(གསལ་བཤད། མཁྱེན་ལྡན་ཀློག་མཁན་དག་ལ་ཞུ་རྒྱུར། དགོས་དབང་གིས་རྩོམ་ཡིག་འདིའི་མ་ཕྱི་སོར་འཇོག་བྱས་ཡོད་པས་དེ་དོན་ཐུགས་འཇགས་འཚལ། རྩོམ་སྒྲིག་པས།)
བསྡུས་དོན། ༡བསྟན་པའི་མེ་རོ་བསླངས་པ་ཞེས་པའི་ཚིག་འགྲེལ། ༢ཕྱི་དར་འགོ་ཟུག་པའི་ལོ་ཚིགས་ལ་དཔྱད་པ། ༣དབུས་གཙང་མི་བཅུས་བསྟན་པའི་མེ་རོ་བསླངས་པའི་ལོ་རྒྱུས་དངོས་ཡིག་རྙིང་སོར་བཞག་ཕྱོགས་སྡེབས། ༤བྱ་བ་དེའི་ཁྱབ་ཚད་དམ་ཕན་འབྲས་བཅས་དོན་དག་ཆེ་བ་བཞིར་བསྡུ།
གཙོ་ཚིག །བསྟན་པའི་མེ་རོ། དམར་གཡོ་གཙང་གསུམ། བླ་ཆེན་པོ། ཨན་ཆུང་། དན་ཏིག །ཀླུ་སུམ་འབྲིང་སྟོན། རྦ་རག །ལོ་ཚོང་། དབུས་གཙང་མི་བཅུ། འབྲིང་ཚོ། རྦ་ཚོ། རག་ཚོ། ཞང་སྐོར། གླང་ཚོ། ཞ་ལུ་རྒྱ་སྐོར། གཟུས་ཚོ་སོགས་ཚོ་དང་སྐོར་ལ་སྦྱར་བའི་ཐ་སྙད་མང་།
དང་པོ། བསྟན་པའི་མེ་རོ་བསླངས་པ་ཞེས་པའི་ཚིག་འགྲེལ།
དེ་ལ་ཡང་། 1ཚིག་འགྲེལ། འདིར་གཙོ་བོ་མེ་རོ་བསླངས་ཞེས་པ་འདིར་གོ་དོན་དམིགས་བསལ་ཞིག་ཡོད་པ། དེ་སྔོན་དཔེ་སྐྲུན་ཁང་གི་ལས་བྱེད་པ་སོགས་མཁས་པའི་གོ་སར་བཞུགས་པ་རེ་གཉིས་ཀྱིས་གོ་བ་མ་ལོངས་པར་བསྟན་པའི་མེ་རོ་ཞེས་པ་མི་རོ[1]་ཞེས་བྲིས་པ་བཅས་དཀའ་རྙོག་ངེས་ཅན་བྱུང་ཡོད་ཚོད་འདུག །དོན་དངོས་ཐོག་མེ་རོ་ཞེས་པ་ནི། མེ་སྔ་མའི་འཕྲོའམ་ཤུལ་དངོས་མེ་ཕྱི་ལ་མི་མངོན་ཀྱང་ནང་ན་ཡོད་པ་སླར་མེ་གསོ་བའམ་སྤར་བའི་ལས་ཀ་ཅུང་ཟད་ཙམ་གྱིས་ལམ་སེང་འབར་གསོ་ཐུབ་པ་ལ་གོ་བའི་ཚིག་ཞིག་ཡིན། དེ་ཡང་བསྟན་པ་སྔ་དར་སྤྱི་ཚོགས་དང་རིག་གནས་འགལ་བའི་འཐབ་རྩོད་དམ། མཐོ་རིམ་ཆབ་སྲིད་འཐབ་རྩོད་ཀྱི་དབང་གིས་སངས་རྒྱས་ཀྱི་བསྟན་པ་སྣུབས་པ་ཕྱི་ཚུལ་ནུབ་ཀྱང་། སྔགས་པ་གོས་དཀར་བ་རྣམས་ཁྱིམ་སྤྱོད་སྔགས་འཆང་གི་ཚུལ་མངོན་ཆུང་གིས་གནས་ཡོད་པ་དང་། འབངས་དད་པ་ཅན་རྣམས་ཀྱང་བློ་གཏིང་ལ་བག་ཆགས་སྟུག་པོ་ཡོད་པའི་སྟབས་ཀྱིས་ཕྱི་དར་བ་དབུས་གཙང་མི་བཅུའམ་དྲུག་སོགས་གྲངས་འདྲ་མིན་ཡོད་ཀྱང་མི་ཉུང་ཞིང་། རྒྱབ་ན་བཙན་པོའི་དབང་ཤུགས་སོགས་གང་ཡང་མེད་ཀྱང་། བསྟན་པ་ཕྱོགས་མཐར་དར་བར་བྱས་པ་ནི། མེ་ཡི་འཕྲོའམ་རོ་མཐུན་རྐྱེན་ཅུང་ཟད་ཙམ་གྱིས་འབར་གསོ་ཐུབ་པ་བཞིན་བསམ་ཡུལ་ལས་འདས་པའི་ནུས་པ་ཐོན་པ་ལྟ་བུ་བྱུང་བས། བསྟན་པའི་མེ་རོ་བསླངས་པ་ཞེས་པ་ཐ་སྙད་སྟབས་བདེ་དེས་མཚོན་པར་བྱས་སོ་སྙམ། 《ཆོས་འབྱུང་མཁས་དགའ་》ཉ[2](2ན)ལས།དེ་ཡང་བསྟན་པའི་མེ་རོ་སྨད་ནས་ཇི་ལྟར་བསླང་བའི་ཚུལ་ལ་མི་མཐུན་པ་དུ་མ་སྣང་བ་ལས། ལོ་རྒྱུས་ཆེན་མོ་ལས་ནི། །བསྟན་པ་བསྣུབས་པའི་དུས་དབུས་ནས་ཞང་མངའ་འཇམ་དཔལ་དང་ཡང་གོང་ཤེས་རབ་འབྱུང་གནས་གཉིས་ཁམས་སུ་བྱོན། དེའི་ཚེ་ཡང་གོང་གིས་ཁུངས་བསྟན་ནས་ཞང་མངའ་འཇམ་དཔལ་ལས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས། དེའི་མཁན་བུ་ཅོག་རོ་དཔལ་གྱི་དབང་ཕྱུག་དང་གྲུམ་ཕྱིང་སླག་ཅན་གཉིས་ཡིན། དེ་ཚེ་གཙང་པ་ལོ་ཚོང་གཉིས་དབུས་པ་ཀླུ་མེས་དང་འབྲིང་སྟེ་བཞིས་ཅོག་གྲུམ་ལ་མཁན་སློབ་ཞུས་ཏེ་བླངས། ཞེས་དང་། 