ཆོས་མངོན་པའི་མཛོད་ཀྱི་བཤད་པ་རང་འགྲེལ་མིན་པའི་བསམ་ཚུལ།

2
1398

[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་ཡོངས་གྲགས་སུ་ཆོས་མངོན་པ་མཛོད་ཀྱི་རང་འགྲེལ་ཡིན་པར་གྲགས་པའི་བསྟན་བཅོས་ཏེ་གཞུང་གི་མཚན་དངོས་ལ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་ཞེས་ཞུ་བ་དེ། རྒྱུ་མཚན་བཞི་ཡི་སྒོ་ནས་རང་འགྲེལ་མིན་པར་བསྒྲུབས་ཡོད་ཅིང་། གཞུང་འགའ་ལས་དབྱིག་གཉེན་སྔ་ཕྱི་གཉིས་ཞེས་འབྱུང་བ་དེ་ཡང་མི་གཅིག་མིན་པར་བསྒྲུབས་ནས། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ཟེར་བའི་བསྟན་བཅོས་དེའི་རྩོམ་པ་པོ་སུ་ཡིན་དང་། དབྱིག་གཉེན་གྱིས་བརྩམས་པར་གྲགས་པའི་བསྟན་བཅོས་འགའ་ཞིག་དབྱིག་གཉེན་སྔ་ཕྱི་གང་གིས་བརྩམས་པ་ཡིན་མིན་གྱི་སྐོར་ནས་བརྟག་དཔྱད་བྱས་ཡོད།

[གནད་ཚིག།] རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ། སྔོན་གྱི་སློབ་དཔོན། དབྱིག་གཉེན་སྔ་མ།

སྤྱིར་འགྲོ་བ་མིའི་རྣམ་དཔྱོད་དང་བསམ་བློ་ལ་ཚད་བཀག་མི་ཐུབ་པར་རིག་གཞུང་གི་གླེང་གཞི་མི་འདྲ་བ་གཅིག་གི་ངོས་ལ་ཐོན་དུས། སོ་སོའི་ཞེ་འདོད་དང་རྒྱབ་ལྗོངས་མི་གཅིག་པའི་སྒོ་ནས་བསམ་བློ་གསར་བའི་ལྷན་ཐབས་སྣ་མང་ཞིག་བསྐྲུན་འོང་བ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ལྟ་བུ་ཞིག་ཡིན་པས། ཆོས་མངོན་པའི་མཛོད་དང་ལྷག་ཏུ་དེའི་རྩོམ་པ་པོའི་སྐོར་ནས་ཀྱང་ཞིབ་འཇུག་གི་གནས་བབས་ནི་རིམ་གྱིས་ཁ་བསྐང་དང་འཕེལ་འགྱུར་གྱི་ཁྲོད་ནས། ད་དུང་ཡང་དེང་རབས་ཀྱི་མཁས་པ་རྣམས་ཀྱི་བསམ་གཞིག་གི་ར་བ་ལས་བོར་མ་མྱོང་བ་ལྟ་བུ་ཞིག་ཡིན་ན་ཡང་། དེ་ནི་གཙོ་ཆེར་ཆོས་མངོན་པའི་མཛོད་ཀྱི་རྩོམ་པ་པོ་སུ་ཡིན་དང་། དབྱིག་གཉེན་སྔ་ཕྱི་གཉིས་མི་གཅིག་ཡིན་མིན་གྱི་གླེང་གཞི་ཙམ་ལས། དཔེར་ན། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ཀྱང་དཔྱད་ཞིབ་སྣ་མང་བྱས་ཡོད་ན་ཡང་། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དང་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་གཉིས་ཀྱི་རྩོམ་པ་པོ་གཅིག་ཡིན་མིན་གྱི་སྐོར་ནས་ཕལ་ཆེར་ཟུར་ཙམ་ཡང་གླེང་མི་འདུག་ལ་བོད་རིག་པ་བ་གཞན་གྱིས་བཤད་པ་ཡང་བཀོད་མི་འདུག། ད་སྔོན་དེ་འདྲའི་གླེང་གཞི་ཞིག་ཡོད་སྲིད་ན་ཡང་། རང་ལ་མཚོན་ན་དཔྱད་གཞི་འདི་ནི་ལྟ་ཚུལ་གསར་བ་ཞིག་ཏུ་སྣང་བས། དཔྱད་རྩོམ་ཞིག་བྲིས་ན་ཅུང་ཟད་དགེ་མཚན་མེད་དམ་སྙམ་ནས་ཡིག་འབྲུ་མང་པོ་ཞིག་སྒྲིག་སྦྱོར་བྱེད་པའི་མགོ་བཟུང་བ་ཡིན། དེ་བས། འདིར་དཔྱད་རྩོམ་འདིའི་སྤྱིའི་ཁོག་ཚན་པ་གསུམ་དུ་བསྒོས་ཏེ་གླེང་ན་ཅུང་ཟད་འཐུས་ཚང་བར་སྣང་བས། གཅིག། རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པར་བསམ་པ། གཉིས། རང་འགྲེལ་དུ་གྲགས་པའི་མངོན་པ་མཛོད་ཀྱི་བཤད་པ་རྩོམ་མཁན་སུ་ཡིན་བསམ་པ། གསུམ། ཞོར་འཕྲོས་ཀྱི་དོགས་སྤོང་གཞན་དང་བཅས་ཏེ་ཚན་པ་གསུམ་གྱི་སྒོ་ནས་འབྲི་བར་བྱའོ། །

དང་པོ། རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པར་བསམ་པ།

ད་ནི་གླེང་སློང་གི་སྐད་ཆ་མང་པོ་ཞིག་གིས་རྒྱས་སྤྲོས་མི་བྱེད་པར། གླེང་གཞི་འདི་ལྟ་བུ་ཞིག་གི་དཀྱིལ་ལ་འཛུལ་ནས་ཁ་ཤོམ་ཆེན་པོས་ཡོངས་གྲགས་སུ་ཆོས་མངོན་པ་མཛོད་ཀྱི་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་དང་མངོན་པ་མཛོད་ཀྱི་རྩ་བ་ཚིག་ལེའུར་བྱས་པ་གཉིས་ཀྱི་རྩོམ་པ་པོ་གཅིག་མིན་པར་སྨྲ་ན། བསམ་ཚུལ་འདི་ལ་བདེན་དཔང་གང་འདྲ་ཡོད་དམ་སྙམ་ནས་བསམ་པར་བྱ་སྟེ། ཆོས་མངོན་པ་མཛོད་ཀྱི་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་དང་དེའི་འགྲེལ་བཤད་གཞན་དག་ལ་མཇལ་བའི་དཔྱད་ཞིབ་ལས། བསམ་གཞིག་གི་སྣེ་ལ་འཇུ་སའི་བདེན་དཔང་བཞི་ཙམ་ཞིག་རྙེད་པ་རྣམས་རིམ་བཞིན་འགོད་པར་བྱ་སྟེ།

༡ མཛོད་ཀྱི་བཤད་པ་ལས་རྩ་བ་རྩོམ་པ་པོ་ལ་སློབ་དཔོན་ཞེས་བསྙད་པས་རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པ།

