ཚད་མ་རིག་པའི་གཞུང་ལུགས་ཐུན་མོང་རིག་གནས་ཡིན་མིན་འདོད་ཚུལ་ཐད་ཀྱི་དོགས་དཔྱོད།

0
623

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ཚད་མ་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་དང་། རི་བོ་དགེ་ལྡན་པའི་ཚད་མ་རིག་པའི་གཞུང་ལུགས་ཚད་ཐུབ་དག་ཏུ་ཚད་མ་རིག་པའི་བརྗོད་བྱ་དང་གོ་དོན། མིང་གི་རྣམ་གྲངས་འདོགས་ལུགས་བཅས་དམིགས་སུ་བཟུང་ནས།  ཚད་མ་རིག་པའི་གཞུང་ལུགས་འདི་ཐུན་མིན་ནང་དོན་རིག་གཞུང་ཞིག་ཏུ་འདོད་མིརིགས་པར།  ཐུན་མོང་ཐ་སྙད་གཏན་ཚིགས་གཞུང་ལུགས་སུ་ཁས་འཆེས་ན་ལེགས་ཚུལ་ལུང་རིགས་གཉིས་ཀྱིས་མཐའ་དཔྱད་ཅུང་བཏང་བའོ།།

[གནད་ཚིག]  ཚད་མ་རིག་པ། ནང་དོན་རིག་པ། གཏན་ཚིགས་རིག་པ།  རྟོག་གེའི་གཞུང་།

གཅིག  ཚད་མ་རིག་པའི་གཞུང་ལུགས་ཐུན་མོང་ཡིན་མིན་ཐད་དགོངས་པ་མི་མཐུན་པའི་འབྱུང་རྩ་།

འདིར་དཔྱད་པར་འདོད་པའི་གཞིར་གྱུར་བ་ནི་ཀུན་བཏུས་དང་རྣམ་འགྲེལ་རྩ་བར་བཟུང་ནས་བྱུང་བའི་བོད་ཀྱི་ཚད་མ་རིག་པ་འདི་ནང་རིག་པ་ཞིག་སྟེ།  གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་ནས་ཐར་བ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་བརྗོད་བྱ་ཡིན་མིན་གནད་དུ་བཟུང་སྟེ། གནའ་དེང་མཁས་པའི་དབུས་སུ་རྩོད་གླེང་སྣ་ཚོགས་བྱུང་བ་དེ་ཡིན། ཁྱད་པར་དུ་གོ་ཤཱག་སྟག་གསུམ་སོགས་དཔལ་ལྡན་ས་སྐྱའི་ཚད་གཞུང་སྨྲ་བ་དམིགས་སུ་བཟུང་ནས། རི་བོ་དགེ་ལྡན་པའི་ཚད་གཞུང་ཁུངས་ཐུབ་རྣམས་སུ་དགག་བཞག་སྤྲོས་པ་མང་བོ་ཡོད་པ་དེར་བརྟེན། དེང་དུས་ཀྱི་དགེ་རྒན་ཆེན་མོ་མཁས་དབང་བློ་བཟང་ཆོས་གྲགས་གཙོར་གྱུར་བའི་ཚད་མ་རིག་སྨྲ་བའི་ཁྲོད་དུའང་། ཚད་མ་རིག་པའི་གཞུང་ལུགས་འདིའི་གོ་བ་ལེན་ལུགས། རིག་གཞུང་འཇོག་ལུགས་ཕྱོགས་སུ་བཞེད་པ་མི་མཐུན་པ་གཉིས་བྱུང་བ་དེ་དག་གི་དོན་གྱི་སྙིང་བོ་གཅིག་ཏུ་དྲིལ་ན། ཚད་མ་རིག་པ་ནི་ནང་བསྟན་མཚན་ཉིད་རིག་པ་དང་ངོ་གཅིག་ཏུ་གྱུར་བའི་ནང་རིག་པ་ཞིག་ཡིན་པས། ནང་དོན་རིག་པའི་གཞུང་ལུགས་ཤིག་ཏུ་འཇོག་དགོས་པར་འདོད་མཁན་ཞིག་དང་།   ཡང་ན་དེ་ནི་ནང་བསྟན་མཚན་ཉིད་རིག་པ་དང་ངོ་བོ་ཐ་དད་པའི་ཕྱི་ནང་ཐུན་མོང་གི་ཐ་སྙད་རིག་པའི་གཞུང་ལུགས་ཤིག་སྟེ། གཏན་ཚིགས་རིག་པའམ་ཚད་མ་རིག་པའི་གཞུང་ལུགས་གཉིས་གཅིག་ཏུ་འདོད་པའི་ཆེ་ཕྱོགས་ནས་ལྟ་ཚུལ་མི་འདྲ་བ་གཉིས་དང་། དེའི་ཟུར་ནས་འཕྲོས་པའི་ཚད་མ་རིག་པ་དང་གཏན་ཚིགས་རིག་པ་ཞེས་པའི་བརྡ་ཆད་གཉིས་ཀྱང་། དོན་གཅིག་མིང་གི་རྣམ་གྲངས་ཙམ་ལས་གཞུང་ལུགས་གཅིག་ཏུ་གོ་དགོས་སམ། ཡང་ན་རིག་གཞུང་སོ་སོ་བ་གཉིས་སུ་གོ་བ་ལེན་དགོས་པའི་ལྟ་བ་མི་མཐུན་པ་འགའ་ཞིག་བྱུང་། ལྟ་བ་དེ་བྱུང་བའི་རྩ་བའི་འབྱུང་རྐྱེན་ནི་རི་བོ་དགེ་ལུགས་པའི་ཚད་གཞུང་གྲགས་ཅན་མང་བོར། སྔ་རབས་མཁས་ཆེན་འགའི་ཚད་མའི་བསྟན་བཅོས་ཀྱི་གོ་བ་ལེན་ཕྱོགས་ཐད་ལ་དགག་གཞག་གནང་ཡོད་པ་དེ་ཡིན་པར་སེམས་ཏེ། དེ་ཡང་མཁས་གྲུབ་སྨྲ་བའི་ཉི་མའི་ཚད་མ་རྣམ་འགྲེལ་ཊཱིཀ་ཆེན་རིག་པའི་རྒྱ་མཚོར“ཚད་མའི་བསྟན་བཅོས་འདི་དག་ལས་ཀྱང་གང་ཟག་དང་ཆོས་ཀྱི་བདག་མེད་རིགས་པས་ལེགས་པར་གཏན་ལ་ཕབ་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོར་སྟོན་པའི་ཕྱིར་རོ།།” [1]ཞེས་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་འགྲེལ་ཐར་ལམ་གསལ་བྱེད་དུ“དོན་བསྡུས་ན་བསྟན་བཅོས་སྡེ་བདུན་པོ་འདི་དག  བདག་མེད་གཉིས་རིགས་པས་རྩལ་དུ་བཏོན་ནས་འཆད་པས་ནང་རིག་གི་བསྟན་བཅོས་ནང་ནས་ཀྱང་མངོན་པའི་བསྟན་བཅོས་ཡིན་པས་ནང་རིག་པའི་གསེབ་ནས་འདོན་པ་དང་། ཐར་བ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པའི་སྒྲུབ་པ་སྙིང་པོར་བྱེད་པའི་གདམས་ངག་གཙོར་མི་སྟོན་པར། ཕྱིའི་གོ་རྒྱ་གཅོད་པ་ཙམ་མོ་ཞེས་པ་ནི་རང་ཡང་ཕུང་བར་བྱེད་པའི་ཐབས་ལ་འབད་པར་མི་བྱའོ།།”[2]ཞེས་གསུངས་པ་སོགས་ལས་ཚད་མ་རིག་པ་ནི་ནང་བསྟན་མཚན་ཉིད་རིག་པའི་ལྟ་དགོངས་ཀྱི་ངོ་བོ་དབྱེར་མེད་ཅིག་ཏུ་ཁས་འཆེས་པ་ལྟ་བུར་སྣང་ཞིང་། ནང་བའི་སྡེ་སྣོད་གསུམ་ལས་མངོན་པའི་སྡེ་སྣོད་དུ་གཏོགས་པར་དགོངས་པ་དང་།   ཀུན་མཁྱེན་འཇིགས་མེད་དབང་བོས“ཚད་མའི་བསྟན་བཅོས་འདི་དག་ཀྱང་གང་ཟག་དང་ཆོས་ཀྱི་བདག་མེད་རིགས་པས་གཏན་ལ་ཕབ་པ་སྟེ་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོར་སྟོན་པའི་ཕྱིར། ནང་རིག་པའི་བསྟན་བཅོས་ཡིན་མོད། སྟག་ལོ་ཤེས་རབ་རིན་ཆེན་གྱིས་ཕྱི་རིག་པ་ཡིན་ཞེས་མགོ་མྱོས་མྱོས་སུ་སྨྲ་བ་ནི་བསྟན་པའི་གནད་མ་དགོངས་པའི་མུ་ཅོར་ཙམ་དུ་ཟད་དོ།།”[3]ཞེས་པ་སོགས་ལས་ཚད་མ་རིག་པ་དང་། ནང་བསྟན་མཚན་ཉིད་རིག་པ་གཉིས་རིག་པའི་གཞུང་ལུགས་གཅིག་ཏུ་འཇོག་དགོས་པའི་དགོངས་བཞེད་ཡོད་པ་འདྲ་བར་དམིགས་ནས། ཚད་མ་རིག་པ་དང་ནང་རིག་པ་གཉིས་གཞུང་ལུགས་གཅིག་ཏུ་བསྒྲུབས་པའོ།།  དེ་བཞིན་བཅོམ་ལྡན་རིག་རལ་གྱིས་“ཕྱི་རིག་པ་རྟོག་གེའི་བསྟན་བཅོས་ལ་ཚད་མ་རྣམ་འགྲེལ་དང་ཤཱཀྱ་བློའི་ཊི་ཀའི་སྟོད། རིགས་ཐིགས་བམ་པོ་གཅིག”[4]ཅེས་དང་། སྟག་ཚང་ལོ་ཙཱ་བས་“དོན་གཉེར་རྗེས་འཛིན་བཟོ་དང་གསོ་བ་སྦྱང་།།ལོག་སྨྲ་ཚར་གཅོད་སྒྲ་དང་གཏན་ཚིགས་ཏེ།།ཕྱི་རོལ་རིག་གནས་བཞི་དང་ནང་གི་དོན།།ཐུན་མོང་མིན་པའི་མདོ་སྔགས་འདིར་རིག་བྱ།།ལྔ་བོ་རེ་རེའང་གསུམ་གསུམ་ཉིད་དུ་གནས།།དང་བོ་བཞི་ཡི་གསུམ་ཚན་ཐམས་ཅད་ཀྱང་།།ཕྱི་རོལ་པ་ལའང་ཚང་བར་ཡོད་པའི་ཕྱིར།།རིག་གནས་ཐུན་མོང་བ་ཞེས་མཁས་ལ་གྲགས”[5] ཞེས་དང་། ཚལ་བ་ཀུན་དགའ་རྡོ་རྗེས་“ཕྱི་རིག་པ་སྟོན་པའི་བསྟན་བཅོས་བསྐོར་ལ་ཚད་མ་རིག་པའི་བསྟན་བཅོས”[6]ཞེས་དང་། བཀའ་གདམས་དགེ་བཤེས་དོལ་བའི་དངོས་སློབ་དགེ་བཤེས་ལྷ་འབྲི་སྒང་བས་བརྩམས་པའི་བེའུ་བུམ་སྔོན་པོའི་འགྲེལ་བ་ལས“ཕུ་ཆུང་བའི་ཞལ་ནས།  སྒྲ་དང་ཚད་མ་ཀུན་ཕྱི་རོལ་པ་ལའང་ཉན་དུ་རུང་བས།  ཇོ་བོ་ཉིད་ཀྱིས་ཀྱང་ཡོལ་བས་བར་དུ་བཅད་ཅིང་ཉན་པ་ཡིན་གསུང་”[7] ཞེས་པ་སོགས་ཀྱིས་བཀའ་རྙིང་ས་གསུམ་གྱི་མཁས་ཆེན་རྣམས་ཀྱིས་ཚད་མ་རིག་པའི་བརྗོད་བྱ་དང་རྗོད་བྱེད་ཐབས་སམ་སྒྲུབ་བྱེད་རིག་པའི་ཆ་དང་། ལྷག་པར་དུ་ཚད་མ་མདོ་དང་སྡེ་བདུན་གྱི་བརྗོད་བྱ་ལ་གཞིགས་ནས་ཕྱི་རིག་པར་སྨྲས་པ་གསལ་བོ་ཡིན་པ་ནི་ལྟ་བ་མི་མཐུན་པ་དེ་གཉིས་ཀྱི་འབྱུང་རྩར་གྱུར་བ་དཔོགས་ཐུབ་བོ།།

