གསང་སྔགས་ལས་བྱུང་བའི་རྨི་ལམ་གྱི་ལུས་ལ་དཔྱད་པ།

[ནང་དོན་སྙིང་བསྡུས། དཔྱད་རྩོམ་འདིའི་ནང་། རྨི་ལམ་གྱི་ལུས་དང་རྨི་ལམ་གྱི་ལུས་ཁྱད་པར་ཅན་གྱི་ཁྱད་པར་དང་། རྨི་ལམ་གྱི་ལུས་ཇི་ལྟར་འཛིན་པ་དང་། རྨི་ལམ་གྱི་ལུས་ཇི་ལྟར་སྦྱང་བ། རྨི་ལམ་གྱི་ལུས་ལམ་དུ་འཁྱེར་ཚུལ། རྨི་ལམ་གྱི་གདམས་པའི་ཁུངས། རྨི་ལམ་གྱི་ལུས་སྒྱུ་ལུས་མཚོན་བྱེད་ཀྱི་དཔེ་གཙོ་བོར་བསྟན་ཚུལ་སོགས་བཤད་ཡོད།]

གནད་ཚིག ། རྨི་ལམ། རྨི་ལམ་གྱི་ལུས། རྨི་ལམ་གྱི་ལུས་ཁྱད་པར་ཅན།

ཉིན་ཞག་ཕྲུགས་གཅིག་གི་ནང་། གཉིད་སད་པའི་སྐབས་དང་གཉིད་ཀྱི་དུས། རྨི་ལམ་གྱི་གནས་སྐབས་ཀྱི་ཤེས་པ་སྟེ། ཤེས་པ་ཕྲ་རགས་ཧ་ཅང་མང་པོ་ཞིག་རང་རེའི་རྒྱུད་ལ་འབྱུང་བཞིན་ཡོད། རྨི་ལམ་དང་གཉིད་འཐུག་གི་གནས་སྐབས་སུ། སྒོ་ལྔའི་ཤེས་པ་འགགས་ཟིན་ཀྱང་ཡིད་བློ་མངོན་གྱུར་དུ་ཡོད་པ་སོགས་ཤེས་པ་ཕྲ་རགས་ཧ་ཅང་མང་པོ་ཞིག་རང་རེའི་རྒྱུད་ལ་སྐབས་རེར་མངོན་དུ་གྱུར་ཅིང་། མཚམས་རེར་བག་ལ་ཞ་བ་མྱོང་བའི་སྟེང་ནས་ཤེས་ཤིང་། སད་པའི་དུས་ཙམ་མ་ཡིན་པར། གཉིད་དང་རྨི་ལམ་གྱི་གནས་སྐབས་ཀྱང་ཆུད་ཟོས་སུ་མི་འགྲོ་བར་དགེ་སྦྱོར་སྐྱོང་བ་དང་ལམ་སྦྱང་བ་ལ། རྨི་ལམ་ལམ་དུ་འཁྱེར་ཚུལ་གྱི་མན་ངག་ཅིག་གནའ་རབས་གསང་སྔགས་ཀྱི་གཞུང་ལས་བྱུང་བ་ཇི་ལྟ་བུ་ཞིག་ཅེ་ན། དྲི་བ་དེའི་ལན་མདོར་བསྡུས་ཏེ་བཤད་པར་བྱའོ། །

རྨི་ལམ་གྱི་ལུས་ངོས་གཟུང་བ།

དེ་ལ་རྨི་ལམ་གྱི་ལུས་ནི། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས། “རྨི་ལམ་གྱི་དུས་སུ་ང་འདི་དང་འདི་བྱའོ་སྙམ་པའི་ངར་འཛིན་སྐྱེས་དུས་ཀྱི་གདགས་གཞིའི་ལུས་དང་འདྲ་བ་དེ་རྨི་ལམ་གྱི་ལུས་ཡིན་ལ།” [1]ཞེས་གསུངས་པ་ལྟར། རྨི་ལམ་གྱི་གནས་སྐབས་སུ། ང་རང་གིས་ལས་འདི་དང་འདི་བྱའོ་སྙམ་པའི་ངར་འཛིན་སྐྱེ་དུས་ཀྱི་ངའི་གདགས་གཞིའི་ལུས་དེ་རྨི་ལམ་གྱི་ལུས་ཡིན་ནོ། །འོ་ན། རྨི་ལམ་གྱི་ལུས་དེ་རྨི་ལམ་རྨི་བ་པོའི་ལུས་དེ་ལས་གོ་ས་ལོགས་སུ་གྲུབ་བམ་ཞེ་ན། མ་ཡིན་ཏེ། དེ་ཡིན་ན། མལ་ན་གནས་པའི་ལུས་དེ་ལ། དབུགས་འབྱུང་རྔུབ་མེད་པར་ཐལ་བ་སོགས་ཐལ་བ་གསུམ་འཇུག་པ་ཡིན་ཏེ། སྐྱེས་བུ་གཅིག་ལ་དུས་གཅིག་ཏུ་རྣམ་པར་ཤེས་པའི་རྒྱུད་ཐ་དད་པ་གཉིས་མེད་པའི་ཕྱིར་རོ། །ཞེས་རྗེ་རིན་པོ་ཆེས་གསུངས་པ་ཡིན་ཏེ། མངོན་སུམ་ལེའུ་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་རྗེས་མཛད་པ་ལས། “རྨི་ལམ་གྱི་ལུས་ལོགས་སུ་ཆད་པ་ལྟར་སྣང་བའི་ལུས་དེའང་སྣང་བ་ལྟར་དངོས་པོ་ལོགས་སུ་གྲུབ་པའི་ལུས་མ་ཡིན་ཏེ། དེ་ཡིན་ན། ༡ མལ་ན་གནས་པའི་ལུས་ལ་དབུགས་འབྱུང་རྔུབ་མེད་པར་ཐལ་བ་དང་། ༢ དེ་ཉིད་ཤི་བའི་ལུས་དང་མཚུངས་པར་ཐལ་བ་དང་། ༣ མལ་གྱི་ལུས་དེ་ལ་མཚོན་བསྣུན་ནས་བསད་པས་སྲོག་གཅོད་ཀྱི་ལས་ལམ་མི་རྫོགས་པར་ཐལ་བས་སོ། །ཁྱབ་སྟེ། སྐྱེས་བུ་གཅིག་ལ་དུས་གཅིག་ཏུ་རྣམ་པར་ཤེས་པའི་རྒྱུད་ཐ་དད་པ་གཉིས་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །”[2] ཞེས་གསུངས། དེ་ཡང་། རྨི་ལམ་དུ་ནམ་མཁར་འཕུར་བའི་སྣང་ངོའི་ལུས་དེ། རྨི་ལམ་གྱི་སེམས་ཀྱི་སྣང་ཆ་ལས་ལོགས་སུ་གཟུགས་གཞན་མེད་པ་ཡིན་ཏེ། དེ་དག་ནི་སྣང་བ་ལྟར་མི་བདེན་པ་ཡིན་པའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་དང་། སྲིད་པ་འཕོ་བའི་མདོ་སོགས་མདོ་མང་པོ་དང་། དབུ་ཚད་ཀྱི་རྩ་འགྲེལ་དང་དོགས་དཔྱོད་ཁག་མང་པོར། སྣང་བ་སྣང་བ་ལྟར་མ་གྲུབ་པའི་དཔེར་རྨི་ལམ་བཀོད་དེ་གསུངས་པ་ཧ་ཅང་མང་ངོ་། །དབུ་མ་དགོངས་པ་རབ་གསལ་ལས། “ ཡང་། རྨི་ལམ་ན་གཟུགས་ཀྱི་སྐྱེ་མཆེད་དང་མིག་དང་༌། དེ་གཉིས་ཀྱིས་བསྐྱེད་པའི་མིག་གི་རྣམ་ཤེས་མེད་པར་ཡང་གསུངས་པ་བཞིན་དུ། རྨི་ལམ་ན་མིག་ཤེས་སོགས་ལྔའི་ཡུལ་དབང་རྣམ་ཤེས་གསུམ་མེད་ཀྱང་༌། རྨི་ལམ་རྨི་བཞིན་པའི་གང་ཟག་གི་ངོར་དེ་གསུམ་དུ་དམིགས་པ་ཡོད་པས་རྨི་ལམ་གྱི་མིག་དང་༌། རྨི་ལམ་གྱི་མིག་ཤེས་དང་༌། རྨི་ལམ་གྱི་གཟུགས་གསུམ་པོ་ཁས་བླང་བར་སྟོན་གྱི། དེ་གསུམ་མིག་སོགས་སུ་གྲུབ་པར་འདོད་པ་མིན་ཏེ། སྒྱུ་མའི་རྟ་གླང་དང་སྒྱུ་མའི་མི་ཁས་ལེན་ཀྱང་༌། དེ་དག་རྟ་གླང་དང་མིར་འདོད་མི་དགོས་པ་བཞིན་ནོ། །”[3] ཞེས་གསུངས།

འོ་ན། རྨི་ལམ་དུ་གཟུགས་ཡིད་དུ་འོང་བ་མཐོང་བ་དེ་གཟུགས་ཀྱི་སྐྱེས་མཆེད་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡིན་པའི་ཕྱིར་ཏེ། དབུ་མ་དགོངས་པ་རབ་གསལ་ལས། “འོ་ན། རང་ལུགས་ཀྱིས་རྨི་ལམ་གྱི་གཟུགས་གསལ་བར་སྣང་བ་རྣམས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སུ་འདོད་དམ་མི་འདོད་ཅེ་ན། རྨི་ལམ་ན་དབང་ཤེས་མེད་པས་ཡུལ་ལྔར་སྣང་བ་རྣམས་ནི། ཡིད་ཤེས་ཁོ་ན་ལ་སྣང་བས་ན། དེ་ལ་གཟུགས་ཀྱི་སྐྱེ་མཆེད་སོགས་ལྔ་བཞག་ཏུ་མེད་ཀྱང༌། ཡིད་ཙམ་གྱི་ངོར་ཀེང་རུས་གསལ་བར་སྣང་བ་ལྟ་བུ་ཆོས་ཀྱི་སྐྱེ་མཆེད་དུ་འཇོག་པ་དང་འདྲ་བས། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཡིན་ལ། དེ་ཡང་། དེའི་གཟུགས་ལྔ་[4] ལས། ཀུན་བརྟགས་པའི་གཟུགས་ཡིན་ནོ། །འདིས་ནི་འདི་འདྲ་བ་མང་པོ་ཞིག་ཤེས་པར་བྱའོ། །” [5] ཞེས་གསུངས་པའི་ཕྱིར། རྨི་ལམ་དུ་དབང་ཤེས་སོགས་ཀྱང་མེད་པར་ཡིད་ཀྱི་ཤེས་པ་ཁོ་ན་ཡོད་པ་ཡིན་ཏེ། དབུ་མ་དགོངས་པ་རབ་གསལ་ལས། “གལ་ཏེ་གླང་པོ་ཆེ་ལ་སོགས་པའི་གཟུགས་རྨི་ལམ་ན་ཡོད་ན། དེ་འཛིན་པའི་མིག་ཤེས་ཀྱང་རྨི་ལམ་ན་ཡོད་པར་འགྱུར་ན་དེ་ནི་མི་རིགས་ཏེ། གཉིད་ལོག་པ་ན་གཉིད་ཀྱིས་དཀྲུགས་པ་ལ་མིག་གི་བློ་སྟེ་ཤེས་པ་མི་སྲིད་པས། གླང་པོ་ཆེ་ལ་སོགས་པའི་གཟུགས་མིག་གི་སྐྱེ་མཆེད་ཀྱིས་གཟུང་བར་བྱ་བ་ཡོད་པ་མིན་ལ། ཡིད་ཀྱི་ཤེས་པ་ཁོ་ན་ཡོད་དོ། །དེའི་ཕྱིར། ཕྱི་རོལ་གྱི་གཟུགས་ཀྱི་སྐྱེ་མཆེད་མེད་པ་ཁོ་ན་ཡིན་ཞིང་༌། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཕྱི་རོལ་དེའི་རྣམ་པ་སྣང་བ་ཙམ་ལ་ཕྱི་རོལ་ཉིད་དུ་མངོན་པར་ཞེན་པ་ནི་བཟློག་ཏུ་མེད་པར་འབྱུང་ངོ་། །” [6]ཞེས་དང་། “དེའི་ཕྱིར། རྨི་ལམ་ན་དབང་ཤེས་ཡོད་པ་སློབ་དཔོན་འདིའི་ལུགས་སུ་བྱས་ནས་དེ་ལ་དགག་པ་བྱེད་པ་ནི། བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་རྩིང་བས། ཕྱོགས་སྔའི་ནམ་མ་ལངས་པ་ལ་དགག་པའི་ཉི་མ་ཤར་བ་ཡིན་ཞེས་གྲགས་པ་བཞིན་ཡིན་པས། རྒྱང་རིང་དུ་དོར་བར་བྱ་སྟེ། བོད་ཀྱི་མཁས་པར་རློམ་པ་འགའ་ཞིག་ལ། འདི་འདྲ་བའི་གྲུབ་མཐའ་ལ་མཁས་པའི་དབང་པོ་སེམས་དཔའ་ཆེན་པོ་ཡིན། ངོ་ཤེས་པ་རྣམས་ཀྱི་ལུགས་རགས་པའང་མ་གོ་བར། དེ་རྣམས་བསོད་ནམས་མ་ཡིན་པ་རྒྱུན་ལྡན་དུ་གསོག་པའི་ཞིང་དུ་གཟུང་ནས། སེམས་ཅན་དུ་མ་ཞིག་བསོད་ནམས་མ་ཡིན་པ་ལ་སྦྱོར་བར་སྣང་བས་བག་ཡོད་པར་བྱོས་ཤིག །” [7] ཅེས་གསུངས།

དེ་ལྟར་ན། རྨི་ལམ་རྨི་བཞིན་པའི་གང་ཟག་གི་ངོར་དེ་གསུམ་དུ་དམིགས་པ་ཡོད་པས། རྨི་ལམ་གྱི་མིག་དང་༌། རྨི་ལམ་གྱི་མིག་ཤེས་དང་༌། རྨི་ལམ་གྱི་གཟུགས་གསུམ་པོ་ཁས་བླང་བར་སྟོན་གྱི། དེ་གསུམ་མིག་སོགས་སུ་གྲུབ་པར་འདོད་པ་མིན་ཏེ། སྒྱུ་མའི་རྟ་གླང་དང་སྒྱུ་མའི་མི་ཁས་ལེན་ཀྱང༌་། དེ་དག་རྟ་གླང་དང་མིར་འདོད་མི་དགོས་པ་བཞིན་ཡིན་པར་གསུངས་པ་ལ། ཡང་། རྨི་ལམ་གྱི་ལུས་ལ་དབུགས་འབྱུང་རྔུབ་ཡོད་དམ་ཞེ་ན། མེད་དེ། དེ་ལྟར་དུ་ཞང་ཞུང་ཆོས་དབང་གྲགས་པའི་ཡེ་ཤེས་ལེའུ་འགྲེལ་བཤད་ལས། “རྨི་ལམ་གྱི་ལུས་ཕྲ་མོ་ལ་དབུགས་འབྱུང་འཇུག་མེད་ཅིང་། རགས་པ་ལ་ཡོད་པ་དང་། བརྒྱལ་བའི་སྐབས་སུ་ལུས་ཕྲ་རགས་གཉིས་ཀ་ལ་དབུགས་མེད་པར་བསྟན་ཞེས་གསུངས་པའི་ཕྱིར། ཁོ་ན་རེ། རྨི་ལམ་ལ་དབང་ཤེས་མེད་པར་ཐལ། འཇུག་པ་ལས། “གལ་ཏེ་གཉིད་ན་མིག་བློ་མི་སྲིད་པས། །” [8] ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། ཕར་ཕྱིན་ཐེག་པའི་ལུགས་ལ་དེ་ལྟར་ཡིན་ཀྱང་བླ་མེད་ཀྱི་སྐབས་འདིར། “ཕུང་ཁམས་དང་སྐྱེས་མཆེད་དབང་སོགས་ལ། །” ཞེས་པའི་དབང་པོ་ལ་དབང་པོ་དྲུག་ཡོད་པས། རྨི་ལམ་གྱི་དུས་སུ་དབང་ཤེས་ཡོད་ཟེར་དགོས་ཞེས་གསལ་སྒྲོན་ཟིན་བྲིས་ལས་བཤད་པའི་ཕྱིར། རྨི་ལམ་གྱི་ལུས་ལ་དབང་ཤེས་ཀུན་ཚང་ཞིང་ཡན་ལག་གི་རླུང་ལྔ་དང་ལྡན་པའི་ཕྱིར་ཞེས་སོགས་མདོ་སྔགས་ཀྱི་སྐབས་དུ་མར། རྨི་ལམ་གྱི་ལུས་དེ་ལུས་མཚན་ཉིད་པ་ཡིན་མིན་གསུངས་ཚུལ་མི་འདྲ་བར་གསུངས་པའི་ཕྱིར།

འོ་ན། རྒྱུད་སྨད་ཀྱི་གསལ་སྒྲོན་ལག་བརྒྱུད་མར། (དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་རྡོ་ལག་བརྒྱུད་མ་ནི། མཛད་པ་པོ་དྭགས་པོ་ནམ་མཁའ་གྲགས་སོ། །) ནེ་རིངས་པའི་དྲིས་ལན་དུ་མཁས་གྲུབ་རྗེ་ནས། [9] “རྨི་ལམ་གྱི་ལུས་ཁྱད་པར་ཅན་དེ་དངོས་གནས་སུ་བཞིན་ལག་གི་རྣམ་པ་ཅན་མིན་པའི་ཡིད་མི་འདྲ་བ་ཞིག་གསུངས་ནའང་། སྤྱོད་བསྡུས་དང་། རིམ་ལྔ་གསལ་སྒྲོན་སོགས་སུ་དངོས་གནས་པར་གསུངས་པ་ལ་ཞིབ་ཏུ་དཔྱད་ན། དངོས་གནས་པར་གསལ་བར་གསུངས་ཡོད་དོ། །དེ་དངོས་གནས་པ་མིན་ན། རྨི་ལམ་གྱི་ལུས་ཁྱད་པར་བ་དེ། སྒྱུ་ལུས་ཀྱི་བསྒྲུབ་གཞིར་མི་རུང་བར་འགྱུར་རམ། དེ་འདོད་ན། སྤྱོད་བསྡུས་ཀྱི་སྒྱུ་ལུས་ཀྱི་དཔེ་བཅུ་གཉིས་ཀྱི་ནང་ནས་རྨི་ལམ་གྱི་ལུས་ཁྱད་པར་ཅན་དེ་དང་། བར་དོ་གཉིས་དཔེ་གཞན་ལས་ཁྱད་པར་འཕགས་ཆོས་སུ་དེ་གཉིས་ཀྱི་ལུས་ཀྱི་དཔེ་དང་། དེས་དེ་ཉིད་ལུས་ཀྱི་སྒྲུབ་གཞིར་གསུངས་པ་དང་། གསལ་སྒྲོན་ནས་ཀྱང་དེ་ལྟར་གསུངས་པ་དང་འགལ་བའི་ཕྱིར། རྨི་ལམ་གྱི་ལུས་ཁྱད་པར་ཅན་དེ་དངོས་གནས་པ་ཡིན་ཞིང་། ཡིད་ངོ་མ་ཡིན་པར་ཐལ། དེ་ལ་དབང་པོ་ཀུན་ཚང་བ་སྤྱོད་བསྡུས་ལས་གསལ་བར་གསུངས་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པ་རྗེས་དངོས་སུ་གསུང་སྟེ། ལེའུ་གསུམ་པའི། “མཆོད་པ་རྣམ་པ་ལྔས་བརྒྱན་པ། །” ཞེས་པའི་འགྲེལ་བའི་མཆན་ལས། སྒྱུ་ལུས་དེ་དངོས་གནས་པ་ཡིན་པར་ཐལ། དེ་ལ་མཆོད་པ་ལྔས་མཚོན་པའི་དོན་དབང་པོ་ལྔ་ཚང་བའི་ཕྱིར། ཞེས་སོགས་སྤྱོད་བསྡུས་དང་། རིམ་ལྔ་གསལ་སྒྲོན་སོགས་སུ་དངོས་གནས་པར་གསུངས་པར་མ་ཟད། དབང་པོ་ཀུན་ཚང་ཡིན་པར་གསུངས་པའི་ཕྱིར་ཞེ་ན། དེ་ལ་རྨི་ལམ་གྱི་ལུས་དང་རྨི་ལམ་གྱི་ལུས་ཁྱད་པར་ཅན་མི་འདྲ་སྟེ། དང་པོ་ནི། མདོ་ལུགས་དང་ཕྱི་མ་ནི་སྔགས་ལུགས་ལ་ཡིན་ཏེ། ཀརྨ་མི་བསྐྱོད་རྡོ་རྗེའི་དམ་ཆོས་དགོངས་གཅིག་གི་ཀར་ཊཱིཀ་ཆེན་མོ་ལས། “རྨི་ལམ་གྱི་གནས་སྐབས་ན་ནི། རྨི་ལམ་གྱི་ལུས་ཞེས་རྨི་ལམ་རྨི་བ་ཉིད་ཀྱི་ཤེས་པའི་ལུས་གསར་པ་ཞིག་ལེན་མི་དགོས་ཀྱི། རྨི་ལམ་རྨི་བཞིན་པའི་ཤེས་པ་ཉིད་སྔར་གང་ལ་བརྟེན་པའི་ད་ལྟ་བའི་ལུས་རྒྱུན་ཉིད་ལ་བརྟེན་པར་གསུང་རབ་ཐམས་ཅད་དུ་གྲགས་མོད། འོན་ཀྱང་། སྔགས་གཞུང་ཁ་ཅིག་ཏུ། རྨི་ལམ་གྱི་ལུས་ནི། ལུས་ཀྱི་རྩ་ཁམས་ཁྱད་པར་བ་དེ་འདྲའི་ནང་དུ་རླུང་སེམས་བསྡུས་སྟོབས་ཀྱིས་ལུས་གསར་པ་སྐྱེ་བ་དང་། རྨི་ལམ་སངས་པ་ན་ལུས་དེ་ཡལ་བར་འགྱུར་རོ་ཞེས་བཤད་པའང་སྣང་ངོ་། །” [10] ཞེས་གསུངས། འོ་ན། རྨི་ལམ་གྱི་ལུས་ཙམ་དབང་པོ་ཀུན་ཚང་མ་ཡིན་ཀྱང་། རྨི་ལམ་གྱི་ལུས་ཁྱད་པར་ཅན་དབང་པོ་ཀུན་ཚང་ཡིན་ཞེ་ན། འོ་ན། དེ་འདྲའི་ལུས་ཁྱད་པར་ཅན་དེས་དངོས་གནས་ལ་ཤ་རུས་ཀྱི་ལུས་བཞིན་དུ་བྱ་བ་བྱེད་ནུས་པར་ཐལ་ལོ། །འདོད་མི་ནུས་ཏེ། རྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ་ལས། “རྨི་ལམ་གྱི་ལུས་ཞེས་པ། རྨི་ལམ་གྱི་ཀ་བ་བུམ་པ་ལྟ་བུ་གང་ཡིན་མ་ཡིན་གྱི། རྨི་ལམ་གྱི་ལུས་ཁྱད་པར་བ་ཞིག་ངོས་ཟིན་དགོས་སོ། །དེ་གང་ཡིན་པའི་རྨི་ལམ་གྱི་སྐབས་ཀྱི་ངར་འཛིན་གྱིས་དམིགས་ཡུལ་ངའི་གདགས་གཞི་རླུང་སེམས་ཙམ་ལས་གྲུབ་པའི་ལུས་རྨི་ལམ་གྱི་ཡུལ་དུ། ང་བྱ་བ་འདི་དང་འདི་བྱེད་སྙམ་དུ་རྩོལ་མེད་དུ་རང་གི་ངང་གིས་འཇུག་པའི་དུས་དེ་ཡིན་ནོ། །དེ་ལྟ་བུའི་ལུས་དེ་ཡིད་ངོ་ན་ཤ་རུས་ཀྱི་ལུས་བཞིན་དུ་དངོས་གནས་ལ་བྱ་བ་བྱེད་པའི་ལུས་སུ་སྣང་ཡང༌། དངོས་གནས་ལ་ཤ་རུས་ཀྱི་ལུས་བཞིན་བྱ་བ་བྱེད་མི་ནུས་སོ། །” [11] ཞེས་གསུངས་པའི་ཕྱིར། འོ་ན། རྨི་ལམ་གྱི་ལུས་དེ་དབང་པོ་ཀུན་ཚང་ཡིན་ན། དེའི་ལུས་དེ་རྡུལ་དུ་མ་ཚོགས་པའི་ལུས་ཡིན་ནམ་མིན། དེའི་ཉེར་ལེན་སྲོག་འཛིན་ཕྲ་མོའི་རླུང་ཡིན་པར་བཤད་པ་སོགས་ཇི་ལྟར་ཡིན། ཐོགས་བཅས་ཐོགས་མེད་གང་ཡིན། དེས་བདེ་སྡུག་མྱོང་ཚུལ་ཇི་ལྟར་ཡིན་སོགས་དཔྱོད།