དེ་ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས། རང་གི་འཆད་བྱ་རྩ་བའི་གཞུང་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུ་བྱས་པའི་བསྟན་བཅོས་དེ་ཉིད་རྩོམ་པའི་དགོས་པ་བཤད་པའི་སྐབས་སུ། ཚིག་འདི་ལྟར་དུ། འདི་དང་པོ་ཉིད་དུ་སུས་བསྟན། འདི་ལྟར་སློབ་དཔོན་ཆོས་མངོན་པའི་མཛོད་འཆད་པར་གུས་ཤེ་ན། ཞེས་མཛོད་ཀྱི་བཤད་པ་རྩོམ་པ་པོ་ཁོང་གིས། འདིར་ཆོས་མངོན་པའི་མཛོད་འཆད་མཁན་གྱི་མི་སྣ་ཞིག་ལ་སློབ་དཔོན་ཞེས་པའི་མཚན་ནས་བརྗོད་ཡོད་པ་ལ། རྒྱ་གཞུང་རྣམས་ལས་ཕལ་ཆེར་རང་གིས་རང་ལ་སློབ་དཔོན་ཞེས་འབོད་པ་མི་འབྱུང་བར་རང་ལས་གོང་མ་རྣམས་ལ་སློབ་དཔོན་ཞེས་མཚན་གསོལ་སྲིད་པ་ནི། དཔེར་ན། རྒྱལ་སྲས་གྲགས་བཤེས་ཀྱིས། མཛོད་ཀྱི་བཤད་པ་རྩོམ་མཁན་འདི་ལ་སློབ་དཔོན་ཞེས་པའི་མཚན་སྨྲས་པ་ལྟ་བུ་རེད་ལ། དེ་ལྟར་བསམ་ན། འགྲེལ་བ་རྩོམ་པ་པོས་སློབ་དཔོན་ཞེས་འབོད་ཡུལ་ནི་མཛོད་ཀྱི་བཤད་པ་རྩོམ་མཁན་རང་ཉིད་མིན་པར་ཆོས་མངོན་པའི་མཛོད་འཆད་མཁན་གྱི་སློབ་དཔོན་གཞན་ཞིག་ཡིན་ཞིང་། གཞན་དེ་ཡང་ཆོས་མངོན་པའི་རྩ་བ་རྩོམ་མཁན་གྱི་སློབ་དཔོན་དེ་ཉིད་མིན་ན་སྐབས་དོན་དང་འབྲེལ་མེད་དུ་འགྱུར་བས་ན། མཛོད་རྩ་བ་འདི་ནི་སློབ་དཔོན་གཞན་ཞིག་གིས་བརྩམས་ཤིང་། དེས་བརྩམས་པའི་རྩ་བ་ལ་མཛོད་ཀྱི་བཤད་པ་རྩོམ་མཁན་འདིས་འགྲེལ་བ་བརྩམས་ནས་སློབ་དཔོན་ཞེས་བསྙད་པ་ཡིན་པར་གསལ་ན། རྩ་འགྲེལ་འདི་གཉིས་རྩོམ་པ་པོ་གཅིག་མིན་པར་འགྲུབ་ཐུབ་སྙམ། དེ་དང་འདྲ་བ་ཞིག་ལ་ཡང་། རྣམ་པར་རིག་བྱེད་མིན་པའི་གཟུགས་འཆད་པའི་སྐབས་སུ། རྩ་བ་ལས། དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཞེས་གསུངས་པ་ལ། གང་ཞིག་རྣམ་པར་རིག་བྱེད་མིན་པའི་གཟུགས་སུ་བརྗོད་མཁན་ནི། རྩ་བ་རྩོམ་མཁན་གྱི་སློབ་དཔོན་དེ་ཉིད་ཡིན་ན་ཡང་། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་པ་པོས། བརྗོད་ཅེས་བྱ་བ་ནི་སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ། །ཞེས་དེ་ལྟར་བརྗོད་པའི་ཚིག་དེ་ནི་རང་གི་ཚིག་ཡིན་པར་མ་གསུངས་པར་སློབ་དཔོན་གྱི་ཚིག་ཡིན་པར་གསུངས་པས་ན། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་པ་པོ་རང་དང་། མཛོད་ཀྱི་རྩ་བ་རྩོམ་མཁན་གཉིས་ནི་སློབ་དཔོན་གཅིག་མིན་པ་ལྟ་བུའི་སྒོ་ནས། རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པ་ལ་གསལ་པོ་བྱས་མི་འདུག་གམ་སྙམ་ནས་ཀྱང་བསམ་ཚུལ་འདི་འདྲ་ཞིག་སྐྱེ་མགོ་ཚུགས་པ་ཡིན།

༢ མཛོད་ཀྱི་བཤད་པ་ལས་སློབ་དཔོན་ཐོགས་མེད་ལ་སྔོན་གྱི་སློབ་དཔོན་ཞེས་བསྙད་པས་རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པ།

དེ་བཞིན་དུ། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་ལས། སྔོན་གྱི་སློབ་དཔོན་ཞེས་སྨྲས་པའི་འདོད་ཚུལ་བཅུ་གཅིག་བཀོད་ཡོད་པའི་སྡོམ་རྩིས་ལྟར་ན། དེའི་ནང་ནས། སྔོན་གྱི་སློབ་དཔོན་འགའ་ཞིག་སུ་ཡིན་མིན་གྱི་ངོས་འཛིན་བྱེད་པའི་སྐབས་སུ། འགྲེལ་བཤད་རྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པ་ལས། སྔོན་གྱི་སློབ་དཔོན་ནི་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ཐོགས་མེད་ལ་སོགས་པའོ། །ཞེས་གསུངས་པ་ལ་བལྟས་ན། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདིའི་རྩོམ་མཁན་ནི་སློབ་དཔོན་ཐོགས་མེད་ཀྱི་གཅུང་པོ་ཡིན་པའི་དབྱིག་གཉེན་དེ་མིན་པར། རྩོམ་མཁན་ཁོང་ལ་ལྟོས་ན་སློབ་དཔོན་ཐོགས་མེད་ནི་རང་དང་དུས་མཉམ་པའི་སློབ་དཔོན་ཞིག་མ་ཡིན་པར་སྔོན་གྱི་སློབ་དཔོན་དུ་གྱུར་ནས་ཡོད་པ་ཞིག་རེད་ལ། མཛོད་རྩ་བ་རྩོམ་མཁན་གྱི་སློབ་དཔོན་དབྱིག་གཉེན་དེ་ནི་སློབ་དཔོན་ཐོགས་མེད་ཀྱི་གཅུང་པོ་ཡིན་པའི་ཡོངས་གྲགས་ཀྱི་ལྟ་ཚུལ་དེ་གཞིར་བཞག་བྱས་ན། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདིའི་རྩོམ་མཁན་ནི། སློབ་དཔོན་ཐོགས་མེད་དང་དུས་མཉམ་པའི་ཆོས་མངོན་པའི་རྩ་བ་རྩོམ་མཁན་དེ་དང་གཅིག་མིན་པ་ནི་གཞུང་གི་ཚིག་རྐང་རེ་རེའི་ངོས་ནས་ཁ་ཚུར་གྲགས་ཡོང་བ་ཞིག་མིན་ནམ་སྙམ། ཡིན་ན་ཡང་། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས་འབྱུང་བའི་སྔོན་གྱི་སློབ་དཔོན་དེ་དག་ངོས་འཛིན་པའི་སྐབས་སུ། སློབ་དཔོན་བློ་བརྟན་དང་གང་སྤེལ་སུས་ཀྱང་སློབ་དཔོན་ཐོགས་མེད་ལ་ངོས་འཛིན་གནང་བ་ཞིག་མེད་པར་མདོ་སྡེ་པ་དང་རྣལ་འབྱོར་པ་སྤྱོད་པ་སོ་སོ་ལ་ངོས་བཟུང་བའི་འདོད་ཚུལ་མི་མཐུན་པ་འགའ་རེ་འདུག་མོད། སློབ་དཔོན་ཐོགས་མེད་ཀྱང་སྔོན་གྱི་སློབ་དཔོན་དེའི་གྲལ་ན་ཡོད་པ་ལ། རྒྱུ་མཚན་གཞན་ཡང་ཡོད་དེ། ཕྲ་རྒྱས་བསྟན་པའི་སྐབས་སུ། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས། སྔོན་གྱི་སློབ་དཔོན་རྣམས་ན་རེ། ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་རི་དགས་དང་བྱ་རྣམས་ལ་ཡང་ཡོད་པ་གང་ཡིན་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ཞེས་སོགས་བཀོད་པ་འདི་ནི། སློབ་དཔོན་ཐོགས་མེད་ཀྱི་གཞུང་གཏན་ལ་དབབ་པ་བསྡུ་བ་རུ་ཕལ་ཆེར་ཇི་མ་ཇི་བཞིན་དུ་སྣང་བས། དེའི་སྐབས་ཀྱི་སྔོན་གྱི་སློབ་དཔོན་ཞེས་པ་ནི་སློབ་དཔོན་ཐོགས་མེད་ལ་གོ་དགོས་པར་ཤིན་ཏུ་གསལ་བ་ལྟར་ཤེས་པར་བྱའོ། །

༣ རྩ་འགྲེལ་གཉིས་ཀྱི་དགོངས་པ་མི་མཐུན་པས་རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པ།