གཉིས། ཚད་མ་རིག་པ་ཐུན་མོང་ཡིན་མིན་གྱི་དགོངས་ཚུལ་དངོས་ལ་དཔྱད་པ།

གོང་སྨོས་ལྟ་བ་མི་མཐུན་པར་འདོད་པ་དེས་དེང་དུས་ཀྱི་མཁས་པའི་ཁྲོད་ལ་རྩོད་གཞི་མི་མཐུན་པ་སྣ་ཚོགས་ཞིག་དྲངས་ཡོད་པར་མ་ཟད།  ལྷག་པར་དུ་མཁས་དབང་བློ་བཟང་ཆོས་གྲགས་ཀྱི《ཚད་མ་རིག་པའི་སྤྱི་དོན》ཞེས་པར“ཚད་མ་རིག་པ་ནི་བརྗོད་བྱའི་དོན་ཀྱི་རྣམ་པ་གཙོར་བཟུང་ནས་ནང་བསྟན་མཚན་ཉིད་རིག་པ་དང་། གཏན་ཚིགས་རིག་པ་ནི་འཛམ་གླིང་ཐུན་མོང་དུ་དར་བའི་བླང་དོར་གྱི་གནས་ལ་མ་རྨོངས་པ་འབྱེད་པའི་ཐབས་གཙོ་བོར་སྟོན་པའི་རིག་པ་ཡིན།”[8]ཞེས་ཚད་མ་རིག་པ་དང་གཏན་ཚིགས་རིག་པ་གཉིས་གཞུང་ལུགས་སོ་སོ་བར་བགར་བའི་དམིགས་ཡུལ་ནི། མཁས་གྲུབ་རྗེ་སོགས་ཀྱི་ལྟ་བ་འཐད་ལྡན་དུ་བསྒྲུབ་པར་འདོད་པ་ཡིན་པ་རྟོགས་ནུས། དེ་བཞིན་དཔལ་ལྡན་ས་སྐྱའི་མཁས་ཆེན་དག་གི་རྗེས་སུ་འགྲངས་ནས། ཚད་མ་རིག་པ་ནི་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་དང་ཐ་དད་དུ་བསྒྲུབས་པའི་རིག་སྨྲ་བའང་ཤིན་ཏུ་མང་སྟེ། ཐ་ན་རིག་པའི་གནས་ལྔར་ཕྱེ་བའི་སྐབས་སུའང་ཕྱི་ནང་ཐུན་མོང་གི་ཐ་སྙད་རིག་གནས་ཆེ་བ་བཞིའི་ཡ་གྱལ་དུ་ཚད་མ་རིག་པ་བགྲངས་ཡོད་པ་ཐུན་མོང་ལ་གྲགས་པས་ཀྱང་ཤེས་ནུས། དེའི་ཕྱིར་ང་ཚོས་བློ་གཟི་བོའི་སྒོ་ནས་ཚད་མ་རིག་པའི་གོ་བ་ལེན་ལུགས་དང་། བརྗོད་བྱ། བརྗོད་སྙིང་། ཁྱད་པར་འབྱེད་ལུགས་སོགས་ལ་ཞིབ་ཏུ་གཞིགས་ཚེ། དོན་དངོས་སུ་རི་བོ་དགེ་ལྡན་པའི་ཚད་མའི་མཁས་ཆེན་དག་གིས་ཚད་མ་རིག་པ་དེ་ཐུན་མོང་དང་ཐུན་མིན་རིག་གཞུང་གང་ཞིག་ལ་བཞེད་པ་གསལ་ལྷང་དུ་བུད་དེ། རིག་པའི་གཞུང་ལུགས་དེ་ཐུན་མོང་དང་ཐུན་མོང་མིན་པ་གང་གི་ཁོངས་སུ་བསྡུས་ན་ལེགས་པར་ཡིད་ཆེས་སུ་རུང་བའི་གཏན་ཚིགས་རིགས་ལམ་དོན་ལ་འབྱོར་པ་ཞིག་བརྙེད་ཐུབ་པའི་གདེངས་ཚོད་ཡོད་སྙམ།།

༡  གཏན་ཚིགས་རིག་པ་དང་ཚད་མ་རིག་པའི་ཆོས་སྐད་སྤྱོད་རིམ་ལས་དཔོག་པ།

   དེ་ཡང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་རྒྱ་གར་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས་ཞེས་པར། ནང་བའི་ཚད་མ་རིག་པ་ནི་རྒྱ་གར་རྟོག་གེའི་ཚད་མ་རིག་པའི་གཞུང་ལུགས་རྒྱ་ཆེན་པོའི་འཕེལ་རིམ་དང་རྨང་གཞིའི་སྟེང་བརྩམས་པ་ཞིག་ལས།  ནང་བའི་སློབ་དཔོན་གཅིག་གིས་གློ་བུར་དུ་བརྩམས་གྲུབ་བྱུང་བ་ཞིག་མིན་གསུང་བ་བཞིན།  ཚད་མ་དང་གཏན་ཚིགས་ཞེས་པའི་ཚད་མ་རིག་པའི་ཆོས་སྐད་གཙོ་བོ་དག་ནི་ནང་བའི་གཞུང་ལུགས་ལས་ཐོག་མར་བྱུང་བ་མ་ཡིན་པར།  ཕྱི་རོལ་བའི་རྟོག་གེའི་གཞུང་ལུགས་སུ་དུས་ཡུན་ཧ་ཅང་རིང་བོ་ཞིག་ནས་གཞུང་ལུགས་ཀྱི་ཆོས་སྐད་དུ་བེད་སྤྱོད་བྱེད་བཞིན་ཡོད།   ཆོས་སྐད་དེ་དག་ཕྱི་རོལ་བའི་གཞུང་ལུགས་ནང་དུ་རིག་གཞུང་གང་ལ་ཆེད་དུ་སྤྱོད་པའི་ཐ་སྙད་གཙོ་བོ་ཡིན་པ་དང་།  ཚད་མ་དང་གཏན་ཚིགས་ཞེས་པའི་ཆོས་སྐད་གཉིས་བེད་སྤྱོད་ཡུལ་གྱི་རིག་གཞུང་ཁྱབ་ཁོངས་གཅིག་མི་གཅིག་ལ་དཔྱད་པ་གཏོང་བ་ནི་ཚད་མ་རིག་པ་ཕྱི་ནང་མཐུན་མོང་རིག་གཞུང་ཞིག་ཡིན་མིན་དང་། ཚད་མ་རིག་པ་དང་གཏན་ཚིགས་རིག་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་མིན་ཐད་ཀྱི་གཞི་འཛིན་ས་གཙོ་བོར་གྱུར་ཡོད་སྙམ།