རྗེ་རིན་པོ་ཆེའི་སྔགས་རིམ་ཆེན་མོ་ལས། “ རྨི་ལམ་གྱི་སྐབས་སུ་རྡུལ་ཚོགས་པའི་ལུས་མལ་ན་གནས་པ་ལ་ཕན་གནོད་ཅི་ཡང་མ་བྱས་ཀྱང་། རྨི་ལམ་གྱི་ལུས་ཡུལ་གཞན་དུ་ཕྱིན་པར་སྣང་བ་ལ་ཕན་གནོད་འབྱུང་བར་སྣང་བ་ན། བདེ་སྡུག་སྐྱེ་བར་མཐོང་བས་བདེ་སྡུག་མྱོང་བ་ལ་རྡུལ་ཕྲན་ཚོགས་པ་མི་དགོས་སོ་ཞེས་རྣམ་པ་དུ་མས་བསྒྲུབས་སོ། །སྤྱིར་བདེ་བ་མྱོང་བ་ལ་རྡུལ་ཚོགས་པའི་ལུས་མི་དགོས་པར་གྲུབ་ན། བྱེ་བྲག་ཏུ་མི་འགྱུར་བའི་བདེ་བ་མྱོང་བ་ལ་ཡང་དེ་མི་དགོས་པ་འགྲུབ་པའི་དོན་ཏོ། །དེ་ལྟར་འབད་པ་དུ་མས་བསྒྲུབས་པའི་དགོས་པ་ནི། འབྲས་བུའི་དུས་སུ་བེམས་པོའི་ཁམས་མ་ལུས་པར་ཟད་ཀྱང་། མཆོག་མི་འགྱུར་གྱི་བདེ་བ་མྱོང་བའི་རྟེན་གྱི་ལུས་ནི། སྟོང་གཟུགས་ཀྱི་སྐུས་བྱེད་པ་འགྲུབ་པའི་དོན་ཡིན་ནོ། །འགྲེལ་པ་སྐོར་གསུམ་དུ་ལན་ཅིག་མ་ཡིན་པར་སྟོང་གཟུགས་སྒྲུབ་པ་ལ་བསྔགས་པ་མཛད་ལ། དེས་ཅི་ཞིག་བྱེད་འདོད་ནས་དེ་ལྟར་གསུངས་པའི་དགོངས་པ་ནི། དེ་ཡིན་པར་ཤེས་པར་བྱོས་ཤིག །སྟོང་གཟུགས་ཀྱང་རང་གི་སེམས་ཙམ་དུ་བསྟན་པས་སེམས་ལས་དོན་གཞན་པའི་རྟག་པར་འདོད་པ་ནི་མུན་སྤྲུལ་ལོ། །” [12] ཞེས་གསུངས་པ་སོགས་རྗེ་རིན་པོ་ཆེའི་མདོ་སྔགས་ཀྱི་གསུང་སྔ་ཕྱི་གུང་བསྒྲིགས་ན། རྨི་ལམ་གྱི་ལུས་དེ་ལ་མིག་སོགས་དབང་པོ་དང་། དེའི་ཡུལ་གཟུགས་སོགས་དང་། དེ་དག་རྣམ་པར་ཤེས་པ་སོགས་དངོས་གནས་པ་མེད་པ་དང་། དབུགས་འབྱུང་རྔུབ་སོགས་དངོས་གནས་པ་མེད་པར་ཡིད་ཤེས་ཀྱི་སྣང་ཆ་ཙམ་དུ་གསུངས་པ་དང་། རྒྱུད་སྨད་ཀྱི་གསལ་སྒྲོན་རྡོ་ལག་བརྒྱུད་མར། སྤྱོད་བསྡུས་དང་། རིམ་ལྔ་གསལ་སྒྲོན་སོགས་སུ་དངོས་གནས་པར་གསུངས་པ་ལ་ཞིབ་ཏུ་དཔྱད་ན། དངོས་གནས་པར་གསལ་བར་གསུངས་ཡོད་པ་དང་། རྨི་ལམ་གྱི་ལུས་ཁྱད་པར་ཅན་དེ་དངོས་གནས་པ་ཡིན་ཞིང་། ཡིད་ངོ་མ་ཡིན་པར་ཐལ། དེ་ལ་དབང་པོ་ཀུན་ཚང་བ་སྤྱོད་བསྡུས་ལས་གསལ་བར་གསུངས་པའི་ཕྱིར། ཞེས་སོགས་གསུངས་ཚུལ་མི་འདྲའོ།།

འོ་ན། རྨི་ལམ་གྱི་ལུས་དེ་རྨི་ལམ་རྨི་བ་པོའི་ཕུང་པོ་ལས་གོ་ས་ལོགས་སུ་གྲུབ་པ་ཡིན་ནམ་ཞེ་ན། ཨ་ཁུ་རིན་པོ་ཆེ་ཤེས་རབ་རྒྱ་མཚོས་སྒྲུང་ཞིག་དང་འབྲེལ་ནས་གསལ་བཤད་གནང་བ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་ཀྱི་ཟབ་ཁྲིད་ལས། “ རང་རེའི་རྨི་ལམ་གྱི་ལུས་ཕུང་པོ་ལས་གོ་ས་ལོགས་སུ་གྲུབ་པ་མིན་ཡང་། ལས་དང་པོ་པ་འགའ་ཞིག་ཀྱང་གཉིད་ཀྱི་འོད་གསལ་ངང་དུ་ཡུན་རིང་གནས་ནས་རྨི་ལམ་གྱི་ལུས་ཀྱིས་འཇིག་རྟེན་གཞན་དུ་བདེ་སྡུག་སྣ་ཚོགས་མྱོང་། སྐྱེ་འཆིའི་བྱ་བ་བྱས་ནས་སླར་ཕུང་པོ་རྙིང་པ་ལ་ཞུགས་ཏེ་གཉིད་སད་པའང་སྲིད་པ་རེད། གུང་ཐང་འཇམ་པའི་དབྱངས་ནས་རྗེའི་བསྟོད་འགྲེལ་གྱི་བཤད་ལུང་གནང་སྐབས་རིམ་ལྔའི། ས་འཐུག་གྱུར་པས་རབ་ཏུ་རང་གཉིད་ལོག །ཅེས་པ་ལས་འཕྲོས་ནས་དོགས་གཅོད་གནང་བར་ས་ཁམས་ཤས་ཆེ་བ་འགའ་ཞིག་གཉིད་ལོག་སྟེ། རྨི་ལམ་གྱི་ལུས་ཀྱིས་ཡུལ་ཕྱོགས་གཞན་དུ་ཕྱིན་པ་ཡོད་པ་ཡིག་ཆའི་དགོངས་པར་ཞལ་འཆམས། མཁན་པོ་ཚང་དང་། བཱ་རིན་ཐོ་ཡོན་གཉིས་ནས། རྒྱ་ནག་ཧེ་ཏཱ་ཞིན་ནག་ཕྱོགས་པ་ལྟ་བུ་ལ་ཀྱེ་རྡོར་གྱི་རྣལ་འབྱོར་པ་ཡིན་ཚུལ་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས། ཀླུ་གཉིད་ལོག་པ་ཞིག་རྨི་ལམ་གྱི་ལུས་ཀྱིས་མིར་སྐྱེས་པ་ཧེ་ཏཱ་ཞིན་ཡིན་པས། ཁོ་ཤི་ནས་ལུས་རྙིང་པར་ཞུགས་ན། ཀླུ་དེ་གཉིད་སད་པར་འགྱུར་ཞེས་གསུངས་ཚུལ་གླེང་བ་ཐོས། རྨི་ལམ་གྱི་ལུས་ཁྱད་པར་བ་དེ་བཞིན་དུ་མ་དག་པའི་སྒྱུ་ལུས་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་གྲུབ་ཀྱང་། ཕུང་པོ་རྙིང་པ་ལ་ཞུགས་ནས་ལམ་ལྷག་མ་མངོན་དུ་བྱེད་དགོས། སྒྱུ་མ་མཁན་གྱིས་རྡོ་ཤིང་ལས་རྟ་གླང་སྤྲུལ་ཚེ། འགྲུབ་བྱེད་ཕ་མ་སོགས་མེད་ཀྱང་རྫས་སྔགས་ཀྱི་རྟེན་འབྲེལ་ཚོགས་ཙམ་ལ་བརྟེན་ནས་རྟ་གླང་གི་སྣང་བ་བསྙོན་མེད་དུ་འབྱུང་བ་ལྟར། སྒྱུ་མའི་སྐུ་དེ་མངལ་སྐྱེས་དང་རྫུས་སྐྱེས་གཞན་ལྟར་གྲུབ་པ་མིན་ཀྱང་། ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་ཅན་དང་། ནམ་མཁར་ཟླ་གཟུགས་གཅིག་ལས་མེད་ཀྱང་། སྒྲིབ་བྱེད་དང་བྲལ་བའི་དྭངས་པའི་ཆུ་སྣོད་གར་ཡོད་དུ་གཟུགས་བརྙན་འཆར་བ་ལྟར། སྒྱུ་མའི་སྐུ་དེ་ཕྲ་བ་ཡིན་ཀྱང་ཁོང་རང་གི་སྣང་ངོར་སྐུ་གཅིག་ལས་གདུལ་བྱ་གར་ཡོད་དུ་སྤྲུལ་པ་དུ་མ་དུས་གཅིག་ཏུ་འགྱེད་པ་དང་། ཆུ་ལས་ཆུ་བུར་རྡོལ་བ་ལྟར་འོད་གསལ་ལས་ལྡང་བ་དང་། སྒྱུ་མའི་སྐུ་འགྲུབ་པ་དུས་མཉམ་པ་དང་། མེ་ལོང་དྭངས་པ་དང་རྡོར་སེམས་ཀྱི་སྐུ་གཟུགས་ཕྲད་པ་ན། ཆ་ཤས་གསལ་རྫོགས་སུ་འཆར་བ་ལྟར། རླུང་སེམས་ལས་མཚན་དཔེ་ཞལ་ཕྱག་ཡོངས་རྫོགས་སུ་འགྲུབ་པ་ཡིན། སྒྱུ་མའི་སྐུ་དེ་ཕུང་པོ་རྙིང་པ་ལ་ཞུགས་པས། ཕྱི་ནས་བལྟས་ན་རྒྱུན་པའི་གང་ཟག་དེ་ལྟར་ལ། ནང་དུ་རྟེན་བརྟེན་པ་ཡོངས་རྫོགས་སྙིང་གའི་མི་ཤིགས་པའི་ཐིག་ལེའི་དབུས་ན་ཡོད། ཅེས་རྒྱུད་པ་བླ་མ་འཇམ་དབྱངས་དཔལ་ལྡན་དང་། ཧོར་ཚང་གྲགས་པ་དར་རྒྱས་སོགས་ཀྱིས་རྒྱུད་པའི་ཆོས་གྲྭ་ནས་དོགས་གཅོད་མཛད་དེ་ཐག་བཅད། ཅེས་རྒྱུད་པ་བསམ་གཏན་སེངྒེས་གསུངས་ལ། ཕྱིས་སྐྱབས་མགོན་རྡོ་རྗེ་འཆང་ནས་རིམ་ལྔ་གསལ་སྒྲོན་གནང་སྐབས། ཁྲི་དགེ་འདུན་ཕུན་ཚོགས་པས་དེ་ལྟར་གསུངས་ཚུལ། ལྕང་སྐྱ་རོལ་པའི་རྡོ་རྗེས་གསུངས་པ་དང་། རྒྱུད་ཆེན་གྲགས་པ་ལྷུན་གྲུབ་ཀྱིས་རླུང་འོད་ཟེར་ལྔ་པའི་ཁ་དོག་གཟིགས་ཚུལ་སོགས་གསུངས།”[13] ཞེས་གསུངས་པ་ལྟར་ན། རང་རེའི་རྨི་ལམ་གྱི་ལུས་ཕུང་པོ་ལས་གོ་ས་ལོགས་སུ་གྲུབ་པ་མིན་ཀྱང་། ལས་དང་པོ་བ་འགའ་ཞིག་ཀྱང་གཉིད་ཀྱི་འོད་གསལ་ངང་དུ་ཡུན་རིང་གནས་ནས་རྨི་ལམ་གྱི་ལུས་ཀྱིས་འཇིག་རྟེན་གཞན་དུ་བདེ་སྡུག་སྣ་ཚོགས་མྱོང་། སྐྱེ་འཆིའི་བྱ་བ་བྱས་ནས་སླར་ཕུང་པོ་རྙིང་པ་ལ་ཞུགས་ཏེ་གཉིད་སད་པའང་སྲིད་པ་དང་། ཀླུ་གཉིད་ལོག་པ་ཞིག་རྨི་ལམ་གྱི་ལུས་ཀྱིས་མིར་སྐྱེས་པ་ཡོད་པ་དང་། དེ་ཤི་ནས་ལུས་རྙིང་པར་ཞུགས་ན། ཀླུ་དེ་གཉིད་སད་པར་འགྱུར་བ་དང་། རྨི་ལམ་གྱི་ལུས་ཁྱད་པར་བ་དེ་བཞིན་དུ། མ་དག་པའི་སྒྱུ་ལུས་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་གྲུབ་ཀྱང་། ཕུང་པོ་རྙིང་པ་ལ་ཞུགས་ནས་ལམ་ལྷག་མ་མངོན་དུ་བྱེད་དགོས་པ། སྒྱུ་མ་མཁན་གྱིས་རྡོ་ཤིང་ལས་རྟ་གླང་སྤྲུལ་ཚེ་འགྲུབ་བྱེད་ཕ་མ་སོགས་མེད་ཀྱང་། རྫས་སྔགས་ཀྱི་རྟེན་འབྲེལ་ཚོགས་ཙམ་ལ་བརྟེན་ནས་རྟ་གླང་གི་སྣང་བ་བསྙོན་མེད་དུ་འབྱུང་བ་ལྟར། སྒྱུ་མའི་སྐུ་དེ་མངལ་སྐྱེས་དང་རྫུས་སྐྱེས་གཞན་ལྟར་གྲུབ་པ་མིན་ཀྱང་། ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་ཅན་དང་། ནམ་མཁར་ཟླ་གཟུགས་གཅིག་ལས་མེད་ཀྱང་། སྒྲིབ་བྱེད་དང་བྲལ་བའི་དྭངས་པའི་ཆུ་སྣོད་གར་ཡོད་དུ་གཟུགས་བརྙན་འཆར་བ་ལྟར་ཡིན་སྐོར་གསུངས།

འོན་ཀྱང་། གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་ནས་རིམ་ལྔ་གསལ་སྒྲོན་གྱི་ཁྲིད་གནང་སྐབས། རྨི་ལམ་གྱི་ལུས་ཁྱད་པར་ཅན་དེ་ཕུང་པོ་ལས་གོ་ས་ལོགས་སུ་ཡོད་སྐོར་གསུངས་ཏེ། “དེ་ཡང་། ཐ་མལ་པ་གཉིད་ལོག་ཁར་རྨི་ལམ་མེད་པ་དང་ལུས་ཀྱི་རྩ་དང་རླུང་གི་གཡོ་བ་ཉུང་ཤོས་ཀྱི་གཉིད་འཐུག་པོ་ཞིག་ཁུག་གིན་ཡོད། དེ་འཆི་བ་འོད་གསལ་དང་འདྲ་བས་གཉིད་ཀྱི་འོད་གསལ་དེ་ཆོས་སྐུ་དང་རྣམ་པ་འདྲ་བའི་ལམ་དུ་བྱེད་པ་ཞིག་ཡོད། གཉིད་འཐུག་པོའི་གནས་སྐབས་ལ་ལུས་ཀྱི་རྩ་ཡི་གཡོ་བ་ཆེས་ཉུང་བར། དེ་རིང་ཁ་སང་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱེད་མཁན་ཚན་རིག་པ་ཚོས་ཀྱང་ཤོད་ཀྱིན་འདུག ང་རང་ཚོའི་གཞུང་ནས་ཀྱང་དེ་ག་རང་བཤད། གཉིད་འཐུག་པོ་དེ་ལས་རླུང་སེམས་ཅུང་ཟད་རགས་པར་སོང་བའི་གནས་སྐབས་ལ་རྨི་ལམ་གྱི་གནས་སྐབས་ཟེར།