སྤྱིར་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་རྩ་བ་འདི་ཡང་ཁ་ཆེ་བྱེ་བྲག་སྨྲ་བའི་འདོད་པ་བཀོད་པའི་གཞུང་ཚན་ཙམ་ཞིག་མ་ཡིན་པར། དེ་ལས་སྐབས་རེར་བྱེ་སྨྲའི་འདོད་པ་བཀོད་ནས་དེ་ལ་མི་འཐད་པའི་རྣམ་འགྱུར་བསྟན་པ་ཡང་ཡོད་ལ། སྐབས་རེར་བྱེ་སྨྲའི་ལུགས་ལྟར་བྱས་ནས་དེ་ལྟར་བཞག་པ་ཡང་ཡོད་ཅིང་། གང་ལྟར། འདིར་བསྟན་པ་རྣམས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གང་གི་དགོངས་པ་ཡིན་ཡང་། གཞུང་འདིར་མ་དགག་པ་དང་མི་འགྲིག་པའི་ཚིག་ཟུར་སྟོན་པ་མེད་པར་བསྒྲུབ་བྱ་དང་གླེང་གཞིའི་གཙོ་བོར་གྱུར་བ་མང་པོ་ཞིག་ནི་གཞུང་འདིའི་དགོངས་པ་ཡིན་པར་ཁས་ལེན་དགོས་པར་མཐོང་ན་ཡང་། གཞུང་འདིའི་དགོངས་པ་ཡིན་པ་མང་པོ་ཞིག་ཀྱང་། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་ལས་དགག་པ་བྱས་ཏེ་བཞག་ནས་ཡོད། དཔེར་ན། ཡིད་མི་བདེ་བའི་ངོ་བོར་གྱུར་བའི་རྣམ་སྨིན་མེད་པ་དང་། སྲོག་ལ་རྣམ་སྨིན་གྱིས་ཁྱབ་པ་ལྟ་བུ་མཛོད་རྩ་བའི་རང་ལུགས་སུ་བྱས་པ་རྣམས། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདིར་དགག་ནས་ཡོད་པ་དང་། ལྷག་ཏུ་མཛོད་རྩ་བ་འདི་ལས། རྣམ་པར་རིག་བྱེད་མིན་པའི་གཟུགས་དེ་འཐད་ལྡན་དུ་བསྒྲུབས་ཤིང་། དེ་དགག་པའི་ཚིག་ཟུར་ཙམ་ཡང་མི་འབྱུང་མོད། མཛོད་ཀྱི་བཤད་པ་ལས་སྒྲུབ་བྱེད་ཀུན་ལྟར་སྣང་དུ་བསྟན་པ་ཡོད་དེ། དཔེར་ན། རྩ་བ་ལས། རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །ཞེས་བསྒྲུབ་ཡོད་པ་ལ། དེའི་ཐད་དུ་རང་འགྲེལ་ལས། དགོངས་པ་རེ་རེ་བཞིན་བླངས་ནས་ལྟར་སྣང་དུ་བསྟན་ཡོད་པ་ལྟ་བུའོ། ། དེ་ལྟ་བུའི་འདོད་པ་མང་པོ་ཞིག་ལྟར་སྣང་དུ་སྟོན་མཁན་ནི་ཕལ་ཆེར་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་ཙམ་ཡིན་པར་སྣང་སྟེ། སློབ་དཔོན་ཐོགས་མེད་ཀྱི་གཅུང་པོར་གྱུར་བའི་དབྱིག་གཉེན་དང་ལོ་རབས་ཉེ་བར་གྲགས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛོད་ཀྱི་འགྲེལ་བ་གནད་ཀྱི་སྒྲོན་མ་ལས་དེ་ལྟར་དགག་པ་མི་འབྱུང་ལ། སློབ་དཔོན་འདུས་བཟང་གིས་མཛད་པའི་མཛོད་ཀྱི་རྣམ་པར་བཤད་པ་ལས་ཀྱང་དེ་ལྟར་དགག་པ་མི་འབྱུང་ངོ་། ། དེ་བས་ན། དེ་ལྟར་རྩ་འགྲེལ་གཉིས་ཀྱི་དགོངས་པ་མི་མཐུན་པ་ལ་བརྟགས་ནས་དེ་གཉིས་རྩོམ་པ་པོ་གཅིག་མིན་པར་རྒྱུ་མཚན་ལྡན་པའི་སྒོ་ནས་བསམ་བློ་བཏང་ཆོག་ལ། དེར་མ་ཟད། དབྱིག་གཉེན་སྔ་མ་དང་ལོ་རབས་ཆེས་ཉེ་བར་གྲགས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་ལ་འགྲེལ་པ་མ་བརྩམས་པར། མཛོད་རྩ་བ་རང་ལ་འགྲེལ་བ་བྱས་ཤིང་འགྲེལ་བ་དེའི་རང་ལུགས་ཀྱང་། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་དང་མི་འདྲ་བ་ལ་བལྟས་ན། རྩ་འགྲེལ་གཉིས་ཀྱི་རྩོམ་པ་པོ་གཅིག་མིན་པ་ལ་ཅུང་ཟད་གསལ་ཁ་ཐོན་པ་མིན་ནམ་སྙམ།

༤ དབྱིག་གཉེན་སྔ་ཕྱི་གཉིས་གསུངས་པས་རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་པ།

ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས། ཉིན་ཡིན་དེ་དང་འདྲ་བ་ཡིན། །ཞེས་འགྲེལ་པའི་ཐད་དུ། གཡེང་དང་སེམས་མེད་པ་ཡི་ཡང་། །ཞེས་པའི་གཞུང་གོང་མའི་འཕྲོས་དོན་དུ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་གཟུགས་སུ་ཡོད་པའི་སྒྲུབ་བྱེད་ལ། གཞན་དག་ན་རེ། རྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །ཞེས་པའི་གཞན་གྱི་ལུགས་ཤིག་བཀོད་ཡོད་པ་ལ། དེའི་འགྲེལ་བཤད་རྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པ་ལས། གཞན་དག་ན་རེ་རྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་སྔ་མའོ། །ཞེས་འདོད་པ་དེ་སློབ་དཔོན་དབྱིག་གཉེན་སྔ་མའི་འདོད་པ་ཡིན་པར་གསུངས་ལ། དེའི་རྗེས་སུ། ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་ལས། གཞན་དག་ནི་འདི་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་ནི་ཐ་དད་པར་གྱུར་པ་སྟེ། ཞེས། སྤྱིར་གཞན་དག་སྔ་མའི་འདོད་པ་དེ་ཡང་། མཛོད་ཀྱི་བཤད་པ་རྩོམ་མཁན་རང་གི་དགོངས་པ་དང་མཐུན་པར་ཡང་གསལ་མོད། རྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པའི་དེའི་འགྲེལ་བ་ལས། གཞན་དག་ཕྱི་མ་འདི་འགྲེལ་སྐབས། གཞན་དག་ནི་འདི་ལ་ཞེས་བྱ་བ་ནི་སློབ་དཔོན་འདི་ཉིད་ཡིན་ཏེ། ཞེས། རྒྱལ་སྲས་གྲགས་བཤེས་ཀྱིས་གསུང་ཚུལ་ལ་བལྟས་ན། དབྱིག་གཉེན་སྔ་མ་དང་། སློབ་དཔོན་འདི་ཞེས་ཁྱད་པར་དུ་བྱས་ཏེ་གང་ཟག་གཉིས་ལྟ་བུ་ཡོད་པར་གསུངས་པས། དབྱིག་གཉེན་སྔ་མ་དང་མཛོད་ཀྱི་བཤད་པ་རྩོམ་མཁན་འདི་གཉིས་ནི་མི་གཅིག་མིན་པར་གསལ་ཞིང་། དེ་གཉིས་མི་གཅིག་མིན་ན། མཛོད་རྩ་འགྲེལ་གཉིས་རྩོམ་པ་པོ་ཡང་མི་གཅིག་མིན་པར་གྲུབ་སྟེ། རྒྱལ་སྲས་གྲགས་བཤེས་ཀྱི་བརྡ་ཆད་ལྟར་ན། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་མཁན་ནི། དབྱིག་གཉེན་སྔ་མ་མིན་པར་སློབ་དཔོན་འདི་ཉིད་ཡིན་ལ། དབྱིག་གཉེན་སྔ་མ་ཞེས་གྲགས་པ་དེ་ནི་མཛོད་རྩ་བ་རྩོམ་མཁན་གྱི་སློབ་དཔོན་དེ་ཉིད་ཡིན་དགོས་ཏེ། ཇོ་བོ་རྗེ་ཡིས། དབྱིག་གཉེན་སྔ་མ་ནི་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་མཁན་ཞིག་ཡིན་པར་[1]གསུངས་པ་ལ། སློབ་དཔོན་དེས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་པའི་བརྩམས་ཆོས་ཤིག་ཡོད་པ་ནི་མཛོད་རྩ་བ་འདི་ལས་གཞན་འཚོལ་དུ་མེད་པའི་ཕྱིར་རོ། །

གཉིས་པ། མངོན་པ་མཛོད་ཀྱི་བཤད་པ་རྩོམ་མཁན་སུ་ཡིན་བསམ་པ།

དེ་ལྟར་བསམ་གཞིག་གི་སྣེ་ལ་འཇུ་སའི་བདེན་དཔང་ཚན་པ་བཞི་ཡི་སྒོ་ནས་ཆོས་མངོན་པའི་མཛོད་ཀྱི་ལེའུ་བྱས་པའི་རྩ་བ་དེ་དང་དེའི་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ཟེར་བ་དེ་གཉིས་རྩོམ་པ་པོ་གཅིག་གིས་བརྩམས་པ་མིན་པའི་བསམ་ཚུལ་བཏོན་པ་ཡིན་ལ། དྲང་མོར་བཤད་ན། སྒྲུབ་བྱེད་ཀྱི་བདེན་དཔང་དེ་དག་གིས་ངེས་པར་འགྲུབ་ཐུབ་པ་ཞིག་ཡིན་མིན་མི་ཤེས་མོད། ཅུང་ཟད་ལྐོག་གྱུར་ཡིན་པའི་ཆོས་ལ་དཔོག་པའི་རིགས་པ་ལ་འདི་ལས་ལྷག་པ་ཞིག་ཕལ་ཆེར་མེད་པར་སྣང་ལ། ཕལ་ཆེར་མི་དགོས་པར་ཡང་སྣང་། གང་ལྟར་གླེང་གཞི་གང་འདྲ་ཞིག་ལ་བཅར་བ་ཡིན་ན། ཐག་གཅོད་ཀྱི་གྲུབ་དོན་འཇོག་པ་ནི་ཆེས་སྔ་སོང་བ་ལྟ་བུ་ཞིག་ཡིན་ན་ཡང་། ཞིབ་འཇུག་དཔྱད་རྩོམ་ལྟ་བུ་ཞིག་འབྲི་བ་ལ། རང་ནུས་གང་ཡོད་ཀྱིས་དཔྱད་པའི་མཐའ་མར་རང་བློ་དང་འཚམས་པའི་ཐག་གཅོད་ཅིག་ནི་མ་བྱས་རང་བྱས་སུ་འདུག་པས། འོ་ན། ཆོས་མངོན་པའི་མཛོད་ཀྱི་རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་ན། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་རྩོམ་མཁན་སུ་ཞིག་ཡིན་ནམ་ཞེ་ན། དེའི་སྐོར་ནས་ཅུང་ཟད་བརྗོད་པ་ལ། ༡ སྤྱིར་དབྱིན་གཉེན་སྔ་ཕྱི་གཉིས་མི་གཅིག་མིན་པར་བསྒྲུབ་པ་དང་། ༢ བྱེ་བྲག་ཏུ་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་དབྱིག་གཉེན་སྔ་ཕྱི་སུ་ཡིས་བརྩམས་མིན། ༣ དབྱིན་གཉེན་གྱིས་མཛད་པར་གྲགས་པའི་བསྟན་བཅོས་གཞན་དག་སུས་མཛད་བསམ་པ་སྟེ། ཚན་པ་གསུམ་དུ་བསྡུས་ཏེ་གླེང་གཞི་ཉིད་སྤྲོ་བར་འདོད་དོ། །

