བརྡ་སྤྲོད་ཕྱི་མོ«སུམ་རྟགས»གཉིས་དང་ཡིག་རྙིང་གི་སྦྱོར་ཚུལ་མི་མཐུན་པའི་སྣང་ཚུལ་འབྱུང་རྐྱེན་སྐོར་གྱི་ཐོག་མའི་དོགས་དཔྱོད།

0
843

ནང་དོན་གནད་བསྡུས།   དཔྱད་རྩོམ་འདིར་བོད་ཀྱི་བརྡ་སྤྲོད་ཕྱི་མོར་གྲགས་པའི«སུམ་ཅུ་པ»དང་«རྟགས་ཀྱི་འཇུག་པ»གཉིས་ཀྱི་བསྟན་དོན་དུས་རབས་༡༡པའི་ཡར་སྔོན་གྱི་ཡི་གེའི་སྦྱོར་ལུགས་དང་མི་མཐུན་པར་འདོད་པའི་སྣང་ཚུལ་འབྱུང་རྐྱེན་སྐོར་འཚོལ་ཞིབ་བྱས་པ་སྟེ།  གཙོ་བོ་དབྱངས་ཀྱི་སྦྱོར་ཚུལ་ཐད་གི་གུ་ཕྱིར་ལོག་ཡོད་མེད་དང་། ཚིག་ཕྲད་ཀྱི་སྦྱོར་ཚུལ་ཐད་རྗེས་འཇུག་ལ་ལྟོས་པའི་ཕྲད་གཞན་དབང་ཅན་ལ་གཏན་ཁེལ་ཡོད་མེད། སྔོན་འཇུག་ལྔའི་སྦྱོར་ཚུལ་ཐད་འཇུག་སའི་ཡུལ་ལ་གསལ་ཆ་ཡོད་མེད་བཅས་ཕྱོགས་གསུམ་གྱི་གནད་དོན་ལས། ཡིག་རྙིང་གི་ཡི་གེའི་སྦྱོར་ལུགས་དང་ཕྱི་མོའི་བརྡ་སྤྲོད་བསྟན་བཅོས་གཉིས་ཀྱི་བསྟན་དོན་མི་མཐུན་པའི་སྣང་ཚུལ་བྱུང་ཡོད། དེས་དེང་དུས་ཀྱི་རིག་གཞུང་ཞིབ་འཇུག་པའི་ཁྲོད་དུ་བསྟན་བཅོས་དེ་གཉིས་དུས་རབས༡༢པའི་ཡར་སྔོན་གྱི་བརྩམས་ཆོས་ཤིག་མིན་སྙམ་པའི་འདོད་ཚུལ་དྲངས་པའང་ཡིན་པར་བསྟན་ཡོད། འདིར་དེ་ལྟར་བྱུང་བའི་རྒྱུ་རྐྱེན་སྐོར་ལ་བསྐྱར་དུ་བརྟག་ཞིབ་བྱས་ཏེ། དེ་ནི་ཕྱི་མོའི་བསྟན་བཅོས་དེ་གཉིས་ཀྱི་དགོངས་འགྲེལ་བསྟན་བཅོས་སྔ་ཤོས་རྩོམ་མཁན་དུས་རབས་༡༢པའི་ནང་བྱུང་བའི་དབུས་པ་བློ་གསལ་དང་། དུས་རབས་༡༣པའི་ནང་བྱུང་བའི་ལོ་ཆེན་ནམ་མཁའ་བཟང་བོ་སོགས་ཀྱིས་བཀས་བཅད་གསུམ་པའི་དགོངས་དོན་ནམ། ཁྱད་པར་དུ་རྔོག་བློ་ལྡན་ཤེས་རབ་ཀྱིས་བརྩམས་པའི«དག་ཡིག་ཉེར་མཁོར»བསྟན་པའི་ཡིག་སྦྱོར་གསར་བཅོས་ཀྱི་དགོངས་དོན་གཞིར་བཟུང་ནས།  ཕྱི་མོའི་བསྟན་བཅོས་གཉིས་ཀྱི་ནང་དོན་བསྟན་ལུགས་ལ་འགྲེལ་གསར་བ་བསྐྱོན་ཡོད་པས། ཕྱིས་ཀྱི་དགོངས་འགྲེལ་བསྟན་བཅོས་ཚང་མའང་གཞི་དེར་བརྟེན་ནས་བརྩམས་པར་མ་ཟད།  དེང་དུས་ཀྱི་ཞིབ་འཇུག་པ་ཕལ་མོ་ཆེས་བསྟན་ཚུལ་དེ་ཉིད་འཐད་ལྡན་དུ་བཟུང་ཕྱིར་འདོད་ཚུལ་དེ་འདྲ་བྱུང་བ་ཞིག་ལས།   ཕྱི་མོའི་བརྡ་སྤྲོད་བསྟན་བཅོས་གཉིས་ཀྱི་བསྟན་དོན་རང་ངོས་ལས་དཔྱད་ན་ཡིག་རྙིང་གི་ཡིག་སྦྱོར་དང་འགལ་བ་མི་འབྱུང་ཚུལ་བསྟན་པའོ།།

གནད་ཚིག  སུམ་ཅུ་པ།    རྟགས་ཀྱི་འཇུག་པ།    ཡིག་རྙིང་གི་སྦྱོར་ཚུལ་དང་ཁྱད་པར།

དུས་རབས་ཉི་ཤུ་བ་ནས་བཟུང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཕྱོགས་སུ་ཏུན་ཧོང་ཤོག་དྲིལ་དང་།  ལི་ཡུལ་གྱི་ཁྲམ་ཤིང་།  བཀའ་གཙིགས་རྡོ་རིང་།  དྲིལ་བུའི་ཁ་བྱང་སོགས་བཙན་པོའི་སྐབས་ཀྱི་ཡིག་ཁུངས་སྔར་ཡོད་དང་གསར་བརྙེད་འབོར་ཆེན་པར་བསྐྲུན་དར་ཁྱབ་ཏུ་སོང་བ་དང་བསྟུན་ནས།  གནའ་རབས་ལོ་རྒྱུས་དང་རིག་གནས་སོགས་ཕྱོགས་ཡོངས་ལ་དོགས་སློང་དང་བསྐྱར་དུ་དཔྱད་པའི་རིགས་སྨྲ་བ་རྒྱལ་ཕྱི་ནང་ཀུན་ཏུ་དབྱར་དུས་ཀྱི་ཤ་འོད་བརྡོལ་བ་ཇི་བཞིན་བྱུང་དང་འབྱུང་མུས་སུ་ཡོད།   དེ་བཞིན་ཉེ་བའི་ལོ་ཤས་རིང་ཏུན་ཧོང་ཤོག་དྲིལ་དང་རྡོ་རིང་སོགས་ཀྱི་ཡིག་རྙིང་དེང་དུས་ཀྱི་ཡི་གེའི་སྦྱོར་ཚུལ་དང་ཅུང་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ།  དོན་དངོས་སུ་བརྡ་སྤྲོད་པའི་ཕྱི་མོར་གྲགས་པའི«སུམ་རྟགས»གཉིས་དུས་རབས་བདུན་པའི་ནང་དུ་བརྩམས་པ་ཡིན་མིན་སོགས་བཞེད་ཚུལ་མི་མཐུན་པ་མང་བོ་བྱུང་ཡོད་ཅིང་། ད་དུང་བོད་རིག་པའི་ཞིབ་འཇུག་ཁྲོད་དུ་གསལ་ཐག་མ་ཆོད་པར་ལུས་ཡོད། གནའ་བོའི་ཡིག་ཚགས་སམ་རྡོ་རིང་སོགས་དང་དེང་གི་ཡི་གེའི་སྦྱོར་ལུགས་གཉིས་མི་མཐུན་པའི་སྣང་ཚུལ་ཡང་རྩ་བའི་ཆ་ནས་དཔོག་ན། དབྱངས་ཀྱི་སྦྱོར་ལུགས་ཐད་གི་གུ་ཕྱིར་ལོག་ཡོད་མེད་དང་། ཚིག་ཕྲད་ཀྱི་སྦྱོར་ཚུལ་ཐད་གཙོ་བོ་རྗེས་འཇུག་ལ་ལྟོས་པའི་ཕྲད་གཞན་དབང་ཅན་ལ་གཏན་ཁེལ་ཡོད་མེད། སྔོན་འཇུག་ལྔའི་འཇུག་སའི་ཡུལ་ལ་གསལ་ཆ་ཡོད་མེད་བཅས་ཕྱོགས་གསུམ་གྱི་ཐད་ལ་བབས་ཡོད་པ་དང་། དེ་དག་བོད་ཀྱི་བརྡ་སྤྲོད་ཕྱི་མོར་གྲགས་པའི«སུམ་རྟགས»གཉིས་སུ་གསལ་ཁ་ཆོད་པས་བསྟན་མ་བསྟན་ནི་བརྡ་སྤྲོད་དེ་ཉིད་བཙན་པོའི་དུས་སྐབས་ཀྱི་བརྡ་སྤྲོད་ཅིག་ཏུ་འདོད་རུང་མི་རུང་གི་དོགས་པ་འབྱུང་སའི་གནས་སུ་གྱུར་ཡོད།  འདིར་ཡང་ཁོ་བོས་དེ་དག་དམིགས་སུ་བཟུང་ནས། དེ་ལྟར་འབྱུང་དགོས་པའི་རྒྱུ་མཚན་ཐད«སུམ་རྟགས»གཉིས་དང་དེའི་དགོངས་འགྲེལ་བསྟན་བཅོས་རྙིང་ཤོས་དག་ལ་ཡང་ཡང་ལྟ་བརྟག་བྱས་ཚེ།  «སུམ་རྟགས»ཀྱི་རྩ་བ་གཉིས་ཀའི་གོ་བ་བཀྲོལ་ལུགས་ཕྱོགས་སུ་ད་སྔའི་བར་ང་ཚོས་མཉམ་འཇོག་དང་སྣང་མེད་དུ་བཏང་བའི་གནད་འགག་གཙོ་བོ་ཞིག་མཐོང་ཞིང་། དེས«སུམ་རྟགས»ཀྱི་གཞུང་ལུགས་གཉིས་དང་བཙན་པོའི་དུས་སྐབས་ཀྱི་ཡིག་ཆའི་བར་སྣང་ཚུལ་མི་མཐུན་པ་བྱུང་བའི་གསང་བ་མང་བོ་ཞིག་གི་བློ་སྒོ་འབྱེད་ཐུབ་ཡོང་སྙམ་མོ།།

གཅིག  དབྱངས་ཀྱི་སྦྱོར་ཚུལ་ལས«སུམ་རྟགས»གཉིས་བཙན་པོའི་སྐབས་ཀྱི་ཡིག་སྦྱོར་དང་མི་འགལ་ཚུལ།

 རྩ་བ་རང་ལས། ཨཱ་ལི་གསལ་བྱེད་ཨི་སོགས་བཞི།། ཀཱ་ལི་སུམ་ཅུ་ཐམ་པའོ།། ཞེས་དབྱངས་གསལ་གྱི་གྲངས་ངེས་གསལ་བོར་བཀོད་ཡོད་མོད་གི་གུ་ཕྱིར་ལོག་མིན་གྱི་ཐད་ནས་ཁ་གསལ་བཏོན་མེད་ཕྱིར། གནད་འདི་ནི་སུམ་རྟགས་གཉིས་བཙན་པོའི་སྐབས་སུ་བྲིས་པ་ཞིག་མ་ཡིན་པའི་སྒྲུབ་བྱེད་དམ་སྣང་ཚུལ་དུ་མཐོང་བཞིན་ཡོད། «སུམ་རྟགས་ཀྱི་ཕྱི་མོ་འདི་ཉིད་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་མིན་སྐོར་གྱི་ཐོག་མའི་དཔྱད་པ»ཞེས་པར། “རྀ་ལྀ་གཉིས་དབྱངས་ཀྱི་གྲས་སུ་འཇོག་པ་དང་་་་་དབྱངས་ཀྱི་ཡི་གེ་ལ་བསྟན་བཅོས་རང་ཉིད་ཀྱི་དགོངས་དོན་དང་བོད་བཙན་པོའི་དུས་ཀྱི་ཡི་གེའི་རྣམ་གཞག་གཉིས་རྣམ་པ་ཐ་དད་དུ་སོང་བ་འདིས་བསྟན་བཅོས་རང་ཉིད་བོད་བཙན་པོའི་དུས་ཀྱི་བརྩམས་ཆོས་ཤིག་མ་ཡིན་པ་ཤུགས་ནས་ཕུད།” [[1]]ཅེས་དོན་དངོས་སུ་བཙན་པོའི་ཡིག་རྙིང་ལས་བོད་ལ་དབྱངས་ཡིག་བཞི་རུ་མ་ངེས་པར་རྒྱ་གར་གྱི་རྀ་ལྀ་གཉིས་ཀའི་དབྱངས་ཡིག་ཀྱང་ཡོད་པར་གི་གུ་ཕྱིར་གིས་མཚོན་པ་བསྟན་ཡོད། སྤྱིར་གི་གུ་ཕྱིར་ལོག་མ་ལོག་ཡིག་རྙིང་ཁག་ལ་ཤིན་ཏུ་མང་བོ་ཞིག་ཡོད་པ་མངོན་སུམ་སྣང་ངོར་གྲུབ་མོད། ད་སྔར་དེའི་རྒྱུ་མཚན་གསལ་བོ་ཞིག་སུས་ཀྱང་འཆད་དཀའ་བའི་ཚུལ་དུ་གནས། མཁས་དབང་དགེ་ཆོས་ཀྱིས“གི་གུ་ཉེ་བ་གཉིས་བྱུང་ཚེ་གཅིག་ཤོས་ཕྱིར་ལོག་གིས་བྲི”ཞེས་གསུངས་ཡོད་ཀྱང་ཡིག་རྙིང་ཁག་ཏུ་ཕྱིར་ལོག་དུ་མ་དཀྱུས་གཅིག་ཏུ་བཀོད་པ་མང་བོ་མཐོང་དུ་ཡོད་པའི་དཔེར་མཚོན་ཙམ་བཀོད་ན། ཀོང་པོ་དེ་མོའི་བྲག་བརྐོས་ཀྱི་བཀའ་གཙིགས་ཡི་གེར་“དྲྀ་གུམ་བཙན་པོའི་སྲས། གཅེན་ཉ་ཁྱྀ་དང་། ཅུང་ཤ་ཁྱྀ་་་་་ལྷ་སྲས་ཀྱྀ་ཆབ་སྲྀད་འདྀ་ལྟར་མཐོ”[[2]]ཞེས་པ་ལྟ་བུ་དང་། དེ་བཞིན་གི་གུ་ཕྱིར་མ་ལོག་པ་དུ་མའང་དཀྱུས་གཅིག་ཏུ་བཀོད་པ་མང་བོ་མཐོང་དུ་ཡོད་པས་གཅིག་ཏུ་མ་ངེས་པར་ཡོད།  གོང་སྨོས་གི་གུ་ཕྱིར་ལོག་མ་ལོག་གཉིས་ནི་བོད་ཡིག་གི་ཕྱི་མོ་རྒྱ་གར་ཡི་གེ་ལྟར་རྀ་ལྀའི་དོད་དུ་བཞག་ནས་བོད་ལ་དབྱངས་བཞི་རུ་མ་ངེས་པར་འཇོག་པ་དེའང་དོན་དངོས་དང་ཤིན་ཏུ་འབྱོར་དཀའ་བ་ཞིག་སྟེ།  དེ་ལྟར་བྱས་ན་རྀ་ལྀ་གཉིས་ལ་སྒྲ་གདངས་ཙམ་མ་ཡིན་པར་དོན་གྱི་ཆ་ནས་དབྱངས་ཨི་དང་གཏན་ནས་མི་མཚུངས་པ་བརྗོད་མ་དགོས།  རྒྱ་གར་དུ་སྲོག་མེད་ཀྱི་གསལ་བྱེད་གང་ལ་དབྱངས་ཨི་དང་རྀ་ལྀ་སོགས་ཞུགས་པ་ལྟར་སྒྲའི་འཕང་མི་འདྲ་བ་བསྐྱེད་པ་དང་དོན་གྱི་གོ་བ་མི་འདྲ་བསྐྱེད་པ་སྟེ། དཔེར་ན“की”(ཀི)ཞེས་པ་དོན་གྱི་ཆ་ནས་ཁྲའི་དོན་དང་གདངས་ཀྱི་ཆ་ནས་བོད་ཀྱི་ཀི་(ki)སྒྲ་བཞིན་ཀློག་དགོས་པ་དང་། “कृ”(ཀྲྀ)ཞེས་པ་དོན་གྱི་ཆ་ནས་གཡང་ས་དང་། གདངས་ཀྱི་ཆ་ནས་བོད་ཀྱི་ཀི་རི(kr)ཞེས་མྱུར་བའི་སྒྲ་བཞིན་ཀློག་དགོས་པ་སྟེ། སྣར་ཐང་ལོ་ཙཱ་བས་མཛད་པའི་སྔགས་བཀླག་ཐབས་ཀྱི་རྩ་བར“ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས།། གི་གུ་ཕྱིར་ནི་ལོག་གྱུར་ན།། ཀི་རྀ་ཀི་ལྀ་ཞེས་མྱུར་བཀླག།”[[3]] ཞེས་གསུངས། དབྱངས་ཨི་དང་རྀ་ལྀ་དག་ནི་སྒྲ་དོན་གང་གི་ཐད་ནས་ཐ་དད་པའི་དབྱངས་ཡིག་གཉིས་ཡིན་པ་བཞིན། རྀ་དང་ལྀ་གཉིས་ཀྱང་དཔེ་དེ་ལས་མ་འདས་པར་ཐ་དད་པའི་དབྱངས་ཡིག་གཉིས་ཡིན་མོད། ཡིག་རྙིང་དུ་བྱུང་བའི་གི་གུ་ཕྱིར་ལོག་ཡིན་མིན་དེ་ཡི་གེའི་འབྲི་ལུགས་ཙམ་ལས་གི་གུ་ཕྱིར་ལོག་མིན་གཉིས་ལ་དེ་འདྲའི་སྒྲ་དོན་གྱི་ཁྱད་པར་འབྱེད་དུ་ཡོད་པར་མི་རིགས་ཏེ། དཔེར་ན། བཙན་པོའི་སྐབས་སུ་རྒྱལ་པོའི་བྲང་ནས་བཟོས་པའི་བཀའ་གཙིགས་རྡོ་རིང་ཞོལ་རྡོ་རིང་གི་ལྷོ་ངོས་སུ“བཙན་ཕོ་ཁྲྀ་ལྡེ་གཙུག་རྩན་གྱྀ་རིང་ལའ།། ་་་བཙན་ཕོ་ཡབ་ཁྲྀ་ལྡེ་གཙུག་རྩན་གྱི་སྐུ་ལ་དརད” ཞེས་པའི་གྱྀ་དང་གྱི་གཉིས་འབྲེལ་བ་སྟོན་བྱེད་ཀྱི་སྒྲ་ཡིན་པར་ཁྱད་པར་མེད་དང་། ད་དུང་རྡོ་རིང་དེར་“བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྐུ་ལ་ནི་དར་དུ་ཉེ་་་་་་་་་་་་་བཙན་ཕོ་ཁྲི་སྲོང་ལྡེ་བཙན་གྱྀ་རིང་ལ།།”[[4]]ཞེས་པའི་སྔ་མའི་ཁྲྀ་དང་ཕྱི་མའི་ཁྲི་གཉིས་བཙན་པོ་གཅིག་གི་མཚན་ཡིན་པ་ན་སྒྲ་དོན་སོ་སོ་བ་ཞིག་ལ་དབྱེ་མི་ནུས་པས།  གི་གུའི་ཡིག་གཟུགས་ཀྱི་འབྲི་ཚུལ་མི་འདྲ་བ་ཙམ་ལས་གོ་བ་མི་འདྲ་བ་ཞིག་སུས་ཀྱང་འགྲེལ་ཐབས་མེད་པ་མངོན་གསལ་ཡིན།