བོད་ཀྱི་སྐད་དུ་ཚད་མ་ཞེས་པའི་ཐ་སྙད་འདི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ལོ་ཙཱ་བ་ཡེ་ཤེས་སྡེ་དང་། ལོ་ཆེན་དཔལ་བརྩེགས་སོགས་ཀྱིས་རིགས་ཐིགས་དང་གཏན་ཚིགས་ཐིགས་པ་སོགས་བསྒྱུར་བའི་ནང་དུ་ཆོས་སྐད་དེ་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་པ་ནི།  ཏུན་ཧོང་ཤོག་དྲིལ་ཡིག་ཚགས་Pe1.tib.123དང་ IOL.Tib.J.VOL.3ཚད་མ་རིགས་ཐིགས་ཀྱི་རྩ་འགྲེལ། འགྱུར་བྱང་དུའང་ཞུ་ཅན་གྱི་ལོ་ཙ་པ་བན་དེ་ཡེ་ཤེས་སྡེ་གསལ་བའི་ནང་དུ་ཚད་མའྀ་ཕུལ་དུ་ཕྱིན་པ་ཞེས་པའམ། བྲམ་ཟེ་རྣམས་ཀྱིས་ཚིག་ཚད་མར་བྱས་པ་ཡྀན་ནོ་ལྟ་བུ་ཚད་མའི་ཆོས་སྐད་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་པ་དང་། 《དཀར་ཆག་འཕང་ཐང་མར》“ཚད་མ་རྣམ་འགྲེལ་སྒྱུར་འཕྲོ། བམ་པོ་གཅིག”[9] ཅེས་བསྟན་བཅོས་ཀྱི་མཚན་བྱང་ལའང་ཚད་མ་ཞེས་བྱུང་ཡོད་པས་རྟོགས་ཐུབ། དུས་སྐབས་དེའི་ནང་དུ་ལེགས་སྦྱར་སྐད་དོད་དུ་པྲ་མཱ་ཎ་ཞེས་པ་བོད་སྐད་ལ་དོན་ཐད་ཀར་བསྒྱུར་ན་རབ་ཏུ་འཇལ་བ་ཞེས་པར་གོ་གསུངས་མོད།  བོད་ཀྱི་སྔོན་བྱོན་སྐྱེས་ཆེན་རྣམས་ཀྱིས་སྒྲའི་བརྗོད་བདེ་བ་དང་།  དོན་གྱི་བརྗོད་པ་མི་འགལ་བའི་སྒོ་ནས་ཚད་མ་ཞེས་པའི་ཆོས་སྐད་གཏན་ལ་ཕབ་པ་ཞིག་ཡིན་ངེས།   ཚད་མ་ཞེས་པའི་ཆོས་སྐད་འདི་རྒྱ་གར་རང་ཁོངས་སུ་ཕྱི་བའི་རྟོག་གེ་སྨྲ་བ་རྣམས་ཀྱིས་མ་མཐའ་ཡང་དུས་རབས་གཉིས་པའི་དུས་སྐབས་ཙམ་ཞིག་ནས་སྤྱོད་བཞིན་ཡོད་པ་ཙ་ར་ཀའི་སྨན་གཞུང་དུ་རྟོག་གེའི་ཚིག་དོན་བཅུ་དྲུག་གསལ་བས་དངོས་སུ་མཚོན་ཞིང་།  ཚད་མའི་བསྟན་བཅོས་རང་བཙན་པའི་ནང་ལ་ཆེད་དུ་སྤྱོད་པའི་དུས་ཚིགས་ཀྱང་ནང་བ་ལས་ཆེས་ཆེར་རིང་བར་མཐོང་སྟེ།  ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི《རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མའི་ལོ་རྒྱུས》ཞེས་པར“ཚད་མའི་གཞུང་ལུགས་རང་བཙན་པའི་སྲོལ་ཐོག་མ་ནི་རིགས་པ་ཅན་པའི་སྟོན་པ་གོ་ཏ་མས་བརྩམས་པར་གྲགས་པའི་རིགས་པའི་མདོའམ་རིགས་པ་ཅན་པའི་མདོ་ཞེས་པར།    ཚད་མ་དང་།   གཞལ་བྱ།   ཐེ་ཚོམ།  དགོས་པ།  དཔེ།   གྲུབ་པའི་མཐའ། ཡན་ལག   རྟོག་གེ།  གཏན་ལ་དབབ་པ།  རྩོད་པ།  བརྗོད་པ།  སུན་ཅི་ཕྱིན་དུ་རྒོལ་བ།  གཏན་ཚིགས་ལྟར་སྣང་།  ཚིག་དོར་བ།  ལྟག་ཆོད།  ཚར་གཅོད”[10]སོགས་རྟོག་གེ་ཚིག་དོན་བཅུ་དྲུག་གསལ་བོར་ཡོད།   མ་ཟད་ཚད་མའི་ཆོས་སྐད་འདི་ཚིག་དོན་བཅུ་དྲུག་གི་དང་པོར་བཞག་ཏེ།  དེ་ལ་མངོན་སུམ་ཚད་མ་དང་།   རྗེས་དཔག་ཚད་མ།   དཔེ་ཉེར་འཇལ་ཚད་མ།   སྒྲ་བྱུང་གི་ཚད་མ་བཅས་དབྱེ་བ་ཞིབ་ཕྲར་མཛད་ཡོད་པ་དེས།   རིག་གཞུང་དེའི་ཆོས་སྐད་གཙོ་བོར་གྲུབ་ཡོད་པ་དངོས་སུ་མཚོན་ཡོད།   དེ་བཞིན་གཏན་ཚིགས་ཀྱི་སྐད་དོད་ཧེ་ཏུ་དང་།  རྟོག་གེའི་སྐད་དོད་ཏརྐ་བཅས་ཚད་མ་རིག་པའི་ཆོས་སྐད་གཙོ་བོ་དག་ཀྱང་ཕྱི་བའི་རིག་གཞུང་དུ་ནང་བའི་གོང་རོལ་ནས་ཡོངས་ཁྱབ་ཏུ་སྤྱོད་བཞིན་ཡོད།   དེས་ཚད་མ་རིག་པ་འདི་ཕྱི་ནང་ཐུན་མོང་རིག་གནས་ཤིག་ཡིན་པ་རྟོགས་ནུས།   ཆོས་སྐད་དེ་དག་ལས་བསྟན་བཅོས་རང་བཙན་པའི་མིང་རྟོག་གེ་རིག་པའི་སྐད་དོད་ཏརྐ་བིདྱཱ་དང་།  གཏན་ཚིགས་རིག་པའི་སྐད་དོད་ཧེ་ཏུ་བིདྱཱ་གཉིས་ཚད་མ་རིག་པའི་སྐད་དོད་པྲ་མཱ་ཎ་བིདྱཱ་ལས་བྱུང་བ་སྔ་བས།《དཀར་ཆག་འཕང་ཐང་མར》བསྟན་བཅོས་དང་རིག་གཞུང་གི་དབྱེ་བ་བསྟན་སྐབས་ཚད་མ་རིག་པའམ་གཏན་ཚིགས་རིག་པ་ཞེས་མ་བསྟན་པར།  “ཏར་ཀའི་ཕྱོགས་ལ”[11] ཞེས་རྟོག་གེའི་སྐད་དོད་ཏརྐ་བེད་སྤྱོད་བྱས་ཡོད་པ་དེས་ཀྱང་གསལ་ལོ།།  ཁྱད་པར་དུ་རིག་པའི་གཞུང་ལུགས་དབྱེ་བའི་ཆོས་སྐད་ལ་བྱེ་བྲག་བཤད་པ་ཆེན་མོ་ལས། “རིག་པའི་གནས་ལྔ་ནི་སྒྲ་རིག་པ་དང་། གཏན་ཚིགས་རིག་པ། རྒྱལ་སྲིད་རིག་པ། གསོ་བ་རིག་པ། བཟོ་རིག་པ།”[12]ཞེས་གཏན་ཚིགས་རིག་པ་ཆེད་དུ་སྤྱད་པ་ལས།   དེའི་ཡར་སྔོན་དུ་རྟོག་གེ་རིག་པ་སྤྱད་པའང་མིག་སྔར་ལག་མཐོང་ཡོང་མེད་པར་སྣང་།    ཕྱོགས་གླང་ཡར་སྔོན་གྱི་ཕྱི་ནང་གཉིས་ཀའི་ཚད་མའི་བསྟན་བཅོས་ལ་རིགས་པའི་མདོ་དང་ཐབས་ཀྱི་སྙིང་བོ།  རྩོད་གྲུབ་སོགས་བཏགས་ཡོད་པ་ཙམ་ལས།   ཚད་མ་རིག་པ་མ་ཟད་རྟོག་གེ་རིག་པ་དང་གཏན་ཚིགས་རིག་པ་ཞེས་བཏགས་པའི་གཞུང་ལུགས་ཤིག་མཐོང་བ་དཀོན་པའི་ཚུལ་སོགས་ལས་རྗེས་སུ་དཔོག་ཆོག་པར།    ཚད་མ་དང་རྟོག་གེ    གཏན་ཚིགས་བཅས་རིག་གཞུང་གཅིག་གི་ཁྱབ་ཁོངས་སུ་སྤྱོད་པའི་ཆོས་སྐད་གཙོ་བོ་ཞིག་ཡིན་ཡང་།   རིག་པའི་གཞུང་ལུགས་དེའི་མིང་ལ་གཏན་ཚིག་རིག་པ་དང་རྟོག་གེ་རིག་པ་གཉིས་གཙོ་བོར་སྤྱོད་པ་ལས་ཚད་མ་རིག་པ་ཞེས་པའི་འདོགས་ལུགས་ཕྱོགས་གླང་ཡར་སྔོན་དུ་བྱུང་མེད་པ་འདྲ།    བསྟན་བཅོས་རང་ལ་མཚན་འདོག་ཚུལ་གྱི་ཆ་ནས་ཀྱང་བསྟན་བཅོས་རང་གི་་བརྗོད་བྱའི་ཆོས་སྐད་གཙོ་བོ་ཚད་མ་དང་།  རྟོག་གེ    གཏན་ཚིགས་སོགས་ཀྱིས་འདོགས་པའི་སྲོལ་ཡང་རྒྱ་ཁྱབ་ཏུ་བྱུང་མེད་པ་སྣང་བ་བཅས་ཡིན།

དེ་ན་ཚད་མ་ཞེས་པའི་ཆོས་སྐད་གཞུང་ལུགས་རང་མཚན་པར་ཐོགས་པ་ནི་ཕྱོགས་གླང་ཡབ་སྲས་ཀྱི་རིང་ཡིན་པར་འདོད་དེ།  དཔལ་ལྡན་ཕྱོགས་ཀྱི་གླང་བོ་རང་ཉིད་ཀྱིས་བརྩམས་པའི་ཚད་མའི་བསྟན་བཅོས་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས།   པྲ་མཱ་ཎ་ས་མུ་ཙྪ་ཡ་ནཱ་མ་པྲ་ཀ་ར་ཎ་སྟེ་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་བསྟན་བཅོས་ཀྱི་མཚན་ལ་ཚད་མའི་ཆོས་སྐད་དངོས་སུ་སྤྱད་ཡོད།  དེ་བཞིན་དཔལ་ཆོས་ཀྱི་གྲགས་པས་ཀྱང་རང་གི་བསྟན་བཅོས་ཀྱི་མཚན་ལ།  པྲ་མཱ་ཎ་བ་ར་ཏཱི་ཀ་ཀཱ་རི་ཀཱ་སྟེ།   ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་ཚད་མའི་ཆོས་སྐད་དངོས་སུ་སྤྱད་ཡོད་པ་སོགས་ཀྱིས་མཚོན་ནུས་སྙམ། དེ་ཡང་ཚད་མ་ཀུན་བཏུས་སུ་“ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས།།བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་བཅུག་བྱ།། མངོན་སུམ་དང་ནི་རྗེས་སུ་དཔག། ཚད་མའོ་མཚན་ཉིད་གཉིས་གཞལ་བྱ།།”[13]ཞེས་བསྟན་བཅོས་ཀྱི་བརྗོད་བྱ་དང་ཚད་མའི་དབྱེ་བ་གསལ་བོར་བསྟན་པ་དང་།  རྣམ་འབྲེལ་དུ“ཚད་མ་བསླུ་མེད་ཅན་ཤེས་པ།།མ་ཤེས་དོན་གྱི་གསལ་བྱེད་ཀྱང་།།”[14]ཞེས་ཚད་མའི་མཚན་ཉིད་སྔར་ལས་ཀྱང་གསལ་བོར་གཏན་ལ་ཕབ་པ་དེས། ཚད་མའི་ཆོས་སྐད་ནི་བསྟན་བཅོས་དེའི་བརྗོད་བྱ་གཙོ་བོར་གྱུར་ཡོད་པ་ན། བསྟན་བཅོས་ཀྱི་མཚན་ལ་ཚད་མའི་ཆོས་སྐད་འདི་འདོགས་དགོས་པའི་རྒྱུ་མཚན་ཀྱང་མཐོང་ངོ་།།  འོན་ཀྱང་དཔལ་ལྡན་ཕྱོགས་ཀྱི་གླང་བོས་རང་གི་ཚད་མའི་བསྟན་བཅོས་ཐོར་བུ་གཞན་རྣམས་ལ་དམིགས་པ་བརྟག་པ་དང་།  དུས་གསུམ་བརྟག་པ།  གཏན་ཚིགས་ཀྱི་འཁོར་ལོ་སོགས་བཏགས་ཡོད་པས་གཅིག་ཏུ་མ་ངེས་པ་མཐོང་ཐུབ།   དེ་ལྟར་ཚད་མ་དང་གཏན་ཚིགས།  རྟོག་གེ་ཞེས་པའི་ཆོས་སྐད་དག་གི་བྱུང་འཕེལ་དང་།  བསྟན་བཅོས་རང་གི་མཚན་གྱི་བྱུང་རིམ་སོགས་གོང་བསྒྲུགས་ནས་དཔྱད་ན།  ཆོས་སྐད་འདི་དག་བསྟན་བཅོས་ཐུན་མོང་བ་ཞིག་ཏུ་བརྗོད་པའི་བརྡ་ཆེད་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་གསལ་བོ་ཡིན་ཞིང་།  དེ་ལས་ཚད་མ་ཞེས་པའི་ཆོས་སྐད་འདིའི་དབྱེ་བ་འབྱེད་ཚུལ་དང་།  མཚན་ཉིད་འགོད་ཚུལ་སོགས་ཕྱི་ནང་གཉིས་ཀའི་བསྟན་བཅོས་ཀྱི་སྲོག་ལྟ་བུ་ཞིག་ཏུ་བཟུང་ཡོད་པ་སོགས་ལས་བསྟན་བཅོས་འདི་ནི་ཕྱི་ནང་ཐུན་མོང་གི་གཞུང་ལུགས་ཞིག་ཡིན་པ་མངོན་སུམ་དུ་གྲུབ་ཡོད་དོ།།

༢  དགེ་ལུགས་པའི་ཚད་གཞུང་གཞིར་བཞག་ནས་ཚད་མ་རིག་པའི་བརྗོད་བྱའམ་ལུས་འཇོག་ལུགས་ལས་དཔོག་པ།