༡ སྤྱིར་དབྱིན་གཉེན་སྔ་ཕྱི་གཉིས་མི་གཅིག་མིན་པར་བསྒྲུབ་པ།

སྤྱིར་རྒྱ་གཞུང་རྣམས་ལས། དབྱིག་གཉེན་སྔ་མ་ཞེས་པའི་མི་སྣ་ཞིག་བྱུང་མྱོང་ཡོད་པ་ནི་ལན་གསུམ་ཙམ་དུ་གསལ་བ་ལས། དབྱིག་གཉེན་ཕྱི་མ་ཞེས་པའི་མཚན་གསོལ་བ་ཞིག་མི་སྣང་ཡང་། དབྱིག་གཉེན་སྔ་མ་ལ་ལྟོས་ནས་དབྱིག་གཉེན་ཕྱི་མ་ཞེས་པའི་ཐ་སྙད་ཅིག་སྦྱར་ཏེ་དེང་རབས་ཞིབ་འཇུག་སྨྲ་བ་རྣམས་ཀྱིས་དེ་གཉིས་མི་གཅིག་ཡིན་མིན་ལ་དཔྱད་པ་བྱས་ནས། ཕལ་ཆེར་མི་གཅིག་མིན་པའི་ལྟ་ཚུལ་དེ་ནི་ཅུང་ཟད་གཙོ་རྒྱུགས་ལྟ་བུ་ཡིན་པར་སྣང་ཡང་། བོད་ཀྱི་ནང་རིག་པ་བ་ཕལ་ཆེར་ལ་དེ་གཉིས་མི་གཅིག་ཡིན་པའི་བསམ་ཚུལ་གྱིས་ཁྱབ་ནས་ཡོད་པ་ནང་བཞིན། ད་སྔོན་རང་ཡང་དེའི་གྲལ་དུ་ཚུད་ནས་བསྡད་པ་ཡིན། ད་ལོར་རང་ངོས་ནས་དཔྱད་གཞི་འདི་ལ་ཁ་ཕྱོགས་ཏེ་དབྱིག་གཉེན་སྔ་ཕྱི་གཉིས་མི་གཅིག་ཡིན་མིན་གྱི་བདེན་དཔང་སོ་སོ་ནས་བསམ་སྟེ་ཅུང་ཟད་བསྡུར་བ་ཡིན་ན། མི་གཅིག་མིན་པའི་ལྟ་ཚུལ་དེ་ནི་ལྷག་ཏུ་འཐད་ཆེ་བར་སྣང་སྟེ། འདི་ལ་རང་གིས་ཤེས་ཚོད་ལྟར་དུ་བདེན་དཔང་གལ་ཆེ་ཤོས་གཉིས་ཙམ་རྙེད་པ་རྣམས་རིམ་བཞིན་འགོད་ན། དང་པོ་ནི། གོང་དུ་ཞུས་པ་བཞིན། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས། ཉིན་ཡིན་དེ་དང་འདྲ་བ་ཡིན། །ཞེས་འགྲེལ་པའི་ཐད་དུ། གཡེང་དང་སེམས་མེད་པ་ཡི་ཡང་། ། ཞེས་པའི་འཕྲོས་དོན་དུ། གཞན་དག་གསུམ་ངོས་བཟུང་བ་ལས། རྒྱལ་སྲས་གྲགས་བཤེས་ཀྱི་དེའི་འགྲེལ་བ་ལས། གཞན་དག་ཕྱི་མ་གཉིས་ཀྱི་ངོས་འཛིན་ལ། དང་པོ་དེ། དབྱིག་གཉེན་སྔ་མ་ཡིན་པ་དང་། རྗེས་མ་དེ་སློབ་དཔོན་འདི་ཉིད་ཡིན་ཞེས་ཁྱད་པར་ཕྱེས་ཏེ་གསུངས་པས། དབྱིག་གཉེན་སྔ་ཕྱི་གཉིས་ཡོད་པ་དང་། དེ་ཡང་མི་སྣ་སོ་སོ་བ་གཉིས་ཡིན་པའི་བསམ་ཚུལ་དེ་ཧ་ཅང་འཐད་པར་འདུག་སྙམ།གཉིས་པ་ནི། ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས། འཇིག་རྟེན་བསྟན་པའི་འགྲེལ་བའི་ཐད་ནས། མ་རིག་པའི་རྒྱུ་མ་བསྟན་པས་འཁོར་བ་ལ་ཐོག་མ་ཡོད་པར་ཐལ་བའི་རྩོད་སྤོང་གི་སྐབས་སུ་ཡང་། གཞན་དག་ན་རེ། མདོ་གཞན་ལས་མ་རིག་པ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་ཡིན་ནོ། ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་མ་རིག་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་ལ། དེ་ནི་འདིར་ཡང་ལེན་པའི་ནང་དུ་འདུས་པའི་ཕྱིར་བཤད་པ་ཡིན་ནོ་ཞེས་ཟེར་ཏེ། ཞེས་འདོད་ཚུལ་ཞིག་བཀོད་ནས་དགག་པ་བརྗོད་ཡོད་པ་ལ། གཞན་དག་དེ་སུ་ཡིན་གྱི་ཐད་ནས་སློབ་དཔོན་གང་སྤེལ་སོགས་ཀྱི་འགྲེལ་བཤད་ལས་མི་གསལ་ཡང་། སློབ་དཔོན་རྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པའི་མཛོད་འགྲེལ་ལས། གཞན་དག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་ཡིད་འོང་གི་མཁན་པོ་གནས་བརྟན་དབྱིག་གཉེན་དེ་སྐད་ཟེར་བ་ཡིན་ནོ། །ཞེས་འདོད་པ་དེ་ནི་གནས་བརྟན་དབྱིག་གཉེན་གྱི་འདོད་ཚུལ་ཡིན་པར་གསུངས་ཡོད་པས། གནས་བརྟན་དབྱིག་གཉེན་དེ་ནི་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་མཁན་རང་ཉིད་མིན་ཏེ། རང་གིས་རང་ཉིད་ཕྱོགས་སྔར་བཀོད་ནས་དགག་པ་བརྗོད་པ་མི་སྲིད་པའི་ཕྱིར་རོ། ། དེས་ཀྱང་དབྱིག་གཉེན་ལ་སྔ་ཕྱི་གཉིས་ཡོད་པ་འམ་དབྱིག་གཉེན་ཞེས་པའི་སློབ་དཔོན་སྔ་ཕྱི་གཉིས་བྱུང་མྱོང་བར་རིགས་འདེད་ཡག་པོ་བྱེད་ཐུབ་པར་འདུག་སྟེ། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་མཁན་དེའི་སྔོན་དུ་དབྱིག་གཉེན་སྔ་མ་ཞིག་བྱོན་མྱོང་ཞིང་། མཛོད་ཀྱི་བཤད་པ་རྩོམ་མཁན་གྱི་སློབ་དཔོན་དབྱིག་གཉེན་གྱིས་དེ་ལ་དགག་པ་བརྗོད་པ་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །

