མཇུག་ཏུ། ཡིད་ཀྱི་ཤེས་པ་ཆ་ཚང་ཀུན་གཞིའི་ཀློང་དུ་ཐིམ་པ་དང་དུས་མཉམ་དུ་ནམ་མཁའ་གཡའ་དག་པ་ལ་ཐུན་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་ནག་ལམ་པ་འབྱུང་ཞེས་གསུངས་ཡོད་པའི་སྣང་བ་ནག་ལམ་པ་དེ་དང་། ཤི་བའི་ཉམས་མྱོང་ཅན་ལ་སྣང་བའི་ཕུག་ལམ་ནག་པོ་གཉིས་དངོས་པོ་གཅིག་ཁོ་ན་ཡིན་པར་མངོན་ནོ་ཞེས་ཁོ་བོ་གཅིག་པུ་སྨྲའོ། །
ལར་ཤི་བའི་ཉམས་མྱོང་ཅན་གྱིས་བཤད་པའི་སྐད་ཆ་ལ་ཞིབ་ཏུ་མཉན་ན། མུན་ཁུང་གི་སྣང་བ་དེ་ནི་རྣམ་ཤེས་ལུས་དང་བྲལ་བའི་མགོ་བརྩམས་ལ་ལུས་ཀྱི་ཕྱི་རོལ་དུ་དངོས་སུ་མ་ཐོན་པའི་བར་དེར་འབྱུང་གི་ཡོད་ཚོད་འདུག་པས། དེ་ལྟར་ན་བར་སྐབས་དེར་ཚེ་འདིའི་དབང་པོ་རགས་པ་ལ་བརྟེན་པའི་མིག་ཤེས་འགགས་ཟིན་ཅིང་། བར་དོའི་ཡིད་ལུས་ལ་ཚང་བའི་ལྷ་མིག་གི་མངོན་ཤེས་ནི་ད་དུང་སྐྱེ་ཐུབ་མེད་པས། མིག་ཤེས་མེད་པའི་ཀུན་གཞིའི་རྣམ་ཤེས་ལོང་ང་དེ་ཉིད་ལུས་ཀྱི་བུ་ག་དགུ་པོའམ་དེ་ལས་གཞན་པའི་རྩ་སྦུགས་གང་རུང་ཞིག་བརྒྱུད་ནས་ལུས་པོའི་ཕྱི་རོལ་དུ་འགྲོ་བཞིན་པའི་སྐབས་སུ། ཡིད་ཀྱི་ངོ་ཁ་ན་ནག་སྟོང་སྟོང་གི་སྣང་བ་དེ་འདྲ་ཤར་ཡོང་བ་འདྲའོ་ཞེས་ཁོ་བོ་གཅིག་པུ་སེམས་སོ། །
ཕྱིར་ཡོང་མེད་པའི་མཐའ་མཚམས།
བར་དོའི་ཁམས་སུ་ས་མཚམས་ག་གེ་མོ་ཞིག་འདུག་པ་ལ་གལ་ཏེ་ས་མཚམས་དེ་ཕར་བརྒལ་བཞག་ན་དེ་ནས་བཟུང་མི་ཡུལ་དུ་ཕྱིར་ལོག་བྱེད་མི་ཐུབ་པ་འདྲ་ཞེས་ཤི་བའི་ཉམས་མྱོང་བྱུང་བའི་མི་ཕལ་མོ་ཆེས་གཅིག་མཚུངས་སུ་བཤད། བཤད་སྟངས་མི་གཅིག་པ་ནི་འགའ་རེས་ས་མཚམས་དེ་རྒྱ་མཚོ་ཆེན་མོ་ཞིག་ཡིན་པ་དང་། འགའ་རེས་སྨུག་ཞག །འགའ་རེས་ཐང་སྟོང་། འགའ་རེས་རིབ་མ། འགའ་རེས་མཚམས་ཐིག་སོགས་ཡིན་པ་སོགས་བཤད་ཚུལ་སྣ་ཚོགས་བྱུང་ངོ་། །
གང་ལྟར་བར་སྲིད་པ་སུ་ཞིག་བར་དོའི་ས་མཚསས་དེ་ཉིད་བརྒལ་བཞག་ན་དེ་ནས་བཟུང་མི་ཡུལ་དུ་ཕྱིར་ལོག་རྒྱག་མི་ཐུབ་པར་གཏན་དུ་ཤི་འགྲོ་བ་ཡིན་པས་ན། དེང་སང་བར་དོའི་ས་ཚིགས་དེ་ལ་ཤི་གསོན་གྱི་མཐའ་མཚམས་ཞེས་བཏགས་ནས་ཤི་བའི་ཉམས་མྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་འཛིན་པར་བྱེད་ལ། ཐོས་གྲོལ་ཆེན་མོ་གཙོས་པའི་ངན་བསྟན་གྱི་ཆོས་གཞུང་ཁག་ཏུ་ནི་བར་དོའི་ཁམས་སུ་ས་མཚམས་དེ་འདྲ་ཡོད་རབས་ཚིག་ཟུར་ཙམ་ཡང་གསུངས་ཡོད་ཚོད་མི་འདུག་མོད། བོད་ཀྱི་བླ་མ་ཞིག་གིས་ནི་ས་ཚིགས་དེ་ཉིད་དངོས་སུ་གཟིགས་ཡོད་པར་གདའ་འོ། །