རྨི་ལམ་ཞེས་པ་ང་རང་ཚོ་ཕལ་མོ་ཆེར་ནམ་རྒྱུན་རྨི་ལམ་གྱི་སྣང་ཆ་ཙམ་མ་གཏོགས་ཅང་མེད་པ་ཞིག་ཡིན། རྨི་ལམ་གྱི་ལུས་ཁྱད་པར་བ་ཟེར་སྐབས། ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་བ་ཞིག་ཡོང་གིན་ཡོད། དངོས་ཡོད་གནས་ཚུལ་གྱི་ལོ་རྒྱུས་དེ་ལྟ་བུ་བཤད་རྒྱུ་འདུག ཅེས་པ་ནས། ཚ་སྤྲུལ་རྩེ་མགྲོན་ཁོ་རང་གིས་ང་ལ། ཁོ་རང་གི་ཨ་མ་དེ་སྐབས་ཤིག་ལ་ཞག་པོ་བདུན་ཕྲག་གཅིག་གི་རིང་ལ་གཉིད་ཁུག་ནས་བསྡད་ཅིང་། དེའི་རིང་དེར་རྨི་ལམ་གྱི་ལུས་བཟུང་ནས་གནས་གཞན་དང་གཞན་པ་ལ་སོང་འདུག དེ་དངོས་སུ་ཁོ་རང་གིས་མིག་གིས་མཐོང་སོང་ཟེར། ཚུལ་དེ་ནི་དངོས་ཡོད་གནས་ཚུལ་ལ་རྨི་ལམ་གྱི་ལུས་ཁྱད་པར་བ་ཟེར་བ་དེ་ཡིན་ཚོད་འདུག དེའི་བཟོ་ལྟ་བུའི་རྨི་ལམ་གྱི་ལུས་ཁྱད་པར་བ་ཟེར་བ་ཞིག་ཡོད། ཕུང་པོ་རྙིང་པ་ལས་ལོགས་སུ་ཇི་ལྟར་འགྲོ་བཞིན་ཡོད་པ་ཡག་པོ་ཞིག་ཤོད་མི་ཐུབ། གཞུང་གི་ནང་ན་ཧ་ཅང་གསལ་པོ་མི་འདུག ཕུང་པོ་རྙིང་པ་དེས་དབུགས་གཏོང་གིན་ཡོད་པ་དང་། དེ་གསོན་པོར་ཡོད་ཟེར། གཉིད་འཐུག་པོ་ཁུག་ཡོད་པའི་བཟོ་ལྟ་བུའི་ཤེས་པ་གསལ་པོ་མེད་པ་ཞིག་ཡིན་པ་འདྲ། དེ་སྒྱུ་ལུས་དང་ལོངས་སྐུ་དང་ཕྱོགས་འགའ་ཞིག་ནས་འདྲ་བས། རྨི་ལམ་གྱི་ལུས་དེ་ལོངས་སྐུ་དང་རྣམ་པ་འདྲ་བའི་ལམ་དུ་བྱེད་པ་ཞིག་ཡོད། དེ་འདྲའི་ཕུང་པོ་རྙིང་པ་ལས་ལོགས་སུ་ཡོད་པའི་རྨི་ལམ་གྱི་ལུས་ཁྱད་པར་བ་དེ། སླར་ཡང་ཕུང་པོ་རྙིང་པ་ལ་ཚུར་ཞུགས་ཏེ། གཉིད་སད་པ་ཆ་འགའ་ཞིག་གི་སྟེང་ནས་སྤྲུལ་སྐུ་དང་འདྲ་བས་སད་པ་དེ་སྤྲུལ་སྐུ་དང་རྣམ་པ་འདྲ་བའི་ལམ་དུ་བྱེད་པ་ཞིག་ཡོད།”[14] ཅེས་དང་། ཡང་། ༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་གིས་བཀའ་སྩལ་བར། “སྐབས་འགའ་ཞིག་ཏུ་རྨི་ལམ་རྨི་ལམ་ཡིན་པར་ངོ་ཤེས་ནས་རྨི་ལམ་གྱི་སྣང་བ་འདྲ་མིན་ཤར་བ་དེ་དག་ཐོག་བརྫིས་ལྟ་བུ་བཏང་ནས་རྨི་ལམ་ལ་རྩལ་སྦྱོང་བྱེད་མཁན་ཡོད། རྨི་ལམ་གྱི་སྐོར་བཀའ་བརྒྱུད་ཀྱི་ཆོས་དྲུག་གི་སྐོར་སོགས་གཞུང་རྣམས་སུའང་མང་པོ་གསུངས་ཡོད། ངའི་ངོ་ཤེས་པ་དག་གི་ནང་ཉམས་མྱོང་ཡོད་པ་དེ་འདྲའང་ཡོད་དེ། ཀཱ་ལུ་རིན་པོ་ཆེ་སྔོན་སྡེ་དགེ་ལ་བཞུགས་དུས་སྐུ་མཚམས་ཀྱི་སྐབས། ཡ་མཚན་པོ་བྱུང་བའི་བཀའ་མོལ་ཡང་གནང་བྱུང་། རང་ཅག་ལའང་གཉིད་སྲབ་མོའི་སྐབས་རྨི་ལམ་རྨི་ལམ་ཡིན་པར་ངོ་ཤེས་པ་ཙམ་ཡོང་གིན་ཡོད། གང་ཟག་རིགས་འགའ་ཤས་ལ་ལམ་བསྒོམས་པའི་སྟོབས་ཀྱིས་མ་ཡིན་པར། ཚེ་སྔོན་མའི་བག་ཆགས་ཀྱིས་ཡིན་ནམ། རྨི་ལམ་གྱི་ལུས་ལོགས་སུ་ཐོན་པ་དེ་འདྲའི་ལོ་རྒྱུས་བོད་ཙམ་དུ་མ་ཟད་ཕྱི་རྒྱལ་བའི་ནང་དུའང་འདུག ཡང་འགའ་ཤས་ཀྱིས་རྫུན་བཤད་པའང་ཡིན་སྲིད་ཀྱང་། ཕྱི་རྒྱལ་གྱི་རིགས་འགའ་ཤས་ལ་ཏན་ཏན་རྨི་ལམ་གྱི་ལུས་ལོགས་སུ་འཐོན་པ་དེ་འདྲ་འདུག་པས། དེའི་རིགས་ཀྱིས་ལམ་སྒོམ་པའི་གནད་ཡག་པོ་ཤེས་ན་ཡར་རྒྱས་གཏོང་རྒྱུར་ལས་སླ་བ་ཡོད་སྙམ། སྒྱུ་ལུས་ཀྱི་དཔེར་འཇོག་པའི་རྨི་ལམ་དེ་ཡང་རྨི་ལམ་ཁྱད་པར་བ་དགོས་ཏེ། རྨི་ལམ་ཐ་མལ་བ་ནི་ཀླད་རྩ་དང་འབྲེལ་བའི་སྣང་བ་འདྲ་མིན་ཤར་བ་ཙམ་ལས། ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་མེད་པས། སྒྱུ་ལུས་དང་དཔེ་དོན་སྦྱར་བ་ལ་དེ་ཙམ་དགོས་པ་མེད། རྨི་ལམ་གྱི་ལུས་ཁྱད་པ་བ་ཞེས་པ་ནི། གོམས་པའི་སྟོབས་ཀྱིས་བྱུང་བ་དང་། ཐ་མལ་བ་རང་དགར་རྨི་ལམ་གྱི་ལུས་ལོགས་སུ་ཐོན་ནས་ཕྱིའི་སྣང་བ་ལ་སྣང་བ་དང་མུན་པ་ལ་མུན་པར་མཐོང་བ་དང་། གྲོང་ཕན་ཚུན་སོགས་སུ་ཕྱིན་ནས་དེར་ཅི་དང་ཅི་ཡོད་པ་མཐོང་བ་སོགས་ཡོང་གིན་ཡོད།”[15] ཅེས་དང་། འོན་ཀྱང་། སྔགས་བླ་མེད་ནས་གསུངས་པའི་མངོན་ཤེས་མཆོག་དེ། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་རྟོགས་པས་དྲངས་པའི་མངོན་ཤེས་དེ་ལ་རྣམ་གནས་ཡིད་ལ་བྱེད་པའི་མངོན་ཤེས་ལས་མེད་ཅིང་། སྤྱིར་རྣ་བ་དང་མིག་སོགས་ཀྱི་མངོན་ཤེས་གསུངས་ཡོད་ཀྱང་། འདིར་བདེ་སྟོང་གི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སམ། ཡན་ལག་གི་རླུང་ལྔ་ལ་རྡོར་བཟླས་བྱས་པ་ལ་བརྟེན་ནས་སྣ་དང་ལྕེ་དང་ལུས་ཀྱི་ཤེས་པའི་མངོན་ཤེས་ཀྱང་བསྒྲུབ་ཏུ་ཡོད་པར་གསུངས་ཤིང་། ཁུ་ནུ་བླ་མ་རིན་པོ་ཆེས། ཁ་པར་དང་བརྙན་འཕྲིན་སོགས་ཀྱི་སྒྲ་དང་གཟུགས་བརྙན་རྒྱང་རིང་པོར་འགྲོ་ཐུབ་ཀྱི་ཡོད་ཀྱང་། དྲི་རོ་རེག་བྱ་གསུམ་འགྲོ་མི་ཐུབ་པ་དང་། རང་ཅག་གིས་མངོན་ཤེས་ལ་མིག་དང་རྣ་བའི་མངོན་ཤེས་གསུངས་པ་གཉིས་ལ་འབྲེལ་བ་ཞིག་ཡོད་པར་གསུངས་མྱོང་བས་ཡོད་དམ་སྙམ་པ་འདུག སྣ་དང་ལྕེ་དང་ལུས་ཀྱི་མངོན་ཤེས་དག་ནི། སྤྱིར་རྣམ་གནས་ཡིད་ལ་བྱས་ནས་མངོན་ཤེས་བསྒྲུབ་ཏུ་མེད། སྤྱིར་སྣ་ལྕེ་སོགས་ཀྱིས་ཡུལ་རེག་སྟེ། དྲི་ཚོར་བ་དང་རོ་མྱོང་བ་དགོས་པས། རྒྱང་ནས་སྒྲ་ཐོས་པ་དང་གཟུགས་མཐོང་བ་སོགས་རྣམ་གནས་ཡིད་བྱེད་ཀྱི་མངོན་ཤེས་སྐྱེས་ཐུབ་ཀྱི་མེད་པ་འདྲ། འོན་ཀྱང་། རླུང་གི་རྣལ་འབྱོར་གྱི་སྟོབས་ལས་ནི། ཡུལ་ཐག་ཉེ་རིང་གི་ཁྱད་མེད་པས། དབང་པོའི་ཤེས་པ་གཞན་ལའང་མངོན་ཤེས་སྐྱེ་ཐུབ་ཀྱི་ཡོད།

གསང་ཆེན་རིགས་ལམ་གསལ་བྱེད་ལས། “ རྡོ་ལག་བརྒྱུད་མར། རྨི་ལམ་གྱི་ལུས་ཁྱད་པར་ཅན་དང་། བར་དོ་དང་། མ་དག་པའི་སྒྱུ་མའི་སྐུ་དང་། དག་པའི་སྒྱུ་མའི་སྐུ་རྣམས་ཀྱི་བསྒྲུབ་གཞི་སྲོག་འཛིན་ཕྲ་མོ་གཅིག་ལས་འགྲུབ་པ་འདྲ་ཡང་། དེ་རྣམས་ཀྱི་བསྒྲུབ་གཞི་སྲོག་འཛིན་ཕྲ་མོ་དེ་ལ་ཡང་ཕྲ་རགས་དུ་མ་ཡོད་པས། སྔ་མ་སྔ་མའི་བསྒྲུབ་གཞི་དང་། སྒྲུབ་གཞི་དེ་ལས་འགྲུབ་པའི་ལུས་རྣམས་ཀྱང་སྔ་མ་སྔ་མ་རགས་ཤིང་ཕྱི་མ་ཕྱི་མ་ཕྲ་བའི་ལུས་ཡིན།” [16] ཞེས་ལུས་དེ་དག་ལ་ཡང་ཕྲ་རགས་ཀྱི་ཁྱད་པར་ཡོད་པར་གསུངས།

འདིའི་ཐད་མ་ཧཱ་པཎྜི་ཏ་རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོས་དོགས་སློང་འདི་ལྟར་གནང་ཡོད།  “རྨི་ལམ་གྱི་ལུས་ལ་ལུས་མཚན་ཉིད་པ་ཡོད་ན། དེ་ལྟའི་ལུས་ཀྱི་ཉེར་ལེན་རླུང་ཕྲ་རགས་གཉིས་ཀྱི་གང་གིས་བྱེད། རགས་པས་བྱེད་ན་སད་དུས་སུ་ཡང་རླུང་རགས་པའི་ཉེར་ལེན་བྱས་པའི་ལུས་གཞན་ཡོད་མི་སྲིད་པའི་རྒྱུ་མཚན་ཅི་ཡིན། རླུང་ཕྲ་མོས་བྱས་ན། གཉིད་དུས་སུ་ལས་རླུང་ལྷག་མེད་དུ་མ་ཐིམ་པ་དང་། རྨི་ལམ་གྱི་ལུས་དེ་ལ་ཕལ་པའི་སྤྱོད་ཡུལ་དུ་གྱུར་པ་ཞིག་ཀྱང་ཡོད་པས་དེ་ཇི་ལྟར་རུང་།”[17] ཞེས་རྨི་ལམ་གྱི་ལུས་ལ་ལུས་མཚན་ཉིད་པ་ཡོད་པར་འདོད་པ་ལ་དོགས་སློང་གནང་ཡོད།

མཁས་གྲུབ་རིན་པོ་ཆེའི་ཡེ་ཤེས་ལེའུའི་ཊཱིཀྐ་ལས། “ཅི་རྨི་ལམ་གྱི་སྐྱེས་བུའི་ལུས་དེ་སྐྱེས་པའི་ལུས་མཚན་ཉིད་པ་ཡིན་ནམ། སྐྱེས་བུའི་ལུས་སུ་སྣང་བ་ཙམ་ལས། དང་པོ་ལྟར་ན། རྨི་ལམ་གྱི་ལུས་དེ་ཡུལ་གཞན་དུ་འགྲོ་བའང་འགྲོ་བ་མཚན་ཉིད་པར་འགྱུར་ལ། དེ་ལྟར་ན་འདི་ཉིད་ལས། ཡུལ་གཞན་དུ་འགྲོ་བར་རབ་ཏུ་སྣང་སྟེ། འགྲོ་བར་སྣང་བ་ཙམ་དུ་བཤད་པ་དང་འགལ་ཞིང་། གཞན་ཡང་། རྨི་ལམ་གྱི་ལུས་དེས་རེག་བྱ་མྱོང་བར་འདོད་དགོས་ཤིང་། དེ་ལྟ་ན། རྨི་ལམ་གྱི་མིག་གིས་གཟུགས་འཛིན་པར་ཁས་ལེན་དགོས་ལ། འགྲེལ་པའི་མགོ་མཇུག་ཀུན་ཏུ་རྨི་ལམ་ན། དབང་ཤེས་མེད་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །ལམ་གྱི་ལུས་ཀྱིས་རེག་བྱ་མྱོང་བ་ཡང་མི་རིགས་ཏེ། འདི་ཉིད་ལས། སེམས་ལ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་རབ་ཏུ་འཇུག་སྟེ། ཞེས་ཡིད་ཤེས་འཁོར་གྱི་ཚོར་བར་ངེས་བཟུང་བས་སོ། །

གཉིས་པ་ལྟར་ན། རྨི་ལམ་གྱི་ལུས་སུ་སྣང་བ་རྡུལ་དུ་མ་གྲུབ་པར་བསྒྲུབས་པས། སྐབས་དོན་འགྲུབ་པ་ལ་ཅི་ཡང་མི་ཕན་ཏེ། གཞན་དུ་ན་ཟླ་གཉིས་ཀྱི་སྣང་བ་སོགས་དུ་མ་ཞིག་རྡུལ་དུ་མ་གྲུབ་པར་དོགས་པ་སྨྲ་བ་པོ་རང་ཉིད་ཀྱིས་ཀྱང་ངེས་པའི་ཕྱིར་དང་། སྟོང་གཟུགས་གཟུགས་མིན་པར་འགྱུར་ཏེ། རྨི་ལམ་གྱི་ལུས་ལུས་མིན་པའི་ཕྱིར། དེ་འདོད་ན། གཟུགས་སྐུ་སངས་རྒྱས་མིན་པར་ཁས་ལེན་དགོས་པར་འགྱུར་རོ། །ཞེས་པ་ནས་ལན་གདབ་པར་བྱ་སྟེ། རྨི་ལམ་གྱི་ལུས་རེག་བྱ་འཛིན་པའི་ལུས་མིན་ཀྱང་། དེའི་ལུས་ལ་ལུས་ཀྱི་ཐ་སྙད་ཡོད་ཚད་དེ་ལུས་དེ་ལ་ཕན་གནོད་བྱེད་པར་སྣང་བའི་རྒྱུ་མཚན་གྱིས་སེམས་ཀྱིས་བདེ་སྡུག་མྱོང་བ་ཡོད་པས། རྡུལ་དུ་མ་ཚོགས་པའི་ལུས་ལ་བརྟེན་ནས་བདེ་སྡུག་མྱོང་ཞེས་པ་ཙམ་ཞིག་གྲུབ་པའི་ཕྱིར། དེ་དཔེར་མཛད་ལ། དོན་གྱི་སྐབས་སུ་ཡང་སྟོང་གཟུགས་ཡབ་ཡུམ་གྱི་མཁའ་གསང་གི་རེག་བྱ་ལས་བྱུང་བའི་ལུས་བདེ་མི་འགྱུར་བའི་བདེ་ཆེན་ཡིན་པས། དེ་མ་སྒྲུབ་ཀྱི་ལུས་དེ་ལས་བྱུང་བའི་ཡིད་ཤེས་མི་འགྱུར་བའི་བདེ་ཆེན་སྒྲུབ་པར་འདོད་པའོ། །རྨི་ལམ་རྨི་བཞིན་པའི་གང་ཟག་དེའི་སེམས་ཀྱིས་བདེ་སྡུག་མྱོང་བའི་ཕྱིར། གང་ཟག་དེས་ཀྱང་བདེ་སྡུག་མྱོང་བར་ཁས་ལེན་དགོས་ཏེ། དོན་གྱི་ཚེ་དོགས་པ་ཆུང་ངོ་། །”[18] ཞེས་གསུངས།

ཡང་། དེ་ཉིད་ལས། “རྨི་ལམ་གྱི་ལུས་ཕྲ་མོ་ལ་དབུགས་འབྱུང་འཇུག་མེད་ཅིང་རགས་པ་ལ་ཡོད་པ་དང་། བརྒྱལ་བའི་སྐབས་སུ་ལུས་ཕྲ་རགས་གཉིས་ཀ་ལ་དབུགས་མེད་པར་བསྟན་པའི་དཔེ་སྔ་མ་ལས། ལམ་དུས་སུ་སོ་སྐྱེའི་ཚེ་རྗེས་དྲན་ཡན་ཆད་ཀྱི་རྩ་བའི་སྟོང་གཟུགས་ཀྱི་སྐུའི་དབུགས་འབྱུང་འཇུག་མེད་ཅིང་། རགས་པ་རྣམ་སྨིན་གྱི་ལུས་ལ་ལས་རླུང་འབྱུང་འཇུག་ཡོད་པ་དང་། དཔེ་ཕྱི་མ་ནི་འཕགས་པའི་ས་བརྙེས་པ་ན་ལུས་གཉིས་ཀའི་ལས་རླུང་འབྱུང་འཇུག་ལྡོག་པར་སྟོན་པ་གོ་བར་ནུས་ཏེ། འོག་ཏུ་འབྱུང་བ་ལྟར། ཉོན་མོངས་མེད་པའི་ལས་མི་སྲིད་ལ་ཉོན་སྒྲིབ་དང་པོར་ཟད་པར་སྤངས་པའི་ཕྱིར་རོ། །དབུགས་ཙམ་ནི་འབྲས་བུའི་སར་ཡང་ལྡོག་པར་མ་ངེས་ཏེ། སངས་རྒྱས་ཀྱི་དབུགས་ཀྱང་སེམས་ཅན་གྱི་དོན་དུ་འགྱུར་བར་དཔའ་བོ་ལ་སོགས་པའི་ཆེན་པོ་དག་གིས་བཤད་པས་སོ། །”[19] ཞེས་གསུངས་པ་ལྟར་ན། རྨི་ལམ་གྱི་ལུས་དང་སྟོང་གཟུགས་ལ་དབུགས་འབྱུང་འཇུག་མེད་པར་གསུངས་ལ། དབུགས་འབྱུང་རྔུབ་དང་བཅས་པའི་རྨི་ལམ་གྱི་ལུས་དགག་པ་དང་། ཁུ་བ་འཛག་པའི་རྨི་ལམ་གྱི་ལུས་ཀྱི་དཔེ་དགག་པ་ཞེས་ས་བཅད་མཛད་ནས་དགག་གཞག་གནང་འདུག་གོ །

རྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ་ལས། “ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་གོང་བུ་སྟེ། ངོ་བོ་གཅིག་ཏུ་འདྲེས་པར་གནས་པའི་བདག་ཉིད་ཀྱི་ལུས་འདི་གཤིན་རྗེ་གཤེད་ཀྱི་སྐུར་བཞེངས་པའོ། །སྒྱུ་མའི་སྐུ་འདི་ནི་བེམས་པོ་མ་ཡིན་པ་ཤ་ཁྲག་གདོས་བཅས་ཀྱང་མ་ཡིན་ནོ། །ཤ་ཁྲག་གི་ལུས་ལྟ་བུར་སྣང་ཡང་དེ་རྣམས་མ་འདྲེས་པས་རྙོག་པ་མེད། ཕུན་ཚོགས་ཡོན་ཏན་མཚན་དཔེ་ཀུན་གྱིས་བརྒྱན་པ་ཡིན། །སྒྱུ་མའི་སྐུ་འདི་བདག་ཏུ་ཐ་སྙད་འདོགས་པའི་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་ངའི་གདགས་གཞི་མཐར་ཐུག་པ་ཤིན་ཏུ་ཕྲ་བའི་གཉུག་མའི་ལུས་ལས་ངོ་བོ་ཐ་དད་མིན་ནོ། །འཁོར་བ་ཐོག་མེད་ནས་འདིའི་བར་རིགས་བརྒྱུད་སྐད་ཅིག་ཀྱང་བར་མ་ཆད་པའི་རིགས་འདྲ་ཅུང་ཟད་ཀྱང་སྤང་དུ་མེད། དེ་ཉིད་མཚན་དཔེས་སྤྲས་པའི་སྒྱུ་མའི་སྐུར་བཞེངས་པའི་མཚན་དཔེའི་རིགས་འདྲ་དེ་ལས་གཞན་པ་གཟུགས་སྐུའི་རིགས་འདྲའི་རྒྱུར་བསྟན་དུ་མེད་དོ། །ཤིན་ཏུ་ཕྲ་བའི་གཉུག་མའི་ལུས་དེ་ཇི་ཙམ་ནས་གྲུབ་ཅེ་ན། གདོད་མ་ནས་གྲུབ་པ་ཡིན་ནོ། །དེ་ཉིད་རྒྱུད་དོན་ལ་མི་འཁྲུལ་བའི་བླ་མའི་བཀའ་དྲིན་ལས་སྒྱུ་མའི་སྐུར་འགྱུར་བ་ཡིན་ནོ། །ལུས་ཅན་ཞེས་པའི་རྐང་པ་གསུམ་ནི་སྒྱུ་མའི་སྐུའི་ཁྱད་ཆོས་སོ། །སྒྱུ་མའི་སྐུ་དེ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཟེར་རོ། །རྨི་ལམ་ཇི་བཞིན་གོམས་པར་བྱེད། །ཅེས་པ་འདིས་རྨི་ལམ་གྱི་ལུས་དང་སྒྱུ་མའི་སྐུ་དང་བར་དོ་གསུམ་བསྲེ་བའང་དོན་གྱིས་བསྟན་ནོ། །”[20] ཞེས་གསུངས།

དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “ རྨི་ལམ་གཏོང་བའི་སྐབས་ལ་ལུས་རགས་པ་དེ་ལས་ལོགས་སུ་ཡིད་ཀྱི་རང་བཞིན་གྱི་ལུས་ཤིག་གྲུབ་ཡོང་གི་རེད། དེ་ནི་ཐོགས་པ་མེད་པ་ཞིག་རེད། གང་བསམ་ས་དེར་སླེབས་ཐུབ་ཀྱི་རེད། ཐག་རིང་ཐུང་གང་འདྲ་ཞིག་ལའང་འགྲོ་བསམས་ནའང་དེར་སླེབས་ཀྱི་རེད། རང་ལྷ་སར་བསྡད། རྨི་ལམ་གྱི་ལུས་དེ་རྒྱ་ནག་ལ་སླེབས་པ་དང་། རྒྱ་གར་ལ་སླེབས་པ་དང་། སོ་སོའི་ནང་ལ་སླེབས་པ་དང་། ག་ས་ག་ལ་འགྲོ་ཐུབ་ཀྱི་ཡོད་པ་རེད། རྨི་ལམ་གྱི་ལུས་དེ་ལ་ཁྱད་ཆོས་འདི་འདྲ་ཞིག་ཡོད་པ་རེད། གང་བསམ་ས་དེར་སླེབས་ཐུབ་པ། དེ་འདྲའི་ཁྱད་ཆོས་ཤིག་ཡོད་པ་རེད། དེ་ཡང་དབང་པོ་ལྔ་ཚང་བ་ཞིག་རེད། དབང་པོ་ཁ་ཤས་ཚང་ལ། ཁ་ཤས་མ་ཚང་བ་དེ་འདྲ་རྩ་བ་ནས་མ་རེད། དཔེར་ན། ཁ་ཤས་རང་སྐྱ་བོ་ཡིན་པ་བྱས། གྲྭ་པ་བྱེད་པའི་རྨི་ལམ་བཏང་། དགོན་པར་སླེབས་ཚོགས་འཚོགས། འདོན་པ་བཏོན། དེ་འདྲ་ཆ་ཚང་བྱེད་པའི་རྨི་ལམ་ཞིག་གཏོང་དུས། ཁོ་ཡི་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ལུས་ཤིག་ཡོད་པ་དེ་གྲྭ་པ་བྱས་ནས་དགོན་པར་སླེབས་ཡོད་པ་རེད། དགོན་པར་བྱ་རྒྱུ་དེ་ཚོ་ཁོས་ཆ་ཚང་བྱེད་ཀྱི་ཡོད་པ་རེད། ཡང་། ཉིན་མོའི་གུང་ལ་ཁ་འདོན་ཞེ་དྲག་བྱེད་མཁན་ཅིག་ཡིན་ན། དགོང་མོ་རྨི་ལམ་གྱི་ནང་ལ་ཡང་ཁ་འདོན་ཁོ་ན་མ་གཏོགས་ཡོད་པ་མ་རེད། གཉིད་ལམ་བཏང་བ་དང་ལམ་སང་ཁ་འདོན་རེད། ཁ་འདོན་ཆ་ཚང་རེད། དེ་ལ་འཇིགས་བྱེད་ཀྱི་བདག་བསྐྱེད་གཏོང་གི་ཡོད་ནའང་རེད། རྣལ་འབྱོར་མའི་བདག་བསྐྱེད་གཏོང་གི་ཡོད་ནའང་རེད། བཟླས་པ་གཏོང་བ་ལ་སོགས་པ་ཆ་ཚང་ཞིག་ཉིན་མོའི་གུང་ལ་བྱས་པ་ནང་བཞིན་བྱེད་ཀྱི་ཡོད་པ་རེད།