གཞུང་ལུགས་གང་ཞིག་བགར་བའི་གཞི་འཛིན་ས་གཙོ་བོ་ནི་གཞུང་ལུགས་དེའི་ངོ་བོས་ཐག་གཅོད་དགོས་ཤིང་། དེ་ལ་དེང་དུས་ཀྱི་རྒྱའི་གཏན་ཚིགས་རིག་སྨྲ་བ་ཝང་ལུའུ་ཡིས་《གཏན་ཚིགས་རིག་པའི་དགོངས་དོན》ཞེས་པར“གཏན་ཚིགས་རིག་པ་ནི་གཏན་ཚིགས་རིག་པའི་ནང་གི་སྒྲིག་ཆས་ཤིག་གིས་ཐག་གཅོད་དགོས་ཤིང་། དེའི་ནང་གི་སྒྲིག་ཆས་གཏན་ཚིགས་རིག་པའི་རིག་ཚན་འདིའི་ཐོག་མཐའ་བར་གསུམ་དུ་འདོར་ཐབས་མེད་པ་ཞིག་ཡིན་པར་མ་ཟད། ནང་གི་སྒྲིག་ཆས་དེ་དོར་བའི་གཏན་ཚིགས་རིག་པ་དེ་མིང་ཙམ་ལས་དོན་མེད་པ་ཞིག་ཡིན”[15]ཞེས་པའི་ནང་གི་སྒྲིག་ཆས་ནི་གཞུང་ལུགས་དེའི་བརྗོད་བྱ་ཡིན་པར་མ་ཟད་ངོ་བོའང་དེ་ཡིན་པ་སྨྲ་མ་དགོས་པ་ཞིག་རེད། དེ་ན་དོན་དངོས་སུ་རི་དགེ་ལྡན་པའི་ཚད་མའི་མཁས་ཆེན་རྣམ་པས་ནང་རིག་པར་བསྒྲུབས་པའི་གཞི་འཛིན་ས་ནི། ཚད་མ་རྣམ་འབྲེལ་གཙོར་གྱུར་བའི་ནང་བའི་ཚད་མ་རིག་པ་དག་གི་བརྗོད་བྱའི་སྙིང་བོའམ་བསྒྲུབ་བྱའི་དགོངས་དོན་གྱི་ཆ་ནས་བཞག་པ་ཞིག་ཡིན་པ་ལས། བརྗོད་བྱ་དང་རྗོད་བྱེད་རིགས་པའི་ཆ་ནས་ཚད་མ་རིག་པའི་གཞུང་ལུགས་འདི་ནང་བའི་ཐུན་མིན་གཞུང་ལུགས་ཤིག་ཏུ་བཞེད་ཡོད་པར་མི་སེམས་པར། བརྗོད་བྱའི་དོན་གྱི་གོ་བ་ལེན་ལུགས་ལ་རིག་ལམ་ཕྲ་མོས་ཞིབ་ཆ་འབྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས་ཏེ། ཆེ་ཕྱོགས་ནས་རིག་པའི་གཞུང་ལུགས་སམ་ཤེས་བྱའི་གནས་ཐམས་ཅད་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་ཡོད་ཕྱིར། བོད་ཀྱི་གནའ་རབས་མཁས་ཆེན་ཚོས་དགོས་པ་ཆོས་བཞིའི་དགོངས་དོན་མཛད་དེ།  གཞུང་ལུགས་གང་ཞིག་ལའང་བརྗོད་བྱ་དང་། དགོས་པ། ཉིང་དགོས། འབྲེལ་བ་བཅས་ཀྱི་སྒོ་ནས་གཞུང་ལུགས་དེའི་དགོངས་པར་འགྲེལ་བཤད་མཛད་པ་ལུགས་སུ་ཆགས་པས། དགོས་པ་དང་ཉིང་དགོས་ཀྱི་ཕྱོགས་ནས་ནང་བའི་རིག་སྨྲ་བ་ཞིག་ཡིན་ཕྱིན།  ཐུན་མིན་ནང་དོན་རིག་པའི་གཞུང་ལུགས་ཤིག་མ་ཟད།    ཐུན་མོང་ཐ་སྙད་རིག་གནས་སྒྲ་སྙན་བཟོ་གསོ་སོགས་ཀྱང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕངས་ཐོབ་པར་མེད་དུ་མི་རུང་བར་འགྲེལ་པར་རིགས།  དེ་ཡང་སི་ཏི་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་《སུམ་རྟགས་འགྲེལ་ཆེན》དུ་“མིང་ཚིག་བརྗོད་པ་ཐམས་ཅད་ལ་མི་རྨོངས་པའི་བློ་གྲོས་སྐྱེ་ཞིང་བསླབ་པ་གསུམ་དང་རིག་བྱེད་སོགས་གཙུག་ལག་གཉིས་ཀར་འཇུག་པའི་ལམ་ཡངས་པར་འགྱུར་བ་ནི་དགོས་པའོ།། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ལམ་ལ་སྤྲོ་བས་འཇུག་ཅིང་མཐར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་དུ་བྱེད་པ་ནི་དགོས་པའི་དགོས་པའོ”[16]ཞེས་དང་། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི《རྣམ་འགྲེལ་མཐའ་དཔྱོད་ཐར་ལམ་རབ་གསལ》དུ“གཞན་ཡང་ས་ལྔ་བའི་སྐབས་སུའང་རྩིས་དང་གཏན་ཚིགས་སོགས་སློབ་པར་བཤད་པ་དང་། མདོ་སྡེ་རྒྱན་ལས་རིག་པའི་གནས་ལྔ་ལ་མཁས་པར་མ་བྱས་ན་འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་མི་ཐོབ་པར་བཤད་པ་དང་། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི།།དངོས་དེ་གང་ཡང་ཡོད་མ་ཡིན།།” [17] ཞེས་དང་། མཁས་གྲུབ་རྗེའི་ཚད་མ་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་དང་ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་གཉིས་སུ་“ཚད་མ་རིག་པ་རྟོག་གེ་ཡིན་པས། གྲོལ་བ་དོན་གཉེར་ལ་མི་མཁོ་བར་འདོད་ན་སྦྱོར་ལམ་ཆོས་མཆོག་མན་ཆད་གྲོལ་བ་དོན་གཉེར་ལ་མི་མཁོ་བར་འགྱུར་ཏེ། ཆོས་ཉིད་དོན་སྤྱིའི་ཚུལ་གྱིས་ཡུལ་དུ་བྱེད་དགོས་པའི་ཕྱིར་རོ་” [18]ཞེས་དང་།  ཡང་“སྤྱིར་ནང་རིག་པ་མ་ཡིན་པ་ཙམ་གྱིས་གྲོལ་བ་དོན་གཉེར་ལ་མི་མཁོ་བར་འདོད་པ་ཡང་རྣམ་པར་རྟོག་པའི་ཕྱིན་ཅི་ལོག་ཡིན་ཏེ། རིག་པའི་གནས་ལྔ་ལ་མཁས་པར་མ་བྱས་པར་ཐམས་ཅད་མཁྱེན་པར་མི་འགྱུར་པའི་ཕྱིར་རོ།། ” [19]ཞེས་སོགས་ཀྱི་ལུང་རིགས་ལ་བརྟེན་ནས་རིག་པའི་གནས་ཚང་མ་ཐམས་ཅད་མཁྱེན་པའི་གོ་འཕངས་ཐོབ་པར་མེད་དུ་མི་རུང་བར་བསྒྲུབས་ཡོད་ཅིང་། ཐམས་ཅད་མཁྱེན་པའི་གོ་འཕངས་ནི་ནང་དོན་རིག་པའི་བརྗོད་སྙིང་གཙོ་བོ་ཡིན་པ་སྨོས་མ་དགོས་པས་ན། དགོས་པ་དང་ཉིང་དགོས་ལས་བཤད་ན་ཚད་མ་ཕར་ཞོག  སྒྲ་སྙན་བཟོ་གསོ་སོགས་ཐ་སྙད་རིག་གཞུང་ཚང་མ་ནང་དོན་རིག་པའི་ཁོངས་སུ་བསྡུ་རུང་བར་འགྱུར་རོ།།

ཀ    ཚད་མ་རིག་པའི་བརྗོད་བྱའམ་ལུས་གཙོ་བོ་ལས་ཐུན་མོང་རིག་གཞུང་དུ་དཔོག་པ།

དེ་ན་བོད་ཀྱི་ཚད་མ་རིག་པའི་བརྗོད་བྱ་ཡང་དག་གང་ཡིན་ཞེ་ན། ཐོག་མར་བོད་ཀྱི་ཚད་མ་རིག་པའི་གཞི་འཛིན་སའི་རིག་པའི་གཞུང་ལུགས་ཤིག་མཚན་གཞིར་བཞག་ནས་དཔྱད་དགོས་ཤིང་། བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཡོད་དོ་ཅོག་གི་ཁུངས་གཏུགས་ས་གནའ་བོའི་རྒྱ་གར་ནས་ཚུར་འགྱུར་བྱུང་བའི་དཔལ་ལྡན་ཕྱོགས་ཀྱི་གླང་བོའི་ཚད་མ་ཀུན་བཏུས་དང་། བསྟན་བཅོས་དེའི་རྒྱས་འགྲེལ་ཏུ་བསྒྲུབས་པའི་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་སྡེ་བདུན་གཉིས་ཡིན་པར་རིས་མེད་གྲུབ་མཐའ་ཀུན་ལ་རྩོད་གཞི་མེད་པས།  ཕྱིས་བོད་ཀྱི་མཁས་ཆེན་རྣམས་ཀྱིས་བརྩམས་པའི་ཚད་མ་རིག་པའི་བསྟན་བཅོས་བགྲང་བར་དཀའ་བ་མཐའ་དག་མཐར་གཏུགས་ན། གོང་དུ་དྲངས་པའི་རྒྱ་གཞུང་གཉིས་ཀྱི་འགྲེལ་བ་ཡིན་ཏེ། ཀུན་མཁྱེན་བསོད་ནམས་སེངྒེས། རིགས་པའི་གཙུག་རྒྱན་གཉིས་ཀྱི་གཞུང་ལུགས་ལ།། སྡེ་བདུན་གོང་འོག་བསྡེབས་ནས་འཆད་པ་དང་།།རྒྱ་འགྲེལ་ལེགས་ཆ་བཏུས་ནས་འཆདཔ་དང་།།རང་གི་རྣམ་རྟོག་ཉིད་ཀྱིས་འཆད་པ་སྟེ།།གངས་རིའི་ལྗོངས་འདིར་འཆད་ཚུལ་རྣམ་པ་གསུམ།། ཞེས་རྒྱ་གཞུང་གཉིས་ལ་འགྲེལ་སྟངས་མི་མཐུན་པ་བྱུང་ཡོད་པ་ལས་རྩ་བ་དེ་གཉིས་ཡིན་པ་གསལ་བོར་གསུངས་ཡོད།  དེར་བརྟེན་བསྟན་བཅོས་དེ་གཉིས་ཀྱི་བརྗོད་བྱའི་ནང་དོན་ཚད་མ་རིག་པའི་བརྗོད་བྱའི་ནང་དོན་དུ་འཇོག་དགོས་པར་གོར་མ་ཆག་གོ།