དེ་ཡང་རྗེ་ཕག་མོ་གྲུབ་པའི་རྣམ་ཐར་དུ། “རིན་པོ་ཆེ་སྒམ་པོ་ལ་བཞུགས་པའི་དུས་སུ་ཞབས་ལ་ཚེར་མ་ཟུག་པས། སྐུ་དབུགས་སོང་བ་འདྲ་བ་ཞིག་བྱུང་བ་ལ་ཉེ་གནས་བཤན་གྲོང་པས་བོས་པས་སྤྱན་ཧར་གྱིས་མཛད་ནས། དེའི་དུས་སུ་རྗེ་རིན་པོ་ཆེས་བར་དོའི་གདམས་ངག་འདི་ལྟར་ཉམས་སུ་མྱོང་བྱ་བ་གསུངས། ཁོ་བོ་ལུང་པ་ཞིག་ན་ཡར་ཡོང་བ་ན་ལ་ཀ་ན་ཕྱིན་ཙམ་ན། ཁྱོད་ཀྱིས་བོས་པས་ཚུར་འོང་བ་སྙམ་པ་ཞིག་བྱུང་། ཁྱེད་ཀྱིས་གོ་སྤྱད། ཁྱེད་ཀྱིས་མ་བོས་ན་ལ་དེ་བརྒལ་ནས་འདའ་བ་ཡིན། བུ་སློབ་རྣམས་ལ་བཤན་གྲོང་པ་དྲིན་ཆེ་གསུངས། ”ཞེས་འབྱུང་བ་ལ་བལྟས་ན་རྗེ་ཕག་མོ་གྲུབ་པ་སྐུ་དབུགས་ཆད་ནས་བར་དོའི་ཁམས་སུ་ལན་གཅིག་བྱོན་ཡོད་པ་མ་ཟད། བྱོན་ནས་ཀྱང་ལ་ཀའམ་ལ་ཁ་ཞིག་མཇལ་འདུག་པའི་རི་སྒང་དེ་ནི་ཤི་གསོན་གཉིས་ཀྱི་མཐའ་མཚམས་ཡིན་པ་ཐེ་ཚོམ་མེད་དོ། །
ཞི་ཁྲོའི་ལྷ་ཚོགས་ཡོད་མེད།
ཐེག་དམན་ཉན་རང་གིས་ཚད་མར་འཛིན་པའི་བཀའ་འཁོར་ལོ་དང་པོའི་མདོ་རྣམས་ལྟ་ཅི་སྟེ། ཐ་ན་ཐེག་ཆེན་གྱིས་ཁས་ལེན་པའི་འཁོར་ལོ་བར་མཐའ་དང། གསང་སྔགས་གསར་མའི་རྒྱུད་སྡེ་གང་གི་ནང་དུ་ཡང་མ་གསུངས་བའི་སྐད་ཆ་ཁེ་མཚར་ཞིག་བར་དོ་ཐོས་གྲོས་ནང་དུ་བཤད་ཡོད་པ་ནི། བར་དོའི་སེམས་ཅན་རྣམས་ཀྱི་མིག་ལམ་དུ་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་མང་ཐག་ཆོད་པ་ཞིག་སྣང་ཡོང་ཚུལ་ལབ་འདུག་པ་དེ་ཉིད་ཡིན་ནོ། །
འོན་ཀྱང་བར་དོའི་ཁམས་ལ་ཆ་རྒྱུས་ཨང་གསར་ཡོད་པའི་མི་སྣ་རྣམས་ཏེ་ཤི་ནས་སླར་སོས་ཡོང་བའི་གང་ཟག་འབུམ་ཕྲག་དུ་མ་དང་། རང་བཞིན་གྱིས་སྐྱེ་བ་སྔ་མ་དྲན་པའི་སྐྱེ་བོ་ཁྲི་ཕྲག་མང་པོ་དང་། འཕྲལ་དུ་གཉིད་འབེབས་ཀྱི་ཐབས་ལ་བརྟེན་ནས་སྐྱེ་བ་སྔོན་མའི་བག་ཆགས་ཟབ་མོ་སད་པའི་མི་སྣ་སྟོང་ཕྲག་མང་པོའི་ཉམས་མྱོང་ལྟར་ན། བར་དོའི་ཁམས་ནས་ལྷ་སྒྲུང་ནང་གི་མི་སྣ་འགའ་རེ་མཐོང་ཡོད་པ་ཙམ་ལས་ཐོས་གྲོལ་ནང་དུ་བཤད་པའི་ལྷ་ཁེ་མཚར་དེ་ཚོ་ནི་གཅིག་ཀྱང་མཇལ་ཡོད་སྐད་མི་འདུག་གོ །
གལ་ཏེ་ཚེ་འདིར་བསྐྱེད་རིམ་ཡུན་དུ་བསྒོམས་པའི་གང་ཟག་ཁྱད་པར་ཅན་ལ་མ་གཏོགས་ཉམས་ལེན་མེད་པའི་རང་དགར་གྱི་མི་དཀྱུས་མ་ཚོ་ལ་ཞི་ཁྲོའི་ལྷ་ཚོགས་དེ་དག་ཤར་ཡོང་བ་མིན་ནོ་ཞེ་ན། དེ་ལྟར་ན་ས་གཞི་ཀེང་རུས་སུ་བསྒོམས་པའི་མི་ལ་ས་རྡོ་ཐམས་ཅད་ཀེང་རུས་སུ་སྣང་ཡོང་བ་དང་འདྲ་ཚོད་འདུག་པས་འཁྲུལ་སྣང་ནང་གི་འཁྲུལ་སྣང་ཞིག་ཡིན་པ་གདོན་མི་ཟའོ། །