དཔེར་ན། བུ་སྟོན་ཐམས་ཅད་མཁྱེན་པ། བུ་སྟོན་ཐམས་ཅད་མཁྱེན་པ་དེ་ཞ་ལུ་དགོན་པའི་མཁན་པོ་ཡིན་པས། ཉིན་མོའི་གུང་ལ་ཆོས་ཁྲིད་པ་དང་སློབ་མ་བླ་མ་མང་པོ་ཞེ་དྲག་ཡོད་པ་རེད། དེ་ཚོ་ལ་གསང་སྔགས་ཀྱི་དབང་སྐུར་གནང་དགོས་ཀྱི་ཡོད་པ་རེད། ཁྲིད་གནང་དགོས་ཀྱི་ཡོད་པ་རེད། དགོན་པའི་དཔེ་ཆ་ལྟ་མཁན་དེ་ཚོ་ལ་གཞུང་ཆེན་པོའི་སློབ་ཁྲིད་གནང་དགོས་ཀྱི་ཡོད་པ་རེད། དེ་འདྲ་བྱས་ནས་ཉིན་མོའི་གུང་ལ་ཕྱག་དཔེ་གཟིགས་པའི་དུས་ཚོད་ཁྱོན་ནས་ཡོད་པ་མ་རེད། ཁོང་གིས་ཕྱག་དཔེ་གཟིགས་དགོས་པ་གང་ཡོད་ནའང་། དགོང་མོ་དཔེ་རས་ཀྱི་ཐག་པ་བཤིགས་ནས་ཕྱག་དཔེ་ཁ་ཕྱེ། ཕྱག་དཔེའི་དབུ་ཤོག་དེ་ཡར་གསོལ་ལྕོག་གི་སྒང་ལ་བསྒྲིགས་ནས་བཞག་གནང་གི་ཡོད་པ་རེད། ཕྱག་དཔེ་གང་གཟིགས་འདོད་ནའང་ཞལ་ཕྱེ་ནས་བཞག་གནང་ན་འགྲིག་གི་ཡོད་པ་རེད། ཞལ་དེ་ཕྱེ་དགོས་ཀྱི་ཡོད་པ་རེད། ཞལ་ཕྱེ་ནས་བཞག་པ་ཡིན་ན། ཕྱག་དཔེ་གང་གཟིགས་འདོད་པ་དེ་རྨི་ལམ་གྱི་ནང་ལ་གཟིགས་ཐུབ་ཀྱི་ཡོད་པ་རེད། གཟིགས་ནས་ཚང་མ་ཐུགས་ལ་ངེས་ཚར་བ་རེད། སང་ཉིན་དགོང་མོ་ཡང་། མདང་དགོང་གཟིགས་མ་ཚར་བའི་མཚམས་དེ་ནས་ཞལ་ཕྱེ། དེ་འདྲ་བྱས་ནས་རྨི་ལམ་གྱི་ནང་ལ་ཕྱག་དཔེ་གཟིགས་པ་མ་གཏོགས། ཕྱག་དཔེ་གཟིགས་པའི་དུས་ཚོད་ཁྱོན་ནས་ཡོད་པ་མ་རེད། དེར་བརྟེན། རྨི་ལམ་དེ་ལ་ཁྱད་ཆོས་ཆེན་པོ་གཞན་དང་མི་འདྲ་བ་ཞིག་ཡོད་པ་རེད། རྨི་ལམ་གྱི་ལུས་དེ་བེད་སྤྱོད་ཡག་པོ་གཏོང་ཐུབ་ན། རང་གི་བླ་མའི་གམ་ནས་ཆོས་ཞུ་བ་དང་། བདེ་བ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་ལ་ཕྱིན་ནས་ཆོས་ཉན་པ་ལ་སོགས་པ། དེ་མ་ཡིན་པར་རྨི་ལམ་གྱི་ལུས་དེས་ག་རེ་ཡིན་ནའང་བྱེད་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན། རྨི་ལམ་གྱི་ལུས་དེ་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་རེད། དེར་བརྟེན། དེ་བེད་སྤྱོད་བྱེད་དགོས་ཡོད་པ་རེད། དེ་བེད་སྤྱོད་བྱས་པ་ཡིན་ན། སྒྱུ་ལུས་འགྲུབ་པའི་སྐབས་ལ་ཉིན་མོའི་གུང་ལ་སྒྱུ་ལུས་ཀྱི་སྒོམ་རྒྱག་པ་ལ་སོགས་པ་དེ་ཚོ་བྱས། དགོང་མོ་གཉིད་ཁུག་པའི་དུས་ཚོད་ལ་འབྱུང་བ་དེ་རང་བཞིན་གྱི་ཐིམ་འགྲོ་བ་ཞིག་ཡོད་པ་རེད། དེ་བེད་སྤྱོད་བྱས་ནས་སྒྱུ་མའི་སྐུ་ལ་ལངས་ནས་རྨི་ལམ་བྱང་བ་དང་། རྨི་ལམ་སྤེལ་བ་དང་། དེ་འདྲ་མང་པོ་ཞིག་བྱ་རྒྱུ་ཡོད་པ་རེད། རྨི་ལམ་བསྒྱུར་བ་དང་དེ་འདྲ་བྱ་རྒྱུ་ཡོད་པ་རེད། སྐབས་སྐབས་ལ་རྨི་ལམ་ནང་དུ་རང་ཉིད་གཅན་གཟན་གྱི་གཟུགས་ལ་འགྱུར། དུར་ཁྲོད་དུ་ཕྱིན། སྐབས་སྐབས་ལ་རང་སེམས་ཅན་གཞན་དག་གང་འདྲ་ཞིག་ཡིན་ན་ཡང་། དེའི་གཟུགས་ལ་འགྱུར། དེ་མིན་ཁ་ཤས་ཀྱིས་ས་ལ་འགྱུར། མེ་ལ་འགྱུར། ཆུ་ལ་འགྱུར། འབྱུང་བ་ལ་འགྱུར་བྱས། ལྗོན་ཤིང་ལ་སོགས་པ་གང་དང་གང་ལ་ཡང་འགྱུར་བྱས། གཉིད་ལམ་གྱི་ནང་ལ་དེ་འདྲ་བྱས་ནས་འགྱུར་རྒྱུ་ཡོད་པ་རེད། དེར་བརྟེན། རྨི་ལམ་གྱི་ལུས་དེ་ལ་ཁྱད་ཆོས་ཆེན་པོ་ཞིག་ཡོད་པ་རེད། དེར་བརྟེན། སྒྱུ་ལུས་ཀྱི་དཔེ་དེ་ལ་རྨི་ལམ་བཞག་པའི་གནད་འགག་འདི་འདྲ་རེད།” [21] ཅེས་གསུངས་པ་སོགས་ནི། རྗེ་རིན་པོ་ཆེའི་གསུང་ཟིན་དང་ཅུང་ཟད་མི་མཐུན་པ་ལྟ་བུར་སྣང་བས་དཔྱོད། ཨ་ཁུ་རིན་པོ་ཆེ་རྗེ་བཙུན་ཤེས་རབ་རྒྱ་མཚོས་ཀྱང་། “ རྨི་ལམ་གྱི་ལུས་ཀྱིས་ཡུལ་གཞན་དུ་བགྲོད་པ་སྐྱེར་སྒང་པའི་རྣམ་ཐར་ལྟ་བུ་དང་། རྨི་ལམ་གྱི་ལུས་ཀྱིས་རགས་པའི་ལུས་བཟུང་ནས་ཡུན་རིང་པོར་གནས་ཀྱང་ཕུང་པོ་རྙིང་པ་གཉིད་མ་སད་པར་ཡོད་པའི་ལོ་རྒྱུས་མང་ངོ་། །” [22] ཞེས་གསུངས།

རྨི་ལམ་གྱི་ལུས་ཇི་ལྟར་འཛིན་པ།

འོ་ན། རྨི་ལམ་གྱི་ལུས་ལ་དེ་ལྟ་བུའི་ཁྱད་ཆོས་མང་ན། རྨི་ལམ་ཇི་ལྟར་འཛིན་དགོས་ཤེ་ན། གསང་འདུས་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་[23]ལས། “རྨི་ལམ་འཛིན་པ་འདི་ལ་རླུང་སྟོབས་ཀྱིས་འཛིན་པ་དང་༌། འདུན་པའི་སྟོབས་ཀྱིས་འཛིན་པ་གཉིས་ཡོད་པ་སོ་སོར་ཕྱེད་དགོས་སོ། །དེ་ལ་དང་པོ་ནི། སད་དུས་སུ་རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པ་ལས་སྟོང་པ་བཞི་འདྲེན་ནུས་པ་གཅིག་གིས་བྱེད་པ་ཡིན་ཏེ། བྱེད་ཚུལ་ནི་སྔར་བཤད་པ་ལྟར། གཉིད་ཀྱི་འོད་གསལ་ཐོག་མར་བཟུང་བའི་ཚེ། གཉིད་ཀྱི་སྟོང་པ་བཞི་ལེགས་པར་ངོ་ཤེས་ནས་སྐྱོང་བ་ན། དེའི་ཕྱི་ལོགས་སུ་རྨི་ལམ་འཆར་བ་ངེས་པར་ཤེས་པས། དེ་ལ་ནི་གཉིད་ཀྱི་སྟོང་པ་རྣམས་འཛིན་པའི་ཐབས་ལས་གཞན་པའི་རྨི་ལམ་འཛིན་ཐབས་མི་དགོས་སོ། །གཉིས་པ་ནི། དེ་འདྲ་བའི་ནུས་པ་མེད་པ་གཅིག་གིས། སད་དུས་སུ་རྨི་ལམ་ཟིན་ཐབས་ཀྱི་འདུན་པ་སྦྱོང་བ་དང་༌། མགྲིན་པ་ལ་སོགས་པར་དམིགས་པ་གཏོད་པ་ཡིན་ནོ། །དེ་ལ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྨི་ལམ་འཛིན་ལུགས་གཙོ་བོ་ནི། སྔ་མ་ཡིན་ལ། ཕྱི་མ་ནི་ཐུན་མོང་བ་ཕལ་པའོ། །འདི་ལ་དོན་ལྔ་མར། མཚུར་(མཚུར་སྟོན་དབང་ངེ་།) གྱི་ལུགས་ཀྱིས་སྙིང་ཁར་དམིགས་པ་གཏད་ནས་རྨི་ལམ་འཛིན་པ་དང་༌། མེས་མཚོན་(གཙང་རོང་གི་མེས་སྟོན་ཚོན་པོ་ལ་བདེ་དགྱེས་གསང་གསུམ་མ་ཧཱ་མཱ་ཡཱ། སངས་རྒྱས་ཐོད་པ་མན་ངག་དང་བཅས་པ་གནང་།) གྱི་ལུགས་ཀྱིས་མགྲིན་པར་དམིགས་པ་གཏད་ནས་རྨི་ལམ་འཛིན་པའི་ཚུལ་གཉིས་བཤད་ནས། སྙིང་ཁར་གཏོད་པ་འོད་གསལ་དང་འབྲེལ། མགྲིན་པར་གཏོད་པ་རྨི་ལམ་དང་འབྲེལ་ཞེས་ཟེར་མོད་ཀྱང༌་། རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་ཅིག་ཡིན་ན། གཉིད་ཀྱི་སྟོང་པ་བཞི་སྔོན་ལ་བཟུང་ནས་བྱེད་ལ། དེ་ལ་ནི་སྙིང་ཁར་དམིགས་པ་གཏོད་པ་ཡིན་ནོ། །འདུན་པའི་སྟོབས་ཀྱིས་འཛིན་དགོས་པ་ཞིག་ཡིན་ན། རྨི་ལམ་ཟིན་པའི་སྔོན་དུ་གཉིད་ཀྱི་སྟོང་པ་བཞི་མི་ཟིན་པས་མགྲིན་པར་གཏོད་དོ། །” ཞེས་སོགས་གསུངས།

དེས་ན། རྩ་ཚིག་ལས་མགྲིན་པར་རྨི་ལམ་འཛིན་པའི་གནད་ཡོད་པར་བཤད་པ་དེ། འདུན་པའི་སྟོབས་ཀྱིས་འཛིན་དགོས་པ་ཁོ་ན་ལ་ཡིན་ནམ་སྙམ་ན། རླུང་སྟོབས་ཀྱིས་རྨི་ལམ་འཛིན་ནུས་པས་ཀྱང་༌། གཉིད་དུ་འགྲོ་ཁར་མགྲིན་པར་དམིགས་པ་གཏད་ན། གནས་དེའི་དྷཱུ་ཏཱིར་རླུང་ཐིམ་ནས་སྟོང་པ་བཞི་སྔོན་དུ་འཆར་བ་ཅིག་ཡོད་མོད་ཀྱང་༌། སྔོན་དུ་སྙིང་ཁར་རླུང་མ་འདུས་པར་མགྲིན་པར་མི་འདུ་ལ། སྙིང་ཁར་འདུས་ནས་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་འདྲ་བ་གནས་གཞན་དུ་འཆར་མི་ཐུབ་པས། གཉིད་དུ་འགྲོ་ཁར་སྙིང་ཁར་དམིགས་པ་གཏོད་དགོས་སོ། །འོན་ཀྱང་། རྨི་ལམ་ཤར་ཟིན་པའི་འོག་ཏུ་གཉིད་ཀྱི་དུས་སུ་རྨི་ལམ་ཡུན་རིང་བ་ཞིག་འདོད་ན། སྔོན་ལ་མགྲིན་པར་དམིགས་པ་གཏད་དེ་སེམས་ཡུད་ཅིག་བཟུང་ན། རྨི་ལམ་གྱི་ངང་ནས་དགེ་སྦྱོར་སྐྱོང་བ་རྒྱུན་རིང་བ་ཞིག་འབྱུང་བའི་དབང་དུ་བྱས་ནས། རྨི་ལམ་གྱི་དགེ་སྦྱོར་གྱི་གནད་མགྲིན་པར་ཡོད་པར་བཤད་དོ། །གཉིས་པ་ནི། རླུང་སྟོབས་ཀྱིས་ཟིན་པ་ཡིན་ན། རྨི་ལམ་མ་ཤར་བའི་སྔོན་ནས་ཕྱི་ལོགས་སུ་རྨི་ལམ་འཆར་བ་ཤེས་ཏེ། དེ་ཡང་ལུགས་མཐུན་གྱི་གཉིད་ཀྱི་སྟོང་པ་བཞི་པའམ། ཡང་ན། གཉིད་ཀྱི་ལུགས་ཟློག་གི་སྟོང་པ་མཐའ་མ་ནས་རྨི་ལམ་འབྱུང་བར་འགྱུར་བ་ཤེས་པ་དེས་རྨི་ལམ་བཟུང་བས་ཆོག་གོ །

འདུན་པའི་སྟོབས་ཀྱིས་འཛིན་དགོས་པ་ཡིན་ན། སྤྱིར་ལམ་སྒོམ་པ་ལ་མི་ལྟོས་པར་གཞི་དུས་ནས་ཀྱང་རྨི་ལམ་གསལ་བའི་རིགས་འགའ་ཞིག་ལ། རྨི་ལམ་ཟིན་པ་མང་པོ་འོང་བས། རྨི་ལམ་ཟིན་པ་ཙམ་ཞིག་ལམ་བསྒོམས་ནས་བསྒྲུབ་མི་དགོས་ལ། དེ་བཞིན་དུ་བྱ་བ་འགའ་ཞིག་ལ་སད་དུས་སུ་འདུན་པ་དྲག་པོ་ཡོད་ན། རྨི་ལམ་ན་དེ་འབྱུང་བ་ཡང་མང་བའི་གནད་ཀྱིས། ཉིན་པར་རྨི་ལམ་ཟིན་པའི་དྲན་འདུན་དྲག་པོ་རྒྱུན་ཆགས་པ་བཏང་ནའང་རྨི་ལམ་ཟིན་པ་སྐྱེད་ནུས་པས། དེ་ཙམ་ཞིག་སྐྱེད་དཀའ་བ་མིན་ནོ། །འདི་ལ་རྨི་ལམ་མ་ཤར་ན། རྨི་ལམ་གྱི་དགེ་སྦྱོར་གྱི་གཞི་སྟོར་བས་འཆར་བ་ཞིག་དགོས་ལ། རྨི་ལམ་བྱུང་ཡང་མི་གསལ་བའི་རིགས་ཡིན་ན་ཟིན་དཀའ་བས། རྨི་ལམ་གསལ་པོ་འཆར་བ་ཞིག་དགོས་ཏེ། རྨི་ལམ་གསལ་བ་ན་སད་རྗེས་སུ་རྨི་ལམ་ཀུན་མི་བརྗེད་པར་བཤད་རྒྱུ་འོང་བའོ། །དེས་ན། དང་པོ་ནས་རྨི་ལམ་ཤིན་ཏུ་གསལ་བ་དང་༌། དེ་མིན་ཀྱང་གནས་དབེན་པ་ལ་སོགས་པ་རིག་པ་དྭངས་པའི་རྒྱུའི་ཁྱད་པར་ཚོགས་པའི་སྐབས་དང་། མཚན་གཅིག་གིའང་ཐོ་རངས་ཀྱི་དུས་ལྟ་བུ་རིག་པ་ནམ་གསལ་བའི་དུས་སུ་རྨི་ལམ་ཟིན་པར་སླ་བ་ཡིན་ནོ། །དེའི་ཕྱིར། ཉིན་པར་གྱི་དྲན་འདུན་དྲག་པོ་དེས་བཞག་པའི་བག་ཆགས་རྨི་ལམ་གྱི་དུས་སུ་སད་ཐུབ་པ་ལ་ནི། རྨི་ལམ་གྱི་དུས་ཀྱི་ཤེས་པ་ཤིན་ཏུ་གསལ་བ་ཞིག་དགོས་པས། དེའི་ཐབས་ཀྱང་ཉིན་མོ་བསྒྲུབ་དགོས་སོ། །དེ་ནི་མན་ངག་རྣམས་ལས་བཤད་པ་ལྟར། མགྲིན་པ་དང་སྨིན་མཚམས་སུ་ཤེས་པ་གཏོད་པ་དང་༌། དམིགས་ཡུལ་ཤིན་ཏུ་འཚེར་བའི་རྣམ་པ་ཅན་སྒོམ་པ་དང་༌། རླུང་སྦྱོར་བྱས་ནས་རིག་པ་དྭངས་སྙིགས་འབྱེད་པ་སོགས་ཡིན་ནོ། །ཉལ་ཁར་མགྲིན་པ་དང་དཔྲལ་བ་སོགས་སུ་དམིགས་པ་གཏད་ན། སྙིང་ཁར་རླུང་འདུ་ཚབས་ཆུང་བས་གཉིད་སྲབ་པའི་གནད་ཀྱིས་རིག་པ་གསལ་བར་སླ་བ་དང་༌། ཉལ་ཁར་མགྲིན་པར་སེམས་བཟུང་བ་གོམས་པས་ཀྱང་། ད་གཟོད་རྨི་ལམ་ཤར་བ་ན་རྨི་ལམ་ཡུན་རིང་ངོ་། །དེ་ལྟར་སྔར་བཤད་པ་ལྟར་དུ་རྨི་ལམ་གྱི་གདམས་ངག་གི་གནད་རྣམས་ལ་གོ་བ་ལེགས་པར་བཙལ་ནས་བྱས་ན། རྣམ་པར་དག་པའི་མྱོང་བ་ཅན་མཁས་པར་འགྲོ་ཡི་གཞན་དུ་ན་མྱོང་བ་ཅུང་ཟད་སྐྱེས་ཀྱང་ཐོམས་སེ་བ་ལས་མི་འོང་སྟེ། མན་ངག་གཞན་རྣམས་ལའང་དེ་དང་འདྲའོ། །རྨི་ལམ་འཛིན་པ་ལའང་རང་ལྷར་སྒོམ་པ་དང་༌། གནད་བཞི་ཚང་བ་དང་༌།[24] བླ་མའི་རྣལ་འབྱོར་བསྒོམས་ཏེ། མཆོད་ནས་རྨི་ལམ་མང་པོ་དང་༌། གསལ་པོ་དང༌་། བཟང་པོ་རྨི་བ་དང་༌། རྨི་ལམ་ཟིན་པ་དང་༌། ཟིན་ནས་ཀྱང་རྨི་ལམ་གྱི་དགེ་སྦྱོར་རྣམས་རྒྱུད་ལ་སྐྱེ་བའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཚང་བའི་གསོལ་བ་དྲག་པོ་མང་དུ་འདེབས་པ་དང་༌། ཡི་དམ་དང་བཀའ་སྡོད་ལའང་གཏོར་མ་ཕུལ་ནས་འཕྲིན་ལས་དྲག་ཏུ་བཅོལ་ཞིང་མཚམས་དམ་པར་བྱའོ། །དེ་ནས་ཉིན་པར་དྲན་པ་རྒྱུན་ཆགས་ཀྱིས་བཟུང་བ་ནི། ད་ལྟར་གྱི་སྣང་བ་འདི་རྣམས་རྨི་ལམ་གྱི་སྣང་བར་འདུག་སྙམ་པ་དང་༌། དེ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་སྦྱང་༌། གཞན་ཡང་། ད་གཟོད་རྨི་ལམ་བྱུང་བའི་དུས་སུ་ཅི་ནས་ཀྱང་རྨི་ལམ་དུ་ངོ་ཤེས་པར་བྱས་ལ། རྨི་ལམ་གྱི་དགེ་སྦྱོར་བསྐྱང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་མང་པོ་སྦྱང་༌། ཁྱད་པར་དུ་ཉལ་ཁར་རྒྱུན་ལྡན་དུ་སྦྱང་སྟེ། རྨི་ལམ་གསལ་ན་འདི་གཅིག་པུས་ཀྱང་ཟིན་པར་འགྱུར་རོ། །