དེ་ལས་འཕྲོས་རེ་ཅུང་ཟད་དཔྱད་ན། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས། གཞན་དག་ན་རེ། ཞེས་དགག་པ་བརྗོད་ཡུལ་གྱི་འདོད་ཚུལ་དེ་ཡང་གནས་བརྟན་དབྱིག་གཉེན་ཞེས་པའི་མིང་ཅན་ཞིག་གིས། དེ་ལྟར་འདོད་དང་མི་འདོད་ལ་བསམ་ན་ཕལ་ཆེར་འདོད་པ་འདྲ་བར་འདུག་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ་ཞེས་པའི་གཞུང་ལས། འདིར་ཁ་ཅིག་རྒོལ་བ་མ་རིག་པའི་རྐྱེན་མ་སྨོས་པའི་ཕྱིར་འཁོར་བ་ཐོག་མ་ཡོད་པར་འགྱུར་བ་དང་། ཡན་ལག་ལྷག་པ་དང་དེ་དག་ལ་ཐུག་པ་མེད་པར་འགྱུར་རོ་ཞེས་དེ་སྐད་བརྒལ་ནས། ལན་ནི་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་མ་རིག་པའི་རྐྱེན་ཡིན་ནོ་ཞེས་མདོ་སྡེ་གཞན་ལས་འབྱུང་བ་སྔར་བསྟན་ཟིན་ཏོ། ། ཡན་ལག་ལྷག་པ་ཡང་མ་ཡིན་ཏེ། ལེན་པའི་ནང་དུ་དེ་འདུས་པའི་ཕྱིར་རོ། ། ཐུག་པ་མེད་པར་ཡང་མི་འགྱུར་ཏེ། དེ་གཉིས་གཅིག་ལ་གཅིག་རྐྱེན་བྱེད་པའི་ཕྱིར་བྱ་དང་སྒོ་ང་བཞིན་ནོ། ། ཞེས་མཛོད་ཀྱི་བཤད་པ་ལས་བཀོད་པའི་འདོད་ཚུལ་དེ་ཇི་བཞིན་དུ་གསལ་འདུག་པ་ལྟ་བུར་མཐོང་མོད། དེ་ནི་རང་གིས་གཞུང་དེ་དང་དེའི་འགྲེལ་བ་ལ་རགས་རིམ་ཙམ་གྱིས་བརྟག་དཔྱད་བཏང་བའི་གྲུབ་དོན་ཡིན་པས། མགོ་མཇུག་གི་གྲུབ་དོན་ལ་བསམ་ན་བལྟ་ཉེས་བྱས་ཡོད་ཀྱང་སྲིད་ལ། གང་ལྟར་འདིར་དྲངས་བའི་གཞུང་ཚིག་དེ་དང་མཛོད་ཀྱི་བཤད་པ་ལས་གཞན་དག་ཅེས་དྲངས་བའི་འདོད་ཚུལ་དེ་གཉིས་ཕལ་ཆེར་ངོས་གཅིག་ལ་བབས་ཡོད་མེད་ལ་དོགས་པ་མི་དགོས་པར་འདུག་བསམ་ཡོད། དེ་བས། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས། སྐབས་དེར་གཞན་དག་ཅེས་དགག་པ་བརྗོད་ཡུལ་དེ་དབྱིག་གཉེན་སྔ་མ་ཡིན་ཞིང་། དེ་ཡང་རྟེན་འབྲེལ་མདོ་འགྲེལ་རྩོམ་པ་པོ་དེ་ཡིན་པར་བརྗོད་ཐུབ་པ་འདྲ་སྙམ་ཡང་། མདོ་འགྲེལ་དེ་རུ་ཡང་། ཤེས་རབ་ཀྱི་རྫས་ཅན་རྣམས་མ་རིག་པ་མིན་པའི་རྣམ་བཞག་ལྟ་བུ་སོགས་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས་འབྱུང་བ་དང་དགོངས་པ་མཐུན་པར་གསུངས་པ་ཡང་འདུག་པས་ད་དུང་དཔྱད་དགོས་པ་ཞིག་ཀྱང་ལོས་ཡིན།

༢ བྱེ་བྲག་ཏུ་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་དབྱིག་གཉེན་སྔ་ཕྱི་སུ་ཡིས་བརྩམས་མིན།

དེ་ལྟར་དབྱིག་གཉེན་ཞེས་འབོད་པའི་སློབ་དཔོན་དེ་ལ་སྔ་ཕྱི་གཉིས་སུ་ཡོད་པར་ཅུང་ཟད་སྒྲུབ་བྱེད་འཐུས་ཚང་པོ་ཞིག་ཡོད་པ་གང་ཞིག་ལ། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེ་ནི་དབྱིག་གཉེན་མིང་ཅན་ཞིག་གིས་བརྩམས་པ་ཡིན་པར་རྒྱལ་སྲས་གྲགས་བཤེས་ཀྱི་གཞུང་དུ་མི་གསལ་ཡང་། སློབ་དཔོན་གང་སྤེལ་གྱིས་གསུངས་ལ། གཞན་འཕགས་པ་རྣམ་གྲོལ་སྡེས་ཉི་ཁྲི་སྣང་བའི་འགྲེལ་བར་སློབ་དཔོན་དབྱིག་གཉེན་གྱི་འདོད་པ་ཞིག་བཀོད་པ་དང་། སློབ་དཔོན་ལྷ་དབང་བློས་རྣམ་འགྲེལ་འགྲེལ་ཆེན་ལས་ཀྱང་། སློབ་དཔོན་དབྱིག་གཉེན་གྱི་འདོད་པ་ཞིག་བཀོད་པ་སོགས་ནི། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་རུ་ཇི་བཞིན་དུ་གསལ་བས། མཛོད་ཀྱི་བཤད་པ་འདི་ནི་དབྱིག་གཉེན་མིང་ཅན་ཞིག་གིས་མཛད་པ་ཡིན་པར་མངོན་ལ། འོ་ན། འདི་ནི་དབྱིག་གཉེན་སྔ་ཕྱི་གཉིས་སུ་ཡོད་པའི་སློབ་དཔོན་གང་གིས་མཛད་པ་ཡིན་ནམ་ཞེ་ན། འདིའི་རྩོམ་པ་པོ་དེ་ལ་དབྱིག་གཉེན་ཕྱི་མ་ཞེས་བརྗོད་ན་ཆོག་པར་སེམས་ཏེ། སྤྱིར་དབྱིག་གཉེན་ལ་སྔ་ཕྱི་གཉིས་ཙམ་བྱུང་མྱོང་ཡོད་པ་ནི་གོང་དུ་བསྒྲུབ་པ་ལྟར་ཡིན་ཞིང་། འདིའི་རྩོམ་པ་པོ་དེ་ཡིས་དབྱིག་གཉེན་སྔ་མ་ཞིག་གི་འདོད་པ་བཀོད་པ་དང་དེ་ལ་དགག་པ་བརྗོད་པ་སོགས་ཀྱི་མཛད་པ་བསྐྱངས་པསོ། ། དེའི་ཕྱིར་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ཟེར་བའི་བསྟན་བཅོས་འདིའི་རྩོམ་པ་པོ་ནི། ཇོ་བོ་རྗེས་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས། དབྱིག་གཉེན་གཞན་ཞིག་གིས་རྣལ་འབྱོར་སྤྱོད་པའི་གཞུང་རྒྱས་པར་མཛད་པར་གསུངས་[2]པའི་སློབ་དཔོན་དེ་ཉིད་ཡིན་ཞིང་། ཁོང་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ཐོགས་མེད་ཀྱི་རྗེས་སུ་འཇུག་ནས་ཕུང་ལྔའི་རབ་བྱེད་དང་། ལས་གྲུབ་པའི་རབ་བྱེད་སོགས་བརྩམས་པ་ཡིན་པའི་སྐོར་འོག་ནས་དཔྱད་པར་བྱའོ། །