དེས་ན་ཚོད་དཔག་འདི་ལྟར་བྱེད་ཆོག་སྟེ། དཔེར་ན་རྨི་ལམ་ནང་དུ་གང་ཟག་སུ་ཡང་ཡོད་མི་སྲིད་ཀྱང་ཉིན་པར་གྱི་དུས་སུ་རང་གི་སྙིང་དུ་སྡུག་པའི་མི་ག་གེ་མོ་ཧ་ཅང་དྲན་དྲགས་སོང་ན། མཚན་མོ་རྨི་ལམ་ནང་ནས་རྨི་ཡོང་བ་ནི་ཁོ་བོའི་མྱོང་བས་གྲུབ་པ་ཡིན་ལ། དེ་བཞིན་འཇིག་རྟེན་འདིར་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་ཟེར་བ་ཞིག་ཁྱོན་ནས་མེད་ན་ཡང་། ཚེ་འདིར་རྟོག་བཏགས་ཀྱི་ལྷ་ཚོགས་འདྲ་མིན་ཡུན་དུ་བསྒོམས་སྟོབས་ཀྱིས་ཤི་བའི་རྗེས་སུ་ལྷ་དེ་དག་གི་སྣང་བ་ཤར་ཡོང་བ་ཡང་སྲིད་དོ་ཞེས་པ་འདི་ཙམ་མོ། །
དེང་སང་རྒྱལ་ཁབ་ཨ་མི་རི་ཀ་ན་ཆེད་དུ་ཀླད་པ་ལ་ཞིབ་འཇུག་བྱེད་པའི་སྡེ་ཁག་དམིགས་བསལ་བ་ཞིག་ཡོད་འདུག་ཅིང་། དེ་ཚང་གིས་རང་འདུན་པ་རྣམས་ས་འོག་གི་མུན་ཁུང་ཞིག་ཏུ་ཁྲིད་སོང་ནས་དེ་ཚོའི་མིག་ལ་རས་མཐུག་པོ་ཞིག་བཀབ་ནས། ཀླད་པའི་གནས་ཁ་ཤས་ལ་གློག་གིས་བསྣུན་པ་ན་མི་དེ་ཚོར་སྟོང་གཟུགས་ཀྱི་ལྷ་འདྲེ་སྣ་ཚོགས་ཕྲ་ཤིག་ཤིག་ཏུ་ཤར་ཡོང་གི་ཡོད་སྟབས། མིང་ལ་ཡང་ལྷ་སྣང་བའི་རྩ་དང་འདྲེ་སྣང་བའི་རྩ་ཞེས་བཏགས་ཡོད་པར་གྲགས་ལ། དེ་ལྟར་ཚོད་ལྟ་བྱེད་སྐབས་མི་འགའ་རེ་ལ་ནི་ཡེ་ཤུ་ཚང་གི་སྟོན་པ་མ་ཤི་ཀ་ཡང་མངོན་སུམ་དུ་སྣང་ཡོང་གི་ཡོད་འདུག་པས། དེས་ནི་ཞི་ཁྲོའི་ལྷ་ཚོགས་ལ་འགྲན་སློང་ཆེན་པོ་ཞིག་བྱས་ཡོད་པར་མངོན་ནོ། །
གང་ལྟར་དེང་གི་དུས་སུ་ཚོད་ལྟའི་ལམ་ནས་ཀླད་པའི་ནང་གི་ལྷ་རྩ་དང་འདྲེ་རྩ་སོ་སོར་རྙེད་དེ་ཀུན་རྟོག་ལ་ཤར་བའི་ལྷ་འདྲེ་ཐམས་ཅད་ཐག་གཅོད་བྱེད་ཟིན་པས། ད་ནི་མི་ཡུལ་འདི་ན་མི་ལས་དབང་ཆེ་བ་སུ་ཡང་མེད་ཅིང་། ཕྱི་མ་བར་དོའི་ཁམས་ཀྱང་དེ་ལས་མ་འདས་སོ་ཞེས་སྨྲ་མྱོང་བ་ཡིན་ནོ། །
ཐོགས་རེག་ཀུན་དང་བྲལ་མིན།
བར་དོའི་ཡིད་ལུས་དེ་མའི་མངལ་དང་རྡོ་རྗེ་གདན་མ་གཏོགས་པའི་རིའི་རྒྱལ་པོ་རི་རབ་ལ་ཡང་ཕར་ཐལ་ཚུར་ཐལ་དུ་འགྲོ་ཞེས་བར་དོ་ངོ་སྤྲོད་དུ་གསུངས་མོད། རི་བྲག་གཞན་ལ་ཐོགས་མ་སོང་ན་ལྷག་མོས་རྡོ་རྗེ་གདན་ལ་ཐོགས་འགྲོ་དོན་ཅི་ཞིག་ཡོད། རྡོ་རྗེ་གདན་གྱི་ས་ཆ་དེ་རི་བྲག་གཞན་ལས་སྲ་ཞིང་བརྟན་པས་ཐོགས་འགྲོ་བ་ཡིན་ནོ་སྙམ་ན། ལྕགས་དང་ཨར་འདམ་གྱི་ཁང་བརྩེགས་ལ་ཡང་མི་ཐོགས་པར་ཟང་ཐལ་དུ་འགྲོ་ཐུབ་ཀྱིན་ཡོད་འདུག་པས་རྡོ་རྗེ་གདན་གྱི་ས་གཞི་དེ་ངར་ལྕགས་ལས་ཀྱང་སྲ་བ་ཡིན་ནམ། སྲ་སྙི་ཡོད་པའི་སྟོབས་ཀྱིས་མ་ཡིན་གྱི་གནས་དེར་སངས་རྒྱས་བྱོན་མྱོང་བའི་རྐྱེན་གྱིས་ཐོགས་འགྲོ་བ་ཡིན་ནོ་ཞེ་ན། དེ་ནི་སའི་གོ་ལ་ཧྲིལ་བོ་མེ་ཆུ་རླུང་གསུམ་གྱིས་ལྷག་མེད་དུ་གཏོར་ཚར་བའི་དུས་སུ་རྡོ་རྗེ་གདན་གཅིག་པུ་གསེར་ཟོ་གནམ་ལ་བཏགས་པ་ལྟར་ཉམས་ཆག་མ་ཤོར་བར་ལྷག་ཡོང་ཚུལ་བཤད་ཡོད་པ་དང་གྲས་གཅིག་ཡིན་པས། ལྷ་སྒྲུང་གི་སྐད་ཆ་རླུང་ལས་ཡང་བ་དེ་ཚོ་རིགས་ལམ་གྱི་སྲང་ལ་གཞལ་ནས་ཅི་ཞིག་བྱ་ཨང་།