རྒྱ་ཡིག་བོད་ཡིག་ལ་ཕབ་པའི་ཡིག་གཟུགས་ཀྱི་འགྱུར་ལུགས་ལས་བལྟས་ན།  རྒྱ་གར་ཡི་གེའི་དབྱངས་ཡིག“इ उ ए ओ”(ཨི་ཨུ་ཨེ་ཨོ)བཅས་གསལ་བྱེད་ཡི་གེ་ལ་དངོས་སུ་ཞུགས་དགོས་ཚེ་དབྱངས་ཡིག་དེ་དག་གི་ཡིག་གཟུགས“िुेो”འདི་ལྟར་མཚོན་བྱེད་ཙམ་དུ་བསྒྱུར་དགོས་ཤིང་། དེ་གསལ་བྱེད་ཡི་གེ“क”(ཀ)ལྟ་བུ་ཞིག་ལ་སྦྱར་བས“कि  कु  के को” (ཀི་ཀུ་ཀེ་ཀོ)གཟུགས་འདི་ལྟར་གྲུབ་པ་ནི་བོད་ཡིག་གི་གསལ་བྱེད་ཡི་གེ“ཀ”ལ་དབྱངས་ཡིག“ིེོུ”བཅས་སྦྱར་ཚུལ་དང་དཔེ་གཅིག་མཚུངས་སུ་ཡོད་པས།  བོད་ཀྱི་དབྱངས་ཡིག་བཞིའང་རྒྱ་གར་གྱི་སྦྱོར་ཚུལ་དེར་ལད་བཟློས་བྱས་པའི་ངེས་ཤེས་མཐོང་བ་ཙམ་གྱིས་འདྲེན་ཐུབ།  ཡིན་ནའང་རྒྱ་གར་དབྱངས་ཡིག“ऋ”(རྀ)དང “ळ” (ལྀ)ལ་འདྲ་བའི་ཡིག་གཟུགས་ཤིག་བོད་ཀྱི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་ལ་མེད་པར་མ་ཟད།    དེ་གཉིས་གསལ་བྱེད“क”(ཀ)ལྟ་བུ་ལ་སྦྱོར་ན“कृ  कल”གཟུགས་འདི་འདྲ་ལས་ཡིག་རྙིང་ཁག་ཏུ་བྱུང་བའི་གི་གུ་ཕྱིར་ལོག་དང་ཅུང་ཟད་ཙམ་ཡང་མི་འདྲ་བ་མངོན་གསལ་ཡིན་མོད།  རྒྱལ་བའི་གསུང་རབ་བོད་ལ་བསྒྱུར་བའི་གོ་རིམ་ཁྲོད་སྒྲ་སོར་བཞག་གི་དགོས་མཁོའམ།  ཡང་ན་བོད་ཀྱི་ཡི་གེའི་ལམ་ནས་རྒྱ་གར་ཡི་གེ་ཚེགས་མེད་དུ་བསླབ་རུང་བའི་དགོས་མཁོར་དམིགས་ཏེ། རྒྱ་གར་ཡི་གེ་སོ་སོའི་སྐད་དོད་དམ་སྒྲ་ཚབ་ཡི་གེའམ་ཡོངས་གྲགས་སུ་སྔགས་ཡིག་ཅེས་པར་རྒྱ་གར་དབྱངས་ཡིག “ऋ” དང “ळ”  གཉིས་ཀའི་སྒྲ་ཚབ་ཏུ་རྀ་དང་ལྀ་གཉིས་གསར་དུ་བཟོས་ཤིང་། དེ་དག་གསལ་བྱེད་ཀ་ལྟ་བུར་སྦྱར་ཚེ་ཀྲྀ་ཀླྀ་ཞེས་གི་གུ་ཕྱིར་ལོག་ལྟ་བུ་ཞིག་བཞག་ཡོད་ཀྱང་།  དོན་གྱིས་རྒྱ་གར་ཡི་གེ་རང་སྟེང་ན་གི་གུ་དང་ཆ་འདྲ་བ་རྡུལ་ཙམ་མེད་ཕྱིར།  དེ་ནི་བོད་ཀྱི་ཡི་གེའི་ར་བཏགས་དང་ལ་བཏགས་ཀྲ་དང་ཀླ་ལ་མི་འཁྲུལ་བའི་ཕྱིར་སྟེང་ལ་དབྱངས་ཨི་ལྟ་བུ་ཞིག་བཏགས་པ་དང་། ཡང་བོད་ཀྱི་ཡི་གེ་ཀྲི་ཀླི་ལྟ་བུ་ར་བཏགས་དང་ལ་བཏགས་ལ་དབྱངས་ཨི་ཞུགས་པ་དང་འཁྲུལ་བ་མི་འབྱུང་ཆེད་དུ་གི་གུ་ཕྱིར་ལོག་ཅིག་བཀོད་པའམ། ཡང་ན་ར་དང་ལ་བཏགས་པ་གཉིས་གསལ་བྱེད་ར་དང་ལ་མ་ཡིན་པར་དབྱངས་ཡིག་ཡིན་པ་གསལ་བའི་ཆེད་དུའང་ཡིན་པས། སྣར་ཐང་ལོ་ཙཱ་བའི་སྔགས་བཀླག་ཐབས་སུ“དེ་བཞིན་དབྱངས་ཀྱི་རྀ་ལྀ་གཉིས།། ར་དང་ལ་རུ་འདོད་པའང་འཁྲུལ།།”[[5]] ཞེས་གསུངས་ཡོད། རྒྱ་གར་རང་གི་གསལ་བྱེད “र ल” (ར་ལ)གཉིས་དང་དབྱངས “ऋ” དང་ “ळ” (རྀ་ལྀ)གཉིས་ཀའི་ཡིག་གཟུགས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་ཀྱང་། བོད་ལ་ཡིག་གཟུགས་ཐ་དད་པ་ཞིག་མེད་ཕྱིར་གསལ་བྱེད་ཀྱི་ར་དང་ལ་གཉིས་ལ་གི་གུ་ཕྱིར་ལོག་མ་སྦྱར་ན་གསལ་བྱེད་ཀྱི་ཡི་གེ་ལས་དབྱངས་ཀྱི་རྀ་ལྀ་མཚོན་མི་ནུས་པ་དང་།  དེ་གཉིས་གསལ་བྱེད་ལ་སྦྱོར་བའི་ཚེ་ནའང་ར་བཏགས་དང་ལ་བཏགས་ལ་གི་གུ་ཕྱིར་ལོག་སྦྱར་ནས་མཚོན་དགོས་པ་ལས།  གི་གུ་ཕྱིར་ལོག་གཅིག་པུར་སྦྱར་བ“ཀྀ”ལྟ་བུས“རྀ་ལྀ”གཉིས་ཀའི་གང་ཡིན་སོ་སོར་དབྱེ་ཐབས་བྲལ་བ་འདིས་ཀྱང་ཡིག་རྙིང་དུ་བཀོད་པའི་གི་གུ་ཕྱིར་ལོག་དེ་རྀ་ལྀ་ལྟ་བུའི་དབྱངས་རང་མཚན་པ་ཞིག་མ་ཡིན་པ་ཤིན་ཏུ་གསལ་བོ་ཡོད།།

བཙན་པོའི་དུས་ཀྱི་ཡིག་རྙིང་ཁག་ཏུ་གི་གུ་ཕྱིར་ལོག་མིན་ཅི་རིགས་འབྱུང་བའི་རྒྱུ་མཚན་ཁོ་བོའི་བརྟག་དཔྱད་འབྲས་བུར། བོད་ཡིག་གི་མ་ཕྱི་རྒྱ་གར་ཡི་གེ་ཡིན་པ་ནི་ལོ་རྒྱུས་ཡོངས་གྲགས་དང་།  མཁས་དབང་དགེ་ཆོས་ཀྱིས“རྒྱལ་ཁམས་ཀྱི་ཡི་གེ་ནི་ད་དུང་ཡང་གུཔྟའི་ཡི་གེ་ཡིན་ལ་དེ་རིམ་གྱིས་འགྱུར་བ་ལས་ད་ལྟ་ཡུལ་དབུས་པ་སོགས་ཀྱིས་ཤས་ཆེར་བྲི་བའི་ནགརའི་ཡི་གེ་འདི་ཉིད་བྱུང་བ་ཡིན་ནོ།།   ་་་་་་་་་བོད་ཡིག་གང་ལ་དཔེ་བྱས་པ་ནི་གུཔྟའི་ཡི་གེ་ཁོ་ན་ཡིན་ཏེ། ཀུན་མཁྱེན་བུ་(སྟོན)སོགས་ཀྱིས་ཀྱང་ནགརའི་ཡི་གེ་ལ་དཔེ་བྱས་གསུངས” [[6]]ཞེས་པ་ལྟར་དེང་གི་ནགརའི་ཡི་གེ་འདི་ཉིད་དང་བོད་ཡིག་གཉིས་སྒྲ་གཟུགས་གང་གི་ཆ་ལའང་འདྲ་མཐུན་མང་བོ་ཡོད་ངེས་ལ་ཡོད་པའང་བལྟས་པ་ཙམ་གྱིས་མཐོང་ཐུབ།  ནགརའི་དབྱངས་ཡིག་གི་ཡིག་གཟུགས་དང་དེ་དག་གསལ་བྱེད་ལ་སྦྱོར་ཚུལ་དེའི་ཐོག་ནས་དཔོག་ཚེ།   ཡིག་རྙིང་ཁག་ཏུ་གི་གུ་ཕྱིར་ལོག་མིན་ཅི་རིགས་འབྱུང་བའི་རྒྱུ་མཚན་ཡང་ཤུགས་ལ་དཔག་རུང་ངོ་།།

ནགརའི་དབྱངས་ཡིག་ལས་བོད་ཀྱི་དབྱངས་ཡིག་ལ་ཐད་ཀར་འབྲེལ་བ་གྲུབ་པ་ནི “अ आ इ ई उ ऊ  ए ऐ  ओ औ”(ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ)བཅས་ཡིན་ལ།   དེ་དག་གསལ་བྱེད་ཀྱི་ཡི་གེར་སྦྱོར་ཆེད་དབྱངས་ཀྱི་ཆ་ཤས་བཟོས་པ་ནི་ནགརའི་དབྱངས་ཡིག་གི་གཟུགས་འདི་འདྲ་ཞིག  “ा िीुूेैोौ”གསལ་བྱེད་“क”(ཀ)ལ་སྦྱར་ན“क का  कि  की कु  कू  के कै  को कौ” (ཀ་ཀཱ་ཀི་ཀཱི་ཀུ་ཀཱུ་ཀེ་ཀཻ་ཀོ་ཀཽ)ལྟ་བུའི་ཡིག་གཟུགས་འབྱུང་བ་ལས་འདོར་ལེན་ཅི་རིགས་བྱས་མཐར་རིང་ཆ་ཅན་རྣམས་དོར་ནས་ལྷག་མའི་ཐུང་ཆ་ཅན “अ इ उ ए  ओ” (ཨ་ཨི་ཨུ་ཨེ་ཨོ)བཅས་ལྔ་བོད་ཀྱི་དབྱངས་སུ་བཟོས་པ་ཡིན་ཚུལ་ལས་སླ་མོར་རྟོགས་ནུས་པ་དང་།  བོད་ལ་ཨ་ཡིག་དབྱངས་སུ་སྦྱར་མི་དགོས་ཕྱིར་རང་གཟུགས་ལྟར་གསལ་བྱེད་དུ་དྲངས་ཤིང་།   ལྷག་མ་གསལ་བྱེད་ལ་སྦྱར་དགོས་པ་དག་ནགརའི་སྦྱོར་ལུགས“िुेो”འདི་ལྟར་དབྱངས་ཀྱི་ཆ་ཤས་འཕྲལ་ནས་བོད་ཀྱི་དབྱངས་ཡིག“ྀེོུ” འདི་དག་བཟོས་པ་དང་།  ནགརའི་དབྱངས་དེ་དག་གསལ་བྱེད་ཀ་ལ“क”སྦྱར་ན “कि  कु  के  को”འབྱུང་བ་ཇི་བཞིན་བོད་ལའང“ཀྀ་ཀུ་ཀེ་ཀོ”བཅས་འབྱུང་བ་ལྟ་བུ་རིགས་པ་མགོ་མཚུངས་སུ་ཡོད་ཅིང་། དེ་དག་ལ་ཕྱིས་ཀྱི་དགོངས་འགྲེལ་མཁན་པོས་དག་གིས་གི་གུ་དང་ཞབས་ཀྱུ། འགྲེང་བུ། ན་རུ་བཅས་ཀྱི་མིང་གི་བརྡ་ཆད་བཏགས་པ་ཡིན་པ་གསལ་བོ་ཡིན།  ཁྱད་པར་དུ་དཔེ་དེ་ལས་མཐོང་བར་ནགརའི་དབྱངས་ཡིག་གི་སྦྱོར་ལུགས་ལྟར་ན། བོད་ཡིག་གི་དཔེ་བཟོས་སའི་དབྱངས་ཡིག་དག་ནི“ीूैौ” (ཨཱི་ཨཱུ་ཨཻ་ཨཽ)བཅས་རིང་ཆ་ཅན་བཞི་མ་ཡིན་པར། “िुेो” (ཨྀ་ཨུ་ཨེ་ཨོ)བཅས་ཐུང་བ་བཞི་ཡིན་པ་སྟེ།  དེ་ལྟ་མ་ཡིན་ན་ནགརའི་དབྱངས་རིང་ཆ་ཅན་གྱི་ཞབས་ཀྱུ “ू” འདི་ལྟར་འོག་ཏུ་ཁ་ལོག་ནས་འབྲི་ཚུལ་དང་། འགྲེང་བུ་དང་ན་རུ་གཉིས“ैौ”འདི་ལྟར་ཀཻ་ཤ་ཅན་ནམ་བརྩེགས་ནས་འབྲི་ཚུལ་ཞིག་བོད་ཡིག་ལ་གནའ་དེང་གང་གི་ཡིག་ཆར་མཐོང་དུ་མེད་ཕྱིར་བརྗོད་པའི་ངལ་བ་མ་དགོས།   དེར་བརྟེན་ནགརའི་དབྱངས་ཡིག་ཐུང་བའི་གི་གུ་ནི“ि”འདི་ལྟར་ལག་པ་གཡས་ནས་གཡོན་དུ་འབྲི་དགོས་པ་ན།  བོད་ཀྱི་ཡི་གེ་ལའང་དང་ནགརའི་དབྱངས་ཐུང་བའི་གཟུགས་དང་འབྲི་ཚུལ་ལྟར་བཟོས་ཕྱིར་གི་གུའི་འབྲི་ལུགས་གཡས་ནས་གཡོན་དུ་འཐེན་ཏེ་གི་གུ་ཕྱིར་ལོག་ཅན“ྀ”འདི་བྱུང་ཞིང་།  བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་ཁག་ཏུ་གི་གུ་ཕྱིར་ལོག་ཅན་མང་བོ་མཐོང་བའི་རྒྱུ་མཚན་མཐར་དེད་ན་དེར་ཐུག་ཡོད་སྙམ།