《བུ་སྟོན་ཆོས་འབྱུང་》[3]ལས། མཁས་པ་གཙང་ནག་པས་ཀྱང་། བསྟན་པ་ཕྱི་མ་དར་བའི་ཚུལ་ནི་ཞེས་བཤད་པས་སོ། །དེ་ལྟར་བསྟན་པའི་མེ་རོ་སྨད་ནས་བསླངས་ཏེ་མངའ་རིས་ནས་དར་ཞིང་རྒྱས་པར་མཛད་དོ། །ཞེས་དང་། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》[4]ལས། དེ་ལ་བསྟན་པའི་མེ་རོ་སྨད་ནས་བསླངས་པ་ནི། དར་མས་བསྟན་པ་བསྣུབས་ནས་མི་རབས་འགའ་ནས་ལངས་ཏེ། དེ་ཡང་ཡུམ་1བརྟན་ཁྲི་བརྟན་པོའི་སྲས་ཁྲི་ལྡེ་མགོན་2པོ། དེའི་སྲས་རིག་པ་མགོན3་དང་ཉི་འོད་དཔལ་3མགོན་ཞེས་བྱ་བ་གཉིས་བྱུང་། རིག་པ་མགོན་གྱི་སྲས་པོ་ཁྲི་4ལྡེ། དེའི་སྲས་འོད་5པོ། དེ་ལ་སྲས་གསུམ་སྟེ། ཨ་ཙ་6ར། མགོན་པོ་6བཙན། མགོན་བརྩེགས6་སོ། །ཉི་འོད་དཔལ་མགོན་གྱི་སྲས། མགོན་སྤྱོད4་ཡིན། དེའི་སྲས་ཚ་ལ་ན་ཡེ་ཤེས་རྒྱལ་མཚན5་ནོ། །དེ་ལ་འོད་པོའི་སྲས་མགོན་བཙན6་དང་ཚ་ལ་ན་ཡེ་ཤེས་རྒྱལ་མཚན5་གཉིས་ཀའི་རིང་ལ་ཚུལ་ཇི་ལྟར་བསྟན་པ་བསླངས་ན། ཞེས་སོགས་འཁོད་པས། ཡུམ་བརྟན་ནས་རྩིས་པའི་མགོན་པོ་བཙན་མི་རབས་དྲུག་པ་དང་། ཚ་ལ་ན་ཡེ་ཤེས་རྒྱལ་མཚན་མི་རབས་ལྔ་པ་ཡིན་འདུག །དེ་སྐོར་《ལྡེའུ་ཆོས་འབྱུང་》[5]ནས། བོད་ཀྱི་ཕུང་འདྲེ་མི་གསུམ་དག་གིས་སུ། །གཅེན་པོ་བཀྲོངས་ཏེ་གཅུང་པོ་མཐའ་རུ་བཤུགས། །རྒྱལ་སྲིད་ལོ་གཅིག་ཟླ་ཕྱེད་བཟུང་ནས་བཀྲོངས། །ཆོས་ཀྱི་མེ་ནི་གདུང་རབས་བདུན་དུ་སྦས། །ཞེས་པ་ཡང་། གླང་དར་ནས་ཁྲི་ལྡེ་མགོན་བཙན་བར་ལ་མི་རབས་བདུན་ཏག་ཏག་དང་། ཚ་ལ་ན་ཡེ་ཤེས་རྒྱལ་མཚན་བར་ལ་མི་རབས་དྲུག་ཡོད་པ་ཆོས་འབྱུང་མེ་ཏོག་སྙིང་པོ་དང་མཐུན་པར་བཞུགས་སོ། །དེ་དག་གིས་བསྟན་པའི་མེ་རོ་མདོ་སྨད་ནས་བསླངས་པ་དང་། དེའི་དུས་གང་ཟག་འབྲེལ་ཅན་རྣམས་ལ་དཔྱད་པ་རོབ་ཙམ་སོང་བའོ། །
2 གཙོ་གནད་ཡིག་ཆ་ངོ་སྤྲོད། གཤམ་ལ་ཡིག་ཆ་སོ་སོའི་མཚན་བྱང་སོགས་སོར་གཞག་ཏུ་བཀོད་པ། ཡིག་ཆ་སོ་སོའི་མིང་བྱང་། ༡ ༈ དབུས་གཙང་སྡེ་པའི་གྱེས་མདོ་བཞུགས་སོ། །༢ ༈ རྦ་བཞེད་བཞུགས་སྷོ། །༣ སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བ་ནེའུ་པཎྜི་ཏས་མཛད་པ་བཞུགས། ཞེས་པ་གསུམ་ལས་ཡིག་ཆ་དང་པོ་ཆ་ཚང་དང་། གཉིས་པ་ལས་ཕྱི་དར་གྱི་སྐོར། གསུམ་པ་ལས་ཀླུ་མེས་ཀྱི་སྐོར་ནས་དབུས་ཕྱོགས་སུ་སྡེ་པ་འཕེལ་ཚུལ་བཅས་ཡོད།
གཉིས་པ། ཕྱི་དར་འགོ་ཟུག་པའི་ལོ་ཚིགས་ལ་དཔྱད་པ།
དེ་ལ་ཡང་། 1ཐོག་མར་སྡོམ་རྒྱུན་དང་ལོ་དུས་སོགས་མི་འདྲ་བ་རྣམས་ཕྱོགས་བསྡུས་སུ་བཀོད་པ། (1)《དབུས་གཙང་སྡེ་པའི་གྱེས་མདོ་》ལས། བསྟན་པ་ཇི་ལྟར་དར་བའི་ཚུལ། །སྡེ་པའི་གྱེས་མདོ་ཅུང་ཟད་བརྗོད། །བོད་དུ་སངས་རྒྱས་ཀྱི་བསྟན་པ་ཕྱི་མ་ཇི་ལྟར་དར་བའི་ཚུལ་ནི་རྒྱལ་པོ་གླང་དར་མའི་ཐུགས་སུ་གདོན་གསོལ་ནས་བསྟན་པ་བསྣུབས་པའི་ཚེ། པཎ་ཌི་ཏ་ཛི་ན་མི་ཏྲའི་མཁན་བུ་འཇད་ཀྱི་གྱེལ་མི་རྩངས་རབ་གསལ། བོ་དོང་པ་གཡོ་དགེ་འབྱུང་། སྟོད་ལུངས་ཀྱི་དམར་བན་ཤཱཀྱ་མུ་ནེ་གསུམ། དཔལ་ཆུ་བོ་རི་ན་སྒོམ་ཞིང་ཡོད་པ་མིས་ཚོར་ནས། འདུལ་བ་དྲེལ་ཁལ་གཅིག་བཀལ་ཏེ་མངའ་རིས་སྟོད་དུ་བྲོས་ནས་གར་ལོག་ནས་ལམ་འཐོན་ཏེ་ཧོར་ཡུལ་དུ་ཕྱིན་ནས་སྐད་རིགས་མི་གཅིག་པའི་སར་བསྟན་པ་དར་བྱ་སྙམ་པ་ལ། དར་བར་མ་ནུས་ཏེ། མདོ་སྨད་ལྷོ་ངོས་ཀྱི་བེ་རི་ཏེ་ལུང་ཚྭ་མཚོ་ཟེར་ཚ་ཚོ་ན་ཚུར་ལམ་བྱུང་སྟེ། སྨ་ལུང་རྡོ་རྗེ་བྲགག་ར་ཨན་ཆུང་གནམ་རྫོང་དན་ཏིག་གི་ཡང་དགོན་ན་སྒོམ་ཞིང་ཡོད་པ་སྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ་དགོངས་ཀ་མི་འདུས་པ་རྣམས་ལ་སྨྲས་པས། ལས་དང་སྐལ་བར་ལྡན་པ་མོས་པར་སྤྱོད་པའི་སྐུ་གཤེན་མུ་ཟུ་མུ་དུ་དང་མུ་ཙུ་ཞེས་ཀྱང་ཟེར་གསལ་འབར་བྱ་བས་ལྟར་ཕྱིན་པས་དད་ནས་རབ་ཏུ་འབྱུང་བར་ཞུས་པས་འདུལ་བ་འོད་ལྡན་གྱི་པོ་ཏི་ཅིག་གཏད་ནས་འདི་ལ་ལྟོས་ལ་དད་ན་རབ་ཏུ་དབྱུང་གསུངས་ནས། དཔེ་ལ་བལྟས་པས་ཤིན་ཏུ་དད་དེ་ཆོས་ཀྱི་ཤུགས་ཀྱིས་མཆི་མ་མང་པོ་བྱུང་ངོ་། །ཞེས་བྱུང་བ་དང་།