ཚད་མ་མདོ་དང་སྡེ་བདུན་གཉིས་ཀྱི་བརྗོད་བྱའི་ནང་དོན་ལ་བློ་བརྣལ་དུ་ཕབ་ནས་ཞིབ་ཆ་འབྱེད་པ་ནི།  ཚད་མ་རིག་པའི་གཞུང་ལུགས་འདི་ཕྱི་ནང་ཐུན་མོང་དང་ཐུན་མིན་རིག་གཞུང་གང་ཞིག་ལ་འཇོག་པའི་རྩ་བར་སོང་བ་དང་།  བརྗོད་བྱའི་ནང་དོན་གྱི་གོ་བ་ལེན་ལུགས་ལ་ཞིབ་ཆ་ཐོན་མ་ཐོན་གྱི་དབང་གིས།  ད་ལྟའི་བཞེད་ཚུལ་མི་མཐུན་པ་དེ་གཉིས་བྱུང་བའང་ཡིན་པར་སེམས་ཏེ།  ཚད་མ་རིག་པའི་སྤྱི་དོན་ལྟར་ན།  སྤྱིར་བོད་ཀྱི་འགྲེལ་ཊིཀ་རྣམས་སུ་ཚད་མ་རིག་པ་དེ་ཕྱི་རོལ་རྟོག་གེའི་གཞུང་དང་ཆ་འདྲ་བས་ཕྱི་རིག་པར་འདོད་པ་དང་།  གཏན་ཚིགས་ཀྱི་རྣམ་བཞག་མ་ཚང་བ་མེད་པར་བསྟན་པས་ཕྱི་ནང་ཐུན་མོང་རིག་གནས་སུ་འདོད་པ། བདེན་བཞི་དང་བདག་མེད་གཉིས་ཀྱི་ལྟ་བ་སོགས་གཏན་ལ་ཕབ་པས་ནང་རིག་པར་འདོད་པ་གསུམ་ཡོད་པ་ལས། ཁོང་གིས་ཚད་མ་རིག་པའི་བརྗོད་བྱ་ནི་བདེན་བཞིའི་རྣམ་བཞག་དང་གང་ཟག་དང་ཆོས་ཀྱི་བདག་མེད་རིགས་པས་གཏན་ལ་ཕབ་པ་དེ་ཡིན་པས།  ནང་རིག་པ་སྟེ་ཕྱི་མའི་དགོངས་པ་འཐད་ལྡན་དུ་བསྒྲུབས་ཤིང་། ཚད་མ་རིག་པའི་བརྗོད་བྱ་བདེན་བཞི་དང་བདག་མེད་གཉིས་ཡིན་པའི་སྒྲུབ་བྱེད་ཀྱི་ཁུངས།  གོང་དུ་དྲངས་པའི་དགེ་ལུགས་པའི་མཁས་ཆེན་མཁས་གྲུབ་རྗེ་དང་ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་ཀྱིས།  ཚད་མ་རིག་པ་ནང་རིག་བསླབ་པ་ལ་མེད་དུ་མི་རུང་བར་བསྒྲུབས་པའི་ལུང་དེ་དག་ཡིན་མོད།  ང་ཚོས་བློ་གཟི་བོར་གནས་ཏེ་ཞིབ་མོ་རྣམ་འཐག་གི་སྒོ་ནས།  དགེ་ལུགས་པའི་མཁས་ཆེན་དག་གི་མཚན་མའི་བསྟན་བཅོས་གཙོ་བོ་འགའ་གོང་སྒྲིག་ནས།  ཚད་མ་རིག་པའི་བརྗོད་བྱའི་ནང་དོན་ལ་ཞིབ་ཏུ་གཞིགས་ན།  བདེན་བཞིའི་རྣམ་བཞག་དང་། གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་སོགས་ནང་དོན་རིག་པའི་རྩ་བའི་བརྗོད་བྱ་དག་ཚད་མ་ཀུན་བཏུས་དང་སྡེ་བདུན་སོགས་ཀྱི་བསྒྲུབ་བྱའི་སྙིང་བོའམ་ཉིང་དགོས་སུ་བཤད་པ་ཞིག་ལས། ཚད་མའི་གཞུང་ལུགས་དེ་དག་གི་བརྗོད་བྱའི་ནང་དོན་དུ་བཞག་ཡོད་པར་མི་རིགས་ཏེ། རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་པའི་རྒྱན་དུ“སྡེ་བདུན་མདོ་དང་བཅས་པའི་བརྗོད་པར་བྱ་བ་གང་ཞེ་ན། ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས། དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་འདི་བརྩམ་མོ་ཞེས་གསུངས་པ་ལྟར། གནས་སྐབས་དང་མཐར་ཐུག་གི་ཕན་པ་ཐོབ་པ་དང་། མི་ཕན་པ་སྤོང་བ་ནི་དེའི་རྒྱུ་ལ་བླང་དོར་བྱེད་པ་ལ་རག་ལས་པ་ཡིན་པས། ཡང་དག་པའི་ཤེས་པ་འཁོར་དང་བཅས་པ་རྣམས་སྡེ་བདུན་མདོ་དང་བཅས་པའི་བརྗོད་བྱ་ཡིན།”ཞེས་དང་།  ཡང་ན་“སྡེ་བདུན་མདོ་དང་བཅས་པས་ཡང་དག་པའི་ཤེས་པ་འཁོར་དང་བཅས་པ་བརྗོད་བྱ་ཇི་ལྟར་བྱེད་ཅེ་ན། མངོན་སུམ་དང་ནི་རྗེ་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རིག་ཕྱིར།།ཞེས་བཤད་པའི་རྟོག་གེའི་ཚིག་དོན་བརྒྱད་དང་ཁྱད་པར་དུ་ཡང་དག་པའི་ཤེས་པ་དོན་ཚན་དྲུག་ལ་བསྡུས་ནས་གཏན་ལ་འབེབས་པ”[20]ཞེས་ཚད་མ་རིག་པའི་བརྗོད་བྱ་ཤེས་པ་ཡང་དག་ཡིན་མིན་ལ་དཔྱད་པ་ཡིན་པས། དེར་བརྟེན་བོད་ཀྱི་ཚད་མ་རིག་པའི་ཁུངས་སྡེ་བདུན་མདོ་དང་བཅས་པའི་བརྗོད་བྱ་རྟོག་གེའི་ཚིག་དོན་བརྒྱད་དང་། ཁྱད་པར་དུ་ཤེས་པ་ཡང་དག་གཏན་ལ་དབབ་པའི་ཆེད་དུ་དཔལ་ལྡན་ཕྱོགས་ཀྱི་གླང་བོའི་ཚད་མ་ཀུན་བཏུས་སུ་མངོན་སུམ་དང་རང་དོན། སེལ་བ་བརྟག་པ།  གཞན་དོན། དཔེ་བརྟག་པ། སུན་འབྱིན་བརྟག་པ་བཅས་དོན་ཚན་དྲུག་ཏུ་དབྱེ་ནས་བརྗོད་པ་དང་། དེའི་དགོངས་འགྲེལ་དུ་ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན་བརྩམས་ཤིང་། དེའང་རྟོག་གེ་ཚིག་དོན་བརྒྱད་བསྡུས་མ་བསྡུས་ཀྱི་ཁྱད་པར་ཙམ་ལས་ཚད་མ་མདོའི་ཚིག་དོན་དང་སྦྱར་ནས་སྟོན་པ་ཡིན་པས་རྣམ་འགྲེལ་དང་རྣམ་ངེས། རིགས་ཐིགས་བཅས་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། རྟོག་གེ་ཚིག་དོན་བརྒྱད་ཚང་བར་མི་སྟོན་པར་ལུས་ཀྱི་ཆ་ཤས་གསལ་བར་བྱེད་ཕྱིར་གཏན་ཚིགས་ཐིགས་པ་དང་། འབྲེལ་བ་བརྟག་པ། རྒྱུད་གཞན་གྲུབ་པ། རྩོད་པའི་རིག་པ་བཅས་ཡན་ལག་ལྟ་བུའི་བསྟན་བཅོས་གསུམ་ཞེས་རྩ་བའི་བརྗོད་བྱ་སྔ་མ་དང་གཅིག་ཏུ་ཡོད། དེ་ལས་ནང་བསྟན་མཚན་ཉིད་རིག་པའི་དགོངས་པ་བདེན་བཞིའི་རྣམ་བཞག་དང་། གང་ཟག་དང་ཆོས་ཀྱི་བདག་མེད་སོགས་བརྗོད་བྱའི་ཟུར་ཙམ་དུའང་ཐོན་པར་མ་སྨོས་ཤིང་། ཤེས་པ་ཡང་དག་ཡིན་མིན་ལ་དཔྱད་པ་བཏང་ནས་ཡང་དག་མིན་པའི་གཏན་ཚིགས་ལྟར་སྣང་ལ་སུན་འབྱིན་དང་། ཡང་དག་པའི་གཏན་ཚིགས་གཏན་ལ་འབེབས་པའི་གཞུང་ལུགས་ཤིག་ཡིན་ཕྱིན།  ཕྱི་ནང་གི་ཁྱད་པར་འབྱེད་དུ་མེད་པར་འགྲོ་བ་མིའི་རིགས་ཀྱི་རིག་པ་བློའི་སྤྱི་ནོར་ཞིག་དང་ཐུན་མོང་རིག་གཞུང་ཞིག་ཡིན་པར་སུས་ཀྱང་བསྙོན་འདེང་བར་མི་རིགས་ཏེ། རྗེ་དགེ་འདུན་གྲུབ་ཀྱིས་“གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་རྣམས་ཀྱིས་འདོད་དོན་ཐོབ་པ་དང་། མི་འདོད་པའི་དོན་སྤོང་བ་ལ་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཡིན་ཏེ། ཐེ་ཚོམ་དྲངས་ནས་འཇུག་པ་ལའང་ཐེ་ཚོམ་འདྲེན་པའི་ཚད་མ་སྔོན་དུ་འགྲོ་དགོས”[21]ཞེས་ཡང་དག་པའི་ཤེས་པ་ནི་ནང་བ་ཙམ་མ་ཡིན་པར་གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གྱི་གང་ཟག་ཐུན་མོང་ལ་མཁོ་བ་གསལ་བོར་བསྟན་ཡོད་དོ། །