མཚན་མོ་མན་ངག་བཙན་ཐབས་ཀྱིས་གཟུང་བ།

འདི་ལ་གཉིས་ལས། རྟེན་ཅན་ནི། མགྲིན་པར་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་ཨ་ཤད་ཀྱི་རྣམ་པ་ཅན་གསལ་གདབ། དེ་ནས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འཕེན་པ་བཏང་ལ། ཨ་ལ་དམིགས་པ་གཏད་པའི་ངང་ནས་གཉིད་ལོག་པར་བྱའོ། །འདབ་མ་བཞི་ལ་ཨ་ནུ་ཏ་ར་བཀོད་ནས་རིམ་པ་བཞིན་དུ་དམིགས་པའི་མན་ངག་ནི། གཉིས་མེད་རྣམ་རྒྱལ་རྫུས་མ་[25]ལས་འབྱུང་མོད་ཀྱང་༌། དེ་ལ་ནུས་པ་ལྷག་པོ་མི་སྣང་བས་མ་བྲིས་སོ། །སད་པ་ན་བལྟས་པས་མ་ཟིན་པར་འདུག་ན་ཡང་སྔར་བཞིན་དུ་བྱེད་པ་ཡིན་ཏེ། དེ་ལྟར་ནུབ་གཅིག་དང་སོ་སོ་ལ་མང་དུ་བྱའོ། །རྨི་ལམ་ཟིན་པ་ན་མྱུར་པོར་སད་པའི་སད་འབྱམས་གཅོད་པ་མང་དུ་བཤད་ཀྱང་༌། གཙོ་བོ་ནི་རླུང་སྟོབས་ཀྱིས་ཟིན་པ་ཡིན་ན། མགྲིན་པའི་ཨ་ལ་གཏོད་པ་ཉིད་གནད་ཆེ། དེ་ལྟ་མིན་ནའང་དེར་དམིགས་པ་གཏོད་པའི་སྒོ་ནས་སེམས་འཛིན་པ་ལ་གོམས་པ་ཡོད་ན་དེ་ཀ་བྱ་ཞིང་༌། སྔར་གོམས་པ་མེད་ནའང་གོམས་སུ་གཞུག་གོ །རྟེན་མེད་ནི། འཕེན་པ་བཏང་ནས་མགྲིན་པའམ་སྙིང་ཁ་གང་རུང་དུ་རླུང་བུམ་པ་ཅན་བཟུང་སྟེ། སེམས་ཀྱང་དེར་གཏོད་པ་ཡིན་གསུང་ངོ་། །མགྲིན་པའི་གནད་ལ་བརྟེན་ནས་རྨི་ལམ་བཙན་ཐབས་སུ་བཟུང་བ་ནི། རང་རྡོ་རྗེ་འཆང་དམ་ཚིག་པར་གསལ་བའི་མགྲིན་པར་པདྨའི་ལྟེ་བ་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་མཚོན་གང་པ་གཅིག་བསྒོམ། དེའི་ཐུགས་ཀར་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་བསམ། ཐིག་ལེ་ལས་བདུད་རྩི་ཟགས་པས་ལུས་ཐམས་ཅད་བདེ་བས་ཁེངས་ཏེ། སེམས་དཔའ་གཉིས་ཐིག་ལེ་ལ་བསྡུས་ལ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་དུ་བསམས་ཏེ། ཐིག་ལེ་ལ་དམིགས་པ་གཏད་ནས་གཉིད་ལོག་གོ །བླ་མ་ཁ་ཅིག་ནི། ནཱ་རོ་ཆོས་དྲུག་ལས་འབྱུང་བའི་རྨི་ལམ་གྱི་འབྱམས་གཅོད་མང་པོ་འདིའི་གདམས་ངག་ཏུ་མཛད་པར་སྣང་ངོ་།།

རྨི་ལམ་སྦྱང་ཚུལ།

རྨི་ལམ་གྱི་དགེ་སྦྱོར་གཙོ་བོར་གང་ལ་སྦྱང་བ་དང་༌། སྦྱང་ཐབས་གཞན་ཡང་བསྟན་པའོ། །དང་པོ་ནི། རླུང་སྟོབས་ཀྱིས་འཛིན་ནུས་པ་ཡིན་ན། ལུགས་མཐུན་གྱི་སྟོང་པ་བཞི་པ་ལས་ལྡང་བར་རྩོམ་པ་ན། ངས་གཉིད་ཆོས་ཀྱི་སྐུ་ལས་རྨི་ལམ་ལོངས་སྐུར་ལྡང་བར་བྱའོ་སྙམ་དུ་བསམས་ལ། འོད་གསལ་གྱི་ངང་ནས་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ཡུད་ཙམ་གྱིས་ལྡང་བར་བྱའོ། །རྨི་ལམ་མ་ཤར་བའི་གཉིད་ཀྱི་དགེ་སྦྱོར་གྱི་གཙོ་བོ་ནི། གཉིད་ཀྱི་འོད་གསལ་ཉིད་སྐྱོང་བ་ཡིན་པ་དེ་བཞིན་དུ། རྨི་ལམ་གྱི་དགེ་སྦྱོར་གྱི་གཙོ་བོ་ཡང་འོད་གསལ་གྱི་ངང་ནས་རྨི་ལམ་གྱི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུར་ལྡང་བ་དང་༌། ལངས་ནས་སྒྱུ་མ་ལྟ་བུའི་སྐུའི་ཏིང་ངེ་འཛིན་བསྒོམས་པ་སོགས་ཡིན་ཏེ། སད་དུས་སུ་རླུང་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་སྒོམ་པ་དང་༌། དེའི་མཐར་ལྷའི་སྐུར་ལྡང་བའི་བདེན་གཉིས་དང་རྗེས་སུ་མཐུན་པའི་རྫོགས་རིམ་སྒོམ་པའི་ལམ། ཆེས་ཆེར་ཁྱད་ཞུགས་པར་བྱ་བའི་དོན་དུ་གཉིད་དུས་སུ་སྟོང་པ་བཞི་དང་རྨི་ལམ་གྱི་སྒྱུ་ལུས་སྒོམ་པ་ཡིན་པའི་ཕྱིར་རོ། །དེས་ན། སད་དུས་སུ་ཚུལ་དེ་གཉིས་ལན་དུ་མར་སྒོམ་པ་བཞིན་དུ། གཉིད་དུས་སུ་ཡང་དང་པོར་གཉིད་ཀྱི་སྟོང་པ་བཞི་བསྒོམས་པའི་མཐར་རྨི་ལམ་འཆར་བ་ན། རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང༌་། སླར་ཡང་གཉིད་ཀྱི་འོད་གསལ་འཛིན་པའི་མན་ངག་བྱས་ནས་དེ་གཉིས་སྤེལ་མར་སྒོམ་པ་ཡིན་ནོ། །སད་དུས་ཀྱི་ཚུལ་གཉིས་བསྒོམས་པས་ཀྱང་གཉིད་དུས་ཀྱི་ཚུལ་གཉིས་སྒོམ་པ་ཆེས་ཁྱད་ཞུགས་ཏེ། ཕན་ཚུན་དུ་ནུས་པ་ཁྱད་པར་ཅན་འདོན་པ་ཤེས་པར་བྱའོ། །རྨི་ལམ་འདུན་པའི་སྟོབས་ཀྱིས་འཛིན་དགོས་པས་ནི་སྔར་ལྟར་བྱེད་མི་ནུས་པས། ཐོག་མར་རྨི་ལམ་ཟིན་པར་བྱས་པའི་མཇུག་ཏུ་ལྷའི་སྐུར་ལྡང་བ་ལ་བསླབ་བོ། །

གཉིས་པ་སྦྱང་ཐབས་གཞན་ཡང་བསྟན་པ་ནི། སྒྱུ་མའི་རྣམ་ཐར་སྦྱོང་བ་ལ་གཉིས་ལས། འཇིག་རྟེན་པའི་རྣམ་ཐར་ལ་སྦྱོང་བ་ནི། སྔར་མེད་པ་གསར་དུ་སྤྲུལ་པ་དང་༌། སྔར་ཡོད་པ་རྣམ་པ་གཞན་དུ་བསྒྱུར་བའི་སྤྲུལ་སྒྱུར་སྣ་ཚོགས་ལ་སློབ་པ་དང་༌། མེ་དང་ཆུ་དང་གཡང་ལ་མཆོང་བ་སོགས་བྱས་ནས་ཉམ་ང་བ་དང་༌། བག་ཚ་བ་མེད་པར་བྱེད་པ་དང༌་། ལྷ་དང་མིའི་ཡུལ་ལ་སོགས་པའི་གནས་བལྟ་བའི་འཕེན་པ་བཏང་ནས་དེར་འགྲོ་བ་དང་༌། ནམ་མཁའ་ལ་འཕུར་ནས་འགྲོ་བ་སོགས་སྣ་ཚོགས་པའི་རྩལ་སྦྱོང་བའོ། །འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་སྦྱོང་བ་ནི། བདེ་བ་ཅན་དང་༌། མངོན་དགའ་དང་༌། འོག་མིན་སོགས་སངས་རྒྱས་ཀྱི་ཞིང་དག་པ་དང་༌། དེར་བཞུགས་པའི་སངས་རྒྱས་བྱང་སེམས་བལྟ་བ་དང་། མཆོད་པ་དང་༌། ཆོས་ཉན་པ་སོགས་ཀྱི་འཕེན་པ་བཏང་ནས་དེ་རྣམས་སྒྲུབ་པའོ། །འདི་དང་གོང་མ་གཉིས་ཀར་ཕྱག་རྒྱ་མ་དང་མཉམ་པར་སྦྱར་ནས་དགའ་བ་བཞི་སྐྱེད་པ་སོགས་བྱེད་པར་ཡང་མན་ངག་ལས་འབྱུང་ངོ་། །འདི་རྣམས་ལ་རླུང་སྟོབས་ཀྱིས་རྨི་ལམ་ཟིན་པ་ཡིན་ན། རླུང་ལེགས་པར་བྱང་བའི་གནད་ཀྱིས། འདུན་པ་གང་བཏང་ཕལ་མོ་ཆེ་འདོད་པ་བཞིན་བྱ་བར་སླ་ལ། དེ་འདྲ་བའི་ནུས་པ་མ་ཐོབ་པས་ནི། གོམས་པ་མང་དུ་དགོས་སོ། །དེ་གཉིས་ཀས་དག་པའི་སྣོད་བཅུད་མཐོང་བ་སོགས་ནི། དེ་དག་དང་རྣམ་པ་འདྲ་བ་ཙམ་འགའ་ཞིག་ཤར་བར་ཟད་ཀྱི་དངོས་མཐོང་བ་སོགས་སུ་བཞག་པར་དཀའོ། །ལུང་སྟོན་ལ་ཡང་ཕྱི་མའི་ལུང་སྟོན་འགའ་རེ་བདེན་པར་སྣང་ཡང་ཕལ་མོ་ཆེ་ངེས་པ་མེད་ལ། སྔ་མ་ཡིན་ན་རྨི་ལམ་གྱི་དགེ་སྦྱོར་གྱི་གནད་གཞན་འགའ་ཞིག་དང་༌། རླུང་བྱང་བའི་གནད་གཞན་འགའ་ཞིག་ལ་བརྟེན་ནས་མི་འཁྲུལ་བ་བྱ་བའི་ཐབས་ཤིག་ཡོད་པར་སྣང་ངོ་། །

སུམ་པ་ནི། དེ་ལྟར་སྦྱངས་པ་ཐམས་ཅད་ཀྱང་རང་བཞིན་མེད་པར་རྟོགས་པའི་ལྟ་བའི་སྟེང་ནས་རྨི་ལམ་གྱི་དེ་ཁོ་ན་ཉིད་སྒོམ་པ་ཞིག་དགོས་ལ། དེའི་ཚུལ་ནི་རྨི་ལམ་གྱི་བུམ་པ་དང་སྣམ་བུ་སོགས་དེ་དག་ཏུ་སྣང་ཡང་༌། དེའི་ངོ་བོས་སྟོང་པར་རྟོགས་པ་ནི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་ན་འབྱུང་ཡང་༌། དེ་ཙམ་གྱིས་རྨི་ལམ་གྱི་རང་བཞིན་མེད་པ་རྟོགས་པ་ནི་མིན་ཏེ། དཔེར་ན། སད་དུས་སུ་མེ་ལོང་ལ་ཤར་བ་བཞིན་དུ་སྣང་བ་བཞིན་གྱིས་སྟོང་པར་རྟོགས་ཀྱང་། གཟུགས་བརྙན་གྱི་དེ་ཁོ་ན་ཉིད་རྟོགས་པ་མིན་པ་བཞིན་ནོ། །དེས་ན། རྨི་ལམ་ལ་རྨི་ལམ་དུ་མ་ཤེས་པར་འཁྲུལ་པ་ནི། བྱིས་པ་ཆུང་ངུས་བྱད་བཞིན་གྱི་གཟུགས་བརྙན་ལ་བྱད་བཞིན་དངོས་ཡིན་པར་འཛིན་པ་དང་འདྲ། རྨི་ལམ་ལ་རྨི་ལམ་དུ་ཤེས་པ་ནི། རྒན་པོ་བརྡ་ལ་བྱང་བས་བྱད་བཞིན་དུ་སྣང་ཡང་། བྱད་བཞིན་གྱིས་སྟོང་པར་ཤེས་པ་དང་འདྲ། བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་གྱིས་སྟོང་པ་དཔེར་བྱས་ནས། ཆོས་གཞན་རྣམས་ཀྱང་དེ་བཞིན་དུ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་པར་ཤེས་པར་བྱེད་པ་བཞིན་དུ། རྨི་ལམ་ལ་རྨི་ལམ་དུ་ཤེས་པ་དེ་དཔེར་བླངས་ནས། ཆོས་གཞན་ཐམས་ཅད་ཀྱང་འདི་དང་འདྲ་བར་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ངེས་པར་བྱ་སྟེ། བདེན་འཛིན་གྱིས་ཇི་ལྟར་བཟུང་བ་ལེགས་པར་ཤེས་ནས། དེས་བཟུང་བ་ལྟར་མེད་པའི་རྒྱུ་མཚན་ཡང་དག་རྣམས་ཤེས་དགོས་སོ། །

དེ་ནི་རྨི་ལམ་ནའང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བལྟ་བར་གསུངས་པའི་དོན་ཏེ། སྔགས་དང་མཚན་ཉིད་གཉིས་ཀའི་ཐུན་མོང་བའོ། །འདིར་དེ་གཞིར་བཟུང་ནས་ཐུན་མོང་མ་ཡིན་པ་ནི། འོད་གསལ་དང་གཅིག་ཏུ་བྱེད་པ་ཡིན་ལ། དེ་ནི་རང་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བར་བསྒོམས་ལ། དེ་ནས་རྗེས་གཞིག་གི་བསམ་གཏན་གྱིས་རྨི་ལམ་གྱི་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སྡུད་པ་དང༌་། རང་ཡང་འོད་གསལ་དུ་འཇུག་པ་འཆད་པ་ལྟར་བྱས་ན། སད་དུས་ཀྱི་ཡིད་ངོའི་སྣང་བ་དང་རྨི་ལམ་གྱི་ཡིད་ངོའི་སྣང་བ་གཉིས་ཕྱི་མ་སྡུད་པ་ཆེས་སླ་བ་དང་༌། དེའི་དུས་སུ་རླུང་ཤིན་ཏུ་རགས་པ་འགའ་ཞིག་ཀྱང་ཐིམ་ཡོད་པའི་གནད་ཀྱིས། སླར་ཡང་རླུང་སྙིང་ཁར་འདུ་ཞིང་རྨི་ལམ་གྱི་སྣང་བ་མི་འཆར་བར་གཉིད་དུ་འགྲོའོ། ། དེའི་ཚེ་གཉིད་ཀྱི་སྟོང་པ་རྣམས་ཅུང་ཟད་ངེས་ནུས་ལ། ལན་འགའ་ཟུང་ལ་ངེས་མ་ནུས་ནའང༌། དེ་གོམས་པར་བྱས་པ་ན་རྣམ་པ་གསལ་པོར་གཉིད་ཀྱི་སྟོང་པ་རྣམས་ངེས་ནུས་པ་ཅིག་འོང་ངོ་། །དེའི་སྡུད་རིམ་དང་སྟོང་པ་རྣམས་རེ་བརྟན་བྱུང་ན། ཉིན་མོ་སྙིང་ཁར་མི་ཤིགས་པ་སྒོམ་པ་སོགས་ལའང་བོགས་ཐོན་པར་འགྱུར་ཞིང་༌། མཚན་མོའི་གཉིད་ཀྱི་སྟོང་པ་རྣམས་གཉིད་དུ་ཐོག་མར་འགྲོ་བའི་མཚམས་ནས་མ་ཟིན་ཀྱང༌་། རྨི་ལམ་ཟིན་པའི་རྗེས་ནས་སྔར་བཞིན་བྱས་པས་ཁྱད་པར་ཅན་ཟིན་པར་འགྱུར་རོ། །དེའི་མཐར་འོད་གསལ་གྱི་ངང་ནས་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་བ་སྔར་བཤད་པ་བཞིན་དུ་བྱའོ། །

དེ་བརྟེན་ནས་འདི་དང་སྔ་མ་གཉིས་ཀ་ལ་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་ལུགས་ཁྱད་པར་ཅན་ཅིག་སྣང་བ་དེ་བླ་མས་ཞིབ་ཏུ་བསྟན་པར་བྱ་སྟེ། དེ་ནི་རྨི་ལམ་གྱི་གདམས་ངག་གི་ཡང་སྙིང་པོ་ཡིན་ལ། ཁྱད་པར་དུ་རྨི་ལམ་ལ་བརྟེན་ནས་བར་དོ་སྒྱུ་མ་ཟིན་པའི་ཐབས་བླ་ན་མེད་པ་ཡང་ཡིན་ནོ། །དེས་ན། རྨི་ལམ་རླུང་གི་སྟོབས་ཀྱིས་མི་ཟིན་པས་ཀྱང་༌། འདུན་པའི་སྟོབས་ཀྱིས་ཟིན་པ་བརྟན་པ་དང་༌། སད་འབྱམས་ལེགས་པར་བཅད་དེ། རྨི་ལམ་རིང་དུ་འོང་བ་བྱ་ནུས་པའི་མཚམས་ནས། རྨི་ལམ་དང་འོད་གསལ་གཅིག་ཏུ་བྱེད་པའི་གདམས་ངག་འདིའི་གནད་ཤེས་ནས་གོམས་པར་བྱས་ན། ཉིན་པར་གྱི་རླུང་འདུ་བ་མྱུར་དུ་འགྲོ་བའི་ཐབས་ཁྱད་པར་དུ་འཕགས་པ་ཅིག་ཏུ་མཐོང་ངོ་། །གཉིད་ཀྱི་སྟོད་ལ་གཉིད་ཆོས་སྐུ་དང་བསྲེ་བ་དང་། བར་དུ་རྨི་ལམ་ལོངས་སྐུ་དང་བསྲེ་བ་དང་། ཐ་མར་སད་པ་སྤྲུལ་སྐུ་དང་བསྲེ་བ་སྟེ། གཉིད་ཀྱི་སྐོར་གྱི་བསྲེ་བ་གསུམ་གྱི་རྣམ་གཞག་མང་པོ་ཞིག་ནི་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ལ། བླ་མས་ཞིབ་ཏུ་བཤད་དགོས་པ་འགའ་ཞིག་ཀྱང་ཡོད་དོ། །ཞེས་གསུངས།

རྨི་ལམ་གྱི་ལུས་བཟུང་སྦྱང་གཅིག་ཏུ་བྱེད་པ།

 འདི་དག་གི་སྐབས་སུ་རྨི་ལམ་བཟུང་སྦྱང་གཅིག་ཏུ་བྱེད་པ་ཞེས་འབྱུང་བའི་བཟུང་བ་ནི། ཐབས་ཀྱིས་རྨི་ལམ་འཛིན་པ་དང་། སྦྱངས་པ་ནི་རྨི་ལམ་ཟིན་ནས་དགེ་སྦྱོར་ལ་སྦྱོང་བའམ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་སྦྱོང་བ་དང་། གཅིག་ཏུ་བྱེད་པ་ནི་ཆོས་ཐམས་ཅད་བདེ་སྟོང་གཅིག་ཏུ་མོས་པར་བྱེད་ཅིང་། དེ་འདྲའི་བློ་དེའང་འོད་གསལ་གྱི་ཡེ་ཤེས་དང་ངོ་བོ་དབྱེར་མེད་གཅིག་ཏུ་མོས་པར་བྱེད་པའམ་བསམ་གཏན་གཉིས་ཀྱི་སྡུད་རིམ་ལས་རྨི་ལམ་ལས་སླར་འོད་གསལ་དུ་ཞུགས་ཏེ། སྟོང་པ་ཉིད་ཀྱི་དོན་བསྒོམ་པའོ། །[26]

རྨི་ལམ་བཙན་ཐབས་སུ་འཛིན་པ།

རྨི་ལམ་བཙན་ཐབས་སུ་འཛིན་པ་ནི། རྨི་ལམ་འཛིན་པའི་འདུན་པ་ལེགས་པར་སྦྱངས་པའི་མཚམས་ནས་གཉིད་ལོག་པའི་ཚེ། གྲོགས་རྨི་ལམ་འཛིན་པའི་ཚོད་ལ་མཁས་པ་ཞིག་གིས། རྨི་ལམ་ཡིན་ནོ། །རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་གྱིས་ལ་དགེ་སྦྱོར་འདི་ལྟ་བུ་གྱིས་ཤིག་ཅེས་རྣ་ཁུང་དུ་དང་པོ་སྒྲ་ཆུང་ངུ་སྒྲོགས། གཉིད་མི་སད་པའི་གདེང་རྙེད་པའི་མཚམས་ནས་ཅུང་ཆེ་བར་སྒྲོགས། དེ་ཐོས་པའི་རྐྱེན་བྱས་ནས་རྨི་ལམ་ངོ་ཤེས། དེ་ལྟར་ངོ་ཤེས་ནས་ཉིན་པར་གང་ལ་བྱང་བའི་དགེ་སྦྱོར་རྣམས་སྐྱོང་། དང་པོ་མ་གོམས་བར་དུ་གཉིད་མྱུར་དུ་སད་འོང་བས། དེ་ལ་ནི་སྙིང་གའི་ནོར་བུའི་དབུས་སུ་ཐིག་ལེ་ནག་པོ་སྲན་མ་ཙམ་ཞིག་ལ་སེམས་བཟུང་། ཡང་སྔར་བཞིན་དགེ་སྦྱོར་སྐྱོང་། ཁྱད་པར་རྨི་ལམ་ལོངས་སྐུར་ལྡང་བ་ལ་བསླབ་པར་བྱའོ། །དེ་ལྟར་བྱས་པས་རྨི་ལམ་མྱུར་དུ་ཟིན་པ་དང་སད་འབྱམས་གཅོད་པའི་གདམས་པ་གཉིས་སྣང་ངོ་༌། །