(2) ཕྱི་ར ༧༥《རྦ་བཞེད་》(14ན)ལས། གཉིས་པ་དེ་ཉམས་པ་དང་སོར་ཆུད་པའི་ཚུལ་ནི་དེ་ནས་རྒྱལ་པོ་དར་མས་ཡབ་མེས་ཀྱི་ཆོས་ལུགས་ཐམས་ཅད་བོར་ཞིང་རབ་ཏུ་བྱུང་བ་རྣམས་ཁྱིམ་ལ་བཀོད་དེ་དབུས་རྩང་དུ་བསྟན་པ་མེད་པར་གྱུར་ཏོ། །འདི་ལ་བསྟན་པའི་རྩ་ལག་ཆེན་པོ་མེ་བྱི་(856-1013)ནས་ཆུ་གླང་གི་བར་ལོ་བརྒྱ་ལྔ་བཅུ་རྩ་བདུན་དུ་གསལ་གསུང་། ཁ་ཅིག་ལོ་༥༠དང་། ཁ་ཅིག་མེ་བྱ་(877-953)ནས་ཆུ་གླང་གི་བར་ལོ་༧༧དང་། ཁ་ཅིག་གླང་ནས་གླང་གི་བར་ལོ་སྐོར་དགུ་དང་། ཁ་ཅིག་ལྕགས་ཕོ་བྱི་བ་ནས་ས་ཕོ་བྱི་བའི་བར་(880-988)ལོ་སྐོར་དགུ་དང་། ཁ་ཅིག་ལྕགས་མོ་བྱ་ནས་ (841-949) ས་མོ་བྱའི་བར་ལོ་སྐོར་དགུ་ནུབ་པར་འཆད་དོ། ། དེ་དག་ཐམས་ཅད་བསྟན་པ་མདོ་འཁམས་སྨད་ནས་འཕེལ་བར་མཐུན་པས། དེ་ལ་སློབ་དཔོན་ཞི་བ་འཚོའི་མཁན་བུ་དབའ་རད་ན་དེའི་དབུ་རུ་སྟོད་ལུངས་པ། མར་ཤཱཀྱ་མུ་ནེ། དེའི་རིན་པོ་ཆེ་ནམ་མཁའ་མཛོད། དེའི་སྦོ་གདོང་གྲེས་མ་རོང་པ་གཡོ་དགེ་འབྱུང་དང་གྲེས་མ་རོང་པ་རྩངས་རབ་གསལ་ཡིན་ལ། དམར་གཡོ་རྩངས་གསུམ་གྱིས་རྒྱལ་པོས་བསྟན་པ་བསྣུབ་པའི་གཏམ་(14བ)བཙུན་པ་རི་དགས་ཤོར་བ་ལས་ཐོས་པ་དང་ཆུ་བོ་རིའི་སྒོམ་གྲ་ནས་ཧོར་ཡུལ་དུ་བྱོན་ཏེ། ཆོས་ལ་འགོད་པར་མ་ནུས་ནས་ཧོར་གྱི་དགེ་བསྙེན་ཤཱཀྱ་ཤེས་རབ་དང་བཞིས་མདོ་སྨད་དུ་བྱོན་ནས་ཨན་ཆུང་གནམ་རྫོང་ན་བཞུགས་པའི་ཚེ། སྐུ་གཤེན་མུ་ཟུ་གསལ་འབར་རབ་ཏུ་ཕྱུང་བ་ནི་གཡོ་གཙང་དམར་གསུམ་གྱིས་རིམ་པ་བཞིན་མཁན་སློབ་དང་གསང་སྟེ་མཛད་ཅིང་རྒྱའི་དགེ་སློང་ཀེ་བ་དང་། གྱིམ་ཕག་གིས་ལས་ཀྱི་ཁ་བསྐང་ནས་རབ་ཏུ་བྱུང་ཞིང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་མཛད་དེ། མཚན་དགེ་བ་གསལ་ཞེས་བཏགས། ལོ་ལྔའི་བར་དུ་མཁན་པོ་ལ་འདུལ་བ་མཉན་པར་ཡང་གྲག་གོ །ཁ་ཅིག་ལས་ཞི་འཚོའི་མཁན་བུ་དབའ་ཡེ་ཤེས་དབང་པོ། དེའི་ལི་ཡེ་ཤེས་རིན་པོ་ཆེ་ནམ་མཁའ་མཛོད་སྐྱོང་། དེའི་མཁན་བུ་དམར་གཡོ་རྩངས་གསུམ་གྱིས་ཨན་ཁྱུང་གནམ་རྫོང་གི་གཙུག་ལག་ཁང་དང་དན་ཏིག་ཤེལ་གྱི་ཡང་དགོན་བཞེངས། དན་ཏིག་ལས་ལྷ་ཁང་ཁྱུང་མགོ་ཅན་བརྒྱ་ལྔ་བཅུ་ཙམ་འཕེལ་ཞིང་གཡོས་བླ་ཆེན་པོའི་མཁན་པོ་མཛད་པར་འཆད་དོ། །ཁ་ཅིག་རྩངས་ཀྱིས་མཁན་པོ་དང་། གཡོས་སློབ་དཔོན་བྱས་ཏེ་ཐོག་མར་དགེ་ཚུལ་དང་དེ་ནས་ལོ་གཅིག་ནས་སྔར་གྱི་མཁན་སློབ་དང་དམར་གྱིས་གསང་སྟེ་རྒྱའི་དགེ་སློང་གཉིས་ཀྱིས་ཁ་བསྐངས་ནས་བསྙེན་པར་རྫོགས་པར་འདོད་ལ། སློབ་དཔོན་རྩང་ནག་པ་དམར་གཡོ་རྩངས་གསུམ་ཛི་ན་མི་ཏྲའི་མཁན་བུར་འཆད་དོ། །གང་ཡང་ཁ་ཅིག་རྔོད་ལྷ་ལུང་ཚག་པོ་དང་། རོང་སྟོན་སེང་གེ་གྲགས་ཀྱིས་མཁན་སློབ་མཛད་ཅིང་། སྔ་མ་རྣམས་དང་ཀྭ་འོད་མཆོག་གྲགས་པ་དང་བརྒྱད་ཀྱིས་བསྙེན་རྫོགས་མཛད་པ་དང་། ཁ་ཅིག་བླ་ཆེན་པོ་སྤྲུལ་པ་ཡིན་པས་མཁན་པོ་མེད་པ་དང་། ལ་ལ་ཀག་གདིས་མི་མཆོག་གྲགས་པ་མཁན་པོར་འཆད་པ་དེ་ཡང་གླེང་གཞི་(15ན)ཁུངས་མ་རྣམས་དང་མི་མཐུན་པར་སྣང་ངོ་། །ཡང་ཁ་ཅིག་བླ་ཆེན་པོ་འཕན་ཡུལ་ཞོགས་ཀྱི་བོན་པོ་མུ་ཟུ་གསལ་འབར་གྱི་བུ་མུ་ཟུ་གསལ་འཕན་ལོ་བཅུ་དྲུག་ལ་མདོ་སྨད་དུ་བྱོན་ཞིང་བཀའ་དྲིན་ནོས་པ་དང་། ཁ་ཅིག་རྔོད་ལྷ་ཡུལ་ལ་ལུང་སྡེ་བཞི། ཀྭ་ལ་ས་སྡེ་ལྔ། རོང་སྟོན་ལ་མངོན་པ་ཀུན་ལས་བཏུས། རྩངས་ལ་པྲ་ཀ་ར་ཎ་སྡེ་བརྒྱད་གསན་པར་འཆད་དོ། །ཞེས་འཁོད།