དེས་ན་བུ་སློབ་འགའ་རེས་བར་དོའི་ཡིད་ལུས་དེ་རྡོ་རྗེ་གདན་ལ་ཐོགས་པ་ཡིན་ནམ་ཞེས་རྗེ་བཙུན་རས་ཆུང་པ་ལ་བཀའ་འདྲི་ཞུས་པར་མི་ཐོགས་སོ་ཞེས་བཀའ་ལན་སྩལ་འདུག་པ་དེ་ཉིད་ཉམས་མྱོང་དངོས་དང་མཐུན་པའི་ལེགས་བཤད་ཅིག་ཡིན་པས། བར་དོའི་ཡིད་ལུས་དེ་གཟུགས་ཅན་གྱི་དངོས་པོ་སྲ་སྙི་གང་ལ་ཡང་ཐོགས་པ་མེད་པ་ཤེས་དགོས་སོ། །རྡོ་རྗེ་གདན་ལ་མི་ཐོགས་ཀྱང་མ་ཡི་མངལ་ལ་ཐོགས་སོ་ཞེས་རས་ཆུང་པའི་རྣམ་ཐར་དུ་བྲིས་འདུག་པ་ཡང་། མ་ཡི་མངལ་སྒོ་གདམ་བསེས་བྱས་ཏེ་སྐྱེ་བ་གང་དྲན་དྲན་དུ་ལེན་མི་ནུས་པའི་དོན་ཡིན་པ་ལས། ཡིད་ལུས་དང་བུད་མེད་ཀྱི་ལྟོ་བ་གཉིས་པོ་གདོང་ཐུག་རྒྱག་འགྲོ་བའི་དོན་ག་ལ་ཡིན་ཏེ། དཔེར་ན་ཆོས་ཀྱི་དབྱིངས་ལ་བར་དོའི་སེམས་ཅན་ཐོགས་འགྲོ་ཚུལ་གསུངས་སྲོལ་ཡོད་པ་དེ་གནས་ལུགས་སྟོང་པ་ཉིད་ལས་སླ་པོས་གང་འདོད་འདོད་དུ་རྟོགས་མི་ནུས་པའི་དོན་ཡིན་པ་ལྟ་བུའོ། །
དབང་པོ་ཀུན་ཚང་ཡིན་མིན།
མ་ཤིའི་གོང་དུ་འོན་ལོང་ལྐུགས་གསུམ་ག་འདྲ་ཡིན་རུང་ཤི་མ་ཐག་ཏུ་དབང་པོ་ཀུན་ཚང་དུ་གྱུར་ནས་མིག་ཤེས་ཀྱིས་གཟུགས་མཐོང་ཞིང་རྣ་ཤེས་ཀྱིས་སྒྲ་ཐོས་པ་ཡིན་སོགས་ཐོས་གྲོལ་ཙམ་མིན་པར་ནང་པའི་གཞུང་ཆེན་ཁག་ཏུ་སྤྱི་ཡོམ་ཡོམ་ནས་གསུངས་ཡོད་མོད། མཐོང་བྱེད་དང་ཐོས་བྱེད་དེ་དག་དབང་ཤེས་དང་ཡིད་ཤེས་གང་གི་ཁོངས་སུ་གཏོགས་པ་དང་། ཐོས་བྱའི་སྒྲ་དེ་ཉིད་སྒྲ་རང་མཚན་པ་ཡིན་མིན་སོགས་བྱེ་བྲག་གི་ཐོག་ཏུ་བབ་ནས་གསལ་བཤད་ཅི་ཡང་གནང་མེད་དོ། །
འོན་ཀྱང་ཤི་བའི་ཉམས་མྱོང་ཡོད་མཁན་ཚོས་བཤད་པ་ལ་མཉན་ན། བར་དོའི་སེམས་ཅན་དེ་ཚོར་ཡིད་ཤེས་ཀྱི་ངོ་བོར་གྱུར་པའི་གཟུགས་མཐོང་མཁན་དང་སྒྲ་ཐོས་མཁན་ཞིག་ཡོད་འདུག་པ་ཙམ་ལས་མིག་དབང་དང་རྣ་དབང་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བའི་དབང་ཤེས་ཡོད་པའི་རྟགས་དང་མཚན་མ་ནི་གང་ཡང་མེད་ལ། ཡིད་ཤེས་ཀྱི་ཁོངས་སུ་གཏོགས་པའི་ཤེས་པ་དེ་གཉིས་ནི་ནང་ཆོས་ཀྱི་བཤད་སྟངས་ལྟར་ན་མིག་གི་མངོན་ཤེས་དང་རྣ་བའི་མངོན་ཤེས་ལས་གཞན་དུ་འགྲོ་ས་མེད་པར་སྣང་བས། མངོན་ཤེས་དེ་དག་ཡོད་པ་ཙམ་གྱིས་རྣམ་ཤེས་ཚོགས་དྲུག་གི་ཟླས་ཕྱེས་པའི་མིག་ཤེས་སོགས་ཡོད་པའི་གོ་ཆོད་པ་དཀའ་ལ། དེ་མ་ཆོད་ན་བར་དོའི་སེམས་ཅན་དེ་ཚོ་དབང་པོ་ཀུན་ཚང་ཡིན་པ་ཡང་ཇི་ལྟར་འགྲུབ་ཨང་།