གེགས་སེལ་འབྱམས་གཅོད་ཀྱི་སྐོར།

 གཉིད་ཀྱི་འོད་གསལ་འཛིན་པའི་གང་ཟག་གིས་གེགས་བྱུང་ན་ཇི་ལྟར་སེལ་ཚུལ་ཡོད་དེ། གཉིད་འཐུག་དྲགས་ནས་འོད་གསལ་མི་ཟིན་ན། འཐུག་འབྱམས་གཅོད་པ། གཉིད་མེད་ན་དགེ་སྦྱོར་གྱི་གཞི་སྟོར་བས། སྟོང་འབྱམས་གཅོད་པ། གཉིད་ཡང་ཡང་སད་ན་གཉིད་ཀྱི་དགེ་སྦྱོར་ཡུན་རིང་དུ་བྱེད་མི་ནུས་པས། སད་འབྱམས་གཅོད་པའི་མན་ངག་གིས་སེལ་བའི་ཕྱིར། དེ་བཞིན་དུ་རྨི་ལམ་རླུང་སྟོབས་ཀྱིས་འཛིན་པ་ལ། གཉིད་རླུང་སྟོབས་ཀྱིས་འཛིན་ཚུལ་གོང་ལྟར་བྱས་ནས་གཉིད་ཀྱི་འོད་གསལ་སྐྱོང་ཞིང་། དེ་ལས་རྨི་ལམ་གྱི་ལུས་ལྟ་བུའི་རྣམ་པར་ལྡང་བ་ལས་མན་ངག་གཞན་མི་དགོས་སོ། །རྨི་ལམ་འདུན་སྟོབས་ཀྱིས་འཛིན་པ་ལ། གཙང་ཞིང་དབེན་པའི་གནས་སུ་ལུས་ངལ་དུབ་དང་ཟས་གོས་གྲིབ་ཅན་སོགས་སྤངས་ཏེ། བླ་མའི་རྣལ་འབྱོར་སོགས་ལ་ལེགས་པར་འབད་བཞིན། ད་ལྟར་གྱི་སྣང་བ་འདི་ཐམས་ཅད་རྨི་ལམ་ཡིན་སྙམ་དུ་འཕེན་པ་ཡང་ཡང་གཏོང་ཞིང་། ངག་གི་གདངས་དང་མཐུན་པར་སྐྱོར་བ་སོགས་དང་། གཞན་ཡང་། གཉིད་འཐུག་ཧ་ཅང་ཆེ་ན་རྨི་ལམ་མི་འབྱུང་བས། འཐུག་འབྱམས་གཅོད་པ། ཡང་ཡང་སད་ན་རྨི་ལམ་མི་བརྟན་པས། སད་འབྱམས་གཅོད་པ་དང་། རྨི་ལམ་བྱུང་ཡང་མ་ཟིན་ན་དགེ་སྦྱོང་ངོས་མི་ཟིན་པས། སྡུག་འབྱམས་གཅོད་པ་དང་། སྙིང་གའམ་ནོར་བུའི་དབུས་སམ་མགྲིན་པ་སོགས་སུ་དམིགས་པས། གནད་དུ་བསྣུན་པའི་མན་ངག་སོགས་གེགས་སེལ་བོགས་འདོན་ལ་མཁས་པར་བྱས་ཏེ། ཐོ་རེངས་ལྟ་བུ་རིགས་པ་དྭངས་པའི་དུས་སུ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འཕེན་པ་དང་བཅས། མགྲིན་པ་སོགས་ལ་དམིགས་པའི་མན་ངག་བསྒོམས་ཏེ། ཉལ་ན་རྨི་ལམ་ཟིན་པར་འགྱུར་ཞིང་། དེ་ཡང་། ལན་ཁ་ཤས་ཟིན་པ་ཙམ་གྱིས་མི་ཆོག་པར་འཐོར་ཉེན་མེད་པར་རྒྱུན་ལྡན་དུ་འོང་བ་ཙམ་ནས་རྨི་ལམ་གྱི་བསྲེ་བ་དངོས་བསྒོམ་པ་ཡིན་པས། དེ་ལ་ཐོག་མར་རྨི་ལམ་རང་ག་བ་འཆར་བ་ན། དེ་མ་ཐག་ཏུ་རྨི་ལམ་དུ་ངོ་ཤེས་ནས་ལྷ་ཡབ་ཡུམ་གྱི་རྣམ་པར་དམིགས་པའི་སྟོབས་ཀྱིས་ལངས་ནས་ཕྱག་རྒྱ་དང་སྦྱོར་བས་དགའ་བཞི་དྲངས་ཏེ། བདེ་བ་དེ་དང་སྟོང་ཉིད་གཉིས་དབྱེར་མེད་པར་ཅི་ནུས་སུ་སྦྱོར་བ་དང་། དེ་ལ་བྱང་བ་ན་སྣོད་བཅུད་ཐམས་ཅད་རྡོ་རྗེ་འཆང་གི་རྣམ་རོལ་དུ་རྒྱས་བཏབ་སྟེ། བསྒོམ་པའི་ཚེ་བསམ་གཏན་གཉིས་ཀྱི་སྡུད་རིམ་དང་སྦྲགས་ན། ཉིན་པར་ལས་ཀྱང་ལྷག་པའི་འོད་གསལ་དུ་སོང་བའི་ཉམས་འཆར་ལ། དེའི་མཐར་སླར་ཡང་གཉིད་ཀྱི་འོད་གསལ་ཤར་ནས་དགེ་སྦྱོར་རྣམས་ཉིན་པར་ལས་ཆེས་ལྷག་པ་འབྱུང་ངོ་༌། །འོན་ཀྱང་། རྨི་ལམ་འདུན་སྟོབས་ཀྱིས་ཟིན་པ་ན། ཉམས་ཀྱི་སྣང་བ་དཔྱད་བཟོད་སྣ་ཚོགས་པ་དང་། མ་འོངས་ལུང་བསྟན་ནུས་པ་སོགས་འབྱུང་ཡང་། དེ་ལ་འཆེལ་བར་མི་བྱ་བར་དགེ་སྦྱོར་ཉིད་ལ་འབད་ན་བོགས་འབྱིན་ཏེ། གོང་མའི་རྟོགས་པ་འཁྲུལ་མེད་སྐྱེ་ཡི། ཡིད་བརྟན་མི་རུང་བའི་ཐོག་མའི་ཉམས་སྣང་སོགས་ལ་ཡོན་ཏན་དུ་ངོ་མ་ཤེས་ན། ལྷའི་བུའི་བདུད་འཇུག་སྟེ། རང་རྒྱུད་བརླག་པར་འགྱུར་བའི་ཚུལ་ལ་ཤིན་ཏུ་བག་ཡོད་པར་བྱོས་ཤིག །

རྗེ་བཙུན་བློ་བཟང་ཕུན་ཚོགས་ཀྱིས། “གཉིད་དུས་ཀྱི་བསྲེ་བའི་སྐབས། འབྱམས་གཅོད་གསུངས་པའི་སྟོང་འབྱམས་གཅོད་པ་ནི། གཉིད་མ་བྱུང་ན་གཉིད་དུས་ཀྱི་བསྲེ་བ་མི་འབྱུང་བས། དེ་ལ་གཉིད་འོང་བའི་རྒྱུ་ཁ་ཟས་བཅུད་ཅན་བསྟེན་པ་དང་། བསྐུ་མཉེ་སོགས་བྱེད་དགོས་པས་དེ་ལྟར་བྱེད་པ་ལ་ཟེར། གཉིད་འཐུག་དྲགས་ན་སྙིང་གའི་ཐིག་ལེ་འོད་ཤིན་ཏུ་འབར་བ་བསྒོམ་པ་དང་། འོད་ཕུང་འཕྲོས་པས་མལ་གྱི་ཁྱོན་ཙམ་མམ་གནས་ཁང་ཁྱབ་པར་བསམ་སྟེ། གཉིད་སྲབ་པར་བྱེད་པ་ལ། སྡུག་འབྱམས་གཅོད་པ་ཟེར། སད་མྱུར་ན་གཉིད་ཀྱི་འོད་གསལ་ཡུན་ཐུང་བས་གཉིད་སྲབ་ཏུ་སོང་བ་ན། དེ་མ་ཐག་སྙིང་གར་མི་ཤིགས་པ་ལ་དམིགས་པ་གཏད་དེ། གཉིད་ཀྱི་འོད་གསལ་བརྟན་པར་བྱེད་པ་ལ། སད་འབྱམས་གཅོད་པ་” [27] ཞེས་གསུངས་སོ།།

རྨི་ལམ་གྱི་གདམས་པའི་ཁུངས།

 གཉིད་དང་སྟོང་པ་བཞི་བསྲེ་བར་བཤད་པ་ནི། སྤྱོད་བསྡུས་མ་གཏོགས་པ་ཡབ་སྲས་གཞན་གང་གི་གཞུང་ནའང་མེད་པར་བཤད་འདུག་པས། རྨི་ལམ་གི་གདམས་པའི་ཁུངས་གང་ཡོད་ཅེ་ན། རིམ་ལྔ་གསལ་སྒྲོན་ལས། “ལུགས་འདི་ལ་གཉིད་དང་རྨི་ལམ་གྱི་གདམས་པ་དང་༌། འཆི་ཀ་དང་བར་དོའི་གདམས་པ་བཤད་པ་འདི་རྣམས། རྒྱུད་དང་ཡབ་སྲས་ཀྱི་གཞུང་གང་ལ་བརྟེན་པ་ཡིན་སྙམ་ན། འདི་ལ་རྗེ་འགོས་ཀྱིས་ནི། བར་དོར་འཚང་རྒྱ་བ་ལ་འཆི་བ་དང་བསྲེ་བ་དང་༌། བར་དོ་དང་བསྲེ་བ་གཉིས་བཤད། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ལ་གཉིད་དང་བསྲེ་བ་བཤད་དེ། རྨི་ལམ་དང་བསྲེ་བ་འདིའི་མན་ངག་ལ་མ་བྱུང་ངོ་། །ཚེ་འདིར་འཚང་རྒྱ་བ་ལ་བསྲེ་བ་དེ་དག་མ་བཤད་ཅིང་༌། དེ་རྣམས་ཀྱང་སྤྱོད་བསྡུས་ཀྱི་གཞུང་དྲངས་ནས་བཤད་དོ། །ནཱ་རོ་པའི་མན་ངག་ནག་ཚོ་ནས་བརྒྱུད་པ་ལ་བསྲེ་བ་འདི་རྣམས་མ་བྱུང་ལ། མར་པ་ནས་བརྒྱུད་པ་ལ་དེ་བཞི་ཀའི་གདམས་པ་མང་དུ་བྱུང་ཞིང་༌། ཚེ་འདིར་འཚང་རྒྱ་བ་ལ་གཉིད་དང་རྨི་ལམ་དང་བསྲེ་བ་དང་༌། བར་དོར་འཚང་རྒྱ་བ་ལ་དེ་གཉིས་དང་འཆི་བ་དང་༌། བར་དོ་དང་བསྲེ་བ་དང་༌། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ལ་དེ་བཞི་ཀ་བཤད་དོ། །

གཞུང་འདིས་བསྟན་པ་ཕྱོགས་ཙམ་སྨོས་པ་མ་གཏོགས་པ་གསལ་བར་སྦྱར་བ་མི་སྣང་ངོ་། ། རིམ་ལྔ་བསྡུས་པ་ལས། “རྨི་ལམ་ལུས་ནི་རྣམ་སྦྱང་ཕྱིར། །སྒྱུ་མར་མཚོན་པའི་དུས་གང་ལས། །ཡུལ་སྣང་ཀུན་རྫོབ་གང་མཐོང་བ། །ཀུན་རྫོབ་སྒྱུ་མའི་རིམ་པའོ། །ཞེས་དང་༌། རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱང་༌། །”[28] ཞེས་པས་རྨི་ལམ་གྱི་གདམས་པ་དང་༌། “བར་དོ་རྣམ་གསུམ་བསྲེ་བར་བྱ། །” ཞེས་དང་༌། སྔར་དྲངས་པ་ལྟར་ཉིན་ཞག་གཅིག་དང་༌། སྲིད་པ་སྐྱེ་འཆིའི་རིམ་པ་དང་སྦྱར་ལ་རིམ་ལྔ་བསྒོམ་ཞེས་པས་གཉིད་དང་བསྲེ་བ་དང་༌། འཆི་བ་དང་བར་དོ་དང་བསྲེ་བའི་གདམས་པ་མདོ་ཙམ་དུ་བསྟན་ནོ། །མགོན་པོ་ཀླུའི་གཞུང་ལས་ནི། རིམ་ལྔར།  སྒྱུ་ལུས་ལ་བར་དོར་བཤད་པ་དེ། དེ་གཉིས་བསྲེས་པར་བཤད་དུ་རུང་བ་ཙམ་མ་གཏོགས་པ། བསྲེ་བ་རྣམས་ཚིག་ཟིན་ལ་མི་གསལ་ལོ། ། ཀླུ་བྱང་གིས། རྫོགས་རིམ་ལ་འཆི་རིམ་བཞིན་དུ་སྦྱར་བ་མ་གཏོགས་པ། བར་དོ་དང་སྦྱོར་བ་དང་༌། གཉིད་དང་རྨི་ལམ་དང་སྦྱར་བ་མེད་ལ། བསྐྱེད་རིམ་ལ་སྐྱེ་འཆི་བར་དོ་གསུམ་དང་སྦྱར་ནས་གསུངས་སོ། །ཟླ་བ་གྲགས་པས། བར་དོར་འཚང་རྒྱ་བའི་འཆི་བ་དང་བར་དོ་དང་༌། བསྲེ་བ་བཤད་ལ། ལེའུ་བཅོ་ལྔ་པར། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བཤད་པའི་སྐབས་སུ། རྨི་ལམ་དང་སད་པའི་སྐབས་ཀྱི་ཆོས་རྣམས་བདེན་མེད་དུ་མཉམ་པའི་ཤེས་བྱེད་དུ། སྤྱོད་བསྡུས་ཀྱི་ལུང་དྲངས་པ་མ་གཏོགས་པ། གཉིད་དང་རྨི་ལམ་དང་བསྲེ་བ་དངོས་སུ་མ་བཤད་པས། ལུགས་འདི་ལ་ལེའུ་བཅོ་ལྔ་པའི་རྨི་ལམ་ལྟ་བུར་བཤད་པས། རྨི་ལམ་འཛིན་པ་སོགས་ཀྱི་གདམས་པ་བསྟན་པར་འདོད་པ་ནི་དོན་མིན་ནོ། །

དེས་ན། གཉིད་དང་སྟོང་པ་བཞི་བསྲེ་བར་བཤད་པ་ནི། སྤྱོད་བསྡུས་མ་གཏོགས་པ་ཡབ་སྲས་གཞན་གང་གི་གཞུང་ནའང་མེད་དོ། །

འོ་ན། རྨི་ལམ་གྱི་གདམས་པ་ལ་ཁུངས་གང་ཡོད་ཅེ་ན། དེ་ལ་ཡང་། རྒྱུད་དང་༌། ཡབ་སྲས་ཀྱི་གཞུང་གཞན་ན་གསལ་བར་མེད་པས། སྤྱོད་བསྡུས་ལས་ཤེས་དགོས་ཏེ། དེ་ཉིད་ལས།   “ཅིའི་ཕྱིར་ཡུན་རིང་པོར་གཉིད་ལོག་ནས། ཅིའི་ཕྱིར་ལུས་ཀྱི་ཁོག་པ་བོར་ཏེ། རྨི་ལམ་དུ་སུམ་ཅུ་རྩ་གསུམ་པའི་གནས་སམ། ཡུལ་ཕྱོགས་གཞན་དག་ཏུ་སོང་ནས་འདོད་པའི་ཡོན་ཏན་ལྔ་ཉམས་སུ་མྱོང་སྟེ། ཡང་ལུས་འདིར་འོངས་ནས། ཅིའི་ཕྱིར་རྨི་ལམ་དགེ་བ་དང་མི་དགེ་བ་མཐོང་བའི་འབྲས་བུ་ཐོབ་པར་འགྱུར། དེ་བཞིན་དུ་གཉིད་ལོག་པའམ། གཉིད་མ་ལོག་པའི་གནས་སྐབས་དག་ཅི་ཐ་དད་པར་མཆིས་སམ་འོན་ཏེ་མ་མཆིས།”[29]  ཞེས་རྨི་ལམ་ལ་དྲི་བ་མཛད་དོ། །ཅིའི་ཕྱིར་ཡུན་རིང་པོར་གཉིད་ལོག་ཅེས་པ་ནི། རྨི་ལམ་མ་ཤར་བའི་གཉིད་ཡུན་རིང་པོའི་རྒྱུ་དྲིས་པའོ། །ཅིའི་ཕྱིར་ལུས་ཀྱི་ཁོག་པ་བོར་ཏེ་ཞེས་སོགས་ཀྱི་དོན་ནི། སྔར་ལྟར་གཉིད་ལོག་པའི་རྗེས་དེ་ནས་རྨི་ལམ་ཤར་བའི་དུས་སུ། ཕུང་པོའི་ཁོག་པ་སྔར་ཡོད་འདི་ལས་རྨི་ལམ་གྱི་ལུས་ལོགས་སུ་བྱེ་ནས། ཡུལ་ཕྱོགས་གཞན་དུ་སོང་ནས་ཡང་ལུས་སྔ་མ་འདིར་འོང་བ་དེ་ཅིའི་ཕྱིར་འོང་ཞེས་སླར་དེ་ལ་འཇུག་པའི་རྒྱུ་དྲིས་སོ། །

ཆག་འགྱུར་ལས། རྨི་ལམ་དུ་དབང་པོ་མཐའ་དག་གིས་སུམ་ཅུ་རྩ་གསུམ་གྱི་གནས་སམ། ཞེས་འབྱུང་བ་ལྟར་ན། རྨི་ལམ་གྱི་ལུས་ལོགས་སུ་བྱེ་བ་དེ་ལ་དབང་པོ་རྟེན་བཅས་ཚང་བར་སྣང་བའི་དོན་ནོ། །

ཅིའི་ཕྱིར་རྨི་ལམ་དགེ་བ་དང་ཞེས་སོགས་ཀྱི་དོན་ནི། རྨི་ལམ་དུ་མཐོང་བའི་ལྟས་བཟང་ངན་གྱི་འབྲས་བུ་སད་དུས་སུ་མྱོང་བའི་རྒྱུ་ཅི་ཡིན་ཞེས་དྲིས་སོ། །གཉིད་ལོག་སད་ལ་ཐ་དད་ཡོད་དམ་མེད་ཅེས་པ་ནི། རྨི་ལམ་བརྫུན་ལ་སད་པའི་ཡུལ་སྣང་རྣམས་བདེན་པའི་ཁྱད་པར་ཡོད་མེད་དྲིས་པའོ། ། དེའི་ལན་དུ། སྤྱོད་བསྡུས་ལས། “ཐོག་མ་མེད་པའི་རང་བཞིན་ཅན་གྱི་ལུས་ལ་དངོས་པོར་བལྟས་ནས་འཛིན་པ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་དང་༌། བདག་ལ་བྱིན་གྱིས་བརླབ་པ་བཤད་པ་རྣམ་པར་གསལ་བར་བྱ་བའི་ཕྱིར། རྨི་ལམ་གྱི་མཚན་ཉིད་ཡོངས་སུ་འདྲི་བར་བྱེད་པ་ལེགས་སོ་ལེགས་སོ། །དེ་བས་ན་རྨི་ལམ་གྱི་སྒོ་ནས་གཟུགས་བརྙན་དུ་བཤད་པའི་ལྷའི་སྐུ་ཐམས་ཅད་ཀྱི་སོ་སོ་རང་རིག་པར་གྱུར་པ། རྒྱུད་དང་མདོ་སྡེ་རྣམས་ཀྱི་རྗེས་སུ་འབྲངས་ནས་རབ་ཏུ་རྟོགས་པར་བྱ་ཡིས། རྩེ་གཅིག་པའི་སེམས་ཀྱིས་ཉོན་ཅིག ། ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་པ། །ཤེས་པ་གཉིས་པོ་དེ་འདིར་རབ་འདུས་ནས། ། སྟོང་ཆེན་གྱུར་པས་གང་ཞིག་གཉིད་ལོག་པ། ། རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། ། རྨི་ལམ་སད་ལ་བྱེ་བྲག་གཞན་མེད་པར། །ཀུན་ཏུ་རྟོག་པས་རྨི་ལམ་འབྲས་འདོད་པ། །འགྲོ་བ་ཉིན་མཚན་ཉེ་བར་གཉིད་ལོག་ཅིང་༌། །ས་འཐུག་གྱུར་པས་རབ་ཏུ་རིང་གཉིད་ལོག །འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་རླུང་ནི་སླར་ཡང་འཇུག་པར་འགྱུར། །འབྲས་བུ་སྨིན་པར་གྱུར་ན་རླུང་འདི་ཉིད། །འཇིག་རྟེན་འཆི་བ་གཞན་དུ་མྱུར་འགྲོར་འགྱུར། །ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེ་ཡི་སྐུ་ལ་རྐང་རུས་ཤ་མེད་ཀྱང་༌། །སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང་༌། །སྤྲུལ་པའི་སྐུ་ཡིས་བྱ་བ་མཛད་པ་ཡིན། །རིམ་པ་དེ་ཉིད་གཉིད་ལོག་སད་པའི་སེམས། །འབྲས་བུ་འདོད་པའི་རྣམ་རྟོག་དྲ་བ་ཅན། །དེ་བས་ཆོས་ཀུན་རྨི་ལམ་ལྟ་བུ་སྟེ། །བདེན་དང་བརྫུན་པ་དག་ཀྱང་ཡོད་མ་ཡིན། །ཞེས་བྱའོ། །” [30] ཞེས་གསུངས་སོ། །

དེ་རྣམས་ཀྱིས་ནི་སྤྱིར་གཉིད་དུ་འགྲོ་བའི་རྒྱུ་དང་༌། བྱེ་བྲག་ཏུ་གཉིད་ཡུན་རིང་བའི་རྒྱུ་གསུངས་སོ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བ་ཉེར་ཐོབ་དྲན་མེད་སངས་མ་ཐག་གཉིད་ཀྱི་འོད་གསལ་འཆར་ལ། དེ་གྲོལ་བ་ན་རྨི་ལམ་འཆར་བ་སྟེ། འདིར་འོད་གསལ་དེ་ཉེར་ཐོབ་ཏུ་བསྡུས་སོ། །འགྲོ་བ་ཞེས་པར་འགྱུར་རྙིང་ལྟར་ན། གཉིད་ལ་སྦྱར་རྒྱུ་ཡིན་ཞིང་༌། ཆག་འགྱུར་ལས། སྐྱེ་བོ་ཉིན་མཚན་རྨི་ལམ་ཉེ་བར་འབྱུང་༌། །ཞེས་འབྱུང་ངོ་། །རླུང་ནི་ཞེས་པ་ནི། རླུང་སེམས་ཙམ་ལས་གྲུབ་པའི་རྨི་ལམ་གྱི། ལུས་ཡུལ་གཞན་དུ་ཕྱིན་པ་ཡིན་ཏེ་དྲི་བའི་གནད་ཀྱིས་ཤེས་སོ། །འབྲས་བུ་སྨིན་མ་སྨིན་ནི། རླུང་སེམས་དེ་ལུས་རགས་པ་འདི་དང་འབྲལ་མི་འབྲལ་གྱི་ལས་ཀྱི་ནུས་པ་ཟད་མ་ཟད་དོ། །དེས་ན། དེ་མ་ཟད་པས་སླར་ཡང་འདིར་འཇུག་ཅེས་སླར་འཇུག་པའི་རྒྱུ་གསུངས་སོ། །