(3)《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》ལས། (15ན)དེའི་འོག་ཏུ་སྡེ་པའི་མེ་རོ་མདོ་སྨད་ནས་ལངས་པ་ཡིན་ཏེ། དེ་ཡང་རྒྱལ་པོ་མ་གསད་པའི་གོང་རོལ་དུ། ཆུ་བོ་རིའི་སྒོམ་གྲ་ན། གཡོ་དགེ་ རྦོ་གདོང་བ་འབྱུང་། རྩང་རབ་འཇད་པ་གསལ། དམར་བན་ལུངས་སྨད་པ་ཤཱཀྱ་མུ་ནེ་དང་གསུམ་བསྒོམ་གྱིན་བཞུགས་པའི་ཚེ། བཙུན་པ་ཁྱི་ཁྲིད། རྔ་བཤང་རྡུང་། མགོ་ལ་བྱ་སྒྲོ་བཙུགས། ཤམ་ཐབས་རྫེས་ནས་རི་དགས་ལ་མདའ་འཕེན་པ་གཡོ་དགེ་འབྱུང་གིས་མཐོང་ནས། བན་རྒན་འཁྲུལ་ལམ། བཙུན་པ་སྨྱོ་ཟེར། ཅི་གཟིགས་དྲིས་པས་དེ་དག་བསྟན། སློབ་དཔོན་མ་འཁྲུལ། བཙུན་པ་སྨྱོ་བ་ཡིན་བྱས་པས། འོ་ན་དེ་དག་འདིར་བོས་དང་ཟེར་ནས། བོས་ཏེ་གཏམ་དྲིས་པས། རྒྱལ་པོ་གླང་དར་མས་ཆོས་སྣུབས་པ་ད་རུང་མ་ཐོས་སམ་ཞེས་ལོ་རྒྱུས་ཞིབ་(15བ)དུ་བཤད་དེ། ཁྱེད་ལ་བཀའ་མཆད་མ་ཕོག་པས་ཁར་རྗེ་ཆེ། ད་དུང་རྙེད་ན་ཡང་འབེབས། ཡང་ན་གསོད་དུ་འོང་ཟེར་ནས། དེར་འདུལ་མངོན་གཉིས་ཀྱི་དཔེ་ཆ་དྲེའུ་རྒྱབ་བསྐལ་ནས་ཉིན་མོ་ཡིབས་ནུབ་མོ་བྲོས། ངམ་ཤོད་ནས་ཧོར་གྱི་ཡུལ་དུ་བྱོན་པས། གཞན་དག་ཆོས་ཀྱི་ལུགས་འགོད་པར་མ་ནུས་ཤིང་། ཐུགས་གཡེང་ཞིང་ཡིད་མི་བདེ་བར་གྱུར་པ་ལ། རྒྱལ་པོ་བསད་པའི་གཏམ་ གཡོ་དགེ་འབྱུང་གིས་ཐོས་ནས། ཧོར་ཡུལ་ནས་ཧོར་གྱི་དགེ་བསྙེན་ཤཱཀྱ་ཤེས་རབ་དཔོན་གཡོག་གཉིས་ཀྱིས་ཨན་ཕྱུང་གནམ་རྫོང་གི་བྲག་ཕུག་བཟུང་ནས་བཞུགས། རྩངས་ཀྱིས་ཁང་གསར་ཡ་རི་ཕུག་གི་དགོན་པ་བཟུང་། ཀྭ་འོད་མཆོག་གྲགས་པས། བལ་ཡུལ་ནས་ཚུར་ཡོངས་པའི་ལམ་དུ་གཏམ་ཐོས་ནས། མངོན་པ་དྲེའུ་རྒྱབ་ཅིག་བསྐལ་ནས་བྱང་ལམ་ལ་བྲོས། དཔལ་བཟང་འཁར་ཆག་དྲིལ་བུའི་དགོན་པ་བཟུང་། ལྷ་ལུང་རབ་མལ་གྲོ་བ་འབྱོར་དབྱངས། རོང་སྟོན་སེང་གེ་གྲགས་གཉིས་ཀྱིས་ཡེར་པ་ནས་འདུལ་མངོན་གཉིས་ཀའི་དཔེ་མང་དུ་ཁྱེར་ཏེ་ནགས་ཤོད་ལ་བྲོས་ནས། ལྷ་ལུང་གིས་ཟླ་ཤོད་ཚལ་གྱི་དགོན་པ་བཟུང་། རོང་སྟོན་གྱིས། བྱང་ཚ་བྱེ་རོང་གི་དགོན་པ་བཟུང་། མི་དྲུག་ཅར་རྦ་རད་ནའི་མཁན་བུ་ཡིན། ལོ་ཙྪ་བ་ཀ་ལྕོག་ཞང་གསུམ་དང་། པཎྜི་ཏ་ད་ན་ཤི་ལ་དང་། ཛི་ན་མི་ཏྲའི་སློབ་མ་ཡིན་ཅིང་། བོད་དུ་འགྱུར་བའི་ཆོས་ཐམས་ཅད་ལུང་ཡོད་དེ། རབ་ཏུ་བྱུང་ནས་སློབ་སྦྱོང་གྲ་སར་སྡེ་སྣོད་མཐའ་དག་ཉན་ཅིང་། ལེགས་པར་ཤེས་པར་བྱེད་པ་དེ་སྔ་དར་གྱི་ལུགས་ཡིན་པའོ། ། ༈ ཡི་གེ་ཁ་ཅིག་གི་ལུགས་ལས། ཁམས་སུ་དམར་གཡོ་རྩངས་གསུམ་གྱིས་བྱོན་པ་ལ། བོན་པོའི་བུ་མོ་ཟུ་གསལ་འབར་ཞེས་པ་ར་ལུག་འཚོ་བས་མཐོང་ནས་དད་པ་སྐྱེས་ཏེ་ཆོས་ཞུས་པས། འདུལ་བ་འོད་ལྡན་(16ན)གཏད་ནས་འདི་ལ་ལྟོས་བྱས་ནས། དད་ན་རབ་ཏུ་བྱུང་གསུང་ནས། ལྟས་པས་དད་ནས་རབ་ཏུ་བྱུང་བའི་ལོ་རྒྱུས་མཁན་སློབ་གསུམ་ཀའི་མཚན་ནས་གྲས་ཏེ་འདུག་སྟེ་ངག་རྒྱུད་ལ་གཡོམ་རྒྱུགས་སུ་འཆད་པ་ལོ་རྒྱུས་རྙིང་པ་མ་མཐོང་པར་མང་ཡང་མ་དག་པ་ཡིན་ནོ། ། ༈ སྔ་མ་ལྟར་འཁམས་ན་བཞུགས་པ་ལ། དེའི་ཚེ་འཕན་ཡུལ་ཞོགས་པ་ན། མུ་ཟུ་གསལ་འབར་ཞེས་བྱ་བའི་བོན་པོ་ཅིག་ལ་བུ་མུ་ཟུ་གསལ་འཕན་ཞེས་བྱ་བ་ལོ་བཅུ་དྲུག་ལོན་པ་ཅིག་གིས་སྣང་གསལ་ལྷ་ཁང་དུ་ཕྱིན་པས། རབ་ཏུ་བྱུང་བ་ཆོས་བཤད་ཉན་བྱེད་པའི་གཟུགས་གྱང་རིས་ལ་འདུག་པ་མཐོང་ནས། འདི་ཅི་ཡིན་དྲིས་པས། རྒན་མོ་ན་རེ། རབ་ཏུ་བྱུང་བ་ཡིན་ཟེར། ལས་འཕྲོའི་སྟོབས་ཀྱིས་དད་གུས་སྐྱེས་ཏེ། འདི་འདྲ་ད་ལྟ་ག་ན་ཡོད་དྲིས་པས། རྒད་པོ་ཅིག་ན་རེ། གཞོན་དུས་སུ་མང་པོ་ཡོད་པ་ཡིན་ཏེ། རྒྱལ་པོ་གླང་དར་མས་ཆོས་སྣུབས་པའི་དུས་སུ་ཕལ་ཆེར་བསད། ལ་ལ་ཕབ། འཁམས་སུ་ཡང་འགའ་རེ་བྲོས་ཟེར་ཏེ། གཞན་ནི་ཁུངས་མ་ཐོས། ཆུ་