དེ་ལ་བར་དོའི་སེམས་ཅན་རྣམས་ལ་མིག་དབང་དང་རྣ་དབང་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་དབང་མངོན་མེད་པ་ཇི་ལྟར་ཤེས་སྙམ་ན་འདི་ལྟར་ཡིན་ཏེ། བར་དོ་ནས་བསྐྱར་ལོག་རྒྱབ་ཡོང་བའི་བུ་མོ་ཞིག་གིས་སོ་སོའི་ཉམས་མྱོང་གླེང་སྐབས། མོ་རང་གི་རྣམ་ཤེས་ལུས་དང་ཁ་བྲལ་མ་ཐག་ས་ཆ་གཞན་ཞིག་ནས་རང་ཕྱོགས་སུ་འཕུར་ཡོང་བའི་གནམ་གྲུའི་ནང་གི་མིང་པོ་དེ་གསལ་བར་མཐོང་སོང་ཞེས་མཚར་སྣང་ཆེན་པོས་ལབ་སོང་ལ། ཡང་བུད་མེད་གཞན་ཞིག་གིས་ཤི་བའི་མྱོང་ཚོར་མོལ་སྐབས་འཛམ་བུ་གླིང་གི་བྱ་དངོས་གང་ལ་ལྟ་བར་འདོད་ན་ཡང་སྐད་ཅིག་དེ་ཉིད་ལ་མཐོང་ནུས་པར་གདའ་ཞེས་ཟེར་བས། བར་དོའི་སེམས་ཅན་གྱི་མིག་ཤེས་དེས་ཡུལ་གྱིས་བསྐལ་བའི་ཐག་རིང་གི་དངོས་པོ་ཡང་ཉེ་འཁྲིས་སུ་ཡོད་པ་ལྟར་དུ་མཐོང་ནུས་ཀྱི་ཡོད།
དེ་བཞིན་ཤི་བའི་ཉམས་མྱོང་བྱུང་བའི་མི་ཕལ་མོ་ཆེས་རྣམ་ཤེས་ལུས་དང་བྲལ་མ་ཐག་སྐྱེ་ནས་མ་ཤིའི་བར་གྱི་བྱ་སྤྱོད་ཕྲན་ཚེགས་ཚུན་ཆད་ཀྱང་སྔ་ཕྱིའི་གོ་རིམ་མ་འཁྲུགས་པའི་སྒོ་ནས་དུས་མཉམ་དུ་མིག་གི་མཐོང་ལམ་དུ་ཤར་ཡོང་བར་འདུག་ཅེས་བཤད་པས། ཡུལ་ཙམ་དུ་མ་ཟད་དུས་ཀྱིས་བསྐལ་བའི་འདས་པའི་བྱ་དངོས་དག་ཀྱང་ད་ལྟ་མདུན་དུ་ཡོད་པ་ལྟར་དུ་གསལ་བར་མཐོང་ཐུབ་ཀྱིན་ཡོད་འདུག་ལ། དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་མིག་གི་ཤེས་པས་ནི་མཐོང་ཡུལ་དུ་ཡོད་པའི་ད་ལྟ་བའི་དངོས་པོ་ཙམ་ལས་སྔར་ནས་འགགས་ཟིན་པའི་འདས་པའི་ཆོས་ཤིག་ཡུལ་དུ་བྱེད་མི་ནུས་སོ་སྙམ་མོ། །
ཡང་བར་དོ་ནས་མི་སྐད་ཐོས་པ་ཡང་གཞན་གྱི་ཁ་ནས་ཕུད་པའི་སྒྲ་རང་མཚན་པ་ཞིག་རང་གི་རྣ་ཁུང་ནང་དུ་ཞུགས་ནས་ཚོར་ཡོང་བ་མིན་པར། གཞན་པས་གང་བརྗོད་འདོད་པའི་བསམ་དོན་དེ་ཉིད་ངག་ཏུ་མ་བརྗོད་པའི་གོང་ནས་ཀྱང་གཞན་སེམས་ཤེས་པའི་ཚུལ་གྱིས་ཐད་དཀར་རྟོགས་འགྲོ་བ་ཡིན་འདུག་སྟེ། དཔེར་ན་ཤི་ནས་སླར་སོས་ཡོང་བའི་བུད་མེད་ཅིག་གིས་སྨྲ་དོན། “ངས་ཉེ་འཁོར་གྱི་མི་ཚོགས་ཡོད་ཚད་མཐོང་སོང་ལ་དེ་དག་གིས་གང་བརྗོད་འདོད་པ་ཐམས་ཅད་ཀྱང་ཤེས་པར་གྱུར། འོན་ཀྱང་དེ་ནི་ད་ལྟ་བདག་གིས་བཤད་པ་རྣམས་ཁྱེད་ཀྱིས་གསན་པ་ལྟར་དུ་དེ་དག་གིས་སྨྲས་པ་རྣམས་ངེད་ཀྱི་རྣ་བས་ཐོས་ཏེ་ཤེས་སོང་བ་མ་ཡིན་གྱི། ཁོང་ཚོའི་སེམས་ནས་གང་ཞིག་དྲན་བཞིན་ཡོད་པ་དེ་ངའི་སེམས་ཀྱིས་ཤེས་སོང་བ་ཡིན་ནོ། །”ཞེས་སོགས་ཉམས་མྱོང་ཅན་གཞན་པས་ཀྱང་དེ་དང་ཆ་མཐུན་པ་མང་དུ་བཤད་པས། དེ་ལྟར་མི་གཞན་གྱི་བརྗོད་འདོད་གོ་བའི་ཤེས་པ་དེ་ཉིད་རྣ་དབང་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བའི་དབང་མངོན་ཞིག་ཡིན་ཨེ་སྲིད་ན་བསམ་མོ། །