དྲི་བ་གསུམ་པའི་ལན་ནི། རྨི་ལམ་གྱི་ལུས་ལོགས་སུ་བྱེ་བ་ལུས་སྔ་མ་ལ་འཇུག་པར་བསྟན་པའི་རྒྱུད་གཅིག་པས་གོ་བར་ནུས་སོ། །རྨི་ལམ་སད་ལ་ཞེས་པ་གཉིས་དང་། འབྲས་བུ་འདོད་པ་ཞེས་པ་གསུམ་གྱིས་ནི། རྨི་ལམ་དང་སད་པ་གཉིས་ལ་བདེན་བརྫུན་གྱི་ཁྱད་པར་མེད་པར་བསྟན་ནོ། །ཆག་འགྱུར་ལས། ཆོས་རྣམས་དེ་ཀུན་རྨི་ལམ་ལྟ་བུ་སྟེ། །ཞེས་འབྱུང་ངོ་། །ཇི་ལྟར་ཞེས་པ་ལྔས་ལོངས་སྐུ་ལ་ཤ་རུས་ལ་སོགས་པ་མེད་ཀྱང་༌། སེམས་ཅན་གྱིས་མཐོང་བའི་དོན་དུ་ཁམས་རགས་པའི་ལུས་ལ་ཞུགས་ནས། སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་གྱི་བྱ་བ་མཛད་པ་དེ་ལྟ་བུའི་རིམ་པས། གཉིད་ལོག་དུས་ཡུལ་གཞན་དུ་སོང་བའི་རྨི་ལམ་གྱི་ལུས་དང་༌། སད་པ་ལ་ཉེ་བའི་སྔར་གྱི་ལུས་ལ་འཇུག་པ་ཤེས་པར་བྱ་བར་བསྟན་ནོ། །

དེས་ནི་རྨི་ལམ་གྱི་ལུས་ལོངས་སྐུ་དང་འདྲ་བས་སྒྱུ་ལུས་ཤེས་པར་བྱ་བ་དང་༌། ལུས་དེ་རགས་པའི་ལུས་ལ་ཞུགས་པ་སྤྲུལ་སྐུ་དང་འདྲ་བས། སྒྱུ་ལུས་ལོངས་སྐུས་རགས་པའི་སྤྲུལ་སྐུ་བཟུང་བ་ཤེས་པར་བྱ་བར་བསྟན་ནོ། །ཆག་འགྱུར་ལས། དེ་ལྟའི་རིམ་པས་གཉིད་ལོག་སད་པའི་སེམས། །ཞེས་འབྱུང་ངོ་། །དེས་ན། སྒྱུ་ལུས་ཀྱི་སྔོན་དུ་འགྲོ་བའི་སྟོང་པ་གསུམ་ནི། རྨི་ལམ་གྱི་སྔོན་དུ་འགྲོ་བའི་གཉིད་ཀྱི་སྟོང་པ་གསུམ་གྱིས་མཚོན་པ་དང་། སྒྱུ་མའི་སྐུ་དངོས་ནི། རྨི་ལམ་གྱི་ལུས་ཀྱིས་མཚོན་པ་དང་༌། རྨི་ལམ་གྱི་མཇུག་ཏུ་སྒྱུ་མའི་སྐུས་སྤྲུལ་པའི་སྐུ་བཟུང་བས་མཚོན་པས་ན། དཔེ་བཅུ་གཉིས་ཀྱི་ནང་ནས་རྨི་ལམ་གྱི་དཔེ་ནི། སྒྱུ་ལུས་མཚོན་པ་ལ་མཚུངས་པ་མེད་པར་འཕགས་པ་ལྷའི་མན་ངག་ལས་ཤེས་པར་གྱིས་ཤིག དཔེ་གཞན་ལ་དཔེ་དོན་གྱི་ཆོས་མཐུན་སྦྱར་ནས་སྒྱུ་ལུས་ལ་ངེས་པ་སྐྱེད་པའི་གོ་བ་ཙམ་མ་གཏོགས་པ། དཔེ་ཉིད་ཀྱི་སྟེང་ནས་མཚོན་བྱེད་དཔེའི་སྒྱུ་ལུས་ལམ་གྱི་ངོ་བོར་བསྐྱེད་རྒྱུ་མེད་མོད་ཀྱང་༌། རྨི་ལམ་ལ་ནི་དེ་ཡོད་པས་ཀྱང་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་། རྨི་ལམ་གྱི་སྔོན་དུ་བྱུང་བའི་གཉིད་ཀྱི་སྟོང་པ་བཞི་རྣལ་འབྱོར་པས། ཏིང་ངེ་འཛིན་གྱི་ངོ་བོར་སྐྱེད་པར་བསྟན་པ་ནི། གཉིད་འོད་གསལ་དང་བསྲེ་བའི་གདམས་པ་ཡིན་ལ། དེ་ལྟ་ན་དེའི་མཐར་འབྱུང་བའི་རྨི་ལམ་གྱི་ལུས་སྒྱུ་ལུས་དང་བསྲེ་བའི་གདམས་པར་འོས་མེད་ཀྱི་རིགས་པས་ཤེས་ཏེ། བསྐྱེད་རིམ་པ་དང་རྫོགས་རིམ་པ་ལ་ལམ་གྱི་སྐུ་གསུམ་གསུམ་བཤད་པ་དང་། སྦྱང་གཞིའི་སྐུ་གསུམ་བཤད་པའི་གནད་ཀྱིས་ཀྱང་ངེས་པར་ཤེས་སོ། །དེས་ན། ལུགས་མཆོག་ཏུ་གྱུར་པ་འདིའི་རྨི་ལམ་གྱི་གདམས་ངག་འོང་ཚུལ་ནི་དེ་ལྟར་ཡིན་ལ། ཚུལ་དེ་ཡང་གང་ཟག་གསུམ་ག་ལ་དགོས་པ་ཡིན་ནོ། །འཆི་བ་དང་། བར་དོ་གཉིས་དང་བསྲེ་བ་ནི། བར་དོར་འཚང་རྒྱ་བ་ལ་སྤྱོད་བསྡུས་སོགས་ལས་བཤད་ལ། དེ་ལ་བརྟེན་ནས་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ལ་ཡང་སྦྱར་དུ་རུང་སྟེ་གཉིད་དང་བསྲེ་བ་བཞིན་ནོ། །འདི་གཉིས་དང་རྨི་ལམ་རྒྱུད་ལ་སོགས་པའི་ཁུངས་ལ་བརྟེན་ལུགས་ཀྱང་སྔ་མས་དཔག་པར་ནུས་སོ། །དེ་ལྟར་ན་མར་པའི་ཁྱད་ཆོས་བསྲེ་བའི་གདམས་པ་འདི་རྣམས་འཕགས་པ་ཡབ་སྲས་ཀྱི་མན་ངག་གི་གཞུང་ལ་གཏུགས་ནས་ལེགས་པར་འཆད་ཤེས་ན། ཁྱད་ཆོས་བླ་ན་མེད་པར་སྣང་ངོ་། །

དེ་ལྟར་ན་རྨི་ལམ་ལ་བརྟེན་ནས་མཚོན་བྱེད་དཔེའི་སྒྱུ་མ་སྒྱུ་ལུས་ཀྱི་སྐབས་སུ། སྤྱོད་བསྡུས་ལས་གསུངས་པའི་དབང་དུ་བྱས་ན། རྨི་ལམ་གྱི་གདམས་པ་རྣམས་སྒྱུ་ལུས་ཀྱི་སྐབས་སུ་འབྲེལ་བས། གཉིད་ཀྱི་སྟོང་པ་རྣམས་འཛིན་པའི་གདམས་པ་ཡང་སྐབས་དེར་འབྲེལ་ལོ། །དོན་གྱི་དབང་དུ་བྱས་ན་སད་དུས་སུ་སྟོང་པ་བཞི་མ་མཐའ་ཞིག་འདྲེན་ནུས་པའི་མཚམས་ནས་གཉིད་ཀྱི་སྟོང་པ་ལ་འཇུག་ཅིང་། དེའི་རྗེས་སུ་རྨི་ལམ་གྱི་གདམས་པ་རྣམས་སྒོམ་པས། ལུས་དབེན་གྱི་སྐབས་དང་ངག་དབེན་དང་། སེམས་དབེན་གྱི་སྐབས་རྣམས་སུ་ཡང་འབྱུང་ངོ་། །འཆི་བ་དང་བར་དོ་དངོས་དང་བསྲེ་བ་ནི་དེ་དག་གི་སྐབས་ཡིན་ལ། དེ་གཉིས་དང་མཐུན་པར་སྐྱེད་པ་ལ་ཡང་དེ་གཉིས་དང་བསྲེ་བའི་ཐ་སྙད་བྱེད་པས། དེ་ནི་སད་དུས་དང་གཉིད་དུས་ཅི་རིགས་སུ་འོང་ངོ་། །

སྤྱོད་བསྡུས་ཀྱི་གཞུང་གི་དོན་འཆད་པ་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། “འདིར་དྲི་བ་བཞི་མཛད་པ་ཡིན་ཏེ། ༡ གཉིད་འཐུག་ཡུན་རིང་བའི་རྒྱུ་དང་། ༢ རྨི་ལམ་གྱི་ལུས་ལོགས་སུ་བྱེ་ནས་ཡུལ་གཞན་དུ་ཕྱིན་ཏེ་འདོད་ཡོན་སྤྱད་ནས་སླར་ཡང་ལུས་སྔ་མ་ལ་འཇུག་པའི་རྒྱུ་དང་། ༣ རྨི་ལམ་བཟང་ངན་གྱི་འབྲས་བུ་སད་དུས་སུ་འབྱུང་བའི་རྒྱུ་དང་། ༤ རྨི་ལམ་དང་སད་པའི་ཡུལ་སྣང་རྣམས་བདེན་རྫུན་གྱི་ཁྱད་པར་ཡོད་མེད་རྣམས་དྲིས་པ་ཡིན་པའི་ཕྱིར། དེའི་ལན་སྟོན་པ་ལ་སྤྱོད་བསྡུས་སུ་དྲངས་པ་ལས། “ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་པ། །ཤེས་པ་གཉིས་པོ་དེ་འདིར་རབ་འདུས་ནས། །སྟོང་ཆེན་གྱུར་པས་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་ལ་བྱེ་བྲག་གཞན་མེད་པར། །ཀུན་ཏུ་རྟོག་པས་རྨི་ལམ་འབྲས་འདོད་པ། །འགྲོ་བའི་ཉིན་མཚན་ཉེ་བར་གཉིད་ལོག་ཅིང་། །ས་འཐུག་གྱུར་པས་རབ་ཏུ་རིང་གཉིད་ལོག །འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱང་། །སྐྱེ་འདིར་རླུང་ནི་སླར་ཡང་འཇུག་པར་འགྱུར། །འབྲས་བུ་སྨིན་པར་གྱུར་ན་རླུང་འདི་ཉིད། །འཇིག་རྟེན་འཆི་བ་གཞན་དུ་མྱུར་འགྲོར་འགྱུར། །ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེ་ཡི་སྐུ་ལ་རྐང་རུས་ཤ་མེད་ཀྱང་། །སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང་། །སྤྲུལ་པའི་སྐུ་ཡི་བྱ་བ་མཛད་པ་ཡིན། །རིམ་པ་དེ་ཉིད་གཉིད་ལོག་སད་པའི་སེམས། །འབྲས་བུ་འདོད་པའི་རྣམ་རྟོག་དྲ་བ་ཅན། །དེ་བས་ཆོས་ཀུན་རྨི་ལམ་ལྟ་བུ་སྟེ། །བདེན་དང་རྫུན་པ་དག་ཀྱང་ཡོད་མ་ཡིན། །” [31] ཞེས་གསུངས། དོན་ནི་སྤྱིར་གཉིད་དུ་འགྲོ་བ་དང་། ཁྱད་པར་གཉིད་འཐུག་ཡུན་རིང་བའི་རྒྱུ་ཡོད་དེ། ཕུང་སོགས་རགས་པ་ཉེར་ལྔ་རིམ་གྱིས་ཐིམ་ནས་སྣང་མཆེད་ཀྱི་ཤེས་པ་གཉིས་པོ་སྟོང་ཆེན་ཉེར་ཐོབ་ཏུ་འདུས་པ་དང་། དེ་ཡང་། ལྷ་མོ་བཞིས་ཞུས་ལས། “དཀྱིལ་འཁོར་བཞི་ལུས་ལ་འགོད་པ་ནས་སྙིང་ཁར་འགོད་པར་” བཤད་པ་ལྟར། སྙིང་ཁར་རླུང་འདུས་པ་དེའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། རྨི་ལམ་འཆར་ཞིང་རྨི་ལམ་གྱི་ལུས་སུམ་ཅུ་རྩ་གསུམ་སོགས་སུ་ཕྱིན་ནས་ཡུལ་ལ་ལོངས་སྤྱོད་པའི་རྒྱུ་མཚན་ཡོད་དེ། གཉིད་ཀྱི་འོད་གསལ་གྱི་བཞོན་པའི་རླུང་གཡོས་ཤིང་། འོད་གསལ་དེའི་རླུང་སེམས་ལས་ཕྲ་བའི་ལུས་སུ་ལངས་ནས་ཕྱིན་པ་ཡིན་པའི་ཕྱིར། དེ་སླར་ལུས་རགས་པ་ལ་འཇུག་པའི་རྒྱུ་མཚན་ཡོད་དེ། ལུས་རགས་པ་དང་རྟེན་བརྟེན་པའི་ལས་ཀྱི་འབྲེལ་བ་མ་སྨིན་པ་སྟེ་མ་ཟད་པ་ཡིན་པའི་ཕྱིར། རྨི་ལམ་བཟང་ངན་གྱི་འབྲས་བུ་སད་དུས་སུ་མྱོང་བའི་རྒྱུ་མཚན་ཡོད་དེ། སད་རྨི་གཉིས་པོ་རྒྱུད་གཅིག་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། སད་རྨི་གཉིས་ལ་བདེན་རྫུན་གྱི་ཁྱད་པར་མེད་དེ། དེ་གཉིས་ཀ་སྒྱུ་མ་ལྟ་བུར་མཚུངས་པའི་ཕྱིར། ཞེས་པའོ། །” ཞེས་གསུངས།

སྒྱུ་ལུས་མཚོན་པའི་དཔེ་གཙོ་བོ་རྨི་ལམ་གྱི་ལུས་ཡིན་པར་བསྟན་པ།

 རིམ་ལྔ་རྗེའི་གསུང་རྒྱལ་ཚབ་རིན་པོ་ཆེས་ཟིན་བྲིས་སུ་བཀོད་པ། པོད་ཉ་པ། ལས། “དེས་ན་དཔེའི་གཙོ་བོ་ནི། བར་སྲིད་ཀྱི་ལུས་དང་རྨི་ལམ་གྱི་ལུས་གཉིས་ཡིན་ལ། དེ་ལས་སྔ་མ་གཙོ་བོ་ཡིན་ནའང་། ད་ལྟ་མྱོང་བས་གྲུབ་པའི་རྣམ་པ་སྦྱར་དུ་མེད་པས་རྨི་ལམ་ཉིད་ལས་མཚོན་པར་བྱའོ། །གཉིས་པ་ནི། ཆོས་མཐུན་ལྔས་ཤེས་པར་བྱ་སྟེ། ༡ རྨི་ལམ་ལ་ཤི་བ་དང་རྣམ་པ་རྗེས་སུ་མཐུན་པར་འབྱུང་བ་བཞི་དང་། སེམས་དང་སེམས་བྱུང་དང་། ཉེར་ཐོབ་རྣམས་རིམ་པ་བཞིན་དུ་གཉིད་ཀྱི་འོད་གསལ་ལ་ཐིམ་ནས་དེ་ནས་རྨི་ལམ་གྱི་ལུས་སུ་ལྡང་བ་དང་། ༢ རླུང་སེམས་ཙམ་ལས་གྲུབ་པའི་ཡིད་ལུས་ཡིན་པ་དང་། ༣ ལུས་རང་ག་བ་དེ་ལས་ལོགས་སུ་ཕྱེ་བ་ལྟ་བུར་སྣང་བ་དང་། ། ༤ ངའོ་སྙམ་པའི་བློ་གོ་ས་འཕོས་ནས་རྨི་ལམ་གྱི་ལུས་ལ་འཛིན་པ་དང་། ༥ རྨི་ལམ་གྱི་ལུས་དེ་ཉིད་སླར་ཡང་ལུས་ཐ་མལ་པ་དེ་ལ་འཇུག་པ། དཔེ་དེ་བཞིན་དུ། ༡ སྒྱུ་ལུས་ཀྱང་འབྱུང་བ་བཞི་དང་། སྣང་མཆེད་ཐོབ་གསུམ་ལུགས་འབྱུང་དུ་བརྩམས་ནས་སླར་ཡང་ལུགས་ལྡོག་ཏུ་ཤར་བའི་སྣང་བ་གསུམ་གྱི་མཐར་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་དང་། ༢ རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་དང་། ༣ རྣམ་སྨིན་གྱི་ལུས་ལས་ལོགས་སུ་ཕྱེ་བ་ལྟ་བུར་སྣང་བ་དང་། ༤ དེ་ཉིད་ལ་ང་རྒྱལ་འཕོས་པ་དང་། ༥ སླར་ཡང་ལུས་སྔ་མ་ལ་འཇུག་པའོ། །

རྨི་ལམ་དང་སྒྱུ་ལུས་གཉིས་ཀ་དངོས་པོ་ལ་ཐ་མལ་པའི་ལུས་དང་རྟེན་དང་བརྟེན་པའི་འབྲེལ་བ་ཞིག་ནས་ལོགས་སུ་ཆད་པ་ནི་མ་ཡིན་གྱི། བསམ་ངོ་ན་དེ་ལྟར་སྣང་བ་ཡིན་ལ། འོན་ཀྱང་། སྒྱུ་ལུས་དེ་ཉིད་རླུང་སེམས་ལས་གྲུབ་པའི་ལྷ་སྐུ་མཚན་ཉིད་པ་ཡིན་པས། ཡེ་ཤེས་ཀྱི་སྐུ་ཞེས་བྱ་ཡི་རྡོ་རྗེ་འཆང་མཚན་ཉིད་པ་ནི་མ་ཡིན་ནོ། །བསྐྱེད་རིམ་སོགས་ཀྱི་སྐབས་སུ་རྟོག་པས་ལྷར་མོས་པ་ཙམ་མ་གཏོགས་ལྷ་སྐུ་མཚན་ཉིད་པ་མེད་དོ། །འོ་ན། སློབ་པའི་ཟུང་འཇུག་དང་ཁྱད་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྒྱུ་ལུས་རྣམ་སྨིན་གྱི་ལུས་དང་ལས་དབང་གིས་བཞག་པའི་རྟེན་བརྟེན་པའི་འབྲེལ་བ་མ་ཞིག་ལ། ཟུང་འཇུག་གི་ཚེ་ཞིག་པས་སོ། །དེ་ལྟར་ནའང་ཤི་བ་བཞིན་དུ་མི་འགྱུར་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས། རྟེན་དང་བརྟེན་པར་འགྱུར་བས་སོ། །

མདོར་ན། མདོ་ལུགས་ཀྱི་རྨི་ལམ་གྱི་ལུས་དང་སྔགས་བླ་མེད་ཀྱི་གཞུང་ལས་གསུངས་པའི་རྨི་ལམ་གྱི་ལུས་ཁྱད་པར་ཅན་ལ་ཁྱད་པར་འབྱེད་དགོས་པ་དང་། རྨི་ལམ་གྱི་ལུས་ཁྱད་པར་ཅན་དེ། རྨི་ལམ་རྨི་བ་པོའི་ལུས་ལས་གོ་ས་ལོགས་སུ་ཡོད་མེད་ཐད་མཁས་པ་རྣམས་བཞེད་པ་མི་མཐུན་པ་དང་། རྨི་ལམ་གྱི་ལུས་ཁྱད་པར་ཅན་འཛིན་ཅིང་སྦྱོང་བ་དང་། གེགས་སེལ་འབྱམས་གཅོད་ཀྱི་སྐོར་དང་། རྣལ་འབྱོར་བས་སྦྱངས་ཤིང་རྩལ་འབྱོངས་ན། རྨི་ལམ་གྱི་ལུས་ཁྱད་པར་ཅན་འདི་ལས་བཞི་གང་འདོད་དུ་སྒྲུབ་པའི་རྟེན་མཆོག་ཏུ་གྱུར་པ་ཞིག་སྟེ། གདམས་པ་འདིའི་ཁུངས་ནི། སྤྱོད་བསྡུས་སྒྲོན་མེ་མ་གཏོགས་འཕགས་པ་ཡབ་སྲས་གཞན་གྱི་གཞུང་ལ་མི་སྣང་ངོ་།།  །།

དཔྱད་ཡིག་དང་ཞབས་མཆན། 

[1] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། གསང་ཆེན་རྡོ་རྗེ་ཐེག་པའི་ས་དང་ལམ་གྱི་རྣམ་པར་བཞག་པ་ཟུང་འཇུག་ཁང་བཟང་དུ་བགྲོད་པའི་རིན་ཆེན་ཐེམ་སྐས། ཕྱི་ལོ་ ༢༠༠༩ ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་གྲངས། ༡༩༨ ན་གསལ།

[2] རྗེ་ཙོང་ཁ་པ། མངོན་སུམ་ལེའུ་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་རྗེས་མཛད་པ། ཕྱི་ལོ་ ༢༠༡༩ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད་མ་པ། ཤོག་གྲངས་ ༤༤༤ ན་གསལ།

[3] རྗེ་ཙོང་ཁ་པ། བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ཕྱི་ལོ་ ༢༠༡༩ འཇམ་མགོན་

བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད་མ་པ། ཤོག་གྲངས་ ༢༢༢ ན་གསལ།

[4] མངོན་པ་ཀུན་བཏུས་ལས། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་སྟེ། བསྡུས་པ་ལས་གྱུར་པ་དང་། མངོན་པར་སྐབས་ཡོད་པ་དང༌། ཡང་དག་པར་བླངས་པ་ལས་གྱུར་པ་དང༌། ཀུན་བཏགས་པ་དང་། དབང་འབྱོར་པའོ། །ཞེས་གསུངས་པའི་ཕྱིར།

[5] རྗེ་ཙོང་ཁ་པ། བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ཕྱི་ལོ་ ༢༠༡༩ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད་མ་པ། ཤོག་གྲངས་ ༢༡༣ ན་གསལ།

[6] རྗེ་ཙོང་ཁ་པ། བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ཕྱི་ལོ་ ༢༠༡༩ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད་མ་པ། ཤོག་གྲངས་ ༢༡༠ ན་གསལ།

[7] རྗེ་ཙོང་ཁ་པ། བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ཕྱི་ལོ་ ༢༠༡༩ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད་མ་པ། ཤོག་གྲངས་ ༢༡༡ ན་གསལ།

[8] ཞང་ཞུང་ཆོས་དབང་གྲགས་པ། མཁས་གྲུབ་རིན་པོ་ཆེའི་གསུང་འབུམ་པོད་ག་པ། སེར་བྱེས་རིག་མཛོད་སྤར་མ། ཤོག་གྲངས་ ༩༧༠ ན་གསལ།