ཉེ་བའི་དུས་སུ་མཁས་དབང་ཚེ་ཏན་ཞབས་དྲུང་གིས“རྒྱ་གར་གྱི་ལཉྫ་དང་ཝརྟུ་གང་ཡིན་རུང་། དབྱངས་ཨི་ཐུང་གི་སྐབས་སུ་ཡི་གེའི་གཡས་སུ་གི་གུ་འབྲི་དགོས་པ་དང་། དབྱངས་ཨཱི་རིང་གི་སྐབས་སུ་གི་གུ་ཡི་གེའི་གཡོན་དུ་འབྲི་དགོས་པ་ཡིན་ལ།  ཐོན་མིས་བོད་ཡིག་ཐོག་མར་གསར་བཟོའི་སྐབས་སུ་ཚུལ་དེ་དང་མཐུན་པར་དབྱངས་ཨི་ཐུང་ཅན་ལ་གི་གུ་ཡི་གེའི་ཀླད་ནས་ལན་ཝར་ལྟར་དུ་ཕྱིར་ལོག་ཏུ་འབྲི་བ་དཔེར་ན་ཀྀ་འདི་ལྟ་བུ་ཡིན་ངེས་ཤིང་། བོད་ཀྱི་དབྱངས་ཨཱི་རིང་ལ་གི་གུ་ཕར་ལོག་ཚུར་ལོག་ཙམ་གྱིས་བྱ་བ་དེ་མི་འགྲུབ་པས་ཡི་གེའི་གཤམ་དུ་འ་ཆུང་འདོགས་དགོས་པར་བཟོས་པ་དཔེར་ན་ཀཱི་འདི་ལྟ་བུ་སྟེ། གནད་དམ་པ་འདིའི་དབང་གིས་རིམ་གྱིས་བོད་ཡིག་ལ་གི་གུ་ཕྱིར་ལོག་ཅན་མཁོ་མེད་དུ་གྱུར།  དེ་ལྟ་ནའང་སྔོན་གྱི་འབྲི་སྟངས་ལག་བྱང་ལ་སོང་བའི་རྐྱེན་གྱིས་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་ནས་ཀྱང་ཡུན་རིང་རབ་ཅིག་ལ་ལག་བྱང་གི་འབྲི་སྟངས་དེ་རྒྱུན་འབྱམས་སུ་ལུས་པ་མ་གཏོགས།  དགོས་པ་གཞན་ཅི་ཡང་མེད་པར་འཁུམས་སོ།།”[[7]]ཞེས་གསུངས་པ་ལྟར།  རྒྱ་གར་དུ་ཕྱིས་ཙམ་ལ་བྱུང་བའི་ཡིག་གཟུགས་ལན་ཝར་ཡང་འབྲི་ཚུལ་དེ་ལས་མ་འདས་པའོ།།  འོན་ཀྱང་བོད་ཀྱི་དབྱངས་ལ་རིང་ཐུང་གི་རྣམ་གཞག་མེད་ཅིང་།   གོང་སྨོས་བཞིན་གཙོ་བོ་ནགརའི་ཡི་གེའམ་གུཔྟའི་ཡི་གེའི་དབྱངས་ཐུང་བ་དག་ལ་དཔེ་བྱས་ནས་བཟོས་ཀྱང་།   དབྱངས་ཐུང་བའི་ནང་དུའང་བོད་ཀྱིས་དཔེར་བཟོས་པའི་དབྱངས་ཡིག་སྟེང་དུ་འབྲི་དགོས་པ་དག་ལས་གི་གུ་ཕུད།   གཞན་འགྲེང་བུ་དང་ན་རུ་གཉིས“ेो”འདི་ལྟར་ལག་པ་གཡོན་ནས་གཡས་སུ་འཐེན་ཡོད་པ་དང་།  དེ་མིན་དབུ་ཅན་གྱི་གསལ་བྱེད་དག་ཀྱང་མགོ་བཀོད་དེ་གཡོན་ནས་གཡས་སུ་འབྲི་བ་ལག་ལ་བྱང་སླ་ཞིང་འབྲི་སྟབས་བདེ་བ་ཆོས་ཉིད་ཡིན་ཙ་ན།   དེ་ལས་ལྡོག་པའི་གི་གུ་ཕྱིར་ལོག་གི་འབྲི་ལུགས་དེའང་རིམ་གྱིས་དོར་ནས་དེང་གི་འབྲི་ལུགས་ལྟར་བྱུང་བ་ཡིན་པ་ནི་ཆོས་ཉིད་དང་མཐུན་སྙམ་མོ།།

ཡང་རྒྱུ་མཚན་གཞན་ཞིག་ཏུ་མཁས་དབང་དགེ་ཆོས་ཀྱི་དགོངས་བཞེད་ལྟར་བོད་ཀྱི་ཡི་གེའི་མ་དཔེ་ལེན་ས་གུཔྟའི་ཡི་གེ་ཡིན་པའི་དབང་དུ་བཏང་ན།  ཁོང་གི་དངོས་ཐོག་བདེན་འཚོལ་གྱིས་དཔེར་བཀོད་པའི་གུཔྟའི་ཡི་གེ་དེ་དག་གི་དབྱིབས་གཟུགས་བོད་ཀྱི་དབུ་མེད་དང་མཚུངས་པ་སྟེ། དཔེར་ན།  ཏ་ཐ་ད་ན། པ་ཕ་བ་མ་བཅས་དབུ་མེད་ཀྱི་“ཏ་ཐ་ད་ན་པ་ཕ་བ་མ”ལྟ་བུ་མགོ་མེད་ཅིང་ལག་པ་གཡས་ནས་གཡོན་དུ་འཐེན་པ་ལྟར་སྣང་།  དེ་བཞིན་རང་རེའི་བཙན་པོའི་སྐབས་ནས་ཤུལ་ལྷག་ཏུ་གྱུར་བའི་ཡིག་ཚང་དག་ཀྱང་མགོ་བཀོད་པ་མི་གསལ་ཅིང་རྐང་བ་དེ་འདྲའི་དྲང་བོ་མེད་པ་སོགས་དབུ་མེད་ཀྱི་གཟུགས་དང་ཤིན་ཏུ་ཉེ་བ་མང་བོ་ཞིག་མཐོང་བ་མངོན་སུམ་སྣང་ངོར་ཡོད།  བོད་ཀྱི་ཡི་གེའི་འབྲི་ལུགས་ནི་ཐོག་མར་དབུ་མེད་ཀྱི་འབྲི་ལུགས་ལྟར་ལག་པ་གཡས་ནས་གཡོན་དུ་འབྲི་བ་ནས་རིམ་གྱིས་དབུ་ཅན་གྱི་འབྲི་ལུགས་ལྟར་ལག་པ་གཡོན་ནས་གཡས་སུ་འབྲི་བའི་རྣམ་པར་འཕེལ་བ་ཞིག་དེང་དུས་ཀྱི་ཞིབ་འཇུག་པ་འགས་བཞེད་ཀྱིན་ཡོད་པ་སྟེ། «བོད་བཙན་པོ་དུས་སྐབས་ཀྱི་བརྡ་རྙིང་ཡིག་ཆ་དཔྱད་གླེང་»ལས“བོད་ཡིག་འདི་རྒྱ་གར་དང་ཞང་ཞུང་ཡི་གེ་སོགས་སྒྲ་སྦྱོར་ཡི་གེ་གང་ལས་བྱུང་ཡང་རུང་། དེ་དག་གི་གདོད་མའི་ཡི་གེའི་ཁྱད་ཆོས་གཡས་ནས་གཡོན་དུ་འབྲི་བའི་ལུགས་འབའ་ཞིག་ལས་མ་འདས”ཞེས་དང་། ཡང་དེར“བོད་ཀྱི་ཡི་གེའི་འབྲི་ལུགས་ཀྱི་ཐོག་མ་དེ་དབུ་མེད་ནས་དར་བར་བཤད་ན་གོང་ནས་དྲངས་པའི་སྣང་ཚུལ་དེ་དག་དང་མཐུན་ཞེས” [[8]]བསྟན་ཡོད་ཅིང་།  དབུ་ཅན་དང་དབུ་མེད་གཉིས་ཀྱི་འབྲི་ལུགས་ཁྱད་ཆོས་ལའང«ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་»ལས། “བོད་ཡིག་དབུ་ཅན་ནི་མགོ་བཀོད་དེ་འབྲི་བ་པོའི་གཡོན་ངོས་ནས་གཡས་ཕྱོགས་སུ་འཐེན་དགོས་པ་དང་། དབུ་མེད་ཀྱི་མགོ་བཀོད་དེ་ཕལ་ཆེར་གཡས་ཕྱོགས་ནས་གཡོན་ངོས་སུ་འཐེན་དགོས་པ་དེ་རེད་” [[9]]ཞེས་པ་ལྟར་དབུ་མེད་ཕལ་མོ་ཆེ་གཡས་ནས་གཡོན་དུ་འབྲི་བ་རྒྱུགས་ཆེ་བ་ཡིན་ཕྱིར་ཡིག་རྙིང་ཁག་ཏུ་གི་གུ་ཕྱིར་ལོག་འབྲི་བ་མང་བོ་མཐོང་བའི་རྒྱུ་མཚན་དེར་རགས་ལས་ཤིང་།   རིམ་གྱིས་ཡི་གེ་འབྲི་ལུགས་དབུ་ཅན་གྱི་ཡིག་གཟུགས་གསར་དུ་བྱུང་ནས་ཡིག་ཆ་ཕལ་མོ་ཆེ་དབུ་ཅན་གྱིས་འབྲི་བའི་ཕྱོགས་སུ་བསྐྱོད་ཙ་ན་དབུ་ཅན་གྱི་དབྱངས་གསལ་ཡི་གེའི་འབྲི་ལུགས་གཙོ་ཆེ་བ་ལག་པ་གཡོན་ནས་གཡས་སུ་བྲིས་པ་ཡིན་ཕྱིར། སྔར་གྱི་གི་གུ་ཕྱིར་ལོག་འབྲི་བའི་ལུགས་རིམ་གྱིས་ཉམས་པར་སྨྲས་ནའང་རྒྱུ་མཚན་ཞིག་ཏུ་འགྲོ་སྙམ་མོད།  ཁོ་བོའི་དཔོག་ཚོད་ལ་རྒྱུ་མཚན་སྔ་མ་དོན་དངོས་ལ་ཉེ་ཞིང་གནས་ལུགས་དང་མཐུན་སྙམ་པས་དཔྱོད་ལྡན་དག་གིས་དཔྱད་པར་འཚལ།།

གཉིས།  ཚིག་ཕྲད་གྱི་སྦྱོར་ཚུལ་ལས་བཙན་པོའི་སྐབས་ཀྱི་ཡིག་སྦྱོར་དང་མི་འགལ་ཚུལ།

སྤྱིར«སུམ་ཅུ་པར»དངོས་སུ་བསྟན་པའི་ཚིག་ཕྲད་ཀྱི་ཡི་གེ་རེ་རེ་བཞིན་རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་སོགས་སུ་གཅིག་ཀྱང་མ་ལུས་པར་འཚོལ་ཐུབ་པ་ཡིག་ཆ་དེ་དག་ལ་གཟིགས་ཡོད་མཁན་ཞིག་ཡིན་ཕྱིན་མངོན་སུམ་གྱི་མྱོང་བྱར་གྲུབ་པས་བརྗོད་པའི་ངལ་བ་མི་དགོས་ཀྱང་།  འདིར་དཔེ་མཚོན་ཙམ་དྲངས་ན། དབོན་ཞང་འདུམ་པའི་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ་ལས། “བོད་བོད་ཡུལ་ན་སྐྱིད་རྒྱ་རྒྱ་ཡུལ་ན་སྐྱིད་པའི་སྲིད་ཆེན་པོ་སྦྱར་ནས་གཙིགས་བཅས་པ་འདྀ།།ནམ་ཞར་མྱྀ་འགྱུར་བར།།དཀོན་མཆོག་གསུམ་དང་།། འཕགས་པའྀ་རྣམས་དང་གཉྀ་ཟླ་དང་གཟ་སྐར་ལ་ཡང་དཔང་དུ་གསོལ་ཏེ།།ཐ་ཚྀག་གྀ་རྣམས་པས་ཀྱང་བཤད།། སྲོག་ཆགས་བསད་དེ་མནའ་ཡང་བོར་ནས།། གཙིགས་བཅས་སོ།། གཙིགས་འདི་བཞིན་དུ་མ་བྱས་སམ།། བཤྀག་ན།། བོད་རྒྱ་གཉིས་གང་གིས་སྔར་ཉེས་པ་ལ་སྡིག་ཅིང་།། ལན་དུ་དཀུ་སྒྱུ་ཅྀ་བྱས་ཀྱང་གཙིགས་བཤིག་པ་ལ་མ་གཏོགས་སོ།།”[[10]]ཞེས་པའི་ཚིག་དེ་ལ«སུམ་ཅུ་པར»དངོས་སུ་བསྟན་པའི་ཚིག་ཕྲད་སླར་བསྡུ་དང་ལ་དོན། ཨི་ལྡན། ཚིག་རྒྱན། ལྷག་བཅས། འབྱེད་བསྡུད། འབྱུང་ཁུངས་དང་།  ནི་སྒྲ་དང་།   དང་སྒྲ།  དེ་སྒྲ།  སྤྱི་སྒྲ།  བདག་སྒྲ།  དགག་སྒྲ་བཅས་ཚིག་ཕྲད་ཀྱི་སྡེ་ཚན་བརྒྱད་བཤད་པ་དག་ལས་གཅིག་ཀྱང་མ་ལུས་པར་རེ་རེ་བཞིན་ར་འཕྲོད་ཐུབ་ཅིང་།  ཁྱད་པར་དུ་དེང་སང་སྦྱོར་ཚུལ་མེད་ཅིང་དགོངས་འགྲེལ་བསྟན་བཅོས་དག་གིས་འགྲེལ་ཐབས་མ་བྱུང་བའམ་ཁ་བསྒྱུར་བའི་དགོས་བྱུང་བའི་ཚིག་ཕྲད་ལས་སྒྲ་སྡུད་པ་ལ་འཇུག་པ་དང་། ཕོ་སྒྲ་བདག་པོ་སྟོན་པར་འཇུག་པའི་སྦྱོར་ལུགས་རེ་འགའ་བཀའ་གཙིགས་རྡོ་རིང་དང་ཏུན་ཧོང་ཤོག་དྲིལ་དག་གིས་དངོས་སུ་བདེན་དཔང་བཅོལ་ཐུབ་པ་སྟེ། དཔེར་ན།  རྡོ་རིང་དག་ལས་སྔ་ཤོས་ཞོལ་རྡོ་རིང་དང་ཏུན་ཧོང་ཤོག་དྲིལ་ལས་སྲོང་བཙན་དང་མང་སྲོང་མང་བཙན་གྱི་དོན་ཆེན་གནད་བསྡུས་སོགས་སུ་བཙན་པོ་དང་རྒྱལ་པོ་ལྟ་བུའི་བདག་པོའི་དོན་ཅན་མང་བོ་བཙན་ཕོ་དང་རྒྱལ་ཕོ་ཞེས་ཕོ་ཡིག་གིས་བསྟན་པ་ནི་རྩ་བའི་བསྟན་བཅོས་གཉིས་སུ་བསྟན་པའི་པུ་ལིངྒའི་སྒྲས་བདག་པོ་བསྟན་ལུགས་དང་དངོས་སུ་མཐུན་པ་སྟེ།  «སི་ཏུའི་འགྲེལ་ཆེན»དུ“པུ་ལིངྒ་དང་སྟྲཱི་ལིངྒ་ཞེས་པའི་དོན་ཀྱང་བོད་ཡུལ་དུ་གྲགས་པའི་ཐ་སྙད་ལ་བྱེད་པ་པོ་དང་ཞི་བ་པ་ལྟ་བུའི་པ་པོའི་སྒྲས་སྐྱེས་པ་མཚོན་ཞིང་དེ་ལས་ལྡོག་སྟེ། བྱེད་པ་མོ་དང་ཞི་བ་མ་ལྟ་བུའི་མ་མོའི་སྒྲས་བུད་མེད་མཚོན་པར་བྱེད་པའི་རྒྱུ་མཚན་གྱིས་སྒྲ་དེ་དང་དེ་དག་ལ་སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་ཀྱི་མིང་གིས་བསྟན”[[11]] ཞེས་པུ་ལིངྒ་ཞེས་པ་ཕོ་ཡིག་ལ་གོ་དགོས་པ་ཤུགས་ལ་གོ།  ལས་སྩོགས་ལྟ་བུ་ལས་སྒྲ་སྡུད་པར་འཇུག་ལུགས་དང་དངོས་སུ་མཐུན་པ་ལྟ་བུ་མང་བོ་མཐོང་དུ་ཡོད་པ་དག་གིས་བསྟན་བཅོས་འདི་གཉིས་བཙན་པོའི་དུས་ཀྱི་ཡིག་སྦྱོར་དང་མི་འགལ་བའི་བདེན་དཔང་བྱས་ཡོད་དོ།།