གཞན་ཡང་འཆི་ཁའི་ཉམས་མྱོང་གི་ཕ་ཡབ་ཅེས་གྲགས་པའི་ཚན་རིག་པ་མོས་ཏིས་མཆོག་གིས་ཤི་ནས་བསྐྱར་དུ་གསོན་པའི་མི་༡༥༠ཐམ་པ་ལ་ཞིབ་འཇུག་གཏིང་ཟབ་མཛད་ནས་བརྩམས་པའི་དཔེ་ཆའི་ནང་དུ། སྤྱིར་མི་ཧ་ཅང་མང་པོ་ཞིག་གིས་སོ་སོའི་འཆི་བའི་ཉམས་མྱོ་བཤད་སྐབས་སྲིད་པ་བར་དོའི་འཇིག་རྟེན་དུ་དྲོད་ཚད་སྐྱིད་པོ་ཞིག་འདུག་ཅེས་ཟེར། འོན་ཀྱང་བདག་གིས་འཚོལ་སྡུད་བྱས་པའི་དཔེ་མཚོན་གང་གི་ནང་དུ་ཡང་སྣོམ་ཚོར་དང་རོ་ཚོར་གཉིས་དང་འབྲེལ་བ་ཡོད་པའི་སྙན་ཞུ་ནི་གཅིག་ཀྱང་བྱུང་མ་སོང་ངོ་། །ཞེས་གསུངས་འདུག་པ་བདེན་ན་བར་དོའི་སེམས་ཅན་ལ་སྣ་ཤེས་དང་ལྕེ་ཤེས་ཡོད་མེད་དོགས་པ་ཆེ་ལ། གལ་ཏེ་སྣ་ལྕེའི་ཤེས་པ་མེད་ན་དེ་དང་དེའི་རྟེན་དུ་གྱུར་པའི་དབང་པོ་ཡོད་དོན་མེད་ཅིང་། དེ་མེད་ན་དབང་པོ་ཀུན་ཚང་ཡིན་ཚུལ་མེད་པ་མ་ཟད་དྲི་རོ་གཉིས་ཀྱང་ཟ་ཚུལ་མེད་པས་བར་སྲིད་པས། བར་སྲིད་པས་ཁམ་ཟས་རགས་པ་མི་ཟ་ཡང་དྲི་སྣོམ་པ་ཡིན་ཞེས་ཐོས་གྲོལ་ཆེན་མོ་ཙམ་མིན་པར་ནང་པའི་གཞུང་ཆེན་ཁག་ཏུ་བཤད་ཡོད་པ་དེ་ཚོ་ནོར་འཁྲུལ་གྱི་སྐད་ཆར་འགྱུར་སོང་བ་མིན་ནམ།
ལར་བར་དོའི་ལུས་ལ་བེམས་པོ་གཏན་ནས་མེད་པ་མིན་ཡང་གྲུབ་ཆ་ཕལ་ཆེ་བ་ཡིད་ཀྱི་ཤེས་པ་ཞེས་ནང་ཆོས་སུ་གསུངས་ཡོད་ལ། ཤི་བའི་ཉམས་མྱོང་ཡོད་པ་མང་ཆེ་བས་བར་དོའི་ལུས་ནི་སྨུག་པ་ལྟ་བུའམ། དུ་ཞག་འདྲ་བའམ། ཕྱི་གསལ་ནང་གསལ་གྱི་དངོས་པོ་ཞིག་གམ། ཐ་ན་འགའ་རེས་ནི་ནུས་ཚད་ཙམ་ཞིག་ཡིན་ཚུལ་ཡང་ལབ་པས། དེ་ལྟར་འོད་ལྟར་དྭངས་བའི་ཡིད་ལུས་ཕྲ་མོ་དེ་ལ་ལྟོ་བ་དང་རྒྱུ་མ་ཡོད་ཐབས་མེད་ཅིང་། དེ་མེད་ན་སེམས་ཁམས་ལྟོགས་བསྡད་ན་མ་གཏོགས་ཕོ་བ་བཀྲེས་ཡོང་དོན་མེད་པས་ཟ་མ་ཟ་དགོས་དོན་ཅི་ཞིག་ཡོད་ཨང་སྙམ་ནས་ཁོ་བོ་དོགས་པ་ཟ་བཞིན་ཡོད་དོ། །
དབྱིབས་དང་ཁ་དོག་གང་ཡོད།
གསང་སྔགས་ཀྱི་གཞུང་དུ་བར་སྲིད་པ་ཚོ་ཕྱོགས་ཐམས་ཅད་དུ་འཁྱམ་ཞིང་ཉུལ་བའི་ཚེ། མི་འགྱངས་བར་ལྷ་མི་དུད་འགྲོ་སོགས་སྐྱེ་གནས་གང་དང་གང་དུ་སྐྱེ་ན་དེ་དང་དེའི་སྔ་ལྟས་ཀྱི་ཚུལ་དུ་འོད་ཟེར་དཀར་དམར་སོ་སོར་ཤར་བ་སྟེ། དཔེར་ན་ལྷར་སྐྱེ་ན་ཐོག་མའི་ཆར་ས་ཆ་གང་དུ་སོང་ཡང་འོད་ཟེར་དཀར་ཤར་རེ་བ་མང་དུ་སྣང་ཞིང་མཐར་སྣང་བ་ཐམས་ཅད་དཀར་སང་སང་དུ་འཆར་བ་དང་། དེ་བཞིན་མིར་སྐྱེ་ན་འོད་སྔོན་པོ་དང་དུད་འགྲོར་སྐྱེ་ན་སེར་པོ་སོགས་སྣང་ཡོང་བར་བཤད་མོད། དེང་སང་ཤི་བའི་ཉམས་མྱོང་བྱུང་བའི་མི་ཕལ་མོ་ཆེ་ལ་གཙོ་ཆེར་གཟུགས་མེད་ཀྱི་ལམ་ནས་སྐད་ཆ་བཤད་ཤེས་པའི་འོད་དཀར་པོ་ཞིག་སྣང་གི་ཡོད་འདུག་པ་ཙམ་ལས། འོད་དམར་སེར་སྔོ་ལྗང་མང་པོ་ཞིག་ནི་ཤར་གྱིན་ཡོད་ཚོད་མི་འདུག་པས། ཤི་བའི་ཉམས་མྱོང་བྱུང་བའི་ནུབ་ཕྱོགས་པའི་རྒན་པོ་རྒན་མོ་དེ་ཚོ་གལ་ཏེ་མྱུར་སྐྱོབ་བྱེད་ཐུབ་མེད་ན་ལྷ་ཡུལ་དུ་བུད་འགྲོ་མཁན་ཤ་སྟག་ཡིན་ནམ་ཞེས་བོད་ཀྱི་བླ་རྒན་མངོན་ཤེས་ཅན་རྣམ་པ་ལ་ཚ་འདྲི་བྱེད་དགོས་པར་གདའའོ། །