དེ་བཞིན་མཁས་གྲུབ་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་དང་རྣམ་འགྲེལ་ཏཱིཀ་ཆེན་རིགས་པའི་རྒྱ་མཚོ་གཉིས་སུའང་“རང་ཉིད་ཀྱིས་ཇི་ལྟར་གཏན་ལ་ཕབ་པ་ལྟར་དོན་ལ་གནས་མི་གནས་ནི་གཏན་ལ་འབེབས་བྱེད་ཀྱི་བློ་ཡང་དག་ཏུ་སོང་མ་སོང་ལ་རག་ལས་པ་ཡིན་ཅིང་། དེ་ལ་ལྐོག་གྱུར་ངེས་བྱེད་ཀྱི་བློ་སྐྱོན་མེད་རྗེས་དཔག་དང་། མངོན་སུམ་ངེས་བྱེད་ཀྱི་བློ་སྐྱོན་མེད་མངོན་སུམ་ཚད་མ་གཉིས་ཡིན་པས་མངོན་རྗེས་གཉིས་གསུངས་ལ།་་་་་་་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་གི་དཔལ་གཞོམ་པའི་ཕྱིར་ཏུ་སུན་འབྱིན་བསྟན་ལ། མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་བསལ་བའི་ཕྱིར་ཏུ་སྒྲུབ་ངག་གསུངས་ཤིང་། གོལ་ས་གཅོད་པའི་ཕྱིར་ལྟར་སྣང་བཞི་གསུངས་སོ།།”[22]ཞེས་དང་། “སྒྲུབ་བྱེད་ཀྱི་ཡན་ལག་མངོན་རྗེས་ཀྱི་ཚད་མ་གཉིས་དང་། གཉིས་པོ་དེའི་གོལ་ས་མངོན་རྗེས་ལྟར་སྣང་གཉིས་དང་།་་་་་་ངེས་པ་སྐྱེད་པའི་ཡན་ལག་སུན་འབྱིན་དང་། སྒྲུབ་ངག་ཡང་དག་གཉིས་དང་། དེ་གཉིས་ཀྱི་གོལ་ས་གཅོད་པའི་ཡན་ལག་སུན་འབྱིན་དང་སྒྲུབ་ངག་ལྟར་སྣང་གཉིས་ཏེ། འདི་དག་ནི་ཚད་མ་ཀུན་ལས་བཏུས་ཀྱི་བརྗོད་པར་བྱ་བ་ཡིན་ཅིང་། དེའི་ཕྱིར་བསྟན་བཅོས་འདི་ཉིད་ཀྱི་བརྗོད་པར་བྱ་བ་ཡིན་ནོ།།”[23]ཞེས་དང་། རྒྱལ་ཚབ་རྗེའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་དུ“ཀུན་རྫོབ་དང་། དོན་དམ་པའི་བདེན་པ་གཉིས་གསར་དུ་རྟོགས་པའི་ཤེས་པ་ནི་ཚད་མ་ཡིན་ལ། དེ་བརྗོད་བྱར་བྱེད་པའི་གསུང་རབ་དང་ཚད་མ་ཀུན་བཏུས་ལ་ཡང་ཚད་མའི་སྒྲས་བསྟན་ལ། དེ་དག་གི་དགོངས་པ་མ་ནོར་བར་འགྲེལ་བས་རྣམ་འགྲེལ་་་་་་་་་གསུང་རབ་ཀུན་གྱི་རྣམ་འགྲེལ་ཚད་ མ་ཀུན་ལས་བཏུས་པར་ཚད་མའི་མཚན་ཉིད་དང་། དབྱེ་བ་དང་། འཇུག་ཚུལ་སོགས་བསྟན་པ” [24]ཞེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་སུ“དོན་དེ་དག་རང་གཞན་གྱིས་ངེས་པའི་ཐབས་སུ་རྟོག་གེའི་ཚིག་དོན་ཡང་དག་བཞི་གཙོར་བོར་བཤད་པ་དང་། དོན་དེ་དག་ལ་རང་གཞན་འཁྲུལ་བའི་གོལ་ས་བཅད་པའི་ཆེད་དུ་རྟོག་གེ་ཚིག་དོན་ལྟར་སྣང་བཞི་ཕྱོགས་སྔར་བྱས་ནས་བཤད་པའི་ཕྱིར།།”[25]ཞེས་རི་བོ་དགེ་ལྡན་པའི་ཚད་གཞུང་ཚད་ཐུབ་དག་གི་ཚད་མ་རིག་པའི་བརྗོད་བྱ་གཏན་འབེབས་བྱས་པ་གོང་སྒྲིག་ན།   བློའམ་ཤེས་པ་ཡང་དག་པ་ཡིན་མིན་ལ་དཔྱད་པ་གཏོང་བའི་རྟོག་གེའི་ཚིག་དོན་བརྒྱད་བརྗོད་བྱ་ཡིན་པར་དགོངས་བཞེད་གཞི་གཅིག་ཏུ་ཡོད་པ་ལས། གང་ཟག་དང་ཆོས་ཀྱི་བདག་མེད། བདེན་བཞི་སོགས་ཡིན་པར་སུས་ཀྱང་བསྟན་ཡོད་པར་མི་རིགས་སོ།། འོ་ན་རྒྱལ་ཚབ་རྗེས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་གསར་དུ་རྟོགས་པ་ཞེས་གསུང་བ་མ་ཡིན་ནམ་ཞེ་ན། དེ་ནི་ཚད་མ་རིག་པའི་བརྗོད་བྱ་དེ་ཡིན་ཞེས་པའི་དོན་མ་ཡིན་པར། དེ་རྟོགས་པའི་ཤེས་པ་ཡང་དག་པ་ནི་ཚད་མའམ་གཏན་ཚིགས་ཡིན་ལ། དེ་བརྗོད་བྱར་བྱེད་པ་ཞེས་ཤེས་པ་ཡང་དག་ཡིན་མིན་ལ་དཔྱད་པ་ཇི་ལྟར་བཏང་བའི་རྟོག་གེའི་ཚིག་དོན་བརྒྱད་བརྗོད་བྱ་ཡིན་ཞེས་པའི་དོན་ཡིན་ཏེ། ཀུན་བཏུས་སུ་ཚད་མའི་མཚན་ཉིད་དང་དབྱེ་བ། འཇུག་ཚུལ་སོགས་བརྗོད་པ་ཞེས་པས་ཤིན་ཏུ་གསལ་ལོ།།

ཁ   རྣམ་འགྲེལ་ལེའུ་གཉིས་པ་ཚད་མའི་བསྟན་བཅོས་ཀྱི་ལུས་སུ་མི་འདོད་པའི་ཚུལ་ལས་ཐུན་མོང་རིག་གཞུང་དུ་དཔོག་པ།

དེ་ན་ཚད་མ་རྣམ་འགྲེལ་ལེའུ་གཉིས་པར་སྟོན་པ་དང་བསྟན་པ་ཚད་མར་གྲུབ་པའང་ནང་དོན་རིག་པའི་བརྗོད་བྱ་མ་ཡིན་ནམ་ཞེ་ན། དེ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། སྤྱིར་ཚད་མ་རིག་པའི་བརྗོད་བྱ་གཙོ་བོ་གོང་དུ་སྨོས་ཟིན་པ་བཞིན་བློའམ་ཤེས་པ་ཡང་དག་གི་གཏན་ཚིགས་ཆོས་ཉིད་ལ་དཔྱད་པར་བྱ་བ་ཉིད་ཡིན་པ་ན། རྣམ་འགྲེལ་ལེའུ་གཉིས་པ་དེའི་བརྗོད་བྱའི་ཁོངས་སུ་བསྡུས་ཡོད་པར་མི་རིགས་ཏེ། ཚད་མ་ཀུན་ལས་བཏུས་པའི་བརྗོད་བྱར་སྟོན་པ་དང་བསྟན་པ་ཚད་མར་བསྒྲུབ་པའི་ལེའུ་མེད་པ་གང་ཞིག  ཚད་མ་རྣམ་འགྲེལ་འདི་ཚད་མ་ཀུན་བཏུས་ཀྱི་འགྲེལ་བ་ཡིན་པར་ཕྱི་ནང་མཁས་བ་ཀུན་གྱིས་ཁས་འཆའ་པའི་ཕྱིར།  དེ་ཡིན་ཏེ་རྣམ་འགྲེལ་ལེའུ་གཉིས་པ་ཚད་གྲུབ་ལེའུ་ནི་ཚད་མ་ཀུན་ལས་བཏུས་པའི་བརྗོད་བྱའི་འགྲེལ་བ་མ་ཡིན་པར། དེའི་མཆོད་པར་བརྗོད་པ། ཚད་མ་གྱུར་བ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་བཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་པའི་རྒྱས་འགྲེལ་ཡིན་པར་སྔ་རབས་མཁས་ཆེན་ཚང་མ་དགོངས་བཞེད་གཅིག་ཡིན་པའི་ཕྱིར། དེའི་ཕྱིར་དགེ་ལུགས་པའི་ཚད་མའི་གཞུང་ལུགས་ཚད་ཐུབ་རྣམས་སུའང་རྣམ་འགྲེལ་ལེའུ་གཉིས་པ་ཚད་གྲུབ་ལེའུ་དེ་ཚད་མ་རིག་པའི་བརྗོད་བྱའི་ནང་དུ་མི་བསྡུ་ཚུལ་ཤིན་ཏུ་གསལ་བོ་ཡིན་ཏེ།  བརྗོད་བྱ་ལས་བསྟན་བཅོས་ཀྱི་ལུས་གྲུབ་པ་བཤད་མ་དགོས་པ་ན། སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་དུ“ཚད་མའི་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་ནི་ལེའུ་གསུམ་དུ་འདུས་པ་ཡིན་ཏེ། མངོན་སུམ་གྱི་ལེའུ། རང་དོན་རྗེས་དཔག་ལེའུ། གཞན་དོན་རྗེས་དཔག་གི་ལེའུའོ།།” ཞེས་ཚད་མ་རྣམ་འགྲེལ་གྱི་ལུས་ཆ་ཚང་ལེའུ་གསུམ་གྱི་ནང་དུ་འདུས་ཚུལ་བསྟན་ནས། ལེའུ་དེ་གསུམ་པོའི་ནང་དུ་ཚད་མ་ཀུན་བཏུས་ཀྱི་ལེའུ་དྲུག་ཇི་ལྟར་འདུས་ཚུལ་གསལ་བོར་གསུངས་ཤིང་། ཡང་“ རྣམ་འགྲེལ་ལ་ལེའུ་བཞི་ཇི་ལྟར་བྱུང་ཞེ་ན། སྟོན་པ་དང་བསྟན་པ་སྐྱོན་མེད་པར་སྒྲུབ་པའི་ཚུལ་བསྟན་བཅོས་ཀྱི་བརྗོད་བྱའི་གཙོ་བོ་ཡིན་པས། དེ་ཉིད་སྟོན་པ་ལ་ཚད་མ་གྲུབ་པའི་ལེའུ་གསུངས་ལ། སྟོན་པ་དང་བསྟན་པ་སྐྱོན་མེད་པར་ཚད་མས་སྒྲུབ་པ་ཡང་གཏན་ཚིགས་ཡང་དག་གི་སྒོ་ནས་སྒྲུབ་དགོས་པས། དེ་གཏན་ལ་འབེབས་པར་རང་དོན་ལེའུ་གསུངས།”[26]ཞེས་ལེའུ་གཉིས་པ་ནི་བརྗོད་བྱའི་གཙོ་བོ་ཞེས་བརྗོད་བྱའི་སྙིང་བོའམ་དགོས་པ་ཡིན་པར་བསྟན་པ་ལས། ཚད་མའི་བསྟན་བཅོས་ཀྱི་བརྗོད་བྱ་གཙོ་བོ་མ་ཡིན་པར་བསྟན་ནས། ཚད་མའི་བསྟན་བཅོས་སུ་དེ་བསྒྲུབ་པའི་གཏན་ཚིགས་ཡང་དག་ལ་རང་དོན་ལེའུ་གསུངས་ཚུལ་གསལ་བོར་བསྟན། འདིར་བརྗོད་བྱའི་གཙོ་བོ་དང་བརྗོད་བྱ་གཙོ་བོ་གཉིས་ལ་ཁྱད་པར་ཤིན་ཆེ་ཚུལ་ཤེས་དགོས་པ་ལས།  དེ་གཉིས་གོ་བ་གཅིག་ཏུ་ལེན་མི་རུང་བ་གལ་ཆེ་བར་སེམས། བརྗོད་བྱའི་གཙོ་བོ་ཞེས་པས་བསྟན་བཅོས་དེའི་བརྗོད་བྱའི་སྙིང་བོའམ་དགོས་པ་བསྟན་ཅིང་། བརྗོད་བྱ་གཙོ་བོ་ཞེས་པས་བསྟན་བཅོས་རང་གི་བརྗོད་བྱ་སྟེ།  བསྟན་བཅོས་ཀྱི་ལུས་ཆ་ཚང་བར་བསྟན་པས་ཚད་གྲུབ་ལེའུ་འདི་བསྟན་བཅོས་ལུས་ཀྱི་ཁུངས་སུ་མི་བསྡུ་བའི་གནད་དེ་ལ་ཐུགས་པར་སེམས། དེ་བཞིན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་དུའང་“བསྟན་བཅོས་ཀྱི་ལུས་ཡོངས་རྫོགས་ལེའུ་གསུམ་དུ་འདུས་ཏེ། མངོན་སུམ་དང་རང་དོན་རྗེས་དཔག་གི་ལེའུ་དང་། གཞན་དོན་ལེའུ་གསུམ་དུ་འདུས་ཀྱང་། ཚད་མ་གྲུབ་པའི་ལེའུས་སྟོན་པ་དང་བསྟན་པ་སྐྱོན་མེད་བསྟན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཁོ་ན་མཐར་ཐུག་གི་སྐྱབས་སུ་བཤད་པའི་ཕྱིར་རོ།།”[27] ཞེས་གོང་དང་མཚུངས་པར་ཚད་མ་རྣམ་འགྲེལ་གྱི་ལུས་ཆ་ཚང་ལེའུ་གསུམ་གྱི་ནང་དུ་འདུས་པར་བསྟན་པས་བརྗོད་བྱ་ཡོངས་རྫོགས་དེའི་ནང་དུ་འདུས་པ་བསྟན་པ་ཡིན་ལ། ཚད་གྲུབ་ལེའུས་ཚད་མ་རིག་པའི་བརྗོད་བྱ་བསྟན་པ་མ་ཡིན་པར། ཚད་མ་རིག་པའི་བརྗོད་བྱའི་དགོས་པ་དང་ཡང་དགོས་བསྟན་པ་ཡིན་ཙ་ན། བསྟན་བཅོས་ཀྱི་ལུས་སུ་མི་འདུ་ཚུལ་གསལ་བོར་བསྟན་ཡོད་དོ།།