བོ་རི་ནས་བྲོས་པའི་དམར་གཡོ་རྩངས་གསུམ་ནི་ཡོད་ངེས་སུ་འདུག་ཟེར་རོ། །དེའི་ཚེ་ལས་འཕྲོ་སད་དེ་ཆོས་མེན་པ་ཡིད་ལ་མི་དྲན་པའི་དད་པ་སྐྱེས་ནས་མདོ་སྨད་དུ་ཚོལ་དུ་བྱོན། ལམ་དུ་བོན་པོ་ཅིག་གི་སར་ཞག་བྱས་ནས་གཏམ་དྲིས་པས། དེ་ཀུན་ཨན་ཆུང་ནམ་རྫོང་གི་བྲག་ཕུག་ན་ཡོད། ཁྱོད་ཆོས་འཚོལ་བ་ཡིན་ན་འདི་ཡང་ཆོས་སུ་འདུག་གི་འཁྱེར་རམ་ཟེར་ནས། འདུལ་བ་འོད་ལྡན་གྱི་པུ་ཏི་ཅིག་བྱིན། ལམ་ན་མར་ལྟ་ཡིན་བྱོན་པས་དད་པའི་ཤུགས་ཀྱིས་མཆི་མ་མང་པོ་ཡང་བྱུང་། ཨན་ཆུང་དུ་ཕྱིན་ཏེ་གཡོག་པོ་ཧོར་གྱི་དགེ་བསྙེན་ལ་ཕྲིན་བཏང་པས། ཁྱོད་སུ་ཡིན་དོན་ཅི་ཡོད་གསུང་། སྔར་གྱི་ལོ་རྒྱུས་རྣམས་བཤད་ནས་རབ་ཏུ་འབྱུང་བར་ཞུས་པས། ཀྭ་དང་ལྷ་རོང་གི་གནས་བཤད་ནས། ལྷ་ལུང་ཅན་དུ་འཚོག་དགོས། གཞན་ཡང་རྙེད་ཚད་ཚོལ་(16བ)གསུང་ནས། འཚོལ་དུ་བྱོན་པས། བ་ཡན་ཚོང་འདུས་ན་རྒྱ་ནག་གི་ཧྭ་ཤང་ཀེ་ཝང་དང་། གྱིམ་ཕག་ཅེས་བྱ་བའི་དགེ་སློང་གཉིས་འདུག་ནས་འོང་བ་ཞུས་པས། ངེད་རྒྱ་ནག་ན་བསྟན་པ་ཡོད་པས་བཏུབ་གསུང་ནས་བྱོན། ཟླ་ཤོད་ཚལ་ཕྱིའི་རོང་དུ་དབུས་པ་མི་དྲུག་དང་ཧ་ཤང་གཉིས་ཏེ་བརྒྱད་པོ་འཚོགས་ནས་ལྷ་ལུང་གིས་མཁན་པོ་བྱས། རོང་སྟོན་དང་རྩངས་ཀྱིས་ལས་ཀྱི་གསང་སྟེའི་སློབ་དཔོན་བྱས། གཞན་རྣམས་ཀྱིས་དད་དགེ་མཛད་བསྙེན་པར་རྫོགས་པར་བྱས་སོ། ། ༈ དེ་ནས་ཐོས་བསམ་བྱས་པ་ནི། མཁན་པོ་ལ་འདུལ་བ་ལུང་སྡེ་བཞི། ཀྭ་ལ་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། དམར་གཡོ་གཉིས་ལ་འདུལ་བ་མདོ་རྩ་མན་ཆོད་ཀྱི་ཕྲན་ཚོ། རོང་སྟོན་ལ་སྡོམ་རྣམ་པ་གཉིས་དང་མཛོད་དང་དབུ་མ། རྩངས་ལ་པྲ་ཀ་ར་ན་སྡེ་བརྒྱད་ལ་སོགས་པ་ཐོབ་བོ། །དེ་ནས་རྒྱ་དང་བོད་ཀྱི་སོ་མཚམས་རི་བོ་དན་ཏིག་གི་དགོན་པར་བསྒོམ་སྒྲུབ་མཛད་པས། ཡུལ་ཕྱོགས་དེའི་མི་སྤུན་བདུན་ཐོག་བརྡིབ་ནས་ཤི་བ་བཙན་དུ་སྐྱེས་ནས་ལོངས་སྤྱོད་ཆེན་པོ་ཡོད་པའི་གྲིབ་བཙན་སྤུན་བདུན་གྱིས་ཡོན་བདག་བྱས་ནས་ཡོ་བྱད་སྦྱར། དབུས་ནས་སྲིང་མོ་བྱུང་ནས་གཡོག་བྱས་ཏེ་བསྒོམས། མངོན་ཤེས་ལ་སོགས་པ་བསམ་གཏན་གྱི་ཡོན་ཏན་ཀྱང་མང་དུ་ཐོབ་ནས་བླ་ཆེན་པོ་དགོངས་པ་གསལ་ཞེས་གྲགས་སོ། ། ༈ དེ་ནས་ཡར་བྱོན་ཏེ་ཟོག་པོ་མི་དྲུག་གིས་སྣ་བླངས་ནས་ཞབས་ཏོག་བྱས་ཏེ་ཆོས་བཙུགས་པ་ལ། དེ་ཡང་ཟོག་པོ་མི་དྲུག་བྱ་བའི་རྒྱུ་མཚན་ནི། དམར་གཡོ་གཉིས་ལ་རབ་ཏུ་འབྱུང་བར་ཞུས་པས། དགེ་འདུན་མ་འཚོགས་ཏེ། དེའི་བར་དུ་གཟུགས་བཙུན་དུ་བྱས་པས་ཟོག་པོ་མི་དྲུག་བྱ་བར་གྲགས་ལ། ༈ བླ་ཆེན་པོ་བྱོན་ནས་དགེ་འདུན་འཚོགས་ཏེ་རབ་ཏུ་བྱུང་བར་ཞུས་པས། སྔར་གྱི་མཁན་སློབ་ཀུན་ན་རེ། བཅོམ་ལྡན་འདས་ཀྱི་ཞབས་ལ་གླང་པོ་སྨྱོན་པའི་སྣ་ལ་རལ་གྲི་(17ན)བཏགས་ནས་སེམས་ཅན་གསོད་དུ་བཅུག་པ་ནི་བླ་ཡི། རབ་ཏུ་བྱུང་ནས་མ་བསྐྱངས་པ་ནི་དེ་ལྟར་མ་ཡིན་ནོ་ཞེས་བཀའ་རྩལ་ཏོ། ། ༈ ངེད་རྒས་པས་མཁན་མི་བསྐྱོངས་ཀྱིས། ཁྱོད་ཀྱིས་བགྱིས་ཤིག་གསུང་། ངས་སྙེན་པར་རྫོགས་ནས་ལོ་ལྔ་ལས་མ་སོང་པས་ཟེར་ཞུས་པས། དེ་ལ་ཉེས་ཅིག་འོང་སྟེ། བསྟན་པ་སྤེལ་བ་ལ་དགོས་པ་ཆེ་བ་སྣང་གིས། ཅིས་ཀྱང་གྱིས་གསུང་ནས། ཁས་བླངས་ཏེ། བླ་ཆེན་པོས་མཁན་པོ་བྱས། རྩངས་ཀྱིས་སློབ་དཔོན་གྱིས། གཞན་རྣམས་ཀྱིས་དད་དགེ་བྱས་ནས། ཁོང་རྣམས་རབ་ཏུ་བྱུང་པས། ཕྱིས་བཙུན་པ་མི་དྲུག་ཏུ་གྲགས་སོ། །དྲུག་པོ་ནི། འལ་སྣུབས་གཉིས། པར་ཡང་གཉིས། ཉང་ཅོག་གཉིས་སོ། །དེ་ལ་འལ་རྡོ་རྗེ་དབང་ཕྱུག་དང་། སྣུབས་དཔལ་གྱི་བྱང་ཆུབ་འདི་གཉིས་ལ་སྡེ་པ་མ་འཕེལ།གཉིས་མཁས་པའོ། །ཡང་གོང་ཡེ་ཤེས་གཡུང་དྲུང་དང་། པར་རིན་ཆེན་གཉིས་ནི་བཙུན་པའོ། །ཅང་ཡེ་ཤེས་སེང་གེ་དང་། ཅོག་རོ་ཤེས་རབ་བྱང་ཆུབ་གཉིས་ནི་མཁས་བཙུན་མཛོམས་པའོ། །གཞན་ཡང་ཤོ་ཆུང་པ་ཤེས་རབ་གྲགས་པ་དང་། ཨན་འབར་བ་བྱང་ཆུབ་དང་། སྒྲོ་མན་ཛུ་ཤྲི་ལ་སོགས་པ་ཤིན་ཏུ་མང་པོས་བཀའ་དྲིན་མནོས་ཏེ། མདོ་སྨད་དུ་བསྟན་པའི་མེ་རོ་ལངས་ཏེ་ཤིན་ཏུ་རྒྱས་པར་གྱུར་ཏོ། ། ༈ དེའི་ཚེ་ཡང་ཡེ་ཤེས་གཡང་དྲུང་གིས། གྲུམ་ཡེ་ཤེས་རྒྱལ་མཚན་རབ་ཏུ་བྱུང་སྟེ། མཁན་སློབ་ཀྱི་གྲ་བཙུགས་ཏེ། དགེ་འདུན་གྱི་ཆེད་དུ་ཞིང་རྨོ་བ་དང་། ཕྱུགས་བསྲེལ་བ་ཡང་དཀག །འོག་ཏུ་འདིང་པའི་དོམ་སྟན་ཡང་། ཡི་གེ་མཛུབ་མོས་མནན་ཏེ་ཕྱུང་། བཙུན་པའི་ཕུལ་དུ་ཕྱིན་ཏེ། གྲུམ་ཨ་ཙརྱ་ཡེ་ཤེས་རྒྱལ་མཚན་ཞེས་གྲགས་ལ། དེའི་མཁན་བུ་རྣམས་ལའང་བཙུན་རྒྱུད་དུ་གྲགས་སོ། ། ༈ སྣུབས་དཔལ་གྱི་བྱང་ཆུབ་དང་། ཨན་འབར་བ་(17བ)བྱང་ཆུབ་གཉིས་ཀྱིས། མཁན་སློབ་ཀྱིས་གྲ་ལོགས་སུ་བཟུང་སྟེ། དགེ་འདུན་གྱི་ཆེད་དུ་ཞིང་རྨོ་བ་དང་། ཕྱུགས་བསྲེལ་བ་དང་། ཉོ་ཚོང་དང་། འབུན་བསྐྱེད་དང་། རྒྱལ་སྲིད་ཕྱེད་ཀྱང་བཅངས་པས། སླབ་པ་ལ་ཕན་ཆུང་པར་གྲགས་ཏེ། འོན་ཀྱང་སློབ་མ་རྣམས་ལ་སྡོམ་པ་མེད་ཟེར་མ་ནུས་པར་མཁས་ རྒྱུད་དུ་གྲགས་སོ། ། ༈ དུས་ལན་ཅིག་ཙམ་ན། གྲུམ་གྱིས་སྣུབས་ཀྱི་སར་བྱོན། ཆོས་ཀྱི་འབྲེལ་གཏམ་མང་དུ་མཛད་ནས། གྲུཾ་ན་རེ། གཟིམས་པར་བགྱི། ངའི་མཆིས་མལ་གང་དུ་བགྱི་གསུང་། སྣུབས་ན་རེ། འདིར་སྟབས་སུ་བགྱི་གསུངས་པས། ཁྱེད་ལྐོག་ན་སྐྱེམས་གསོལ་ཞེས་གྲགས་པས། ང་བླ་ཁབ་བསྲུང་འཚལ་ཟེར། སྣུབས་ཁྲོས་ཏེ། ཨེ་ཤིང་གླག་ཅན་འདྲ་བ་གྱོང་པོ་འདི་ཟེར་བས། གྲུམ་ཤིང་གླག་ཅན་དུ་གྲགས་སོ། །དེ་ཡན་ཆོད་དུ་ལྕགས་མོ་བྱའི་(841)ལོ་ལ་ཆོས་སྣུབས་ནས། ས་མོ་བྱའི་(949)ལོ་ལ་མེ་རོ་ལངས་པ་དང་། དབུས་གཙང་དུ་སྡེ་པ་བྱུང་བ་ཡན་ཆོད་ལ་ལོ་སྐོར་དགུ་ཐལ་ཏེ། ལོ་བརྒྱ་དགུར་དབུས་གཙང་རུ་བཞི་ན་དགེ་སློང་གི་མིང་མེད་དོ། །ཞེས་འཁོད་པ་བཅས་གོང་གསལ་ཆོས་ཚན་གསུམ་གྱི་ཕྱི་དར་ལོ་ཚིགས་གཙོ་བོར་གྱུར་པའི་མི་སྣའི་ལོ་རྒྱུས་ལ་དཔྱད་པ་ཅུང་ཙམ་བྱེད་ཁུལ་བྱས་ན་འདི་ལྟར།
2 ལོ་ཚིགས་ལ་དཔྱད་པ། (1)གོང་དུ་ལོ་ཚིགས་ཁག་འགའ་ཡོད་པའི་ནང་ནས་ནེའུ་ཆོས་འབྱུང་གི་ལྕགས་བྱ་ནས་ས་བྱའི་བར་ལ་ལོ་འཁོར་དགུ་ལ་ལོ་ངོ་109སྟེ་སྤྱི་ལོ་841-949བར་འདི་འཐད་པར་མཐོང་། གང་ཡིན་ཟེར་ན།
(2) འཁྲུལ་བའི་འཕྲང་ནི། སྐབས་དེར་དབུས་གཙང་ནས་བསྟན་པར་དད་པའི་བོད་ཕྲུག་མང་པོ་སྔོན་རྗེས་སུ་བྱོན་པ་རྣམས་བླ་ཆེན་པོ་དང་། ཟོག་པོ་མི་དྲུག་སོགས་འགའ་ཞིག་མདོ་སྨད་རང་དུ་བཞུགས་པ་དང་། ཀླུ་མེས་དང་ལོ་ཚོང་གཉིས་སོགས་ཁག་ཅིག་དབུས་གཙང་དུ་ལོག་ནས་བསྟན་པའི་མེ་རོ་དབུས་གཙང་དུ་སྤེལ་བ་རྣམས་སྔོན་རྗེས་དང་གང་ཟག་སོ་སོའི་ལོ་རྒྱུས་རྣམས་དབུས་གཙང་ནས་ཕྱིན་པ་འདྲ་མཚུངས་དང་། མི་དྲུག་དང་བཅུ་ཞེས་པ་སོགས་ཀྱང་ཚོ་ཁག་འགའ་རེ་གྲངས་ཀ་ཡང་འདྲ་པོ་ཡོད་འདུག་པ་བཅས་ཀྱིས་འཁྲུལ་ཉེན་ཤིན་ཏུ་ཆེ།