འོན་ཀྱང་འོད་ཟེར་དཀར་པོ་དེ་ཉིད་དང་པོའི་ཆར་དེ་ཙམ་གསལ་བོ་རང་མེད་ཀྱང་དུས་ཚོད་སོང་རིམ་བཞིན་ཇེ་གསལ་ཇེ་བཀྲག་ཏུ་གྱུར་ནས་མཐར་མི་ཡུལ་ནས་བཙལ་ཡང་རྙེད་ཐབས་མེད་པ་དང་། བསམ་བརྗོད་ཀྱི་ཡུལ་ལས་རབ་ཏུ་འདས་པའི་འོད་སྣང་དུ་འགྱུར་འགྲོ་བར་གདའ་ཞེས་ཤི་བའི་ཉམས་མྱོང་ཅན་མང་པོས་བཤད་འདུག་པ་ནི་ནང་པའི་གསང་སྔགས་ཀྱི་དགོངས་པ་དང་མཐུན་པར་སེམས་སོ།།
ལུང་ཕྲན་ཚེགས་ཀྱི་དགོངས་པ་ལྟར་མངོན་པ་འོག་མ་ཙམ་དུ་མ་ཟད་མངོན་པ་གོང་མར་ཡང་། གང་དུ་སྐྱེ་བར་འགྱུར་བའི་བྱད་གཟུགས་སོ། །ཞེས་གསུངས་པ་ལྟར་བར་དོ་ནས་འཁྱམ་པའི་གཤིན་པོ་རྣམས་ཀྱི་ལུས་པོའི་བཟོ་དབྱིབས་དེ་བར་སྲིད་མཇུག་རྫོགས་པའི་རྗེས་སུ་གང་དུ་སྐྱེ་ལུས་ལེན་པར་འགྱུར་བའི་སྲོག་ཆགས་དེ་དང་དེའི་ཤ་ཚུགས་དང་འདྲ་བོ་ཡོད་ཅེས་ཚོད་འཇོག་གི་དམ་བཅའ་བཞག་ཡོད་པ་ནི་གྱི་ན་སྟེ། ཆོས་མངོན་པའི་རྣམ་བཞག་ཕལ་མོ་ཆེ་ཞིག་མཛེས་མཚོན་བྱས་ནས་བཤད་ན་དྲང་དོན་གྱི་གསུངས་དང་། མཛེས་མཚོན་མ་བྱས་པར་ཐད་དཀར་ལབ་ན་དོན་དངོས་དང་མི་མཐུན་པའི་ལོག་བཤད་འབའ་ཞིག་ཡིན་པ་ལྟར་བར་དོའི་ཤ་ཚུགས་སྐོར་གྱི་སྐད་ཆ་ཡང་དེ་ལྟར་དུ་ཤེས་དགོས་པར་གདའ་སྟེ། དེང་སང་ཤི་ནས་སླར་གསོན་ཡོང་བའི་མི་ཚོས་བར་དོའི་ལུས་ཚུགས་དེ་མ་ཤིའི་གོང་གི་ལུས་ཚུགས་དང་འདྲ་བོ་འདུག་ཅེས་རང་ཐོག་ལ་དངོས་སུ་བྱུང་བའི་ཉམས་མྱོང་དམར་རྗེན་དུ་བཤད་འདུག་པའི་ཕྱིར་རོ། །
དེ་ལྟ་ན་ཡང་དུས་གསུམ་རྗེན་ཅེར་དུ་གཟིགས་པའི་སྐྱེས་མཆོག་མར་པ་ལོ་ཙཱས། བར་དོའི་སེམས་ཅན་གྱི་ཤ་ཚུགས་དེ་བར་དོའི་ཞག་ཕྱེད་དང་བཞི་ལ་ཚེ་སྔ་མ་དང་། དེ་ནས་ཕྱེད་དང་བཞི་ལ་ཕྱི་མའི་བྱད་གཟུགས་སུ་ཡོད་ཅེས་བར་དོའི་ཤོག་དྲིལ་དུ་གསུངས་པ་ཡང་བདེན་ཤས་ཆེ་ལ། གསུངས་པ་ལྟར་གྲུབ་ཆེན་ཁྱུང་པོ་དང་ཨོ་རྒྱན་པ་སོགས་ཀྱིས་ཀྱང་དེ་ལྟར་དུ་གཟིགས་ཡོད་སྐད་གདའ་འོ། །
སྣོད་དང་བཅུད་ཀྱི་བཀོད་པ།