ཡིན་ནའང་། «སུམ་རྟགས»ཀྱི་རྩ་ཚིག་རང་དུ་ཚིག་ཕྲད་གསལ་ཁ་ཆོད་པ་དང་འཐུས་ཚང་བ་ཞིག་བཏོན་མེད་པར་མ་ཟད། ཚིག་ཕྲད་ཀྱི་སྦྱོར་ཚུལ་དེ་བས་ཀྱང་གསལ་ཁ་ཆོད་པ་ཞིག་མ་གསུངས་ཕྱིར།  «སི་ཏུའི་འགྲེལ་ཆེན»དུ“ར་མཐར་རུ་འཇུག་པ་སོགས་མི་འདོད་བཞིན་དུ་ཁས་ལེན་པ་དང་།་་་་་སྦྱོར་ཚུལ་དེ་ནི་གཞུང་འདི་ཉིད་ཀྱི་གོང་འོག་གཞན་དང་རྟགས་འཇུག་སོགས་ལས་ཀྱས་རྗེས་སུ་དཔག་ནུས་པར་དགོངས་ནས་གཞུང་ཟོར་ཡང་བའི་ཆེད་དུ་དངོས་སུ་མ་བསྟན་པར་ཟད་པས་སྐྱོན་དུ་ཅི་འགྱུར”[[12]]ཞེས་ཚིག་ཕྲད་ཀྱི་སྦྱོར་ལུགས་ཤུགས་བསྟན་ལས་དངོས་བསྟན་དུ་འདོད་མི་རིགས་ཚུལ་ལུང་རིགས་གཉིས་ཀྱིས་དགག་བཞག་མཛད་ཡོད་པས། ཡིག་རྙིང་རང་ལ་འཕྲད་ཀྱི་འདྲེན་ཚུལ་ཐད་རྗེས་འཇུག་ལ་ལྟོས་པའི་ཚིག་ཕྲད་དག་ད་ལྟའི་སྦྱོར་ལུགས་ལྟ་བུའི་ངེས་པ་ཡོད་པ་ཞིག་མ་ཡིན་པར། ཅི་བསམ་ཅི་འདོད་ལྟར་སྦྱར་ཡོད་པ་ལྟ་བུ་མང་བོ་མཐོང་བའི་རྒྱུ་མཚན་ཀྱང་མཐར་གཏུགས་ན།  རྩ་བའི་བསྟན་བཅོས་རང་ཉིད་དུ་ཁ་གསལ་བོར་གསུངས་མེད་པའི་རྐྱེན་གྱིས་ཡིན་པ་ཤུགས་ལ་གོ་ནུས་པ་ལས།  སྤྱིའི་ཆ་ནས«སུམ་རྟགས»གཉིས་སུ་བསྟན་པའི་ཚིག་ཕྲད་ཕལ་མོ་ཆེ་བཀའ་གཙིགས་ཡི་གེ་དང་ཏུན་ཧོང་ཤོལ་དྲིལ་སོགས་ཀྱི་སྦྱོར་ཚུལ་དང་མཐུན་ཡོད། ཁྱད་པར་དུ་རྩ་བར་ཚིག་ཕྲད་ཏུ་ལྟ་བུ་དངོས་བསྟན་དུ་མེད་པ་ཇི་བཞིན།  བཀའ་གཙིགས་རྡོ་རིང་ཡི་གེ་སོགས་བཙན་པོའི་བཀས་བཅད་པའི་ཚད་ལྡན་ཡིག་ཆར་ག་བ་ད་དྲག་བཅས་ཀྱི་མཐར་དུ་ཡིག་རྒྱ་ཁྱབ་ཏུ་སྦྱོར་བ་ལས་ཏུ་ཡིག་སྦྱར་བ་མཐོང་དཀའ་བར་ཡོད།  དཔེར་ན། ཞོལ་རྡོ་རིང་གི་གཙིགས་ཀྱི་ཡི་གེར“ཤ་ཁོན་གྱི་བག་དུ་སྲོད་སྲིད་ལ་་་་་་་བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྐུ་ལ་ནི་དརད་དུ་ཉེ།། བོད་མགོ་ནག་པོའི་སྲིད་ནི་འཁྲུག་དུ་བྱེད་པ” [[13]]ཞེས་དང་། དབོན་ཞང་རྡོ་རིང་དུའང“སྲིད་གཅྀག་དུ་མོལ་ནས།  བཙན་པོའི་ཁབ་དུ་བླངས།། ཆབ་སྲིད་གཅྀག་དུ་མོལ” [[14]]ཞེས་པ་ལྟ་བུ་ཚད་ལྡན་གྱི་ཡིག་ཁུངས་མང་བོ་འདྲེན་དུ་ཡོད་དོ།།

དེར་བརྟེན་ཨི་ལྡན་སོགས་ཀྱི་སྦྱོར་ཚུལ་ཏུན་ཧོང་ཡིག་རྙིང་སོགས་སུ་གཅིག་མཐུན་མེད་པའང་རྒྱུ་མཚན་དེར་རག་ལས་སྙམ། འོན་ཀྱང་ད་སྔར་མཐོང་ཚད་ཀྱི་ཡིག་ཆ་དེ་དག་ནི་བོད་ཀྱི་ཡི་གེ་བེད་སྤྱོད་ངེས་ཅན་བྱེད་བཞིན་པའི་སྐབས་ཀྱི་ཡིག་ཆ་ཡིན་ཙ་ན། རྩ་བ་རང་ལས་ཕྱོགས་ཙམ་ཡང་མ་བསྟན་པའི་ཚིག་ཕྲད་ཅིང་ལ་སོགས་པ་མང་བོ་ཞིག་བཀའ་གཙིགས་ཡི་གེ་དེར་མཐོང་དུ་ཡོད་པ་དང་།   ཁྱད་པར་དུ་རྩ་བའི་བསྟན་བཅོས་གཉིས་ལ་དངོས་བསྟན་དུ་ཡོད་པ་བཙན་པོའི་སྐབས་ཀྱི་ཡིག་སྦྱོར་ལ་ངེས་པ་མེད་པ་རེ་འགའ་མཐོང་བའི་རྒྱུ་མཚན་ཡང་།  སྔ་མའི་དབང་དུ་བཏང་ན་རྩ་བའི་བསྟན་བཅོས་འདི་གཉིས་བོད་ཀྱི་ཡི་གེའི་སྦྱོར་ལུགས་སྟོན་པའི་བསྟན་བཅོས་ཐོག་མ་ཡིན་ན། དེར་མ་ཚང་བ་མང་བ་ནི་ཆོས་ཉིད་ཡིན་པས།  རྩ་བའི་བསྟན་བཅོས་གཉིས་ལ་ཚིག་ཕྲད་མ་ཟད་གསལ་བྱེད་ཀྱི་སྦྱོར་ལུགས་ལའང་མགོ་འདོགས་སྐོར་ཕྱོགས་ཙམ་བསྟན་མེད་ཀྱང་ཡིག་རྙིང་དེ་དག་ཏུ་རྒྱ་ཁྱབ་སྒོས་བེད་སྤྱོད་བྱེད་བཞིན་ཡོད་པས་སྐྱོན་དུ་མི་འགྱུར་བར་མ་ཟད་རྩ་བའི་བསྟན་བཅོས་གཉིས་བརྩམས་པ་སྔ་བའི་སྒྲུབ་བྱེད་དུའང་གྱུར་ཡོད། ཕྱི་མའི་དབང་དུ་བཏང་ན། རྩ་བའི་བསྟན་བཅོས་འདི་གཉིས་ལ་ཕྱིས་ཀྱི་མཁས་པས་འཕྲི་སྣོན་ཅི་རིགས་བྱས་ཡོད་པ་དབུས་བ་བློ་གསལ་གྱི་སུམ་རྟགས་གཉིས་ཀའི་འགྲེལ་བར“དེ་ལྟར་བཤད་འདིས་དེང་ནས་འདིར།། ཀུན་གྱིས་དེ་ལྟར་རྟོགས་གྱུར་ཅིག་་་་་ཚིགས་སུ་བཅད་པ་འདི་གཉིས་ནི་ཕྱིས་གཞན་གྱིས་བྱས་པའོ།།་་་་་་སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ།།་་་་་་འདི་ནི་ཕྱིས་གཞན་གྱིས་བཅུག་པའོ།།  དེ་ཕྱིར་སྨྲ་བའི་དབང་ཕྱུག་གི།། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག།་་་་་རྐང་པ་གཉིས་པོ་འདིའང་ཕྱིས་གཞན་གྱིས་བཅུག་པའོ།།”[[15]] ཞེས་པ་འདི་ལས་རྟོགས་ནུས་ཤིང་།  རྩ་བ་རང་ལས་བསྟན་པའི་ཨི་ལྡན་གྱི་ཚིག་ཕྲད་དག་ནི་དེའི་དཔེ་མཚོན་ཞིག་ཏུ་སེམས།  རྒྱུ་མཚན། གཅིག་ཏུ་མགོ་འདོགས་ཀྱི་ཡི་གེ་ནི་ཡི་གེ་བེད་སྤྱོད་ཀྱི་འཕེལ་རིམ་ཁྲོད་གསར་དུ་བཟོས་པ་ཞིག་ལས་སློབ་དཔོན་རང་གི་ཐོག་མའི་དགོངས་པ་མིན་པ་བསྟན་བཅོས་འདི་གཉིས་ལ་མགོ་འདོགས་ཀྱི་སྦྱོར་བ་ཟུར་ཙམ་ཡང་མ་སྨྲོས་པ་ལས་རྟོགས་ནུས་པས། ཁོང་གིས་བསྟན་པའི་འབྲེལ་སྒྲ་དངོས་ལ་གི་འི་དག་ལས་ཀྱི་གྱི་སོགས་བསྟན་མེད་པར་སེམས།  དཔེར་ན། ཏུན་ཧོང་ཤོག་དྲིལ་ནང་“སེ་བོར་རྫུས་ཏེ་ཟེར་བ་དང་དང་ནུབ་གི་འོན་ལ་གཡང་་་་་་་་ཉི་མ་པྱེམ་སུམ་གི་སྒང་ལ་་་་་་ བཙག་སྨར་གི་ཐིག་ལེ་་་་་་་་གནམ་གི་ཕ་མཐ་དགུང་གི་་་་་་་རྫངས་དང་ཐུབསུ་གཚོས་གི་བྲ་ང” [[16]]ཞེས་ཤོལ་དྲིལ་ལས་ཡིག་སྦྱོར་ཅུང་རྙིང་ཤོས་སུ་མཐོང་བ་དག་ཏུ་ཀྱི་དང་གྱིའི་དོད་དུ་གི་སྦྱོར་མང་བོ་ཞིག་འདྲེན་དུ་ཡོད།   དེ་བཞིན་རང་རེའི་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་དངོས་ལས་ཀྱང་ཀྱི་གྱི་ཀྱིས་གྱིས་སོགས་ཀྱི་སྒྲ་མི་ཐོན་ཚུལ་ཤིན་ཏུ་གསལ་བོར་ཡོད་པས། སློབ་དཔོན་ཀྱིས་བོད་ཀྱི་ཡི་གེ་དང་ཚིག་ཕྲད་བཟོས་པའི་རྩ་བ་སྐད་ལ་བརྟེན་པ་ཡིན་ཚུལ་ནི་རིགས་སྨྲ་བ་ཀུན་ཀྱི་འདོད་ཕྱོགས་ཡིན་པའོ།།