(3) ཞིབ་ཏུ་བརྟགས་ན། བླ་ཆེན་པོ་དང་ཟོག་པོ་མི་དྲུག་གི་ལོ་རྒྱུས་ལ་དཔྱད་ན། ཁོང་ཚོ་མདོ་སྨད་རང་དུ་བསྟན་པ་བསྐྱངས་ནས་བཞུགས་པ་ལས་དབུས་སུ་མ་ལོག་པས་དབྱེ་མཚམས་ཤིག་ཡོད་པ་མ་ཟད། ཡང་གོང་ཡེ་ཤེས་གཡུང་དྲུང་གིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་སྡོམ་པ་གནང་བ་བཅས་དུས་ཡུན་གང་འཚམས་སོང་བ་ཤེས། དེའི་སྐོར་《རྦ་བཞེད་》ལས། དཔལ་ལྡན་ཞི་བ་འཚོ། དབའ་རད་ན། དམར་ཤཱཀྱ་མུ་ནེ། ལེང་རིན་པོ་ཆེ་ནམ་མཁའ་མཛོད། གཡོ་དགེ་འབྱུང་། བླ་ཆེན་པོ། ཡང་གོང་ཡེ་ཤེས་གཡུང་དྲུང་། གྲུམ་ཡེ་ཤེས་རྒྱལ་མཚན། ཀླུ་མེས་ཤེས་རབ་ཚུལ་ཁྲིམས། གཟུས་རྡོ་རྗེ་རྒྱལ་མཚན། ཞེས་སོགས་འཁོད་པ་དང་། དབུས་གཙང་དུ་བསྟན་པ་སྤེལ་མཁན་ཀླུ་མེས་དང་། ལོ་ཚོང་སོགས་ཡིན་པས་གོང་གི་མཁན་རབས་ལས། ཡང་གོང་ཡེ་ཤེས་གཡུང་དྲུང་(དེབ་སྔོན་ལྟར་ན། སྤ་[6]གོར་ཡེ་ཤེས་གཡུང་དྲུང་ཞེས་བྱ་བ་དེ་འཁོར་མང་པོ་དང་བཅས་དན་ཏིག་ཏུ་བྱོན་པ་དང་། བླ་ཆེན་པོས་དམ་པའི་ཆོས་འདུལ་བ་ནས་གསུངས་པའི་བསླབ་པའི་གཞི་རྣམས་བརྗོད་པས། རང་ཉིད་ཀྱི་སྤྱོད་ལམ་དེ་ལྟ་བུས་གནོང་ཞིང་འགྱོད་ནས་ཚུལ་བཞིན་དུ་རབ་ཏུ་བྱུང་སྟེ། དེའི་རྗེས་སུ་པར་གནས་བརྟན་གྲགས་པ་ཞེས་བྱ་བ་རབ་ཏུ་བྱུང་སྟེ། སྤ་པར་གཉིས་སོ། །ཞེས་འཁོད་པ་སོགས་སྐབས་དེར་དབུས་གཙང་ནས་མདོ་སྨད་དུ་ཆོས་དོན་གཉེར་བ་མང་པོ་བྱུང་བར་མངོན།)དང་གྲུམ་ཡེ་ཤེས་རྒྱལ་མཚན་མཁན་རབས་གཉིས་མདོ་སྨད་ན་བཞུགས་པ་ལས། དབུས་གཙང་དུ་ཕེབས་པ་ཡིག་ཆ་ཁག་ཏུ་མི་གསལ་བས། དེ་ནི་གནད་དགག་དེའི་རྒྱབ་རྟེན་དང་། ལོ་རྒྱུས་ངོ་མ་ལ་དཔྱད་པ་བྱེད་སའི་བདེན་དོན་དམིགས་བསལ་ཞིག་ཏུ་མཐོང་། དེའི་སྐོར་དེ་སྔོན་དགེན་ཁམས་སྤྲུལ་བསོད་ནམས་དོན་འགྲུབ་ཀྱིས་འཁྲིད་པའི་ལོ་ཚིགས་སྐོར་དང་འབྲེལ་ཡོད་སློབ་ཚན་ཞིག་ཉན་པར་ཡང་ཕལ་ཆེ་བ་དེ་འདྲ་ཞིག་གསུང་སོང་སྙམ། འོན་ཀྱང་ད་བར་ལོ་མང་པོ་སོང་བས་ཚིག་རིས་སོགས་བརྗེད་འདུག །གང་ལྟར་ཁོང་གིས་ཕྱི་དར་གྱི་ལོ་རྒྱུས་ལ་ནེའུ་ཆོས་འབྱུང་ལ་གཙིགས་སུ་བྱེད་ཀྱི་འདུག །
ཞར་འཕྲོས། གསལ་བཤད། ཕྱི་དར་དབུས་གཙང་དུ་དངོས་སུ་འདུལ་བསྟན་སྤེལ་བ་ནི། ཀླུ་མེས་ཀྱིས་ལ་མོ་ཆག་དེའུ་ས་མོ་བྱ་ལོ་སྟེ་(སྤྱི་ལོ་949)ལ་བཏབ་པ་དེ་ཕྱི་དར་གྱི་གནས་གཞི་བཏབ་པའི་ཐོག་མ་ཡིན་པར་བཤད་པས། དུས་དེར་ཕྱི་དར་དབུས་གཙང་དུ་འགོ་ཟུག་པ་རྩིས་པ་བཞིན་ཡིན་པར་བཟུང་ནས། མཁན་རྒྱུད་སོགས་རིམ་གྱིས་འཕེལ་བ་རྣམས་གང་ཟག་གལ་ཆེ་རིམ་བཞིན་ཞུ་བ་ལ། གོང་གསལ་ཡིག་ཆ་གསུམ་པོ་མཚོན་རྟགས་དམིགས་བསལ་རེ་ངོས་བཟུང་ནས་ཡིག་ཆའི་ཁུངས་སྟོན་པ་ཡིན་པས། ༡ དབུས་གཙང་སྡེ་པའི་གྱེས་མདོ་བཞུགས་སོ། །ཞེས་པ་འདི་དབྱིན་ཡིག་Dཡིས་མཚོན། ༢ ༈ རྦ་བཞེད་བཞུགས་སྷོ། །ཞེས་པ་དབྱིན་ཡིག་Bཡིས་མཚོན། ༣ སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བ་ནེའུ་པཎྜི་ཏས་མཛད་པ་བཞུགས། ཞེས་པ་དབྱིན་ཡིག་Nགྱིས་མཚོན་པ་བྱེད་རྒྱུ་ཡིན་པས་སྐབས་ཐོག་སོ་སོར་ཤེས་པར་བྱའོ། །
རྟགས་དམིགས་བསལ་གྱིས་མཚོན་དོན། རྟགས་འདིས་་་་་་་ས་མིང་མཚོན། རྟགས་་་་་་་འདིས་གང་ཟག་གི་མིང་མཚོན། རྟགས་འདིས་་་་་་་མ་དཔེའི་མཆན་བུ་མཚོན། ཚོས་མདོག་གཞན་རྣམས་མཐོང་བདེ་བ་ཙམ་གྱིས་ཆེད་དུ་བཀོད་པ་ཡིན།
གསུམ་པ། དབུས་གཙང་མི་བཅུས་བསྟན་པའི་མེ་རོ་བསླངས་པའི་ལོ་རྒྱུས་དངོས་ཡིག་རྙིང་སོར་བཞག་ཕྱོགས་སྡེབས།