ཐོས་གྲོལ་གཙོས་པའི་ནང་པའི་གཞུང་ཆེན་ཁག་ཏུ་གཤིན་པོ་ཚོ་ཞེན་ཆགས་ཀྱི་དབང་གིས་སྔོན་ཆད་འགྲོ་འདུག་མྱོང་བའི་ས་ཆ་རྣམས་སུ་ཨ་ནས་ཡང་དུ་ལྟ་སྐོར་དུ་འགྲོ་བ་དང་། སྔོན་ཆད་ནང་བཞིན་ཕ་མ་མིང་སྲིང་གི་ཉེ་ཟུར་དུ་འདུག་རབས་སོགས་མང་དུ་གསུངས་པས། དོན་དུ་མི་ཡུལ་གྱི་འཇིག་རྟེན་འདི་དང་དེའི་ཐོག་གི་བྱ་དངོས་རྣམས་ང་ཚོ་ལ་ཇི་ལྟར་སྣང་བ་བཞིན་དུ་བར་དོའི་སེམས་ཅན་རྣམས་ལ་ཡང་དེ་མཚུངས་སུ་སྣང་བར་འདོད་པ་ཡིན་ལ། འདོད་པ་ལྟར་དུ་ཤི་བའི་ཉམས་མྱོང་ཅན་ཕལ་མོ་ཆེ་ལ་གནས་ཚུལ་དེ་འདྲ་བྱུང་ཡོད་ཅིང་། རང་ཉིད་ལ་དངོས་སུ་ཤི་བའི་ཉམས་མྱོང་བྱུང་མྱོང་བའི་ཚན་རིག་པ་斯韦登伯格ཞེས་པས་ཀྱང་། མི་རྣམས་ཤི་བའི་རྗེས་ཐོག་དེར་རང་ཉིད་ད་དུང་ཤི་མེད་པའམ་གསོན་པོ་ཡིན་པར་འདོད་ཀྱི་ཡོད། དེའི་རྒྱུ་མཚན་ཡང་སྐབས་དེར་ཁོ་རང་ལ་སྣང་བའི་སྣོད་བཅུད་ཀྱི་བཀོད་པ་དེ་སྔར་མ་ཤིའི་གོང་གི་སྣོད་བཅུད་ཀྱི་རྣམ་པ་དང་ཧ་ཅང་འདྲ་བས་རེད། ཅེས་ཉམས་མྱོང་གི་ལམ་ནས་བཤད་འདུག་གོ །
འོན་ཀྱང་བར་དོ་བ་ཐམས་ཅད་ལ་རྣམ་པ་ཀུན་ཏུ་གནས་ཚུལ་དེ་འདྲ་འབྱུང་བའི་ངེས་པ་ནི་ཅི་ཡང་མེད་པར་སེམས་ཏེ། མི་འགའ་རེ་རྣམ་ཤེས་ལུས་དང་བྲལ་མ་ཐག་གྲུ་གཟིངས་ཤིག་གི་ཐོག་ལ་བསྡད་ནས། དེ་སྔོན་གཏན་ནས་མཐོང་ཐོས་བྱུང་མྱོང་མེད་པའི་རྒྱ་མཚོ་ཆེན་མོ་ཞིག་འཕྲད་ལ་བརྒལ་ནས་ཆུ་བོའི་ཕ་རོལ་དུ་བུད་འགྲོ་བ་ཡིན་འདུག་པས། ཤི་བོ་དེ་དག་ལ་ཤི་མ་ཐག་ཏུ་བར་དོའི་འཇིག་རྟེན་གསར་པ་ཞིག་གི་སྣང་བ་ཐད་དཀར་ཤར་བ་ཙམ་ལས་ང་རང་ཚོ་སྡོད་སའི་འཇིག་རྟེན་འདིའི་སྣང་བ་ཤར་གྱིན་མེད་པར་འདྲ་ལ། ཡང་ཤི་བོ་འགའ་རེ་ལ་བར་དོའི་འཇིག་རྟེན་དང་མི་ཡུལ་གཉིས་ཀ་འདྲེས་མར་སྣང་གི་ཡོད་འདུག་སྟེ། དཔེར་ན་ཤི་ནས་སླར་སོས་ཡོང་བའི་བུ་མོ་ཞིག་གིས་སྨྲ་དོན། ཆེས་ངོ་མཚར་བ་ཞིག་ལ་སྐབས་དེའི་གནས་ཚུལ་ཡོད་རྒུ་སྟེ་དཔེར་ན་སྨན་པ་དང་། སྨན་ཞབས་པ། བཤའ་བཅོས་ཁང་། གྲུ་གཟིངས། རྒྱ་མཚོ། རྒྱང་རིང་གི་མཚོ་ཁ་སོགས་ཕར་འདྲེས་ཚུར་འདྲེས་བྱས་ཏེ་ཡོད་ཚད་མཉམ་གཅིག་ཏུ་གནས་འདུག་སྟེ། དེ་ནི་དངོས་གནས་ཡུལ་ལྗོངས་ཤིག་གི་སྟེང་དུ་ཡུལ་ལྗོངས་གཞན་ཞིག་བྲིས་པའི་བསྐྱར་བརྩེགས་ཀྱི་རི་མོ་ཞིག་དང་འདྲ་བར་གདའ་འོ། །ཞེས་སོ། །
ཞེས་དྲྭ་མིང་ལ་ཤིང་དྲུང་པ་དང་འཇིག་རྟེན་ལ་རྡོ་རྗེ་ཚེ་རྒྱལ་ཞེས་གྲགས་པ་གང་དེས་སྤྱི་ལོ་༢༠༢༣ལོའི་ཟླ་བ་༣པའི་ཚེས་པ་༡༥ཙམ་ནས་མགོ་བཟུང་སྟེ་ཚེས་པ་༢༤ལ་མཇུག་གྲུབ་པར་བགྱིས་པའོ། །
ཡག་པོ་བྲིས་འདུག དོགས་པ་མ་ཡིན་པར་ཐག་བཅད་པའི་ཤེས་རློམ་དེ་ཅུང་མ་དགའ་ཐ། གང་ལྟར་མཁྱེན་རྒྱ་ཆེན་པོ་འདུག
ཤིན་ཏུ་བཟང་འདུག།
ཤིན་ཏུ་བཟང་འདུག།
མུ་མཐུད་དུ་ཤུགས་རྒྱོབ།
རྩམ་པ་པོ་སྐུ་ཞབས་རྡོ་རྗེ་ཚེ་རྒྱལ་ལགས། ཧ་ཅང་ཚགས་པོར་བྲིས་འདུག བཀའ་དྲིན་ཆེ། གློག་ཕྲིན་ཐོག་ནས་སྒེར་འབྲེལ་གནང་ཞིག་གནང་རོགས།
བདེ་མོ་