འོན་ཀྱང་ཚིག་ཕྲད་དེ་དག་ནི་མགོ་འདོགས་ཀྱི་རྣམ་གཞག་བྱུང་བ་དང་ཡི་གེའི་ཚད་ལྡན་དུ་འཕེལ་བའི་རིམ་པ་ལས་བྱུང་བ་ཡིན་པར་གོར་མ་ཆག།  གཉིས་སུ་རྩ་བ་རང་ལས། “དང་བོ་གཉིས་ལ་དང་བོ་མཐུན།། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།། བདུན་པ་ཉིད་ལ་བདུན་པ་སྟེ།། ལྷག་མ་རྣམས་ལ་གྱ་སྦྱར་བ།།” ཞེས་པའི་དངོས་ཚིག་ལས་དཔྱད་ན་ཀྱ་དང་གྱ་གཉིས་ཡི་གེ་དངོས་ལས་བསྟན་པར་མ་ཟད། ཚིག་ཕྲད་དེ་དག་གི་འཇུག་ཡུལ་ཀྱང་ཤིན་ཏུ་གསལ་བོར་འཁོད་ཡོད་པ་འདི་ནི་རྩ་བའི་གཞུང་སྤྱིའི་འབྲི་ལུགས་དང་ཤིན་ཏུ་ཐ་དད་དུ་གྱུར་བ་ཞིག་སྟེ།  གལ་སྲིད་དེ་ལྟ་ཡིན་ཕྱིན་ཚིག་ཕྲད་གཞན་ཐམས་ཅད་ཀྱང་ཡི་གེ་དངོས་ཀྱིས་བསྟན་ཞིང་འཇུག་ཚུལ་ད་ལྟའི་དགོངས་འབྲེལ་དག་དང་མཚུངས་པར་ཤིན་ཏུ་ཁ་གསལ་ཞིང་གོ་བདེ་བ་ཞིག་གིས་བསྟན་རིགས་པ་ལས།    ལ་དོན་ལ་སོགས་པའི་ཚིག་ཕྲད་གཞན་ཐམས་ཅད་ཡི་གེ་རང་སྟེང་ནས་མི་བསྟན་པར་ཨང་ཀིས་བསྟན་པ་དང་། ཕྲད་ཀྱི་འཇུག་ཚུལ་ཡང་གསལ་བོར་མི་བསྟན་པའི་དགོས་པ་ཅི་ཡང་མ་མཆིས་པས།  ཁོ་བོས་དཔོག་ན་དང་ཐོག་དངོས་སུ་བསྟན་པའི་ཨི་ལྡན་གྱི་ཕྲད་དངོས་ནི་གི་དང་འི་གཉིས་ཡིན་ལ་ཚིག་ཕྲད་དེ་གཉིས་བསྟན་ཚུལ་ཀྱང་གཞན་དག་དང་གཅིག་པ་ཆགས་ཡོད་པ་སྟེ། དང་བོ་གཉིས་ལ་དང་བོ་མཐུན།། བདུན་པ་ཉིད་ལ་བདུན་པ་སྟེ།། ཞེས་སྡེ་ཚན་དང་གྲངས་ཀྱིས་བསྟན་ཡོད།   ད་དུང་རྩ་བའི་བསྟན་བཅོས་འདིར་དངོས་བསྟན་དུ་མེད་ཅིང་སི་ཏུའི་འགྲེལ་ཆེན་སོགས་སུ་ཤུགས་བསྟན་དུ་འདོད་པའི་འབྲེལ་སྒྲ་ཡི་ལྟ་བུར་མཚོན་ན། ཁོ་བོས་བཀའ་གཙིགས་རྡོ་རིང་དང་བྲག་བརྐོས་ཡི་གེ། ཅོང་ཡིག་བཅས་གཞན་གྱི་སོར་མོས་བསྒྱུར་བཅོས་མ་ཐེབ་པའི་ཡིག་རྙིང་ཤུལ་བཞག་བཤུ་འབྲི་བྱས་པ་མཐོང་ཚད་ཚིག་འབྲུ་རེ་རེ་འབྲུ་འདེད་བྱས་རུང་། རྩ་བར་མ་བསྟན་པའི་འབྲེལ་སྒྲ་ཡི་བེད་སྤྱོད་ཡོད་པ་རྡོག་མ་གཅིག་མིག་ཐོགས་མ་བྱུང་བས་བསྟན་བཅོས་གཉིས་ཡིག་རྙིང་དང་མི་འགལ་བར་བདེན་དཔང་བྱས་སྙམ། འོན་ཀྱང་ཨི་ལྡན་གྱི་ཕྲད་འདི་དག་ལ་ཕྱིས་ཀྱི་མཁས་པས་བཟོས་བཅོས་དང་ཁ་སྣོན་བཏང་བའི་རྐྱེན་གྱིས་ཕྲད་འདི་དག་གི་སྒྲའི་ཐོབ་ཚུལ་ཡང་བཀས་བཅད་གསུམ་པའི་རྗེས་ཀྱི་དགོངས་དོན་དང་མཐུན་པར་གསལ་བོས་བསྟན་པའང་ལ་དོན་སོགས་ཕྲད་གཞན་དག་གི་བསྟན་ལུགས་དང་གཏན་ནས་མི་མཚུངས་ཤིང་།  སྒྲའི་སྦྱོར་ཚུལ་དེ་ནི་བཙན་པོའི་སྐབས་ཀྱི་ཡིག་རྙིང་དག་གི་ཚིག་ཕྲད་ཀྱི་སྦྱོར་ལུགས་དང་མི་མཐུན་པའི་རྒྱུ་མཚན་དེར་རགས་པར་འཁུམས།

དེས་ན་བོད་ཀྱི་ཚིག་ཕྲད་ཀྱི་སྦྱོར་ལུགས་དེང་སྐབས་དང་གཅིག་པ་ཆགས་པའི་དུས་སྐབས་ནི་སྐད་གསར་གཅད་ཐེངས་གསུམ་པའི་ནང་གི་རྔོག་བློ་ལྡན་ཤེས་རབ་ཀྱི་སྐབས་ཐོག་ཡིན་པར་སེམས་ཏེ།    ཁོང་གིས་བརྩམས་པའི«དག་ཡིག་ཉེར་མཁོ་བསྡུས་པ»ཡི་ནང་དུ།  “ད་བ་ས་ཀྱི་ག་ང་གི། ན་མ་ར་ལ་གྱི་སྟེ་དཔེར།། ཞེས་དང་། འ་དང་རྐྱང་བ་འདོགས་ཅན་གྱི།། རྗེས་སུ་འི་འཐོབ་ཚིག་བཅད་ཀྱི།། ཡི་གེ་མ་ཚང་ཡི་འཐོབ་དཔེར།།”[[17]]ཞེས་དཔེར་བརྗོད་དང་བཅས་ཤིན་ཏུ་ཁ་གསལ་ཞིང་དེང་དུས་ཀྱི་སྦྱོར་ལུགས་དང་གཅིག་པ་གཅིག་རྐྱང་ཞིག་བཀོད་ཡོད་མོད།     ཁོང་གི་ཡར་ཐོག་དུས་རབས་བཅུ་བའི་སྨད་ཙམ་ལ་བྱོན་པའི་སྨྲྀ་ཏི་ཛྙཱ་ན་ཀིརྟིས་བརྩམས་པའི«སྨྲ་སྒོའི་མཚོན་ཆར» “ཀྱི་ནི་འབྲེལ་བའི་ཚིག་ཡིན་ཏེ།། ཀྱིས་ནི་བྱེད་པར་འདོད་པ་ཡིན།།”[[18]]ཞེས་པ་ཙམ་ལས་ཚིག་ཕྲད་ཀྱི་ཐོབ་ཚུལ་གསར་བོར་མ་བསྟན་པ་དེ་ལས། «སྨྲ་སྒོ»རྩོམ་པའི་སྐབས་ཐོག་དེར་ད་དུང་སྦྱོར་ལུགས་གཅིག་མཐུན་ཡོང་མེད་པ་ཚོད་དཔག་ཐུབ།  དེའི་ཕྱིར་ཚིག་འཕྲད་ཀྱི་སྦྱོར་ལུགས་སྐབས«སུམ་རྟགས»གཉིས་བཙན་པོའི་སྐབས་ཀྱི་སྦྱོར་ལུགས་དང་མི་མཐུན་པར་སྨྲ་བ་ནི་གཙོ་བོ་སྐད་གསར་བཅད་གསུམ་པའི་རྗེས་ཀྱི་འགྱུར་བཅོས་དང་དེའི་རྗེས་ཀྱི་དགོངས་འགྲེལ་ཁོ་ན་གཙིགས་སུ་བཟུང་བས་ནོངས་པ་ཡིན་པ་རྟོགས་ནུས་སོ།།

གསུམ། སྔོན་འཇུག་གི་འཇུག་ཚུལ་ལས་བཙན་པོའི་སྐབས་ཀྱི་ཡིག་སྦྱོར་དང་མི་འགལ་ཚུལ།

ད་སྔར་མཁས་པ་མང་ཆེ་བས«སུམ་རྟགས»གཉིས་བཙན་པོའི་སྐབས་ཀྱི་ཡིག་སྦྱོར་ལ་མི་མཐུན་སྙམ་པའི་སྣང་ཚུལ་གཙོ་བོ་ཞིག་ནི་སྔོན་འཇུག་གི་འཇུག་ཚུལ་ཐོག་ཏུ་ཡོད་པ་སྟེ།   དེ་ཡང་རྟགས་ཀྱི་འཇུག་པའི་རྩ་བར་སྔོན་འཇུག་གང་ལ་འཇུག་པ་དང་གང་གིས་འཇུག་པ།  ཞར་བྱུང་དུ་མི་འཇུག་པ་བཅས་གནད་དུ་བཟུང་ནས་འཆད་ཡོད་ཅིང་།    དེ་ལ་བ་ཡིག་ཕོ་དང་ག་ད་གཉིས་མ་ནིང་།  འ་མོ་ཡིག    མ་ཤིན་ཏུ་མོ་ཡིན་པར་དགོངས་འགྲེལ་ཐམས་ཅད་གཅིག་མཐུན་ཡོད་ཀྱང་།  དེ་ལྟར་འགྲེལ་བ་ལ་མིག་སྔར་ཁོ་བོས་མཐོང་བའི་སུམ་རྟགས་གཉིས་ཀྱི་དགོངས་འགྲེལ་བསྟན་བཅོས་ཆེས་སྔ་ཤོས་ནི་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་ཞེས་དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད་གཉིས་པར་བཀོད་པའི་ཚིག་སྦྱོར་ད་ལྟའི་སུམ་རྟགས་གཉིས་ཀྱི་རྩ་བ་ཇི་མ་ཇི་བཞིན་ཡོད་པ་ཞིག་ལ་གུག་རྟགས་སུ་མཆན་འགྲེལ་བཀོད་པ་སྟེ།  དཔེར་ན། “སྔོན་འཇུག་ཡི་གེ་སྔ་བོ་ལ།། ཕོ་(བ)དང་མ་ནིང་(ག་ད)མོ་(འ)དང་ནི།།  ཤིན་ཏུ་མོ་(མ)དང་བཞི་རུ་དབྱེ།།”[[19]]  ཞེས་པ་ལྟར་གང་ལ་འཇུག་པ་དང་གང་གིས་འཇུག་པ་ཐམས་ཅད་གུག་རྟགས་ནང་གསལ་ཁ་བཏོན་ཡོད་པ་དེ་ཉིད་དང་། གཞན་ཁོང་གིས་བརྩམས་པའི«ཡི་གེ་སྦྱོར་བར»ཅུང་ཁ་གསལ་དུ་བཏང་ཡོད་པའི་དགོངས་པའང་ཞིབ་ཏུ་བརྟག་ན་དབྱེ་ཚུལ་འདི་དང་མཐུན་པ་སྟེ། «ཡི་གེ་སྦྱོར་བ»རུ། “ ཕོ་(བ)ནི་ཕོ་བཞི་(ཀ་ཅ་ཏ་ཙ)མོ་བདུན་(ག་ད་ཞ་ཟ་ཤ་ས?)ལའོ།།  དང་བོ་(ག)ཕོ་གསུམ་(ཅ་ཏ་ཙ)མོ་བརྒྱད་(ཉ་ད་ན་ཞ་ཟ་ཡ་ཤ་ས)ལའོ།། གཉིས་པ་(ད)ཕོ་གཉིས་(ཀ་པ)མོ་བཞི་(ག་ང་བ་མ)ལའོ།། མོ་ནི་(འ)མོ་ལྔ་(ག་ད་ཇ་བ་ཛ)མ་ནིང་ལྔ་(ཁ་ཆ་ཐ་ཕ་ཚ)འོ།། ཤིན་ཏུ་མོ་(མ)ནི་མོ་བཞི་(ག་ཇ་ད་ཛ)དང་། ཤིན་ཏུ་མོ་གསུམ་(ང་ཉ་ན)མ་ནིང་བཞི(ཁ་ཆ་ཐ་ཚ)འོ།།[[20]]ཞེས་པ་ལྟ་བུའོ།། དེའི་ཕྱིས་ཀྱི་དབུས་པ་བློ་གསལ་ནས་སི་ཏུ་པཎ་ཆེན་ལ་སོགས་པའི«སུམ་རྟགས»གཉིས་ཀའི་རྒྱས་འགྲེལ་བསྟན་བཅོས་ཇི་སྙེད་ལ་ཞལ་ཁ་མི་མཐུན་པ་གཅིག་ཀྱང་མེད་པར་དེ་ལྟར་ཁས་འཆས་ཡོད་པས།  «སི་ཏུའི་འགྲེལ་ཆེན»དུའང“འདི་སྐབས་དབྱེ་ཚུལ་ལ་འཁྲུལ་གཞི་མེད་པས་འགྲེལ་བྱེད་རྣམས་ཀྱང་ངག་མཐུན་པར་སྣང”[[21]] ཞེས་ཁོང་གིས་«སུམ་རྟགས་འགྲེལ་ཆེན»རྩོམ་ཆེད་མི་ལོ་བཅུ་ཕྲག་འགར་བསྟན་བཅོས་འདིའི་དགོངས་འགྲེལ་མང་བོར་གཟིགས་རྗེས་ཀྱི་ཕྱོགས་སྡོམ་མཛད་པ་ལས་ཀྱང་གསལ་ལོ།།

དེ་ལྟར་ཞལ་ཁ་མཐུན་དགོས་པའི་རྒྱུ་མཚན་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི«ཆོས་ལ་འཇུག་པའི་སྒོ»ལས། “གང་ལ་འཇུག་པའི་ཡུལ་གྱི་ནི།། ནུས་པས་སོ་སོར་ཕྱེ་པ་ཡིན།།” [[22]]ཞེས་གསུངས་ཤིང་དེ་དང་མཚུངས་པར་ཞྭ་ལུ་ལོ་ཙཱ་བས“སྔོན་འཇུག་གི་ཡི་གེ་སྔ་པོ་ལ་ཕོ་དང་མ་ནིང་མོ་དང་ཤིན་ཏུ་མོ་དང་བཞི་རུ་དབྱེ་བར་བྱ་སྟེ།  བ་ནི་སྔོན་འཇུག་གི་ཕོ་དང་། ག་ད་གཉིས་མ་ནིང་།  འ་མོ་དང་། མ་ཤིན་ཏུ་མོ་ཡིན་པར།   འོག་ནས།  ཕོ་ནི་ཕོ་དང་མོ་ལ་འཇུག། ཅེས་པ་སོགས་ཀྱི་རིགས་པས་གཞན་དུ་མི་འཁྲུལ་བར་ངེས་པའི་ཕྱིར་རོ།།”[[23]] ཞེས་གསུངས་པ་ལ། ཟུར་མཁར་བ་བློ་གྲོས་རྒྱལ་པོའི་«སུམ་རྟགས་ཀྱི་སྦྱར་བཤད་ཡང་དག་མཁས་པའི་དགའ་སྟོན»ལས་ཀྱང་“ཞྭ་ལུ་ལོ་ཙཱ་བས་དེ་ལྟར་གསུངས་པ་ལ་ནི་ཁ་ན་མ་ཐོ་མེད་དོ”ཞེས་མཁས་ལེན་མཛད་པ་དེ་དག་ལས། གཞན་སུམ་འགྲེལ་སྔ་མ་རྣམས་ཀྱིས་གསལ་ཁ་མཛད་པ་ཞིག་ཕལ་ཆེར་མེད་པར་སྣང་།   ཡང་ཟུར་མཁར་བ་བློ་གྲོས་རྒྱལ་པོས“སྔོན་འཇུག་གི་ཡི་གེ་ལྔ་པོ་དེ་དག་ལའང་ཕོ་དང་མ་ནིང་མོ་དང་ཤིན་ཏུ་མོ་དང་བཅས་བཞི་རུ་དབྱེ་བར་བྱའོ།།  ཞེས་པ་ཙམ་ལས་གསལ་བར་མ་བྱུང”[[24]]ཞེས་པ་ལྟར་རྩ་བ་རང་ལས་དོན་དངོས་སུ་ཡི་གེ་རེ་རེའི་གསལ་ཁ་མ་བཏོན་པར། རྟགས་ཀྱི་འཇུག་ལུགས་ཀྱི་རྗེས་ལྡོག་ཅིག་གི་ཐབས་ཀྱིས་གསལ་ཁ་ཅི་ཐོན་ཞིག་མཛད་ཡོད་མོད།  དོན་དངོས་སུ་དེ་ལྟ་བུའི་ཐབས་རྗེས་འཇུག་ལའང་བསྟན་ཡོད་པ་སྟེ། རྩ་བ་རང་ལས་“ རྗེས་འཇུག་ཡི་གེ་བཅུ་བོ་ལ།།་་་་་་་་་མཚན་མེད་དག་དང་གསུམ་དུ་འགྱུར།།”  ཞེས་པའམ་ཡང་།    “ཕོ་གསུམ་མོ་གཉིས་མ་ནིང་གསུམ།།་་་་་་་་་་མཚན་མེད་དག་དང་གསུམ་དུ་འདོད།། ”   ཞེས་པ་སོགས་ཀྱི་གསལ་ཁ་གང་མང་ཞིག་བཏོན་ཡོད་ཀྱང་།   རྗེས་འཇུག་གི་རྟགས་ཀྱི་དབྱེ་ལུགས་ལ་དགོངས་འགྲེལ་རྩོམ་པ་པོ་ཕལ་མོ་ཆེ་གཅིག་མཐུན་མེད་པ་ནི། ཨ་ལག་ཤ་བསྟན་དར་ལྷ་རམས་པའི«སུམ་རྟགས་ཀྱི་དོན་གོ་སླ་བར་བསྡུས་པར»མཁས་ཆེན་བརྒྱད་ལྷག་གི་དགོངས་བཞེད་མི་མཐུན་ཚུལ་རེའུ་མིག་ཏུ་དྲངས་ཡོད་པ་དེར་བལྟས་པ་ཙམ་གྱིས་གསལ་མཐོང་ལག་མཐིལ་དུ་གྱུར་ཡོད།  ཐ་ན་སུམ་འགྲེལ་ལ་གནམ་ན་ཉི་ཟླ་གཉིས།  ས་ན་པྲ་སི་གཉིས་ཀྱང་གཅིག་མཐུན་བྱུང་མེད།   དེ་ན་སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་གཅིག་མཐུན་བྱུང་བའི་གནད་དེ་རྩ་བའི་བསྟན་བཅོས«སུམ་རྟགས་གཉིས»ཀྱི་བསྟན་ཚུལ་ལ་རགས་ལས་པ་མ་ཡིན་པར། རྗེས་ཀྱི་དགོངས་འགྲེལ་བསྟན་བཅོས་དག་ལ་རགས་ལས་ཡོད་ཅིང་། དེའང་སུམ་འགྲེལ་མཁན་པོ་རྣམས་ཀྱིས་སྐད་གསར་བཅད་ཐེངས་གསུམ་པའི་དགོངས་དོན་གཞིར་བཟུང་ནས«སུམ་རྟགས»ཀྱི་རྩ་བ་གཉིས་ལ་འགྲེལ་བ་བསྐྱོན་པ་ཁོ་ནར་རགས་པ་ཞིག་ཏུ་གོར་མ་ཆག་སྙམ།