ཡང་གཅིག་བྱས་ན། ཚད་གྲུབ་ལེའུའི་བསྒྲུབ་བྱ་རང་གི་སྟོན་པ་དང་བསྟན་པ་སྐྱོན་གྱིས་མ་གོས་པར་ཚད་མར་སོང་བ་དེ་ཡིན་པས།  བརྗོད་བྱའང་དེ་ཡིན་པར་འདོད་མི་དགོས་པར། དེ་ནི་བརྗོད་བྱའི་སྙིང་བོ་ཡིན་པ་ལས་ལེའུ་དེའི་བརྗོད་བྱ་མིན་ཞེ་ནའང་འགལ་བ་མེད་པར་སེམས།  རྗེ་ཙོང་བ་ཆེན་པོས་“ཀུན་བཏུས་ལ་ལེའུ་དྲུག་ཡོད་པ་དང་། རྣམ་འགྲེལ་ལ་ལེའུ་བཞི་ཡོད་པ་འགལ་བར་མི་བསམ་སྟེ། དཔེ་བརྟག་པ་དང་སེལ་བ་བརྟག་པ་གཉིས་རང་དོན་ལེའུར་འདུས་ཤིང་། ལྟག་ཆོད་བརྟག་པ་གཞན་དོན་དུ་འདུས་ལ། རྣམ་འགྲེལ་ལེའུ་གཉིས་པ་དོན་དམ་པའི་ཚད་མ་རྣལ་འབྱོར་མངོན་སུམ་བྱེ་བྲག་ཏུ་གཏན་ལ་འབེབས་པ་ཡིན་པས་མངོན་སུམ་དུ་འདུའོ”[28]ཞེས་ལེའུ་གཉིས་པ་མངོན་སུམ་གྱི་བརྗོད་བྱར་བསྡུས་ཤིང་། བསྡུ་བའི་རྒྱུ་མཚན་ཡང་ཚད་མ་གཏན་ལ་འབེབས་པ་ཞེས་རྣམ་འགྲེལ་ལེའུ་གཉིས་པར།   རང་གི་སྟོན་པ་དང་བསྟན་པ་ཚད་མར་བསྒྲུབ་ཕྱིར།  སྒྲུབ་བྱེད་ཀྱི་ཚད་མ་ཚད་མར་སོང་མ་སོང་བཤད་པ་ཡིན་པས་ན། ཚད་མ་བརྗོད་བྱར་སོང་བ་ལས་སྟོན་པ་དང་བསྟན་པ་བརྗོད་བྱར་སོང་བ་མིན་སྙམ་སྟེ།  དེར་“ཚད་མ་སླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པར་ནི། །མི་སླུ་སྒྲ་ལས་བྱུང་བ་ཡང་། །མངོན་པར་འདོད་པ་སྟོན་ཕྱིར་རོ། །”[29]ཞེས་གཞུང་གི་མགོ་རྩོམ་མ་ཐོག་ངེས་བྱེད་ཀྱི་ཚད་མ་རང་གི་མཚན་ཉིད་དང་མཚན་གཞི། མཚན་གཞི་ལ་མཚན་ཉིད་ངེས་བྱེད་སོགས་རྒྱས་ཤིང་རྒྱས་པ་བརྗོད་བྱར་བཟུང་ནས་བསྟན་པ་ལས། སྟོན་པ་དང་བསྟན་པ། བདེན་གཉིས་དང་བདག་མེད་སོགས་ནང་རིག་གི་ནང་དོན་གཙོ་བོ་དག་བརྗོད་བྱར་མ་བཟུང་བ་ཤིན་ཏུ་གསལ། དེའི་ཕྱིར་རྒྱལ་ཚབ་རྗེའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་དུའང“མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་ཐབས་དང་བཅས་པའི་གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རགས་ལས་པ་ཡིན་ལ། དེ་ལྟ་བུའི་ཡུལ་མ་ལུས་པ་ལ་ཡང་ཐུབ་པ་ཉག་གཅིག་ཚད་མ་ཡིན་ན། མཚན་ཉིད་གང་དང་ལྡན་པས་ཚད་མར་འགྱུར་བའི་ཚད་མ་སྤྱིའི་མཚན་ཉིད་དེ་གང་ཞེ་ན” [30]ཞེས་མངོན་མཐོ་དང་ངེས་ལེགས་རྟོགས་པར་ཚད་མ་ངེས་དགོས་པར་མ་ཟད། ཐུབ་པ་ཚད་མར་འགྱུར་མི་འགྱུར་ཡང་ཚད་མ་ངེས་པ་ལ་རགས་ལས་ཕྱིར། དེའི་མཚན་ཉིད་སོགས་འཆད་ན་ཞེས་བརྗོད་བྱར་ཚད་མ་བཟུང་བ་དོན་གྱིས་གྲུབ་ཅིང་། དེ་བཞིན་དུ“སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས། །ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་ཕྱིར་ཚད་ཕྱིར་དང་། །ཤེས་བྱ་མི་རྟག་པ་ཉིད་ཀྱི། །དེ་ནི་མི་བརྟན་ཉིད་ཕྱིར་རོ། །” [31]ཞེས་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་དེ་ཉིད་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུ་ཡིན་ཞེ་ན། ཡུལ་ཤེས་བྱ་མི་རྟག་པ་ཉིད་ཀྱིས་ཁྱབ་ན། དེ་འཇལ་བྱེད་ཀྱི་ཚད་མ་མི་བརྟན་པ་ཉིད་ཡིན་དགོས་པ་ལས།  རྟག་པ་ཡིན་མི་རུང་བའི་གཏན་ཚིགས་ལ་བརྟེན་ནས་གཞན་གྱི་འདོད་པ་གཏན་ཚིགས་མིན་པར་ལྟར་སྣང་དུ་བསྒྲུབས་ཚུལ་འདིའང་གཏན་ཚིགས་རིག་པའི་བརྗོད་བྱ་ཞིག་ཏུ་གོ་དགོས་ཏེ།  ངའི་སྟོན་པས་འདི་གསུངས་ཡོད་ཅེས་ལུང་ངམ་སྐྱབས་སུ་སོང་བ་ཙམ་གྱིས་བསྒྲུབས་པ་མ་ཡིན་པར་། ཇི་འདྲ་ཞིག་དངོས་པོའི་གནས་ཚོད་དང་མཐུན་པ་དང་། གཏན་ཚིགས་ཆོས་ཉིད་དང་མཐུན་པའི་སྒྲུབ་བྱེད་བརྗོད་བྱར་བཟུང་ནས་བསྒྲུབས་པ་ཡིན་ཕྱིར།  གཏན་ཚིགས་ཆོས་ཉིད་དང་རྒྱབ་འགལ་དུ་སོང་བའི་སྒྲུབ་བྱེད་གཏན་ཚིགས་རིག་པའི་བརྗོད་བྱར་མི་འོས་པའི་ཚུལ་ལ་ཕྱི་ནང་གི་དགོངས་པ་གཅིག་མཐུན་ཡིན། སྐབས་འདིའི་བསྒྲུབ་བྱ་ཕྱི་བའི་ལྟ་བ་གཏན་ཚིགས་དང་འགལ་ཞིང་ནང་བའི་ལྟ་གྲུབ་གཏན་ཚིགས་སུ་བསྒྲུབས་པ་བདེན་མོད། བསྒྲུབ་ཚུལ་བདེན་བཞི་དང་སྟོང་ཉིད། བདག་མེད་སོགས་ལ་དཔྱད་པ་གཏོང་བ་མ་ཡིན་པར། ཇི་འདྲ་ཞིག་ཚད་མར་སོང་བ་དང་། གཏན་ཚིགས་སུ་གྲུབ་པ། གཏན་ཚིགས་ཆོས་ཉིད་དང་མཐུན་པ་སོགས་ཕྱི་ནང་གི་དབྱེ་བས་མ་བསྡུས་པར་རིགས་སྨྲ་བ་ཞིག་ཡིན་ཕྱིན་མཁས་མ་བླངས་ཐུ་མེད་ཀྱི་སྒྲུབ་བྱེད་བརྗོད་བྱར་བཟུང་བ་ཡིན་ཙ་ན། རྣམ་འགྲེལ་ལེའུ་གཉིས་པ་ཚད་མ་གྲུབ་པ་ཡང་གཏན་ཚིགས་རིག་པའམ་ཚད་མ་རིག་པའི་བརྗོད་བྱར་བསྡུས་ན་སྐྱོན་ཆེན་པོ་ཞིག་མེད་སྙམ།   འོན་ཀྱང་གནའ་རབས་དགེ་ལུགས་པའི་ཚད་གཞུང་ཁུངས་ཐུབ་རྣམས་སུ་བསྟན་བཅོས་ཀྱི་ལུས་དང་བརྗོད་བྱ་བཤད་པའི་སྐབས་སུ་ལེའུ་གཉིས་པ་ནང་དུ་མ་བསྡུས་ཚུལ་གོང་དུ་བཤད་ཟིན་པས། ལེའུ་གཞན་གསུམ་གྱི་བརྗོད་བྱ་ལས་དཔོགས་ན།  རྒྱ་གར་ཕྱི་ནང་གཉིས་ཀའི་གཏན་ཚིགས་རིག་པའམ་རྟོག་གེའི་རིག་པའི་བརྗོད་བྱར་གྱུར་བའི་རྟོག་གེའི་ཚིག་དོན་བརྒྱད་གཙོར་གྱུར་བའི་བློའམ་ཤེས་པ་མ་འཁྲུལ་པ་ཡིན་པ་འདིས་བསྟན་བཅོས་འདི་ཐུན་མོང་རིག་གཞུང་ཞིག་ཡིན་པར་ངོ་བོས་ཐག་གཅོད་བྱས་པར་ཐེ་ཚོམ་གྱི་གཞི་མ་མཆིས་སོ།།