༣ དབྱིག་གཉེན་གྱིས་མཛད་པར་གྲགས་པའི་བསྟན་བཅོས་གཞན་དག་སུས་མཛད་མིན།

དེ་ཡང་སྤྱིར་ཡིག་ཆའི་ཁྲོད་ནས་དབྱིག་གཉེན་ཟེར་བའི་སློབ་དཔོན་སྔ་ཕྱི་གཉིས་བྱུང་མྱོང་བའི་ཚད་ལྡན་གྱི་ལོ་རྒྱུས་ཤིག་ནི་མ་མཐོང་ཡང་། དབྱིག་གཉེན་རང་གི་བརྩམས་ཆོས་དང་དེའི་འགྲེལ་བཤད་ཁག་ལ་བལྟས་ན་གང་ཟག་མི་གཅིག་པའི་དབྱིག་གཉེན་སྔ་ཕྱི་གཉིས་བྱུང་མྱོང་ཡོད་པའི་བསམ་ཚུལ་དེ་འདྲ་ཞིག་ནི་བློ་གྲོས་དམན་པ་བདག་ལྟ་བུ་ལ་ཡང་མི་སླེབས་ཀ་མེད་དུ་འདུག་པས། དེ་ལྟ་བུའི་དབྱིག་གཉེན་སྔ་ཕྱི་གཉིས་སུ་བྱུང་ཡོད་པ་ཡིན་ན། སྤྱིར་ང་ཚོའི་རིག་གཞུང་གི་ནང་དུ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་པྲ་ཀ་ར་ཎ་སྡེ་བརྒྱད་ཅེས་སྡེ་ཚན་དུ་བགོས་ནས་ཡོད་པའི་བརྩམས་ཆོས་འབོར་ཆེན་ཞིག་ཡོད་པ་ལ། དེ་དག་དབྱིག་གཉེན་སྔ་ཕྱི་གཉིས་ཀྱི་གང་དང་གང་གིས་བརྩམས་པ་ཡིན་ནམ་ཞེ་ན། དེ་ལ་སྤྱིར་དེང་རབས་ཞིབ་འཇུག་སྨྲ་བ་རྣམས་ཀྱིས་འདོད་ཚུལ་ཐ་དད་དུ་ཡོད་པ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་གསུངས་པ་ལྟར་ཡིན་ཡང་། དེ་དག་ལས་གཞན། འདིར་མཛོད་རྩ་བ་རྩོམ་མཁན་དེ་དབྱིག་གཉེན་སྔ་མ་དང་། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་རྩོམ་མཁན་དེ་དབྱིག་གཉེན་ཕྱི་མ་ཡིན་པའི་བསམ་ཚུལ་ལྟར་ན། པྲ་ཀ་ར་ཎ་སྡེ་བརྒྱད་ལས། ཕུང་ལྔའི་རབ་བྱེད་དང་། ལས་གྲུབ་པའི་རབ་བྱེད། ཉི་ཤུ་པ་རྣམས་ནི་དབྱིག་གཉེན་ཕྱི་མས་མཛད་པ་ཡིན་པར་བདེན་དཔང་ཆུང་ཆུང་ཞིག་བྱེད་ཐུབ་པ་སྟེ། དེ་ཡང་། དང་པོ་ཕུང་པོ་ལྔའི་རབ་བྱེད་ནི། རྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པའི་མཛོད་ཀྱི་འགྲེལ་བཤད་ལས། འདི་ལྟར་སློབ་དཔོན་འདིས་ཕུང་པོ་ལྔའི་ནང་དུ་འདུན་པ་གང་ཞེ་ན། བསམས་པའི་དངོས་པོ་ལ་མངོན་པར་འདོད་པའོ། །ཞེས་ཕུང་པོ་ལྔའི་རབ་བྱེད་ནི་མཛོད་ཀྱི་བཤད་པ་རྩོམ་མཁན་གྱི་སློབ་དཔོན་དེས་མཛད་པ་ཡིན་པར་གསུངས་པས། དབྱིག་གཉེན་ཕྱི་མས་མཛད་པ་ཡིན་པ་ནི་འཐད་ལྡན་དུ་མཐོང་ན་ཡང་། བསམ་ཚུལ་དེ་ཡང་དོགས་གཞི་མེད་པ་ཞིག་ཀྱང་མིན་པར་སྣང་སྟེ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་ཕུང་ལྔའི་འགྲེལ་པ་ལས། མཆོད་པར་བརྗོད་པ་ནི་མཛོད་ཀྱི་བསྟན་བཅོས་ལ་སོགས་པ་ལས་སྨོས་པ་དེ་ཉིད་འདིར་བལྟ་བར་བྱ་སྟེ། ཞེས་རབ་བྱེད་འདིའི་རྩོམ་པ་པོ་ཡིས་མཛོད་ཀྱི་བསྟན་བཅོས་ལས་མཆོད་བརྗོད་མཛད་ཟིན་པ་ལ་དགོངས་ནས། རབ་བྱེད་འདིར་མཆོད་བརྗོད་མ་མཛད་པར་གསུངས་པས། དེ་ལ་བལྟས་ན། མཛོད་རྩ་བ་དང་ཕུང་ལྔའི་རབ་བྱེད་གཉིས་རྩོམ་པ་པོ་གཅིག་ཡིན་པ་ལྟ་བུ་ཡང་འདུག་མོད། རང་གིས་ཕྱོགས་གཉིས་ཀ་ལ་ཡང་བསྐྱར་དཔྱད་ཞིབ་ཅིག་བྱས་ནས་བལྟས་པས། མཛོད་ཀྱི་བསྟན་བཅོས་ཞེས་བསྙད་པ་ཙམ་གྱིས་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་རྩ་བ་ལ་གོ་དགོས་པའི་ངེས་པ་མི་འདུག་སྟེ། སློབ་དཔོན་ཝན་ཚེག་གིས་དགོངས་འགྲེལ་འགྲེལ་ཆེན་ལས། མཛོད་ཀྱི་བཤད་པ་འདི་ལ་ཡང་། མཛོད་ཀྱི་བསྟན་བཅོས་ཞེས་བསྙད་པ་[3]འདུག་པས་སོ། །

དེ་བས་ན། སློབ་དཔོན་ཡོན་ཏན་འོད་ཀྱི་འགྲེལ་བ་ལས། མཛོད་ཀྱི་བསྟན་བཅོས་ཞེས་པ་ནི་མཛོད་ཀྱི་བཤད་པ་ལ་ཡང་གོ་ཆོག་པ་འདྲ་བས། ཕུང་ལྔའི་རབ་བྱེད་འདི་དང་མཛོད་ཀྱི་བཤད་པ་གཉིས་ཀྱི་རྩོམ་པ་པོ་ནི་དབྱིག་གཉེན་གཅིག་ཡིན་ཞིང་། དེ་ཡང་དབྱིག་གཉེན་ཕྱི་མ་ཡིན་པའི་གླེང་ཕྱོགས་དེ་ཉིད་རེ་ཞིག་འཐད་ལྡན་དུ་མཐོང་བ་ཡིན། གཉིས་པ། ལས་གྲུབ་པའི་རབ་བྱེད་ཀྱི་ནང་དུ། རྣམ་པར་བཤད་པའི་རིགས་པ་ལས་ཀྱང་། དེང་སང་མདོ་སྡེ་ཐམས་ཅད་ནི་མི་སྣང་ངོ་ཞེས་བསྒྲུབས་ཏེ། དེ་ལྟ་བས་ན་མདོ་སྡེ་དག་ལས་ལྡངས་པོར་མ་གསུངས་ཞེས་ཏེ། ཀུན་གཞི་རྣམ་པར་ཤེས་པ་འདོད་པར་མི་བྱ་བ་ནི་མ་ཡིན་ནོ། ། ཞེས་རྣམ་བཤད་རིགས་པ་ཞེས་པའི་གཞུང་དེ་སྒྲུབ་བྱེད་དུ་དྲངས་པས། ལས་གྲུབ་པའི་རབ་བྱེད་དང་རྣམ་བཤད་རིགས་པ་གཉིས་ཀྱི་རྩོམ་པ་པོ་གཅིག་མིན་པར་གྲུབ་སྟེ། མཁས་པ་ཆེན་པོ་རྣམས་ཀྱིས་རང་གི་བརྩམས་ཆོས་རང་གི་སྒྲུབ་བྱེད་དུ་ཁྱེར་བ་མི་སྲིད་པས། རྣམ་བཤད་རིགས་པ་རྩོམ་མཁན་ནི་དབྱིག་གཉེན་སྔ་མ་དང་། འདི་རྩོམ་མཁན་དབྱིག་གཉེན་ཕྱི་མ་ཡིན་པ་ལས་འོས་མེད་པར་འདུག་སྙམ། གསུམ་པ་ཉི་ཤུ་པ་དང་དེའི་འགྲེལ་པ་ནི། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དང་ཚིག་འགྲོས་མཐུན་པས་དབྱིག་གཉེན་ཕྱི་མས་མཛད་པར་བདེན་དཔང་བྱེད་ཆོག་སྟེ། དེ་ལས། གལ་ཏེ་རང་གི་རྒྱུད་འགྱུར་པའི་ཁྱད་པར་ཉིད་ལས་སེམས་ཅན་རྣམས་ཀྱི་དོན་དུ་སྣང་བའི་རྣམ་པར་རིག་པ་འབྱུང་གི། ཞེས་གསུངས་པ་དང་། མཛོད་ཀྱི་བཤད་པ་ལས་ཀྱང་། རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སོ། ། ཞེས་པ་སོགས་གཞུང་དེ་གཉིས་ཀྱི་ཚིག་འགྲོས་མཐུན་པ་ལ་བལྟས་ན། ཉི་ཤུ་པ་དང་དེའི་རང་འགྲེལ་ནི། མཛོད་ཀྱི་བཤད་པ་རྩོམ་མཁན་གྱི་དབྱིག་གཉེན་ཕྱི་མ་དེས་མཛད་པ་ཡིན་པར་ཚོད་དཔག་བྱེད་ཆོག་པ་ཙམ་དུ་འདུག་གོ་སྙམ།