དེས་ན་བཀས་བཅད་གསུམ་པ་ནི་སྐྱོན་སྟོན་བཀྲ་ཤིས་ཀྱིས་བརྩམས་པའི«བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་»ལས།  “ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཀྱི་སྒྲ་བསྒྱུར་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་བོ་ནས་དཔང་ལོ་ཙཱ་བ་ཆེན་པོ་དང་།  སྙིགས་དུས་ཀྱི་སྐད་གཉིས་སྨྲ་བ་གཅིག་པུ་བ་ལོ་ཆེན་ངྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཡིན” [[25]]ཞེས་གསུངས་ཤིང་།  དུས་སྐབས་དེའི་ནང་ལོ་ཆེན་རིན་ཆེན་བཟང་བོ(༩༥༨- ༡༠༥༥)ཁོང་དང་དུས་ཀྱི་ཆ་ནས་བར་ཐག་རིང་བོ་མེད་པའི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩)ཀྱི་རིང་ལ་སྤྱིའི་ཆ་ནས་ད་ལྟའི་བོད་ཡིག་གི་སྦྱོར་ལུགས་འདི་ཉིད་གཏན་ཁེལ་བྱུང་ཟིན་པ་ཐག་གིས་ཆོད་དེ།  ཁོང་གིས་མཛད་པའི«དག་ཡིག་ཉེར་མཁོ་བསྡུས་པ»ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་ཞེས་པར་མགོ་འདོགས་འཕུལ་རྟེན་དང་།   ཚིག་འཕྲད་སྦྱོར་ཚུལ་སོགས་ད་ལྟའི་ལུགས་དང་མཐུན་པའི་སྒོ་ནས་གཏན་འབེབས་མཛད་ཡོད།   དཔེར་ན་དེར།  “ག་ཡིས་འཕུལ་བ་བཅུ་གཉིས་དཔེར།། ཞེས་པ་ནས།  འས་འཕུལ་བཅུ་ཡི་དཔེར་བརྗོད་ནི།།”[[26]] ཞེས་པའི་བར་དུ་སྔོན་འཇུག་རེ་རེའི་འཇུག་ཡུལ་དཔེའི་སྒོ་ནས་གསལ་བོར་བསྟན་ཡོད་པར་མ་ཟད། བསྟན་བཅོས་དེའི་དབུར“སྤྱིར་བསྟན་གྲངས་ངེ་ཚིག་ཕྲད་དང་།།འཕུལ་དང་བརྟེན་པའི་སྤང་བླང་དང་།།དམིགས་བསལ་སོ་སོར་དབྱེ་བ་སྟེ།།རྣམ་པ་ལྔ་ཡིས་བསྡུས་པ་ཡིན།།” ཞེས་དང་།  མཇུག་ཏུ། “འདི་ནི་སྔོན་གྱི་སྒྲ་བསྒྱུར་རྣམས།། སྦྱོར་ཚུལ་མཐུན་པའི་བརྡ་ལ་ནི།། ཅུང་ཟད་ཕལ་ཆེར་མ་མཐུན་ནའང་།། ཕལ་ཆེར་གསར་བཅད་དབང་དུ་བྱས།། ” [[27]]ཞེས་པས་ཁོང་གི་ཡར་སྔོན་དུ་སྦྱོར་ཚུལ་གཅིག་མཐུན་དུ་མེད་ཚུལ་གསལ་བོར་གསུངས་བར་མ་ཟད། ཁོང་གིས་འཕུལ་བརྟེན་ལ་སྤང་བླང་བྱས་གསུང་བ་དེའང་རྗེས་འཇུག་ནི་ཐམས་ཅད་ལ་སྦྱོར་རུང་བས་སྤང་བླང་གི་དགོས་པ་མེད་པས། གཙོ་བོ་སྔོན་འཇུག་གི་འཇུག་ཡུལ་ལ་སྤང་བླང་བྱས་པ་ཡིན་པར་སོམ་ཉིའི་གནས་མ་དགོས་སོ།།

དེ་ལ་ལོ་ཆེན་ནམ་མཁའ་བཟང་བོའི«རྟགས་ཀྱི་འཇུག་པའི་འགྲེལ་བ་མཁས་པའི་རྒྱན»གྱི་མཇུག་བྱང་དུའང་། “ལོ་ཆེན་བློ་ལྡན་ཤེས་རབ་ཡན་ཆད་དུ།། འདི་དོན་རྟོགས་པ་ཁ་ཅིག་བྱོན་གྱུར་ཀྱང་།།འདི་ཡི་རྣམ་བཤད་འགྲེལ་བ་མ་མཛད་པས།། བརྡ་རྣམས་འཁྲུགས་ཤིང་འཁྲུལ་བའི་ཕྲེང་བར་གྱུར།།” [[28]]ཞེས་པས་ལོ་ཆེན་འདིའི་ཡར་སྔོན་དུ་བསྟན་བཅོས་འདིའི་དགོངས་བཞེད་གཅིག་མཐུན་དུ་མེད་པ་བསྟན་ཡོད།  ཕྱིས་སུ་སློབ་དཔོན་བསོད་ནམས་རྩེ་མོའི«ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ»ཞེས་པར་ལུས་ཀྱི་ཡི་གེ་ཉིས་བརྒྱ་དང་བརྒྱད་ལས་རྐྱང་འཕུལ་ཞེ་བརྒྱད་དང་བརྩེགས་འཕུལ་དྲུག་ཅུ་ལ་ཡི་གེ་རེ་རེའི་སྒོ་ནས་འཇུག་ཚུལ་གསལ་བོར་བཀོད་ཡོད་པ་སོགས་ལས་དཔག་ན།  དབུས་པ་བློ་གསལ་ནས་བཟུང་སུམ་རྟགས་གཉིས་ཀའི་དགོངས་འགྲེལ་རྩོམ་པ་པོ་རྣམས་ཀྱིས་སྔོན་འཇུག་གི་རྟགས་ཀྱི་དབྱེ་ཚུལ་དེ་ནི། བཀས་བཅད་གསུམ་པའི་རྗེས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སམ། ཁྱད་པར་དུ་རྔོག་བློ་ལྡན་ཤེས་རབ་ཀྱིས་བརྩམས་པའི«དག་ཡིག་ཉེར་མཁོར»བསྟན་པའི་སྔོན་འཇུག་གི་འཇུག་ཡུལ་གྱི་རྩ་དོན་གཞིར་བཟུང་ནས་བ་ཕོ་ཡིག་དང་། ག་ད་གཉིས་མ་ནིང་། འ་མོ།  མ་ཤིན་ཏུ་མོ་བཅས་སུ་དབྱེ་བ་ཡིན་ཕྱིར་གཅིག་མཐུན་ཡོང་བ་ཡིན་པ་བཤད་མ་དགོས་པ་ཞིག་གོ།    དེའི་ཕྱིར་དེང་དུས་ཀྱི་དཔྱད་བརྗོད་པ་རྣམས་ཀྱིས་ཀྱང«སུམ་རྟགས»གཉིས་ཀྱི་དགོངས་འགྲེལ་བསྟན་བཅོས་དག་གི་འགྲེལ་ཚུལ་དེ་ཉིད་འཐད་ལྡན་དུ་བཟུང་ནས«སུམ་རྟགས»གཉིས་ཀྱི་བསྟན་དོན་ཏུན་ཧོང་ཤོག་དྲིལ་དང་བཀའ་གཙིགས་རྡོ་རིང་སོགས་ཀྱི་ཡིག་སྦྱོར་དང་མཐུན་མི་མཐུན་དཔྱད་པས་ནོངས་པ་ཁོ་ནར་ཟད་པ་ལས།   «རྟགས་ཀྱི་འཇུག་པའི»གཞུང་རང་ངོས་ནས་སྔོན་འཇུག་གི་རྟགས་ཀྱི་དབྱེ་ལུགས་དེ་འདྲ་ཡིན་པར་གསལ་ཁ་ཅི་ཡང་མེད་ཕྱིར།  ཕོ་ནི་མ་ནིང་ལ་མི་འཇུག་ཅེས་པས་བ་ཡིག་ཁ་ཆ་ཐ་ཕ་ཚ་བཅས་ལ་མི་འཇུག་པ་དང་།  མོ་ནི་ཕོ་ལ་འཇུག་མི་འགྱུར་ཞེས་པས་འ་དང་མ་གཉིས་ཀ་ཅ་ཏ་པ་ཙ་བཅས་ལ་མི་འཇུག་པ་དང་།  མ་ནིང་རང་ལ་རང་མི་འཇུག་ཅེས་པས་ག་དང་ད་གཉིས་ཁ་ཆ་ཐ་ཕ་ཚ་བཅས་ལ་མི་འཇུག་པའི་ཚུལ་སྐད་གསར་བཅད་གསུམ་པའི་ཡར་སྔོན་གྱི་སྒྲུབ་བྱེད་ཅི་ཡང་མེད།

དེ་ལྟར་དབྱེ་ཚེ་བཙན་པོའི་བཀའ་གཙིགས་རྡོ་རིང་དང་ཏུན་ཧོང་ཤོག་དྲིལ་སོགས་སུ་དཀོན་མཅོག་དང་།  དཕང་དུ།  རྒྱལ་པོར་བཆུག   ལོ་གཆིག  པྱག་འཙལ།  རྒྱ་མང་བོ་བཐུངས་ནས།  དབུ་སྙུང་ལ་མ་གཐོགས།  མྱི་དཕྲོག  བདེའ་སྐྱིད་བཐོབ་པོ་ལྟ་བུ་མ་ནིང་རང་ལ་འཇུག་པ་དང་མོ་ཕོ་ལ་འཇུག་པ།   ཕོ་མ་ནིང་ལ་འཇུག་པའི་དཔེར་བརྗོད་བགྲང་གིས་མི་ལོངས་པ་ཞིག་འདྲེན་དུ་ཡོད་ཕྱིར། དོན་གྱིས་དབྱེ་ཚུལ་དེ་ནི་བོད་བཙན་པོའི་སྐབས་དང་མི་འབྱོར་བ་མངོན་སུམ་དུ་གྲུབ་ཡོད། དེའི་ཕྱིར་དབྱེ་ཚུལ་དེ་ནི་སུམ་རྟགས་ཀྱི་གཞུང་གཉིས་བཙན་པོ་སྐབས་ཀྱི་ཡིག་རྙིང་དང་མི་མཐུན་པའི་སྒྲུབ་བྱེད་ཡང་དག་ཅིག་ཏུ་གཏན་ནས་མི་རིགས་ཏེ།   རྟགས་ཀྱི་འཇུག་པའི་གཞུང་དངོས་སུ་བ་ཕོ་དང་ག་ད་གཉིས་མ་ནིང་། འ་མོ། མ་ཤིན་ཏུ་མོ་ཡིན་ཚུལ་ཞིག་དངོས་ཤུགས་གང་ལས་ཀྱང་གོ་མི་ནུས།  གལ་སྲིད་དེ་ལྟར་ཡིན་པ་གོ་ནུས་ན་རྗེས་འཇུག་ལའང་རིགས་པ་མགོ་མཚུངས་ཡིན་པས་གཅིག་མཐུན་མ་ཡོང་བའི་རྒྱུ་མཚན་ཅི་ཡང་མེད་དོ།།   འོན་ཀྱང་སྔོན་འཇུག་གི་འཇུག་ཚུལ་ཤིན་ཏུ་གལ་ཆེ་ཞིང་རྙོག་འཛིང་ཆེ་ནའང་།   སུམ་རྟགས་གཉིས་མཛད་པ་པོའི་སློབ་དཔོན་ཁོང་གིས་རྟགས་ཀྱི་དབྱེ་ཚུལ་གྱི་ཐབས་ཤེས་ལ་བརྟེན་ནས་གང་ལ་འཇུག་པ་དང་གང་གིས་འཇུག་པ་བཅས་སུ་དབྱེ་ཞིང་། འཇུག་ཚུལ་རྗེས་ལྡོག་གཉིས་ཀྱིས་གསལ་ཁ་ཅི་ཐོན་བསྟན་ཕྱིར།  ཆེ་ཕྱོགས་ནས་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཕལ་མོ་ཆེ་གཞུང་དེའི་དགོངས་དོན་དང་མཐུན་པར་གྱུར་ཡོད།