གསུམ།  མཇུག་བསྡུ་བ།

མདོར་ན་རང་ལུགས་ལ་ཚད་མ་རིག་པ་ནི་བློ་ཡང་དག་པའི་སྒྲུབ་བྱེད་རིག་པའི་ཆ་ལ་དཔྱད་པ་གཏོང་བའི་བེད་སྤྱོད་རང་བཞིན་ཞིག་ཏུ་འདོད་ཕྱིར།  ཕྱི་ནང་ཐུན་མོང་རིག་གནས་ཤིག་ཏུ་འདོད་ན་ཤིན་ཏུ་མཚམས་པར་སེམས་ཤིང་། རི་བོ་དགེ་ལུགས་པའི་འཇམ་མགོན་ཙོང་ཁ་བ་ཆེན་པོའི་རྗེས་མཇུག་མཁས་ཆེན་དག་གི་མཐར་གཏུག་གི་དགོངས་བཞེད་ཀྱང་།  ཕྱི་ནང་ཐུན་མོང་རིག་གཞུང་ཞིག་ཏུ་ཁས་འཆེས་ཡོད་པ་ཚད་མའི་བརྗོད་བྱ་གཏན་འབེབས་བྱེད་ཚུལ་དང་། མུ་བཞི་འབྱེད་སྟངས་སོགས་ལས་དཔོགས་ཐུབ། འོན་ཀྱང་རྗེ་བླ་མས་མདོ་སྔགས་ཟུང་འགྲེལ་དང་ལྷག་པར་དུ་མདོ་ཕྱོགས་གཙིགས་སུ་བཟུང་བའི་ལམ་ལུགས་དེས།  གསུངས་རབ་ཀྱི་དགོངས་དོན་རྟོགས་པར་ཚད་མ་རིག་པ་མེད་དུ་མི་རུང་བར་གྱུར་ཕྱིར། སྔ་རབས་པའི་སྒྲུབ་བརྒྱུད་གཙོར་བཟུང་ནས་ཚད་མ་སོགས་ཐ་སྙད་རིག་གནས་ཀྱིས་རྣམ་རྟོག་འཕེལ་བའམ་ཆགས་སྡང་བསྐྱེད་པ་སོགས་ཐར་བ་བསྒྲུབ་པར་དགོས་པ་ཆུང་བར་འདོད་པའི་ལྟ་ཚུལ་དེས་གཞུང་འདི་ལ་སྦྱང་བརྩོན་བྱེད་པར་འགལ་རྐྱེན་དང་། ཕྱོགས་སུ་ལྷུང་བར་སེམས་ནས་དགག་བཞག་མཛད་པ་ཞིག་ལས། མཐའ་གཅིག་ཏུ་ཚད་མ་རིག་པའི་གཞུང་ལུགས་འདི་ནང་དོན་རིག་པའི་གཞུང་ལུགས་ཤིག་ཏུ་བསྒྲུབ་པར་འདོད་པ་གཏན་ནས་མིན་པ་དང་། ནང་པའི་ཚད་མ་སྡེ་བདུན་སོགས་ཀྱི་བསྒྲུབ་བྱའི་སྙིང་བོའམ་དགོས་པའི་ཆ་ནས། ནང་བའི་མཚན་ཉིད་རིག་པའི་དགོངས་པ་མཐར་ཐུག་ཡིན་པར་ས་དགེ་རྙིང་གསུམ་གྱི་ཚད་མ་སྨྲ་བའི་མཁས་ཆེན་ཡོད་དོ་ཅོག་གི་དགོངས་བཞེད་གཞི་གཅིག་ཏུ་ཡོད་པ་དང་།  སྒྲུབ་བྱེད་རིགས་པའམ་བརྗོད་བྱའི་ཆ་ནས་རྗེ་ཙོང་ཁ་བ་ཆེན་པོས་ཀྱང་གཏན་ཚིགས་རིག་པ་ནི། རང་ཕྱོགས་སྒྲུབ་པར་བྱེད་པའི་སྒྲུབ་བྱེད་འགོད་ལུགས་སོགས་དང་། གཞན་ཕྱོགས་སུན་འབྱིན་ཚུལ་སོགས་བརྡ་སྤྲོད་པ་དང་ཐུན་མོང་བ་ལ་གྲགས་པ་རྣམས་ཀྱང་ཡིན་ཞེས་ཐུན་མོང་རིག་གནས་ཞིག་ཏུ་ཁས་འཆེས་ཡོད་དོ།།

དེ་ལྟར་རྗེ་ཡབ་སྲས་དང་གོ་ཤཱཀ་སྟག་གསུམ་སོགས་ཆོས་བརྒྱུད་གྲུབ་མཐའ་མི་འདྲ་བའི་རིགས་པའི་ཤིང་རྟ་ཆེན་པོ་དེ་དག་གི་རྗེས་འཇུག་པ་དག་གིས་བསྒྲུབ་བྱའི་སྙིང་བོ་དང་བསྒྲུབ་བྱ།  སྒྲུབ་བྱེད་བཅས་ཀྱི་ཐད་ནས་གོ་འཛོལ་བྱུང་བ་ཙམ་ལས།  ཁོང་རྣམ་པའི་དགོངས་པ་མཐར་གཏུགས་ན་དོན་གྱི་དབབ་ས་གཅིག་ཏུ་སོང་བས་རྩོད་པའི་གནས་སུ་མི་རིགས་པར་སྣང་ངོ་།།

དཔྱད་གཞིའི་ཡིག་ཆ། 

[1] མཁས་གྲུབ་རྗེ།  སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ།  [M] མི་རིགས་དཔེ་སྐྲུན་ཁང་།1990ལོའི་པར་ཐེངས་དང་པོ།  ཤོག་ངོས7

[2] རྒྱལ་ཚབ་རྗེ།  རྣམ་འགྲེལ་ཐར་ལམ་གསལ་བྱེད། [M] མི་རིགས་དཔེ་སྐྲུན་ཁང་།   2013ལོའི་པར་ཐེངས་དང་པོ།   ཤོག་ངོས5།

[3] བློ་བཟང་ཆོས་གྲགས།   ཚད་མ་རིག་པའི་སྤྱི་དོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2002ལོའི་པར་ཐེངས་གཉིས་པ།  ཤོག་ངོས3 །

[4] བཅོམ་ལྡན་རིག་རལ། བཀའ་བདམས་གསུང་འབུམ།  པོད་ང་གཅིག་པ་བསྟན་པ་རྒྱས་པའི་རྒྱན་གྱི་ཉི་འོད། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  2007ལོའི་པར་ཐེངས་དང་པོ། ཤོག་ངོས101

[5] སྟག་ཚང་ལོ་ཙཱ་བ་རིན་ཆེན་དོན་གྲུབ། སྟག་ཚང་ལོ་ཙཱ་བའི་གསུམ་འབུམ་པོད་དང་བོ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2007ལོའི་པར་ཐེང་དངཔོ།  ཤོག་ངོས26

[6] ཤ་བོ་ཀླུ་རྒྱལ།   བོད་ཀྱི་དཀར་ཆག་རིག་པའི་ཁྲོད་གསར་དུ་རྙེད་པའི་ཚལ་བའི་བསྟན་འགྱུར་དཀར་ཆག །  [J]  2004ལོའི་ཀྲུང་གོ་བོད་རིག་པའི་དེབ་གསུམ་པ།    ཤོག་ངོས 84

[7] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ་པོད་དང་བོ།   [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  2013ལོའི་པར་ཐེངས་དངཔོ། ཤོག་ངོས11

[8] བློ་བཟང་ཆོས་གྲགས།   ཚད་མ་རིག་པའི་སྤྱི་དོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2002ལོའི་པར་ཐེངས་གཉིས་པ། ཤོག་ངོས8

[9] དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས།   [M] མི་རིགས་དཔེ་སྐྲུན་ཁང་། 2003ལོའི་པར་ཐེངས་དང་པོ། ཤོག་ངོས49

[10] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ་པོད་དང་བོ།   [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  2013ལོའི་པར་ཐེངས་དང་པོ། ཤོག་ངོས15

[11] དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས།   [M] མི་རིགས་དཔེ་སྐྲུན་ཁང་། 2003ལོའོ་པར་ཐེངས་དང་པོ། ཤོག་ངོས43

[12 ]ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ་པོད་དང་བོ།   [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  2013ལོའི་པར་ཐེངས་དང་པོ། ཤོག་ངོས29

[13] བླ་མ་དམ་པ་བསོད་རྒྱལ་མཚན་སོགས་ཀྱིས་མཛད།   ཚད་མ་ཀུན་བཏུས་དང་རྣམ་འགྲེལ་གྱི་རྩ་འགྲེལ་གཅེས་བཏུས། [M]སི་ཁྲོན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།   2017ལོའི་པར་ཐེངས་དང་པོ།   ཤོག་ངོས1

[14] དཔལ་ལྡན་ཆོས་གྲགས་སོགས།   གཞུང་པོ་ཏི་ལྔའི་རྩ་བ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1995ལོའི་པར་ཐེངས་དང་པོ།  ཤོག་ངོས33

[15] ཝང་ལུའུ།  གཏན་ཚིགས་རིག་པའི་དགོངས་དོན། [M]ཧྲང་ཝུའུ་དཔེ་གཉེར་ཁང་།  2000ལོའི་པར་ཐེངས་གཉིས་པ།  ཤོག་ངོས4

[16] སི་ཏི་པཎ་ཆེན།  ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས།  [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་པར་ཐེངས་དང་པོ། ཤོག་ངོས33

[17] ཀུན་མཁྱེན་འཇམ་དབྱངས་བཞད་པ།   རྣམ་འགྲེལ་མཐའ་དཔྱོད་ཐར་ལམ་རབ་གསལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་པར་ཐེངས་དང་པོ། ཤོག་ངོས16

[18] མཁས་གྲུབ་རྗེ། ཚད་མ་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ།   [M] མི་རིགས་དཔེ་སྐྲུན་ཁང་པར། 1990 ལོའི་པར་ཐེངས་དང་པོ། ཤོག་ངོས1

[19] མཁས་གྲུབ་རྗེ།   སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ།  [M] མི་རིགས་དཔེ་སྐྲུན་ཁང་ །  1990ལོའི་པར་ཐེངས་དང་པོ། ཤོག་ངོས14

[20] རྗེ་དགེ་འདུན་གྲུབ།  ཚད་མ་རིགས་པའི་རྒྱན།  [M] ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་།  2002ལོའི་པར་ཐེངས་དང་པོ།   ཤོག་ངོས9དང་11

[21] རྗེ་དགེ་འདུན་གྲུབ།  ཚད་མ་རིགས་པའི་རྒྱན།  [M] ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་།  2002ལོའི་པར་ཐེངས་དང་པོ། ཤོག་ངོས13

[22] མཁས་གྲུབ་རྗེ།  སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ།   [M]  མི་རིགས་དཔེ་སྐྲུན་ཁང་།  1990ལོའི་པར་ཐེངས་དང་པོ། ཤོག་ངོས 17

[23] མཁས་གྲུབ་རྗེ།  ཚད་མ་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ།  [M] མི་རིགས་དཔེ་སྐྲུན་ཁང་པར། 1990 ལོའི་པར་ཐེངས་དང་པོ། ཤོག་ངོས 20

[24] མཁས་གྲུབ་རྗེ།  ཚད་མ་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ།  [M] མི་རིགས་དཔེ་སྐྲུན་ཁང་པར། 1990 ལོའི་པར་ཐེངས་དང་པོ། ཤོག་ངོས 20

[25] ཀུན་མཁྱེན་འཇམ་དབྱངས་བཞད་པ།  རྣམ་འགྲེལ་མཐའ་དཔྱོད་ཐར་ལམ་རབ་གསལ།  [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་པར་ཐེངས་དང་པོ།  ཤོག་ངོས 18

[26] མཁས་གྲུབ་རྗེ།   སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ།   [M] མི་རིགས་དཔེ་སྐྲུན་ཁང་། 1990ལོའི་པར་ཐེངས་དང་པོ།   ཤོག་ངོས17དང་18

[27] ཀུན་མཁྱེན་འཇམ་དབྱངས་བཞད་པ།    རྣམ་འགྲེལ་མཐའ་དཔྱོད་ཐར་ལམ་རབ་གསལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   1994ལོའི་པར་ཐེངས་དང་པོ།  ཤོག་ངོས20

[28] རྗེ་བློ་བཟང་གྲགས་པ་སོགས།   ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་སྒྲིག། རྗེ་ཡབ་སྲས་གསུམ་གྱི་ཚད་གཞུང་ཉེར་མཁོ་དང་གུང་ཐང་བློ་གྲོས་རྒྱ་མཚོའི་བསྡུས་གྲྭ  [G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2000ལོའི་པར་ཐེངས་དང་པོ།   ཤོག་ངོས7

[29] དཔལ་ལྡན་ཆོས་གྲགས་སོགས།   གཞུང་པོ་ཏི་ལྔའི་རྩ་བ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1995ལོའི་པར་ཐེངས་དང་པོ།  ཤོག་ངོས33

[30] རྒྱ ལ་ཚབ་དར་མ་རིན་ཆེན།   རྣམ་འགྲེལ་ཐར་ལམ་གསལ་བྱེད། [M] མི་རིགས་དཔེ་སྐྲུན་ཁང་པར།  2013ལོའི་པར་ཐེངས་དང་པོ།  ཤོག་ངོས18

[31] དཔལ་ལྡན་ཆོས་གྲགས་སོགས།   གཞུང་པོ་ཏི་ལྔའི་རྩ་བ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1995ལོའི་པར་ཐེངས་དང་པོ།  ཤོག་ངོས33-

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།