[9] གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ་ལས། གླེགས་བམ་བདུན་པ་གསང་སྔགས་ཨེ་པོད། འོད་ཕྲེང་བཅུ་བཞི་པ། རྒྱུད་སྨད་ཀྱི་བཤད་པ་གསལ་སྒྲོན་ལག་བརྒྱུད་མར་གསལ།

[10] ཀརྨ་མི་བསྐྱོད་རྡོ་རྗེ། དམ་ཆོས་དགོངས་པ་གཅིག་པའི་ཀར་ཊཱིཀ་ཆེན་མོ། ༢༠༡༤ གཡུ་ཐོག་རྣམ་རྒྱལ་དགོན་བཤད་གྲྭ་ཐུབ་བསྟན་ལུང་རིགས་དགའ་ཚལ་གླིང་། ཤོག་གྲངས་ ༣༩༡ ན་གསལ།

[11] རྗེ་ཙོང་ཁ་པ། རྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ །ཕྱི་ལོ་ ༢༠༡༩ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད་ཆ་པ། ཤོག་གྲངས་ ༣༨༩ ན་གསལ།

[12] རྗེ་ཙོང་ཁ་པ། སྔགས་རིམ་ཆེན་མོ། ཕྱི་ལོ་ ༢༠༡༩ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད་ག་པ། ཤོག་གྲངས་ ༥༢༩ ན་གསལ།

[13] རྗེ་བཙུན་ཤེས་རབ་རྒྱ་མཚོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་ཀྱི་ཟབ་ཁྲིད། ཕྱི་ལོ་ ༢༠༡༣ རྒྱུད་སྟོད་དཔེ་མཛོད་ཁང་། གསང་ཆེན་སྟོད་རྒྱུད་པོད་ཕྲེང་གསུམ་པ། ཤོག་གྲངས་ ༥༠༨ ན་གསལ།

[14] ༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ། རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེའི་བཤད་ལུང་དང་། རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ཀྱི་ལུང་རྐྱང་སྦྲགས་པའི་བཀའ་ཁྲིད། ཕྱི་ལོ་༢༠༢༢ ༧གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ཤོག་གྲངས་༡༧༤ ན་གསལ།

[15] ༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསང་འདུས་བསྐྱེད་རྫོགས་ཀྱི་ཁྲིད་དང་། རྣལ་འབྱོར་དག་རིམ། མདོར་བྱས། མདོ་བསྲེ། རྣམ་གཞག་རིམ་པ། རྣམ་གཞག་རིམ་པའི་རྣམ་བཤད། གསང་བ་འདུས་པའི་ཆོ་ག་བཅས་དཀྱུས་གཅིག་ཏུ་གསུངས་པའི་བཀའ་ཁྲིད། ཕྱི་ལོ་ ༢༠༢༢ ༧གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ཤོག་གྲངས་ ༤༧༤ ན་གསལ།

[16] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། གསང་ཆེན་རིགས་ལམ་གསལ་བྱེད། བློ་བཟང་བསྟན་པའི་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་དོན་རྣམ་པར་ཕྱེ་བ་འགྲེལ་པ་བཞི་སྦྲགས་སུ་གྲགས་པའི་བཤད་ལུང་གནང་སྐབས། གསེར་ཏོག་རིན་པོ་ཆེས་ཟིན་བྲིས་སུ་བཀོད་པར་གསལ།

[17] རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ། གསང་ཆེན་རྒྱུད་སྡེ་བཞིའི་ས་ལམ་གྱི་དཀའ་སླ་ཅི་རིགས་ལས་བརྩམས་ཏེ་དོགས་སློང་དུ་བཀོད་པ་བློ་གསལ་རྩེན་པའི་རོལ་མཚོ། རོང་པོ་དགོན་ཆེན་གྱི་ཤིང་པར། པོད་ཏ་པ། ཤོག་ངོས་ ༨ ན་གསལ།

[18] མཁས་གྲུབ་དགེ་ལེགས་དཔལ་བཟང་། ཊཱིཀ་ཆེན་ལས་ཡེ་ཤེས་ལེའུའི་འགྲེལ་བཤད་བློ་གྲོས་ཆོས་སྐྱོང་གིས་མཛད་པ། མཁས་གྲུབ་རྗེའི་གསུང་འབུམ། པོད་ག་པ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་ ༥༤༢ ན་གསལ།

[19] མཁས་གྲུབ་དགེ་ལེགས་དཔལ་བཟང་། ཊཱིཀ་ཆེན་ལས་ཡེ་ཤེས་ལེའུའི་འགྲེལ་བཤད་བློ་གྲོས་ཆོས་སྐྱོང་གིས་མཛད་པ། མཁས་གྲུབ་རྗེའི་གསུང་འབུམ། པོད་ག་པ། ༢༠༡༩ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ཤོག་གྲངས་ ༥༤༢ ན་གསལ།

[20]རྗེ་ཙོང་ཁ་པ། རྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ །ཕྱི་ལོ་ ༢༠༡༩ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད་ཆ་པ། ཤོག་གྲངས་ ༣༨༩ ན་གསལ།

[21] དུང་དཀར་བློ་བཟང་འཕྲིན་ལས། གསང་འདུས་བསྐྱེད་རྫོགས་དཀའ་གནད་གསལ་འགྲེལ། རྫོགས་རིམ། ཕྱི་ལོ་ ༢༠༡༧ མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་ ༣༢༣ ན་གསལ།

[22] ཨ་ཁུ་ཤེས་རབ་རྒྱ་མཚོ། དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔའི་དམར་ཁྲིད་ཀྱི་བརྗེད་བྱང་མི་བསྐྱོད་ཞལ་གྱི་བདུད་རྩི། ཕྱི་ལོ་ ༢༠༡༣ རྒྱུད་སྟོད་དཔེ་མཛོད་ཁང་།

[23] རྗེ་ཙོང་ཁ་པ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད། ཕྱི་ལོ་ ༢༠༡༩ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད་ཉ་པ། ཤོག་གྲངས་ ༥༩༢ ན་གསལ།

[24] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། (༡༩) དཔལ་འཁོར་ལོ་བདེ་མཆོག་དྲིལ་བུའི་ཞབས་ལུགས་ཀྱི་བསྐྱེད་རྫོགས། ཕྱི་ལོ་ ༢༠༠༧ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གནད་བཞི་ནི། དུས་ཀྱི་གནད། ལུས་ཀྱི་གནད། རླུང་གི་གནད། ཡུལ་གྱི་གནད་དེ་བཞིའོ། །དང་པོ་དུས་ཀྱི་གནད་ནི། སྤྱིར་དུས་རྒྱུན་དུ་ཉམས་སུ་ལེན་པ་ཡིན་ཀྱང་། ཁྱད་པར་ནི་ཐོ་རེངས་རིག་པ་གསལ་བའི་དུས་དང་། ཕྱི་དྲོ་མེ་ཁམས་རྒྱས་པའི་དུས་སུ་ཉམས་སུ་བླངས་ན་རྟོགས་པ་སྐྱེ་མྱུར་བར་གསུངས་སོ། །ལུས་ཀྱི་གནད་ནི། རྒྱལ་བ་དབེན་ས་བ་ཆེན་པོས། རྐང་པ་ལག་པ་རྐེད་པ་གསུམ། །སོ་མཆུ་ལྕེ་དང་བསྡོམས་པས་བཞི། །མགོ་མིག་ཕྲག་པ་དབུགས་དང་བཞི། །རྣམ་པར་སྣང་མཛད་ཆོས་བརྒྱད་ཡིན། །ཞེས་གསུངས་པ་ལྟར་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཁོད་ཅིང་། རླུང་ཆམ་ལ་འབེབས་པ་དང༌བཅས་བརྒྱད་ཚང་དགོས་པར་གསུངས། ཞེས་པ་ནས། རླུང་གི་གནད་ནི། རླུང་རོ་དགུ་ཕྲུགས་སུ་བསལ་ནས་རླུང་ཆམ་ལ་འབེབས་པ་ཡིན་པས། དེའི་ཚུལ་ནི་སྣ་བུག་གཡས་ནས་རླུང་བརྔུབས་ཏེ་གཡོན་ངོས་སུ་འབུད། གཡོན་ནས་བརྔུབས་ཏེ་གཡས་སུ་འབུད། གཉིས་ཀ་ནས་བརྔུབས་ཏེ་གཉིས་ཀ་ནས་འབུད། དེ་འདྲ་བ་ལན་གསུམ་བྱས་ཏེ་རླུང་རོ་བསལ། དེ་ནས་རླུང་ཕྱི་ནང་དུ་རྒྱུ་བ་སྒྲ་ཅན་དང༌།ཤུགས་ཅན་དང༌། ཕྱི་ནང་དུ་རྒྱུ་བ་རིང་ཐུང་མི་སྙོམས་པར་ཕྱིར་རྒྱུ་བ་རིང་ལ་ནང་དུ་བརྔུབས་པ་ཐུང་བ་དང༌། ནང་དུ་རིང་ལ་ཕྱིར་ཐུང་བ་ལྟ་བུར་མ་སོང་བར་ཕྱི་ནང་དུ་རྒྱུ་བ་རིང་ཐུང་སྙོམས་ཤིང་དལ་བུས་རང་བབས་སུ་རྒྱུ་བ་སྙོམ་དུ་ཞུགས །རླུང་གི་གནད་འདི་མ་འཕྱུགས་པ་ཤིན་ཏུ་གལ་ཆེ་སྟེ། རླུང་རང་བབས་སུ་གནས་ན་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་སེམས་རང་བབས་སུ་གནས་པར་འགྱུར་ལ། རླུང་སེམས་རང་བབས་སུ་གནས་ན་དམིགས་པ་གང་སྐྱོང་བ་དེ་གནད་དུ་འགྲོ་ཞིང་དེ་ལས་ཉམས་རྟོགས་མྱུར་དུ་སྐྱེ་བར་གསུངས། རླུང་གི་གནད་འཕྱུགས་ན་རླུང་འཁྲུགས་པར་འགྱུར་ཞིང་། དེའི་རྐྱེན་གྱིས་སེམས་འཁྲུགས་པར་འགྱུར། རླུང་སེམས་འཁྲུགས་བཞིན་དུ་དམིགས་པ་ལ་རྩོལ་ཆེན་པོས་བཅུར་ན་རླུང་སེམས་ཇེ་འཁྲུག་ཏུ་འགྱུར་བ་ལས་དགེ་སྦྱོར་ལ་ཡར་བསྐྱེད་མི་འོང་ཞིང་གེགས་ཆེ་བར་གསུངས་སོ། །ཡུལ་གྱི་གནད་ནི། གང་ལ་དམིགས་ནས་གནད་དུ་བསྣུན་པ་ལུས་ཀྱི་རྩ་རླུང་ཐིག་ལེའི་གནད་རྣམས་ཤེས་པར་བྱེད་པ་ཡིན་པས་འདི་ནི་ཤིན་ཏུ་གལ་ཆེ་སྟེ་རྫོགས་རིམ་གྱི་ལམ་གྱི་སྙིང་པོ་ནི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་ལ། དེ་སྐྱེ་བ་ལ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མཐུས་ཐུར་སེལ་གྱི་རླུང་གཡོས་ཏེ་ལྟེ་གསང་གི་གཏུམ་མོ་འབར། དེའི་རྐྱེན་གྱིས་སྤྱི་བོའི་བྱང་སེམས་ཞུ་བ་དགོས་པས། རླུང་དང་ཐིག་ལེ་གང་ནས་རྒྱུ་བའི་གནས་ལུས་ཀྱི་རྩ་ཆགས་ཚུལ་དང་། དེའི་ནང་ནས་རླུང་རྒྱུ་ཚུལ་དང་། ཐིག་ལེ་འབབ་ཚུལ་རྣམས་ཤེས་པ་ཞིག་མེད་མི་རུང་ཡིན་ནོ། །

[25] འཇམ་མགོན་ས་སྐྱ་ཨ་མྱེས་ཞབས་ཀྱི་གསང་བ་འདུས་པའི་ཆོས་འབྱུང་ལས། གཉིས་མེད་རྣམ་རྒྱལ་ལ་ཆེ་ཆུང་གཉིས་ཡོད་པའི་ཆེ་བ་ནི། རྒྱ་ཕོ་བ་ལུང་པས་མཛད་པས་རྒྱུད་རྣམ་དག་མིན་པར་བཤད་ཅིང་། ཆུང་བ་ནི་རྣམ་སྣང་སྒྱུ་འཕྲུལ་དྲ་བའི་རྒྱུད་དང་མཐུན་པས་སྒྱུ་དྲའི་ཆོས་སྐོར་སྟོན་བྱེད་ཡིན་གྱི། གསང་འདུས་ཀྱི་ཆོས་སྐོར་སྟོན་བྱེད་མ་ཡིན་པར་བཤད་པའི་ཕྱིར། གཉིས་མེད་རྣམ་རྒྱལ་རྒྱ་ཕོ་བ་ལུང་པས་བརྩམས་ཚུལ་ཡང་། ཞེས་པ་ནས། དེས་ན་གཉིས་མེད་རྣམ་རྒྱལ་ཆེ་བ་འདི་མཐའ་གཅིག་ཏུ་རྒྱུད་རྣམ་དག་མིན་པར་བུ་སྟོན་སོགས་མཁས་པ་མང་པོ་ཞིག་གི་བཤད་མོད། འདི་ལ་འཕགས་པ་རིན་པོ་ཆེས་རྒྱུད་ཀྱི་ལུང་མང་པོ་དྲངས་ཡོད་པས་བཀའ་མིན་ཞེས་ཀྱང་མི་རུང་ལ། ཁོ་རང་གི་ངོ་བོ་བོད་ཅིག་གིས་བསྒྲིགས་པ་ཡིན་ཞེས་ཀྱང་མི་རུང་ཞེས་གསུངས་ནས་བརྟག་པའི་གནས་སུ་མཛད་པ་ཉིད་དོན་ལ་གནས་ཏེ། གཉིས་མེད་རྣམ་རྒྱལ་དེ་ཉིད་ན་རྒྱུད་ཀྱི་ཚིག་ཡིན་ངེས་ཡིན་པ་ཡང་མང་དུ་ཡོད་པ་དང་། བོད་ཀྱི་ཚིག་ཀྱང་མང་དུ་ཡོད་པར་བཤད་པས། རྒྱུད་གཅིག་ལ་རྒྱ་ཕོ་བ་ལུང་པས་རང་ཚིག་མང་དུ་བཅུག་རྒྱུད་ཚིག་ལ་ཡང་འདོར་ལེན་མང་དུ་བྱས། རང་གི་མན་ངག་རྣམས་དང་མཐུན་པར་བསྒྲིགས་པ་ཞིག་ཡིན་ནམ་སྙམ་མོ། །དེས་ན་མཐའ་གཅིག་ཏུ་བཀའ་མིན་པར་ཁ་ཚོན་གཅོད་པར་ཡང་དཀའ། བོད་ཀྱི་བསྲེ་སླད་བཅུག་པས་ཡིན་པར་ཁ་ཚོན་གཅོད་པར་ཡང་དཀའ་བས་བརྟག་དཔྱད་བྱ་བའི་གཞི་ཞིག་ཡིན་པར་སེམས་སོ། །གཉིས་མེད་རྣམ་རྒྱལ་ཆུང་བ་ནི། བུ་སྟོན་རིན་པོ་ཆེ་ཉིད་ཀྱིས་བསྒྱུར་བ་དེ་ཉིད་དེ། ཞེས་པ་ནས། བུ་སྟོན་རིན་པོ་ཆེས་རྒྱུད་འདི་ལ་འགྱུར་མཛད་པའི་དགོས་པ་ཡང་ཐོག་མར་མཁན་ཆེན་ཐར་པ་ལོ་ཙཱ་བའི་ཕྱག་དཔེའི་ཁྲོད་ནས་བུ་སྟོན་རིན་པོ་ཆེས་གཉིས་མེད་རྣམ་རྒྱལ་བྱ་བའི་རྒྱུད་ཀྱི་དུམ་བུ་ཤོག་བུ་བཞི་ལྔ་གཅིག་གི་རྒྱ་དཔེ་རྙེད་ནས། དེ་ལ་འགྱུར་མཛད་ནས། དེའི་མཇུག་ཏུ། འདི་ལ་རྒྱུད་ཀྱི་དུམ་བུ་ལས་མེད་ཀྱང་སྔར་གྱི་གཉིས་མེད་རྣམ་རྒྱལ་ཞེས་གྲགས་པ་ཆེན་པོ་དེ་རྫུན་མར་རྟོགས་པའི་ཕྱིར་འདི་བསྒྱུར་ཞེས་བྲིས་པ་དང་། རྒྱུད་སྡེ་སྤྱི་རྣམ་ཆེན་མོར། འདི་མཁན་ཆེན་ཐར་པ་བའི་ཕྱག་དཔེའི་གསེབ་ནས་རྒྱ་དཔེ་ཤོག་ཡར་ལྔ་བྱུང་པ་ལ། ལེའུ་དང་པོའི་མགོ་ནས་ཤོག་བུ་གཅིག་མ་ཚང་བ་དང་། ལེའུ་བཞི་པའི་མགོ་ཡན་ཆད་དང་། མཇུག་གི་ཤོག་བུ་གཅིག་བྱུང་པ་ལ་ཁོ་བོས་བསྒྱུར་བ་ཡིན་ནོ། །འདི་ལ་དུམ་བུ་གཉིས་ལས་མེད་ཀྱང་། སྔར་གྱི་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་དུ་འདོད་པའི་ལེའུ་བདུན་ཅུ་དོན་བདུན་ཡོད་པ་དེ་རྫུན་མར་ཡང་དག་པར་རྟོགས་པའི་དགོས་པ་ཡོད་དོ་ཞེས་གསུངས། ཕྱིས་སུ་ཀུན་སྤངས་ཆོས་གྲགས་དཔལ་གྱི་ཕྱག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་བྱ་བའི་རྒྱ་དཔེ་ཞིག་འབུལ་མཁན་བྱུང་བས། དེ་ཉིད་བུ་སྟོན་རིན་པོ་ཆེ་ལ་གསེར་གྱི་སྐྱེས་དང་བཅས་ཏེ་བསྲིངས་ནས་རྒྱུད་འདི་ལ་འགྱུར་མཛོད་ཅེས་གསུངས་པ་བཞིན་བུ་སྟོན་གྱིས་བསྒྱུར་བས་མང་ཉུང་། དགྱེས་རྡོར་གྱི་རྩ་རྒྱུད་བརྟག་གཉིས་ཙམ་པ་གཅིག་བྱུང་ནས། དེ་ཉིད་ཀྱི་མཇུག་ཏུ་སྔར་མཁན་ཆེན་ཐར་པ་ལོ་ཙཱ་བའི་ཕྱག་དཔེའི་ཁྲོད་ནས་རྒྱུད་འདིའི་དུམ་བུ་རྙེད་པ་བསྒྱུར་མོད་ཀྱང་། ད་ནི་རྒྱུད་ཀྱི་དཔེ་ཚང་མ་རྙེད་ནས་བསྒྱུར་ཏེ། སྔར་གཉིས་མེད་རྣམ་རྒྱལ་དུ་གྲགས་པ་དེ་རྫུན་མར་ཡང་དག་པར་རྟོགས་པར་བྱ་བའི་ཕྱིར། རིན་ཆེན་གྲུབ་ཀྱིས་བསྒྱུར་ཞེས་གསུངས་ལ། དེ་ལྟ་བུ་རྒྱུད་རྣམ་པར་དག་པ་ནི་ཡིན་ཀྱང་། གསང་འདུས་ཀྱི་རྒྱུད་དུ་ནི་མི་རུང་བ་ཡིན་ནོ། །ཞེས་གསུངས།

[26] རྗེ་བཙུན་བློ་བཟང་ཕུན་ཚོགས། རིམ་ལྔའི་མཐའ་དཔྱོད་གསང་དོན་ཀུནྡ་བཞད་པའི་ལེགས་བཤད་རྒྱུ་སྐར་བདག་པོ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤོག་གྲངས་ ༢༠༥ ན་གསལ།

[27]རྗེ་བཙུན་བློ་བཟང་ཕུན་ཚོགས། རིམ་ལྔའི་མཐའ་དཔྱོད་གསང་དོན་ཀུནྡ་བཞད་པའི་ལེགས་བཤད་རྒྱུ་སྐར་བདག་པོ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤོག་གྲངས་ ༢༠༥ ན་གསལ།

[28] རྗེ་ཙོང་ཁ་པ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་གསལ་བའི་སྒྲོན་མེ། ཕྱི་ལོ་ ༢༠༡༩ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད་ཇ་པ། ཤོག་གྲངས་ ༡༢༥ ན་གསལ།

[29] སློབ་དཔོན་འཕགས་པ་ལྷ། སྤྱོད་པ་བསྡུས་པའི་སྒྲོན་མ། རྒྱུད་འགྲེལ། བསྟན་འགྱུར། པོད་ ༣༥ པ། ངི་པ། སྡེ་དགེ །ཤོག་གྲངས་ ༨༥ བ། ན་གསལ།

[30] སློབ་དཔོན་འཕགས་པ་ལྷ། སྤྱོད་པ་བསྡུས་པའི་སྒྲོན་མ། རྒྱུད་འགྲེལ། བསྟན་འགྱུར། པོད་ ༣༥ པ། ངི་པ། སྡེ་དགེ །ཤོག་གྲངས་ ༨༦ ན། ན་གསལ།

[31] པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་གདམས་ངག་རིམ་ལྔ་གསལ་སྒྲོན་གྱི་སྙིང་པོའི་གནད་ཀུན་བསྡུས་པ་ཟབ་དོན་གསལ་བའི་ཉི་མ། ཕྱི་ལོ་ ༢༠༡༢ དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་ཀྱི་སློབ་གཉེར་ཁང་ཆེན་མོ། ཤོག་གྲངས་ ༢༣༦ ན་གསལ།

ཟུར་ཞུ། དཔྱད་རྩོམ་འདིའི་ནང་དོན་ཁག་ཅིག་ཡུ་རོབ་ཅེཀ་ཆ་ལེ་སི་གཙུག་ལག་སློབ་ཆེན་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དང་། ཨ་རིའི་ཝུར་རྗེ་ནེ་ཡ་(U.V.A) གཙུག་ལག་སློབ་ཆེན་དང་། ཨ་རིའི་(Harvard Univesity) ཧ་ཝར་ཌི་གཙུག་ལག་སློབ་ཆེན་སོགས་སུ་གཏམ་བཤད་དང་དྲི་བ་དྲིས་ལན་བྱས་པར་མ་ཟད། ནིའུ་ཡོཀ་ཨ་རིའི་བོད་ཁང་དུ། ཀི་ལིམ་པི་ཡ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་(Robert A.F. Thurman) རཱ་བྷར་ཌི་ཐཱེར་མེན་དང་ལྷན་དུ་བགྲོ་གླེང་ཡང་བྱས་ཡོད།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།