ཁྱད་པར་དུ་གཞུང་འདིར་རང་གི་སྡེ་དང་འཕྲད་ན་གང་ལའང་མི་འཇུག་པའི་རྣམ་གཞག་གསལ་བོར་གསུངས་པ་ཇི་བཞིན།   རང་སྡེ་ལ་འཇུག་པའི་ཚུལ་ཞིག་ཆེས་ཚད་མར་རུང་བའི་བཀའ་གཙིགས་ཡི་གེ་སོགས་སུ་མཐོང་དུ་མེད་ལ།  ཏུན་ཧོང་ཤོག་དྲིལ་སོགས་སུའང་མཐོང་བ་ཤིན་ཏུ་དཀོན་པོར་ཡོད།  བརྒྱ་ལ་རེ་གཉིས་ཤིག་ཡོད་པ་དེ་དག་ཀྱང་བརྟག་དགོས་པའི་གནས་སུ་འཁུམས་སྟེ།   ཏུན་ཧོང་ཤོག་དྲིལ་གྱི་«སྒྲུང་རབས་ཕྱོགས་བསྒྲིགས»ཞེས་པའི་དྲལ་པོ་སྐྱི་པྱུག་གི་འཇོན་པ་དང་ལྖམ་མོ་སྐྱི་ནམ་ཉག་ཅིག་མ་གཉིས་ཀྱི་རབས་ཞེས་པར། “ཕག་ལ་ཞོ་མྱི་འཞོའ་ཕག་ལ་བལ་མྱི་བལདེ་” [[29]]ཞེས་འ་ཡིག་རང་སྡེའི་ཞ་ལ་འཇུག་པ་ལྟ་བུ་ཞིག་ཡོད་ཀྱང་།  ཡི་གེ་མ་དག་པའམ་ཡང་ན་ཡི་གེ་མ་གསལ་བས་ཕྱིས་ཀྱི་བཤུ་འབྲི་པས་འ་དང་བ་གཉིས་འཁྲུལ་བ་ཞིག་ལས།  དོན་དུ་རབས་དེ་ཉིད་ལས་ལུག་བརྒྱ་གཡང་བརྒྱ་ཞོ་བཞོས་མར་དྲུམས་ཞེས་པ་ལྟ་བུ་ཞོ་བཞོས་ཞེས་པའི་མིང་ཚིག་དེ་ཐེངས་བདུན་ཙམ་བྱུང་བ་ཚང་མ་སྔོན་འཇུག་བས་འཕུལ་ཁོ་ན་ཡོད་པ་མ་ཟད།   སྒྲུང་རབས་ཐ་དད་པ་མཛོ་མོའྀ་རབས་ཞེས་པའི་ནང་དུ།    “དང་ཕུའྀ་གཡལ་མྱི་ཆེ་ནུ་ནས་ཞོ་བཞོས” [[30]]ལྟ་བུ་མིང་ཚིག་དེ་རེ་གཉིས་ཡོད་པའང་སྔོན་འཇུག་བ་ཡིག་ཁོ་ནར་ཡོད་པས་རྟོགས་ནུས་ལ།   ད་དུང་ཡིག་རྙིང་ཁྲོད་ཀྱི་འ་ཡིག་ཕལ་མོ་ཆེ་ལ་ཙ་རྟགས་ཡོད་མོད་འདིར་ཙ་རྟགས་མེད་པས་ཀྱང་འཁྲུལ་བ་ཡིན་པ་ངེས་སླ། དེ་བཞིན་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཙོ་སྒྲིག་མཛད་པའི«ཚིག་མཛོད་བཙན་པོའི་དུས་ཀྱི་ཡིག་རྙིང་སྐོར་དུའང»འ་ཡིག་ཞ་ལ་སྦྱོར་བའི་དཔེ་མཚོན། “འཞ། འདོགས་བཞིའི་ཡ་གྱལ་ཡ་ཡིག་གི་བཀླག་སྟངས་ཡིན་ཞིང་། རྗེས་སུ་དེ་དཔེར་བྱས་ནས་ཡ་ཡིག་དང་ཞ་ཡིག་ཕན་ཚུན་བརྗེ་བའི་འབྲི་ཚུལ་བྱུང་། 【དཔེ】 ཏ་ཐ་འད་ན། པ་ཕ་འབ་མ། འཞ་ར་ལ་འབཱ་ས་ས་ས་ཧ་ཁྱའ”[[31]] ཞེས་པ་དཔེ་མཚོན་གཅིག་ཙམ་ལས་བཀོད་མེད་པས། གཅིག་པོ་འདི་ཙམ་ཞིག་འབྲི་བཤུས་གང་རུང་གི་འཁྲུལ་བ་མིན་པའི་ཁ་ཚོན་སུས་ཀྱང་གཅོད་ཐབས་བྲལ་ཞིང་། གཞན་ཀ་སྡེ་དང་ཏ་སྡེ་པ་སྡེ་བཅས་སྔོན་འཇུག་དབྱུང་བའི་སྡེ་མཚན་གང་དུའང་རང་སྡེར་འཇུག་པའི་དཔེ་མཚོན་སྣ་གཅིག་ཀྱང་འདྲེན་དུ་མ་བརྙེད་པ་དེས། རྩ་བའི་བསྟན་བཅོས་གཉིས་སུ་རང་གི་སྡེར་གཏན་ནས་མི་འཇུག་པའི་དགོངས་དོན་ལ་སྒྲུབ་བྱེད་དུ་སོང་ཡོད་པར་གོར་མ་ཆག་གོ།  དེ་ལྟར་སུམ་རྟགས་གཉིས་དང་བཙན་པོའི་དུས་སྐབས་ཀྱི་ཡིག་སྦྱོར་གཉིས་ངོས་དང་ཟུར་ནས་བློ་ཞིབ་མོས་དཔྱད་བསྡུར་བྱས་ཚེ།   བསྟན་བཅོས་འདི་གཉིས་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་གི་སྦྱོར་ལུགས་དང་མི་མཐུན་པའི་ཆ་ཅུང་ཙམ་ཡང་མེད་སྙམ་པའི་ངེས་ཤེས་རང་ཤུགས་ཀྱིས་འདྲོང་ཐུབ་པ་ཞིག་ཏུ་འཁུམས་སོ།།

མདོར་ན།   ཕྱི་མོའི་བསྟན་བཅོས«སུམ་རྟགས»གཉིས་དང་བོད་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་ལག་སོན་དག་གི་སྦྱོར་ལུགས་མི་མཐུན་པའི་སྣང་ཚུལ་དེ་ནི། བསྟན་བཅོས་འདི་གཉིས་ཀའི་དགོངས་འགྲེལ་ལ་ཐད་ཀར་རགས་ཡོད་པ་དང་། དགོངས་འགྲེལ་རྩོམ་པ་པོ་རྣམས་ཀྱིས་རྔོག་བློ་ལྡན་ཤེས་རབ་ཀྱི«དག་ཡིག་ཉེར་མཁོའི»རྗེས་སུ་བྱུང་བའི་བརྡ་སྤྲོད་པའི་བསྟན་བཅོས་དག་ཏུ་བསྟན་པའི་རྩ་དོན་གཞིར་བཟུང་ནས་འགྲེལ་བ་བསྐྱོན་ཡོད་པ་ཁོ་ནས་དྲངས་པ་ཞིག་ཡིན་ལ། དེང་དུས་ཀྱི་རྒྱལ་ཕྱི་ནང་གི་དཔྱད་བརྗོད་པ་ཕལ་མོ་ཆེས་ཀྱང་དགོངས་འགྲེལ་བསྟན་བཅོས་ཀྱི་འགྲེལ་བ་བཀྲོལ་ལུགས་དེ་ཉིད་ཐད་ལྡན་དུ་བཟུང་ནས། ཕྱི་མོ་«སུམ་རྟགས»གཉིས་བཙན་པོའི་དུས་ཀྱི་ཡིག་ཚགས་ཇི་སྙེད་དང་སྦྱོར་ལུགས་མཐུན་མི་མཐུན་ལ་དཔྱད་པ་བཏང་རྗེས། ཕྱི་མོ་«སུམ་རྟགས»གཉིས་བཙན་པོའི་དུས་སྐབས་སུ་བརྩམས་པ་མིན་པར་བསྒྲུབས་པའི་ལྟ་ཚུལ་བྱུང་བ་ཡིན་པ་ནི། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས“སུམ་ཅུ་པ་འདི་ཐོན་མིས་མཛད་པ་ཡིན་མིན་ལ་དོགས་པ་འདི་འདུག  སུམ་ཅུ་པའི་འབྲེལ་སྒྲའི་སྦྱོར་ཚུལ་སྐབས་སུ། དང་པོ་གཉིས་ལ་དང་པོ་མཐུན། ཞེས་རྗེས་འཇུག་ག་ང་གཉིས་ཀྱི་རྗེས་སུ་གི་འབྲི་དགོས་ཞེས་ལུགས་སྲོལ་གཏོད་ཀྱང་། ཁྲི་སྲོང་སྐབས་བཙུགས་པའི་ལྷ་སའི་ཞོལ་གྱི་རྡོ་རིང་ལོགས་སུ་འཁོད་པའི་ཡི་གེར་དེ་དང་མཐུན་པར་བྲིས་མེད”[[32]]  ཞེས་པས་མཚོན་ཡོད། དེ་ལྟར་དཔྱད་བརྗོད་པ་ཕལ་མོ་ཆེས་རྩ་བའི་བསྟན་བཅོས་འདི་གཉིས་ལ་ཕྱིས་ཀྱི་བསྒྱུར་བ་པོ་དང་དགོངས་འགྲེལ་རྩོམ་མཁན་དག་གིས་བཟོ་བཅོས་བརྒྱབ་ཡོད་མེད་ལ་དཔྱད་པ་མ་བཏང་བར། དེ་དག་འཐད་ལྡན་དུ་བཟུང་བས་ནོངས་པ་ཡིན་པ་ཤེས་ནུས་སོ།།   འོན་ཀྱང་རྩ་བའི་བསྟན་བཅོས་གཉིས་རང་ལས་དཔག་ན།  ཨཱ་ལི་གསལ་བྱེད་ཨི་སོགས་བཞི།། ཀཱ་ལི་སུམ་ཅུ་ཐམས་པའོ།། ཞེས་བོད་ཡིག་གི་རྩ་བའི་ཡི་གེ་ལ་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གྲངས་བཅད་པ་ཇི་བཞིན་བཀའ་བཙིགས་རྡོ་རིང་སོགས་སུ་དེ་ལས་མི་ཉུང་བ་ནི་བཀའ་གཙིགས་རྡོ་རིང་གཅིག་ལས་བཙལ་ནའང་ཐམས་ཅད་ངོ་འཕྲོད་ནུས་མོད་འདིར་ཡིག་ཚོགས་ལ་འཇིགས་ནས་བསྐུང་བའོ།།

གྲངས་ཀ་དེ་ལས་མི་མང་པའང་བོད་ལ་རྒྱ་གར་ཡི་གེ་དང་སྒྲ་བསྒྱུར་གྱི་དགོས་མཁོར་དམིགས་ཏེ་ལོག་པའི་ཡི་གེ་ལྔ་དང་མཐུག་པའི་ཡི་གེ་ལྔ་མཐར་གནས་ཀྱི་ཡི་གེ་གཉིས་སོགས་རིམ་གྱིས་བྱུང་བ་ལས། བོད་རང་གི་ཡིག་སྦྱོར་དུ་གསལ་བྱེད་སུམ་ཅུ་དང་དབྱངས་ཡིག་བཞིའི་ནང་དུ་མ་འདུ་བའི་ཡི་གེའི་གཟུགས་ཤིག་ཡིག་ཚགས་གང་དུའང་བྱུང་མེད་ལ།  མི་རིགས་གཞན་གྱི་སྐད་གདངས་དང་ཡི་གེར་མཁོ་བའི་སྦྱོར་ལུགས་དེ་དག་ཀྱང་མཐར་གཏུག་ན་གསལ་བྱེད་སུམ་ཅུའི་སྡེབ་སྦྱོར་མི་འདྲ་བ་ཙམ་བཟོས་པ་ལས། ཡིག་གཟུགས་ཀྱི་ཆ་ནས་དེ་དག་གི་ནང་དུ་མ་འདུས་པ་ཞིག་མིན་པ་མངོན་སུམ་སྣང་ངོར་གྱུར་བ་ན་བཤད་མ་དགོས་པའོ།།   དེ་བཞིན་ཡི་གེ་སྦྱོར་ལུགས་ཀྱི་ཆ་ནས་དང་བོ་གསུམ་པ་བཞི་པ་དང་། ཞེས་པ་ནས། རྗེས་འཇུག་ཡི་གེ་བཅུ་རུ་འདོད།། ཅེས་པའི་བར་དུ་རྗེས་སུ་འཇུག་པའི་ཡི་གེ་བཅུ་ཁོ་ན་ཁོལ་དུ་ཕྱུང་བ་དང་།  རྗེས་འཇུག་ཡི་གེ་བཅུ་ཉིད་ལས།། ཞེས་པ་ནས། བདུན་པ་རྣམས་ནི་སྔོན་དུའང་འཇུག།  ཅེས་པས་སྔོན་དུ་འཇུག་པའི་ཡི་གེའང་ལྔ་ཁོ་ན་གསལ་བོར་བསྟན་པ་ལྟར།  ད་སྔར་ང་ཚོའི་ལག་ཏུ་བརྙེད་དང་རྙེད་མུས་བྱུང་བའི་བཀའ་གཙིགས་རྡོ་རིང་དང་།  ཏུན་ཧོང་ཤོག་དྲིལ།  ལི་ཡུལ་གྱི་ཁྲམ་ཤིང་།  ཅོང་ཡིག་སོགས་གནའ་བོའི་ཁུངས་ཐུབ་ཀྱི་ཡིག་ཆ་ཇི་སྙེད་ལས་བོད་ཀྱི་ཡི་གེའི་སྦྱོར་ལུགས་ལ་རྗེས་སུ་འཇུག་པའི་ཡི་གེ་བཅུ་དང་། སྔོན་དུ་འཇུག་པའི་ཡི་གེ་ལྔ་ཁོ་ནར་གཅིག་མཐུན་དུ་ཡོད་པ་ལས། དེ་ལས་མང་བའི་སྔོན་རྗེས་ཀྱི་ཡི་གེ་ཞིག་གནའ་དེང་གང་གི་ཡིག་ཆར་མཐོང་དུ་མེད་པ་དེས། དེ་དག་ལ་ཚད་ཐུབ་དང་གཅིག་མཐུན་གྱི་གཞུང་ལུགས་ཤིག་ཡོད་པ་ནི་རྗེས་སུ་དཔག་རུང་བ་ལས།  སྤྱིར་སྒྲ་སྦྱོར་ཡི་གེ་ཡོད་དོ་ཅོག་དང་ཁྱད་པར་དུ་རང་རེའི་ཡི་གེའི་འདིའི་ཁུངས་སུ་བཅོལ་བའི་རྒྱ་གར་ཡི་གེ་ལ་མཚོན་ནའང་གསལ་བྱེད་ཀྱི་ཡི་གེ་ལ་གང་ཞིག་གང་གི་སྔ་རྗེས་སུ་སྦྱོར་ན་མི་ཆོག་པའི་རྩ་དོན་ཞིག་མེད་པས།  ཡི་གེ་སྦྱོར་ལུགས་ཀྱི་ཚད་ནི་འདི་ཙམ་མོ་ཞེས་ཚད་བཀག་དང་གྲངས་ཀྱིས་གཞལ་ཐབས་མེད་ཕྱིར། བཀློག་བསླབ་ཀྱང་ཁག་པོ་ཡོད་པ་དེང་རྒྱལ་སྤྱིའི་སྤྱི་སྐད་ཀྱི་རྣམ་པར་གྲུབ་པའི་དབྱིན་ཡིག་དང་། རང་རེའི་ཡི་གེའི་འདིའི་ཕྱི་མོ་རྒྱ་གར་ཡི་གེས་བདེན་དཔང་བྱས་ཡོད། འོན་ཀྱང་བོད་ཀྱི་ཡི་གེ་འདི་ཁོ་ན་བཙན་པོའི་དུས་ནས་དེང་གི་བར་དུ་སྔོན་རྗེས་གཉིས་སུ་སྦྱོར་བའི་ཡི་གེ་གྲངས་བཅད་ཀྱི་སྒོ་ནས་སྦྱོར་ལུགས་གཅིག་མཐུན་བྱུང་ཡོད་པ་འདི་ལ་ཐོག་མ་ཉིད་ནས་གཅིག་མཐུན་གྱི་བརྡ་སྤྲོད་པའི་བསྟན་བཅོས་ཤིག་མེད་པར། སྟེས་དབང་ཞིག་ཏུ་བློ་ལྡན་སུས་ཀྱང་འདོད་པར་མི་རིགས་ཤིང་། གལ་སྲིད་རིམ་བཞིན་འཕེལ་བ་ཞིག་ཏུ་འདོད་ཕྱིན་ལོ་ངོ་ཆིག་སྟོང་ཡར་སྔོན་གྱི་ཡིག་རྙིང་སུས་ཀྱང་བཟོ་བཅོས་མ་བཏང་བའི་ཤུལ་ལྷག་དག་ལས་དེང་གི་བར་དུ་སྔོན་རྗེས་སུ་སྦྱོར་ན་ཆོག་པའི་ཡི་གེ་ལ་འདི་འདྲའི་མི་ཉུང་མི་མང་གི་གཅིག་གྱུར་ཞིག་བྱུང་ཐབས་མེད་དེ།  སྒྲ་སྦྱོར་ཡི་གེ་གཞན་དག་ཀུན་ལ་ལོ་ངོ་བརྒྱ་ཕྲག་འགའི་ཡར་སྔོན་གྱི་སྦྱོར་ལུགས་དེང་གི་སྦྱོར་ལུགས་དང་མི་མཐུན་ཚུལ་ཡིག་རྙིང་ཞིབ་འཇུག་པ་ཚོར་ཡོངས་གྲགས་སུ་ཡོད་ཕྱིར་བོད་ཡིག་ཀྱང་དེ་ལས་མ་འདས་སོ།། དེ་ན་ཁོ་བོས་བོད་ཀྱི་ཡི་གེ་འདིར་འཕེལ་རིམ་གཙོ་བོ་གསུམ་བརྒྱུད་ཡོད་པར་འདོད་པ་སྟེ། འཕེལ་རིམ་དང་བོ་ནི་ཡི་གེ་ཐོག་མར་གསར་གཏོད་ཀྱི་དུས་སྐབས་ཡིན་ཞིང་། སྐབས་དེར་བོད་ཡིག་གི་རྣམ་གཞག་གཙོ་བོ་རྒྱ་གར་ཡི་གེར་དཔེར་བླངས་ནས་གསལ་བྱེད་དང་དབྱངས་ཀྱི་གྲངས་བཅད་པ་དང་། དེ་ནས་ཡི་གེའི་སྦྱོར་ལུགས་ཀྱང་ནགརའི་འབྲི་ལུགས་ལྟར་རིམ་པ་བཞིན་དཀྱུས་སུ་སྔ་རྗེས་ལ་སྦྱོར་བའི་རྣམ་གཞག་གཏན་ལ་ཕབ་པར་མ་ཟད།  དེར་ལྟར་སྦྱོར་ན་ཆོག་པའི་སྔོན་འཇུག་ལྔ་དང་རྗེས་འཇུག་བཅུའི་རྣམ་གཞག་དང་།  ཚིག་ཕྲད་ནི་རྗེས་འཇུག་ལ་ལྟོས་ཕྱིར་རྗེས་འཇུག་བཅུའི་སྒོ་ནས་ཚིག་ཕྲད་ཀྱི་རྣམ་གཞག་གཏན་ལ་ཕབ་པ་དང་།  རྗེས་འཇུག་བཅུ་ཐམས་ཅད་ལ་སྦྱོར་ཆོག་པར་བཟོས་པ་དང་སྔོན་འཇུག་ཐམས་ཅད་ལ་སྦྱོར་མི་དགོས་པར་བཟོས་ཕྱིར་ཕོ་མོ་མ་ནིང་གི་རྟགས་ཀྱི་སྒོ་ནས་གཏན་ལ་ཕབ་བཅས་ཡིན་ལ། དེ་བསྟན་པའི་བསྟན་བཅོས་ནི«སུམ་ཅུ་པ»དང«རྟགས་ཀྱི་འཇུག་པའི»རྩ་བའི་བསྟན་བཅོས་འདི་གཉིས་ཡིན་པར་སེམས།