དེ་ལས་གཞན་ཡང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གྲགས་པའི་རྣམ་བཤད་རིགས་པ་དང་། སུམ་ཅུ་པ་དང་། འབྱེད་གཉིས་ཀྱི་འགྲེལ་བ་དང་། མདོ་རྒྱན་འགྲེལ་བ་རྣམས་ནི། དབྱིག་གཉེན་སྔ་མས་མཛད་པ་ཡིན་པར་རྗེས་དཔག་གི་ལམ་ནས་སྐད་ཆ་ཅུང་ཟད་ཤོད་ཐུབ་པར་འདུག་སྟེ། དང་པོ། རྣམ་བཤད་རིགས་པ་ནི། དབྱིག་གཉེན་མིང་ཅན་གང་ཞིག་གིས་མཛད་པ་ལ། ལས་གྲུབ་པའི་རབ་བྱེད་ཀྱི་ནང་དུ་འདི་སྒྲུབ་བྱེད་དུ་དྲངས་པས། འདིའི་རྩོམ་པ་པོ་ནི་ལས་གྲུབ་པའི་རབ་བྱེད་ཀྱི་རྩོམ་པ་པོ་དེ་མིན་པས། དབྱིག་གཉེན་སྔ་མ་ལས་འོས་མེད་པར་སྣང་ལ། ད་དུང་། རྣམ་བཤད་རིགས་པ་ལས། འཇིག་རྟེན་པའི་ཤེས་པ་མ་འཁྲུལ་བའི་ཡུལ་དང་། འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ལ་དགོངས་ནས་བདེན་པ་གཉིས་པོ་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པར་གསུངས་སོ། །ཞེས་འབྱུང་བ་དེ། མཛོད་ཀྱི་བཤད་པ་ལས། ལམ་དང་གང་ཟག་བསྟན་པའི་བདེན་གཉིས་བཤད་པའི་སྐབས་སུ། སྔོན་གྱི་སློབ་དཔོན་རྣམས་ན་རེ། ཇི་ལྟར་འཇིག་རྟེན་ལས་འདས་པའི་ཤེས་པའམ། དེའི་རྗེས་ལ་ཐོབ་པ་འཇིག་རྟེན་པས་འཛིན་པ་དེ་ལྟར་ནི་དོན་དམ་པའི་བདེན་པ་ཡིན་ནོ། །ཇི་ལྟར་གཞན་གྱིས་འཛིན་པ་དེ་ལྟར་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་ཟེར་རོ། ། ཞེས་རྣམ་བཤད་རིགས་པའི་འདོད་ཚུལ་དེ་སྔོན་གྱི་སློབ་དཔོན་གྱི་འདོད་པ་རུ་བྱས་ནས་བཀོད་ཡོད་པས་ན། རྣམ་བཤད་རིགས་པ་འདིའི་རྩོམ་པ་པོ་སློབ་དཔོན་དབྱིག་གཉེན་ནི། མཛོད་ཀྱི་བཤད་པ་རྩོམ་པ་པོ་ལ་ལྟོས་ན་སྔོན་གྱི་སློབ་དཔོན་ལ་གྱུར་ནས་ཡོད་པས། འདིའི་རྩོམ་པ་པོ་ནི་སྔོན་གྱི་དབྱིག་གཉེན་ནམ་དབྱིག་གཉེན་སྔ་མ་ཡིན་པར་གྲུབ་པ་དང་། གཞན་ཡང་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་ལས། རྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར། ཞེས་པའི་དབྱིག་གཉེན་སྔ་མའི་འདོད་པ་ཞིག་བཀོད་པ་དེ་ཡང་། ཕལ་ཆེར་གཞུང་འདིར་གསལ་[4]བས་ཀྱང་། འདིའི་རྩོམ་པ་པོ་ནི་དབྱིག་གཉེན་སྔ་མ་ཡིན་པར་གྲུབ་བོ་སྙམ།

ལར་ཆོས་བཤེས་ཚིག་གསལ་དུ། རྣམ་བཤད་རིགས་པ་རྩོམ་པ་པོ་འདི་ལ། སངས་རྒྱས་གཉིས་པ་ཞེས་པའི་མཚན་ཡང་གསོལ་འདུག། གཉིས་པ། སུམ་ཅུ་པ་ཡང་། དབྱིག་གཉེན་མིང་ཅན་གང་ཞིག་གིས་མཛད་པ་ལ། ཉི་ཤུ་པའི་བཤད་པ་དང་ཉི་ཤུ་པ་དང་རྩོམ་པ་པོ་གཅིག་པར་འོས་པའི་བརྩམས་ཆོས་གཞན་རྣམས་དང་ཡང་ཁྱོན་ནས་མི་མཐུན་ཏེ། དཔེར་ན། ཉི་ཤུ་པ་ལས་འཛིན་པ་དགག་པ་མི་འབྱུང་ལ། གཞུང་འདིར། གཟུང་བ་མེད་པས་དེ་འཛིན་མེད་ཅེས་འཛིན་པ་ཡང་དགག་པས། སུམ་ཅུ་པ་འདི། ཉི་ཤུ་པའི་རྩོམ་པ་པོ་སློབ་དཔོན་དབྱིག་གཉེན་ཕྱི་མས་མཛད་པ་མིན་པར་སྣང་བས། དབྱིག་གཉེན་སྔ་མས་མཛད་པ་ལས་འོས་མི་འདུག་སྙམ་བྱུང་། གསུམ་པ། འབྱེད་གཉིས་ཀྱི་འགྲེལ་པ་ལས། དབུས་མཐའི་འགྲེལ་པ་དེ་དབྱིག་གཉེན་གང་གིས་བརྩམས་པ་ཡིན་མིན་ནི། སློབ་དཔོན་བློ་གྲོས་བརྟན་པས་དེའི་འགྲེལ་བ་ལས། འདི་ལ་འཆད་པ་ནི་སློབ་དཔོན་ཐོགས་མེད་དོ། །དེ་ལས་སློབ་དཔོན་བཙུན་པ་དབྱིག་གཉེན་གྱིས་གསན་ནས་འདིའི་འགྲེལ་པ་མཛད་དེ། ཞེས་འགྲེལ་བ་འདི་རྩོམ་པ་པོ་སློབ་དཔོན་དབྱིག་གཉེན་གྱིས་སློབ་དཔོན་ཐོགས་མེད་ལས་མདོ་སྡེའི་རྒྱན་ཉིད་གསན་པར་གསུངས་པས་ན། སློབ་དཔོན་ཐོགས་མེད་དང་དུས་མཉམ་པའི་སློབ་དཔོན་དབྱིག་གཉེན་སྔ་མ་ཡིན་པ་ལས་འོས་མེད་པ་དང་། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ཡང་དབྱིག་གཉེན་སྔ་མས་བརྩམས་པ་མིན་ནམ་སྙམ་སྟེ། འགྲེལ་པ་དེ་ལས། མ་ཕམ་གང་གིས་སྒྲ་བཞིན་དོན་འཛིན་པའི། ། འཁྲུལ་པས་འཇིག་རྟེན་ལམ་གོལ་སོང་མཁྱེན་ནས། ། བསྟན་པ་བསྡུ་བ་མཛད་དེ་འདི་གསུངས་པ། ། བླ་མ་དེ་ལ་ཐལ་སྦྱར་རབ་བཏུད་ནས། ། བླ་མ་རྣམས་ལས་ཐོས་ནས་དེ་ཉིད་ཀྱིས། ། གནང་བས་ཚིག་བསྡུས་བསྟན་བཅོས་འདི་ཡི་དོན། ། ཞེས་རྒྱལ་བ་མ་ཕམ་པས་བསྟན་པ་ལ་བསྡུ་བ་མཛད་ནས་གསུང་མཁན་གྱི་བླ་མ་དེ་ནི་སློབ་དཔོན་ཐོགས་མེད་ཡིན་པ་འདྲ་ཞིང་། འགྲེལ་བ་འདི་རྩོམ་པ་པོས་ཆོས་ཉིད་རྣམ་འབྱེད་ནི་བླ་མ་དེའི་མདུན་ནས་ཐོས་པ་དང་བླ་མ་དེས་གནང་བ་ཡིན་པར་གསུངས་པས། འགྲེལ་པ་འདི་རྩོམ་པ་པོ་ནི་སློབ་དཔོན་ཐོགས་མེད་དང་དུས་མཉམ་པའི་དབྱིག་གཉེན་སྔ་མ་ཡིན་པར་རིགས་འདེད་བྱེད་ཆོག་སྙམ། བཞི་པ། དབྱིག་གཉེན་གྱིས་མཛད་པར་གྲགས་པའི་མདོ་སྡེའི་རྒྱན་གྱི་བཤད་པ་དེ་ནི་དབྱིག་གཉེན་གང་གིས་བརྩམས་པ་ཡིན་མིན་ལ་བསམ་ན། སློབ་དཔོན་གཞན་ལ་ཕན་པ་བཟང་པོས་མཛད་པའི་མདོ་སྡེ་རྒྱན་གྱི་ཚིགས་སུ་བཅད་པ་དང་པོ་གཉིས་ཀྱི་བཤད་པ་ཞེས་པ་ལས། འཕགས་པ་ཐོགས་མེད་ཀྱི་སྒོ་ནས་སློབ་དཔོན་དབྱིག་གཉེན་ལ་ཆེད་དུ་གཏད་དེ། ཞེས་མདོ་སྡེའི་རྒྱན་འདི་སློབ་དཔོན་ཐོགས་མེད་ཀྱིས་སློབ་དཔོན་དབྱིག་གཉེན་ལ་གཏད་པར་གསུངས་པས། ཐོགས་མེད་དང་དུས་མཉམ་པའི་སློབ་དཔོན་དབྱིག་གཉེན་སྔ་མ་ཡིས་མཛད་པ་ལ་ཅུང་ཟད་འབྲེལ་ཡོད་པ་ལྟ་བུར་སྣང་མོད། ཡིན་ན་ཡང་། འདི་ནི་སྤྱིར་སློབ་དཔོན་དབྱིག་གཉེན་གྱིས་མཛད་མིན་ལ་ཡང་དཔྱད་གཞི་ཡིན་པར་སྣང་བས། དེ་ཙམ་དཔྱད་པ་རྒྱས་པར་ཞུ་མི་ཕོད་ལ། གང་ལྟར། བསྟན་འགྱུར་ནང་དུ་བཞུགས་པའི་རྩོམ་པ་པོའི་མཚན་ལ་སློབ་དཔོན་དབྱིག་གཉེན་ཞེས་བཏགས་ནས་ཡོད་པའི་བསྟན་བཅོས་མང་པོ་ཡོད་པ་ལས། པྲ་ཀ་ར་ཎ་སྡེ་བརྒྱད་ཀྱི་རྩོམ་པ་པོ་ལ་ཅུང་ཟད་ཞིབ་ཕྲ་བཏོན་པ་འདི་འདྲ་བ་ཞིག་དང་། དབྱིག་གཉེན་སྔ་ཕྱི་གཉིས་ལ་འདི་ལྟར་ཆ་བསྒོས་ཏེ་བཤད་པ་ནི་ད་སྔ་མཐོང་མ་མྱོང་ལ། དགག་གཞག་གི་གླེང་མོལ་ཡང་ཞིབ་ཕྲ་ནས་བྱེད་མ་མྱོང་བས། མི་འགྲིག་པ་ཤིན་ཏུ་མང་སྲིད་མོད། རེ་ཞིག་བསམ་བློའི་རྒྱབ་ལྗོངས་ནི་དེ་འདྲ་ཡིན་པའི་བསམ་ཚུལ་ཞིག་ཞུས་པ་ཡིན་ནོ། །