དེ་ནས་འཕེལ་རིམ་གཉིས་པ་ནི་ཡི་གེ་དངོས་སུ་བེད་སྤྱོད་དང་བསྟུན་ནས་མ་འདང་བ་ཁ་གསབ་ཀྱི་དུས་སྐབས་ཏེ།   དུས་ཀྱི་ཆ་ནས་གཙོ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྔ་གཞུག་ཅིག་སྟེ་བསམ་ཡས་སྒྲ་བསྒྱུར་གླིང་ནི་དེའི་ལྟེ་གནས་གཙོར་བོར་གྱུར་ཡོད་པར་སེམས། དུས་ཐོག་དེར་གཙོ་བོ་རྒྱ་གར་གྱི་ལཉྩའི་སྦྱོར་ལུགས་ལྟར་ཡི་གེའི་གཅིག་གི་ཁོངས་སུ་གཅིག་བརྩེགས་པའི་ཚུལ་གྱིས་མགོ་འདོགས་གཉིས་ཀྱི་སྦྱོར་ལུགས་བྱུང་སྟེ།  མགོ་ཅན་གསུམ་དང་འདོགས་ཅན་བཞིའི་རྣམ་གཞག་བྱུང་ཞིང་།   དེའང་རྩ་བའི་བསྟན་བཅོས་འདི་གཉིས་ལ་ཁུངས་བསྟུན་ནས་ར་ལ་ས་གསུམ་གཙོར་བཟུང་ཡོད་མོད།   རྒྱ་གར་དུ་ཡ་ཝ་གཉིས་ཀྱང་བརྩེགས་ཆོག་པ་བཞིན་བོད་ཀྱི་མིང་ཚིག་གི་དགོས་མཁོར་དམིགས་ཏེ་ཡ་ཝ་གཉིས་ཀའི་འདོགས་ཅན་གསར་དུ་བྱུང་བར་འདོད།  འོན་ཀྱང་སྐབས་ཐོག་དེར་བརྩམས་པའི་མགོ་འདོགས་སོགས་ཀྱི་སྦྱོར་ལུགས་བསྟན་པའི་བསྟན་བཅོས་ཤིག་མིག་མཐོང་མ་བྱུང་ཡང་རྩ་བའི་བསྟན་བཅོས་གཉིས་ལ་མགོ་འདོགས་སྦྱོར་ཚུལ་ཕྱོགས་ཙམ་སྨྲོས་མེད་ཀྱང་། སྐབས་ཐོག་དེར་བྱུང་བའི་བཀའ་གཙིགས་རྡོ་རིང་སོགས་སུ་མགོ་འདོགས་ཡོད་པས་ར་འཕྲོད་ཡོད། གཞན«སྒྲ་སྦྱོར་བམ་གཉིས»དང་། «བྱེ་བྲག་རྟོགས་བྱེད་ཆེན་མོ»སོགས་སུ་སྒྲ་བསྒྱུར་བྱས་པར་མགོ་འདོགས་ཀྱི་རྣམ་གཞག་ཡོད་པ་ཤིན་ཏུ་གསལ་བས་ན། དེ་དག་ནི་སྐབས་དེའི་བསྟན་བཅོས་སུ་བརྩི་རིགས་པར་སེམས། མཇུག་མཐའི་འཕེལ་རིམ་གསུམ་པ་ནི་ལོ་ཆེན་བློ་ལྡན་བཟང་བོའི་སྐབས་ཐོག་དེར་གཙོ་བོ་སྔོན་འཇུག་གི་འཇུག་ཡུལ་ཁ་གསལ་སྒོས་གཏན་ལ་ཕབ་པ་དང་།  ཚིག་ཕྲད་ཀྱི་སྦྱོར་ལུགས་གཏན་ལ་ཕབ་པ།  དབྱངས་ཨིའི་འབྲི་ལུགས་གཏན་ལ་ཕབ་པའི་དུས་རིམ་ཡིན་ཞིང་།  དེ་བསྟན་པའི་བསྟན་བཅོས་ནི་རྔོག་བློ་ལྡན་ཤེས་རབ་ཀྱིས་བརྩམས་པའི《དག་ཡིག་ཉེར་མཁོ་བསྡུས་པ》ཡིན་ལ།  དེ་ནས་བཟུང་དེང་གི་བར་དུ་བོད་ཡིག་གི་སྦྱོར་ལུགས་ལ་རྩ་བའི་ཐོག་འགྱུར་བ་གཏན་ནས་མ་བྱུང་བ་ཁོང་གིས་བརྩམས་པའི་བསྟན་བཅོས་དེར་མཇལ་བ་ཙམ་གྱིས་ཤེས་ནུས་སོ།།

དཔྱད་ཡིག་དང་ཞབས་མཆན། 

[1] སྟོབས་ལྡན།《སུམ་རྟགས་ཀྱི་ཕྱི་མོ་འདི་ཉིད་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་མིན་སྐོར་གྱི་ཐོག་མའི་དཔྱད་པ། 》《་ཀྲུང་གོའི་བོད་རིག་པ》[J] 2003ལོའི་དེབ་གསུམ་པ།

[2] གོང་བ་ཀླུ་རྒྱལ།   《པུར་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ། 》[M] མི་རིགས་དཔེ་སྐྲུན་ཁང་།  2006ལོའི་པར་ཐེངས་དང་བོ།  ཤོག་ངོས63

[3] མཁའ་འབུམ་གྱི་སྒྲིག་རྩོམ།  《སྒྲ་རིག་པའི་བསླབ་གཞི》[M]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  20016ལོའི་པར་ཐེངས་དང་བོ།  ཤོག་ངོས7

[4] གོང་བ་ཀླུ་རྒྱལ།   《པུར་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ། 》[M] མི་རིགས་དཔེ་སྐྲུན་ཁང་།  2006ལོའི་པར་ཐེངས་དང་བོ།  ཤོག་ངོས9

[5] མཁའ་འབུམ་གྱི་སྒྲིག་རྩོམ།  《སྒྲ་རིག་པའི་བསླབ་གཞི》[M]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  20016ལོའི་པར་ཐེངས་དང་བོ།  ཤོག་ངོས6

[6] 《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།》[M]དེབ་དང་བོ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1994ལོའི་པར་ཐེངས་བཞི་བ།  ཤོག་ངོས257

[7] ཚེ་ཏན་ཞབས་དྲུང་།   《ཐོན་མིའི་ཞལ་ལུང་།》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1980ལོའི་པར་ཐེངས་དང་བོ།  ཤོག་ངོས78

[8] སྟོབས་ལྡན།《བོད་བཙན་པོའི་དུས་སྐབས་ཀྱི་བརྡ་རྙིང་ཡིག་ཆ་དཔྱད་གླེང་།》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  2014ལོའི་པར་ཐེངས་དང་བོ།  ཤོག་ངོས14ནས15

[9] ནམ་མཁའི་ནོར་བུ།《ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང་།》 [M]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  1992ལོའི་པར་ཐེངས་དང་བོ།  ཤོག་ངོས211

[10] གོང་བ་ཀླུ་རྒྱལ།《པུར་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ། 》  [M]   མི་རིགས་དཔེ་སྐྲུན་ཁང་། 2006ལོའི་པར་ཐེངས་དང་བོ།  ཤོག་ངོས8ནས9བར།

[11]སུ་ཏི་ཆོས་ཀྱི་འབྱུང་གནས།《སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། 》[M]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོ101ན།

[12] སི་ཏུ་ཆོས་ཀྱི་འབྱུང་གནས།《སུམ་རྟགས་འགྲེལ་ཆེན་མཁས་པའི་འགུལ་རྒྱན་མུ་ཏིག་ཕྲེང་མཛེས།》  [M]   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་ཐེངས་གཉིས་པ།  ཤོག་ངོས56ནས57བར།

[13] གོང་བ་ཀླུ་རྒྱལ།  《པུར་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ། 》  [M] མི་རིགས་དཔེ་སྐྲུན་ཁང་། 2006ལོའི་པར་ཐེངས་དང་བོ།    ཤོག་ངོས89

[14] གོང་བ་ཀླུ་རྒྱལ།《པུར་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ། 》  [M]  མི་རིགས་དཔེ་སྐྲུན་ཁང་།  2006ལོའི་པར་ཐེངས་དང་བོ།    ཤོག་ངོས 84

[15] ཁྲོཾ་འཇམ་བློས་གཙོ་སྒྲིག་བྱས།《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། །》  [G] པོད་དང་པོ་སུམ་རྟགས་སྐོར།  སི་ཁྲོན་མི་རིག་དཔེ་སྐུན་ཁང་། 2014ལོ།  ཤོག་ངོ15དང35། 55 ན།

[16] སྟོབས་ལྡན་དང་རིན་ཆེན་སྒྲོལ་མ།《ཏུན་ཧོང་ཡི་རྙིང་ཁྲོད་ཀྱི་སྒྲུང་རབས་ཕྱོགས་བསྒྲིགས། 》  [M]   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  2016ལོའི་པར་ཐེངས་དང་བོ།  ཤོག་ངོས89

[17] ས་པཎ་ཀུན་དགའ་རྒྱལ་མཚན་སོགས།《དཔལ་ལྡན་ས་སྐྱ་པའི་གསུང་འབུམ།》[G] པོད་གཉིས་པ།  (སུམ་རྟགས་དང་དག་ཡིག་སྐོར།)མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་པར་ཐེངས་དང་བོ། ཤོག་ངོས7

[18] རྔོག་ལོ་སོགས། 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》[G]   པོད་ཉེར་གསུམ་པ།( བརྡ་སྤྲོད་སྤྱི་དོན་སྐོར།)  སི་ཁྲོན་མི་རིགས་དཔེ་སྐུན་ཁང་།2014ལོའི་པར་ཐེངས་དང་བོ།  ཤོག་ངོས8

[19] ས་པན་སོགས། 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》  [G] པོད་བཅུ་དགུ་པ།  (དག་ཡིག་སྐོར། ) སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2014ལོའི་པར་ཐེངས་དང་བོ།  ཤོག་ངོས7

[20] བསོད་ནམས་རྩེ་མོ་སོགས། 《དཔལ་ལྡན་ས་སྐྱ་པའི་གསུང་འབུམ།》[G] པོད་གཉིས་པ།  (སུམ་རྟགས་དང་དག་ཡིག)  མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་པར་ཐེངས་དང་བོ།  ཤོག་ངོས། 221

[21] སི་ཏུ་ཆོས་ཀྱི་འབྱུང་གནས། 《སུམ་རྟགས་འགྲེལ་ཆེན་མཁས་པའི་འགུལ་རྒྱན་མུ་ཏིག་ཕྲེང་མཛེས། 》  [M]  སི་ཁྲོན་མི་རིགས་དཔེ་སྐུན་ཁང་།1987ལོའི་པར་ཐེངས་བཞི་པ།  ཤོག་ངོས113

[22] ས་པན་སོགས། 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》  [G] པོད་ཉེར་བཞི་པ།  (དག་ཡིག་སྐོར། ) སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2014ལོའི་པར་ཐེངས་དང་བོ།  ཤོག་ངོས35

[23] ཐོན་མི་སོགས།《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག 》[G]  པོད་དང་པོ། (སུམ་རྟགས་སྐོར།)  སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2014ལོའི་པར་ཐེངས་དང་བོ།  ཤོག་ངོས73

[24] ཐོན་མི་སོགས། 《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག 》[G]  པོད་དང་པོ། (སུམ་རྟགས་སྐོར།)  སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2014འི་པར་ཐེངས་དང་བོ། ཤོག་ངོས159

[25] རྔོག་ལོ་སོགས།  《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》 [G]  པོད་ཉེར་ལྔ་པ། (བརྡ་གསར་རྙིང་གི་སྐོར།)  སི་ཁྲོན་མི་རིགས་དཔེ་སྐུན་ཁང་།2014ལོའི་པར་ཐེངས་དང་བོ།  ཤོག་ངོས139

[[26]] རྔོག་ལོ་སོགས།《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》[G]   པོད་བཅུ་དགུ་པ། དག་ཡིག་གི་སྐོར།  སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2014ལོའི་པར་ཐེངས་དང་བོ།  ཤོག་ངོས 6

[27] རྔོག་ལོ་སོགས།《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག》[G]   པོད་བཅུ་དགུ་པ། དག་ཡིག་གི་སྐོར།  སི་ཁྲོན་མི་རིགས་དཔེ་སྐུན་ཁང་།2014ལོའི་པར་ཐེངས་དང་བོ།  ཤོག་ངོས15

[28] ཐོན་མི་སོགས།《བོད་ཀྱི་བརྡ་སྤྲོད་ཕྱོགས་སྒྲིག 》[G]  པོད་དང་པོ། སུམ་རྟགས་སྐོར།  སི་ཁྲོན་མི་རིགས་དཔེ་སྐུན་ཁང་།2014ལོའི་པར་ཐེངས་དང་བོ།  ཤོག་ངོས146

[29] སྟོབས་ལྡན་དང་རིན་ཆེན་སྒྲོལ་མ།《ཏུན་ཧོང་ཡི་རྙིང་ཁྲོད་ཀྱི་སྒྲུང་རབས་ཕྱོགས་བསྒྲིགས། 》  [M]  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  2016ལོའི་པར་ཐེངས་དང་བོ།  ཤོག་ངོས15དང16

[30] སྟོབས་ལྡན་དང་རིན་ཆེན་སྒྲོལ་མ།《ཏུན་ཧོང་ཡི་རྙིང་ཁྲོད་ཀྱི་སྒྲུང་རབས་ཕྱོགས་བསྒྲིགས། 》  [M]  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  2016ལོའི་པར་ཐེངས་དང་བོ། ཤོག་ངོས64

[31] ཁ་སྒང་བཀྲ་ཤིས་ཚེ་རིང་། །《ཚིག་མཛོད། བཙན་པོའི་དུས་ཀྱི་ཡིག་རྙིང་སྐོར》  [M]  མི་རིགས་དཔེ་སྐྲུན་ཁང་།  2019ལོའི་པར་ཐེངས་དང་བོ། ཤོག་ངོས64

[32] ཁང་དཀར་སྐལ་བཟང་ཚུལ་ཁྲིམས།《ཁང་དཀར་སྐལ་བཟང་ཚུལ་ཁྲིམས་མཆོག་གི་གསུང་འབུམ་བོད་བཅུ་པ་བཞུགས་སོ།།》  [M] སི་ཁྲོན་ མི་རིགས་དཔེ་སྐྲུན་ཁང་།  2013ལོའི་པར་ཐེངས་དང་བོ། ཤོག་ངོས34

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།