 གསུམ། ཞོར་འཕྲོས་ཀྱི་དོགས་སྤོང་གཞན།

དེ་ཡང་ལོ་འདིར་རྣམ་གཡེང་དང་ལེ་ལོའི་གསེང་ནས་རང་ཉིད་ཆོས་མངོན་པ་མཛོད་ཅེས་པའི་བསྟན་བཅོས་འདི་ལ་ཐོས་བསམ་གྱིས་འཇུག་པའི་སྐལ་བ་ལྡན་པ་དང་། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་ནི་དངོས་གཞིའི་སྦྱང་བྱ་ལྟ་བུར་བྱས་ཏེ་ཅུང་ཙམ་ཅུང་ཙམ་ཞིག་མཇལ་བ་ཡིན་པས། རང་ཉིད་ལ་ཆོས་མངོན་པའི་མཛོད་ཀྱི་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་འདི་ནི་རང་འགྲེལ་མིན་པ་ལྟ་བུའི་བསམ་ཚུལ་ཐོན་པ་ཞིག་ཡིན་ལ། དེ་ཡང་གྲོགས་པོ་རྣམས་ལ་བཤད་པ་དང་། ཆོས་རའི་ནང་ནས་བགྲོ་གླེང་ཡང་བྱས་པ་ཡིན་པས། མཛོད་རྩ་འགྲེལ་གཉིས་ཀྱི་རྩོམ་པ་པོ་གཅིག་མིན་པར་སྨྲ་བ་ལ། སྤྱིར་རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དེའི་ནང་དུ་འབྱུང་བའི་དོགས་གཞི་ཡིན་པ་ལྟ་བུའི་ཚིག་ཅིག་ཡོད་པ་ནི། མཛོད་རྩ་བ་ལས། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། ། ཞེས་པའི་ཐད་ཀྱི་འགྲེལ་བ་ལས་ཀྱང་། བདག་གིས་ཆོས་མངོན་པ་འདི་ཕལ་ཆེར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ཚུལ་དུ་གྲུབ་པར་བཤད་པ་ཡིན་ནོ། ། ཞེས་རྩ་འགྲེལ་གཉིས་ལས། བདག་གིས་ཞེས་བརྗོད་པའི་བདག་སྒྲ་བརྗོད་ཡུལ་གཅིག་ཏུ་བྱས་ཡོད་པས། རྩ་འགྲེལ་གཉིས་རྩོམ་པ་པོ་གཅིག་མིན་ནམ་སྙམ་པ་ལྟ་བུ་དེ་ཡིན་མོད། དེ་ལ་ཡང་དོགས་སྤོང་གཞན་ཞིག་བྱས་ན། སློབ་དཔོན་འདུས་བཟང་གིས་མཛད་པའི་མཛོད་ཀྱི་རྣམ་པར་བཤད་པ་ལས་ཀྱང་། རྩ་བ་དེ་འགྲེལ་བའི་སྐབས་སུ། བདག་གིས་ཞེས་སྨྲས་ཡོད་པས། མཐའ་གཅིག་ཏུ་རྩ་བ་དེ་འགྲེལ་བའི་སྐབས་སུ། བདག་གིས་ཀྱང་སྨྲས་པ་ཙམ་གྱིས། འགྲེལ་བ་རྩོམ་པ་པོ་དེ་རྩ་བ་རྩོམ་མཁན་དུ་སྒྲུབ་མི་ཐུབ་པར་འདུག་སྙམ། ཡིན་ན་ཡང་། ད་དུང་དོགས་པ་མེད་པ་ཞིག་ཀྱང་མིན་ཏེ། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཞེས་པའི་རྩ་ཚིག་འདི་འགྲེལ་སྐབས། སློབ་དཔོན་རང་གིས་ཞེས་པའི་ཚུལ་དུ་འགྲེལ་དགོས་པ་ལྟ་བུར་ཡོད་པ་ལ། རང་འགྲེལ་དུ་གྲགས་པའི་མཛོད་ཀྱི་བཤད་པ་དང་སློབ་དཔོན་འདུན་བཟང་གི་འགྲེལ་པ་གཉིས་ཀས་ཀྱང་། བདག་གིས་ཞེས་པའི་ཚིག་སྤྱད་ནས་ཅིའི་ཕྱིར་འགྲེལ་བ་མཛད་པ་ཡིན་ནམ་སྙམ་པ་དེའོ། ། དེ་ལྟར་བརྗོད་གཞི་དེ་དག་གི་སྐོར་ནས་དཔྱད་ཞིབ་ཇི་ལྟར་བྱས་ཀྱང་མཐའ་ཆོད་པ་ཞིག་ཡོང་དཀའ་ན་ཡང་། ད་རེས་དཔེ་ཀློག་ཅུང་ཟད་དང་དུས་ཚོད་ཅུང་ཟད་བཏང་བ་ཡིན་པས་གྲུབ་འབྲས་ཀྱང་ཅུང་ཟད་ཡོད་པའི་སྨོན་འདུན་དང་བཅས་རེ་ཞིག་མཇུག་གྲུབ་པ་ཡིན་ནོ། །

ལུང་ཟུར་བཀོད།

[1] དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས། སློབ་དཔོན་དགེ་སྲུངས་དང་། ཆོས་མཆོག་དང་། དབྱིག་གཉེན་སྔ་མ་ལ་སོགས་པས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་དོ། །

[2] ཇོ་བོ་རྗེས་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས། སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་དང་། བློ་བརྟན་དང་། ཤེས་རབ་འབྱུང་གནས་སྦས་པ་དང་། ཀ་ལིང་ཀ་དང་། ལྷ་དབང་བློ་དང་། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ལ་སོགས་པས་ནི་རྣམ་བཅས་རྣམ་མེད་ཀྱི་གཞུང་རྒྱས་པར་མཛད་དོ། །

[3] འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས། མཛོད་ཀྱི་བསྟན་བཅོས་ལས་ཁ་ཅིག་ན་རེ། ཁུ་བ་དང་ཁྲག་ཉིད་དབང་པོའི་རྟེན་དུ་མངོན་པར་འགྲུབ་པར་འགྱུར་ཏེ་འདི་ལྟར་སྔར་དབང་པོ་མེད་དེ་བར་མ་དོའི་སྲིད་པ་དང་ལྷན་ཅིག་འགགས་ནས་ཡང་སྲིད་པ་ཕྱི་མའི་དབང་པོ་བར་ཆད་མེད་པར་ཉིང་མཚམས་སྦྱོར་བས་སོ་ཞེའོ། །སློབ་དཔོན་གཞན་ཁ་ཅིག་ནི་འབྱུང་བ་ཆེན་པོ་གཞན་འབྱུང་བར་འགྱུར་ཏེ། ཇི་ལྟར་ལས་དང་། ལུས་ལ་བརྟེན་ནས་སྲོག་ཆགས་གཞན་སྐྱེ་བ་བཞིན་ནོ་ཞེས་ཟེར་རོ་ཞེས་འབྱུང་ངོ་། །

[4] རྣམ་བཤད་རིགས་པ་ལས། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ལུས་དང་ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་གཟུགས་ཀྱི་དེ་གདགས་པ་གཟུགས་སུ་རུང་བའི་ཕྱིར་གཟུགས་ཡིན་ནོ། །

– – – – –

Loading

2 མཆན།

  1. དཔྱད་རྩོམ་འདི་ཧ་ཅང་ཡག་བྱུང་ལ་བློ་བསྐྱེད་མི་ཉུང་བ་ཞིག་རག་བྱུང་། བཀའ་དྲིན་ཆེ།

  2. ༼ཆོས་མངོན་པའི་མཛོད་ཀྱི་བཤད་པ་སློབ་དཔོན་ཤཱཀྱའི་དགེ་སློང་དབྱིག་གཉེན་གྱིས་མཛད་པ་འདི་རྫོགས་སོ།།༽
    ཚིག་འདི་ལའང་བསམ་གཞིགས་གནང་རོགས། རང་གིས་རང་ལ་སློབ་དཔོན་ཞེས་བརྗོད་འདུག

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།