དེ་ཡང་དང་པོ་ཀླུ་མེས་ཀྱི་སྐོར་ལ་ཡིག་ཆ་སོ་སོ་ནས་ཡོང་བ་རྣམས་ཞུ་བ་ལ། D(1བ)ལས། གླག་བ་ལམ་པ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས། B(18བ)ལས། ཀླུ་མེས་ཀྱིས་ཐོག་མར་བསམ་ཡས་ཀ་ཆུ་བཟུང་། དེ་ནས་སྦས་ཀྱི་གཡུ་སྒྲོ་ཁང་དམར་དུ་བྱོན་པའི་ཚེ་སྣ་ནམ་རྡོ་རྗེ་དབང་ཕྱུག །རྡོག་བྱང་ཆུབ་འབྱུང་གནས། གྲུ་མེར་(19ན)ཚུལ་ཁྲིམས་འབྱུང་གནས། གླན་སྟོན་ཡེ་ཤེས་ཤེས་རབ་རྣམས་རབ་ཏུ་ཕྱུང་བ་ནི་ཀླུ་མེས་ཀྱི་བུ་བཞིར་གྲགས་སོ། །D(2བ)ལས། ཀླུ་མེས་ཀྱིས་ཀ་ཆུ་བཟུང་ངོ་། །དེ་ནས་དབུས་པ་ལྔ་པོ་རང་ཅག་གནས་གཞི་བརྩིག་དགོས་གསུང་ནས། ཀླུ་མེས་ཀྱི་ལ་མོ་ཆག་དེའུ་བརྩིགས། དེ་ལ་མཁན་བུ་བཞི་བྱུང་། གྲུ་ཡེ་ཤེས་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ཟེར་ཀྱིས་སོལ་ནག་ཐང་པོ་ཆེ་བརྩིགས། དེ་ལས་ཐང་སྐོར་ཙམ་མཆེད། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ར་ཚག་དང་རྒྱལ་བརྩིགས། དེ་ལས་མཆེད་པ་ཚོ་ལ་ཞང་སྐོར་ཟེར། རྡོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པ་བ་རང་བརྩིགས། སྨད་ཀྱི་ལ་མཆེད་པ་གཟད་ཀྱི་ལྷིང་པ་དང་། ཆུ་ཤུལ་གྱི་ན་འོ་དང་། སྦུ་སྡེ་ལྟོ་གོང་དང་། ཡོལ་ཐང་དང་། ལབས་སོ་དང་། གྲལ་མ་ཐང་། ཁ་རག་སོ་ཅིག་རྣམས་བརྩིགས། དེ་ནས་གཙང་དུ་གཞུའི་ཀུན་དགའ་ར་བ་དང་། ཚ་མིག་བརྩིགས། ཀྱི་ཤོད་སྟོད་དུ་སུམ་པ་ཡེ་ཤེས་བློ་གྲོས་གཉིས་ཀྱིས་གཡུ་སྒྲོ་ཁ་དམར་བརྩིགས་ཏེ། དེ་ཚོ་ལ་མཆེད་པ་ཚོ་ལ་རྡོག་སྐོར་ཟེར། གླན་ཆེན་ཡེ་ཤེས་ཤེས་རབ་ཀྱི་པོས་ཚུལ་ཁྲིམས་འབྱུང་གནས་ཞེས་ཀྱང་ཟེར་རྒྱལ་སར་སྒང་། དེ་ནས་གླག་མདའ་ལྷ་ཁང་དང་། མཚལ་ཆུང་གཉིས་བཟུང་། དེ་ཚོ་ལ་མཆེད་པ་ཚོ་ལ་གླན་སྐོར་ཟེར། N(19བ)ལས། ཤུག་གསེབ་ཏུ་བའི་ཉལ་ས་ཤོང་ཙམ་ཅིག་འདུག་པའི་སར་རྨང་བཏིང་ནས་གནས་ཆུང་ཅིག་མཛད་ནས། བ་རང་ཞེས་བཏགས་ཏེ། (20ན)ཀླུ་མེས་ཀྱི་གནས་ལ་སྔ་བ་ཡིན་ནོ། །དེ་ནས་དབུར་སྟོད་ཀྱི་ལ་མོ་ལྷ་ཁང་བཞེངས་སོ། །བ་རང་ཕྱིས་རྒྱ་ཆེར་བསྐྱེད་ནས་རྡོག་གིས་བཟུང་། དེ་ནས་རྡོག་གིས་འཕན་ཡུལ་གྱི་བྲག་རྒྱ་བཏབ། གཡུ་སྒྲོ་ཁང་དམར་དང་གསུམ་བཟུང་པས། རྡོག་གི་སྐོར་གསུམ་དུ་གྲགས། དེ་ནས་བཟད་དུ་བྱོན་ཏེ་གུར་ཐུང་འབྱུང་གནས་རྡོ་རྗེ་དང་དཔོན་སློབ་གཉིས་ཀྱིས་ལྷིངས་པའི་གནས་བཏབ། དེ་ནས་ཡར་བྱོན་ནས་གཞུའི་ཀུན་དགའ་ར་བ་བཏབ། དེ་ནས་གྱེས་པ་གཞུའི་ཟངས་ཅན། འཁྲིག་གི་སྒང་བུ། མཆིལ་ཀའི་རྒྱལ་ཐང་དང་བཞི་བཏབ་པས་ཚ་མིག་གི་བུ་བཞི་ཟེར་རོ། ། ༈ ཀུན་དགའ་ར་བ་ནས་གྱེས་པ་ནི་གནམ་རྩེ་ལྡེང་། བར་ཐང་བྱེ། སྙེ་མོ་སྒོ་མོ། གྱ་བའི་དང་གཉའ་བཞི་ཡིན་ཏེ། དེ་རྣམས་ཀུན་དགའ་ར་བའི་ཆོན་ཐག་ཆེན་པོ་བཞིར་གྲགས། དང་གཉའ་ནས་འོ་ཕུག་གི་སྤེན་ཕུག །བྲང་ཧི་གནས་གསར་ལ་ཐུག་གོ །ལྷིངས་པ་ནས་གྱེས་པ་ལ་དབུས་སྡེ་ལྟོ་གོང་། ཁ་རག་ལབས་སོ། །རྒྱགས་མདའི་ལྷ་ཁང་། ཆུ་ཤུལ་ན་བོ་ཉ་བོ་དང་། བ་མོ་ཟེ་སྣ་འབེས་བཏབ་ཟེར་བ་ཡང་འདུག །བཞི་ཉི་མ་གཅིག་ལ་རྨང་བཏིང་བ་ཡིན་ནོ། །ཡང་ལྷིངས་པ་ནས་གྱེས་པ་ལ། ཡོལ་ཐང་། ཆགས་ར་སྒང་། དབུས་སྡེ་གནས་གསར། ཚ་རགས་གོང་པོ་ཁའོ། །ལབས་སོ་ནས་གྱེས་པ་ཚ་ཆུང་འགུར་དང་། གཡག་སྡེའི་ཡེ་ཤེས་ཀློག་སྐྱ། དེའི་མཁན་བུ་ཝང་ཉི་མ་དང་ཟླ་བ་བྱ་བ་གྲ་པ་མངོན་ཤེས་ཀྱི་སློབ་མ་སྤུན་གཉིས་ཀྱིས་རྒྱུན་གྱི་གནས་བཏབ། གཞན་(20བ)ཡང་ལྷིངས་པའི་གཟའ་ཚོ་དང་འབྲེལ་པ་ནེའུ་གནས་དང་། བྱང་ཐང་ཝལ་གནས་དང་། རབ་བཙུན་གནས་དང་། གན་པའི་ཤེ་བཙུན་གནས་དང་། གཙང་གཞུག་གནས་སོ། ། ༈ ཡང་རྡོག་གི་མཁན་བུ་ར་མངས་ཤེས་རབ་རྒྱལ་མཚན་བྱ་བས་ལྷོ་བྲག་ཏུ་བྱོན་ནས་གོ་ཤུལ་ལྷ་རྟག །བསྙུར་གྱི་སྟེ་དཀྱུས། བསྡག་གི་གྲལ་ལྔ། གད་ལྔ་གཉིས་ཏེ་བཞི་བཏབ། དེ་ལ་ཞང་སྟོན་བསོད་ནམས་རྒྱལ་མཚན་གྱིས་སྟེ་དཀྱུས་བཟུང་ནས། གཏམ་ཤུལ་གྱི་གྱང་ར་དང་། ཆུ་བྲག་གཉིས་བཏབ། གྱང་ར་ནས་ཤོལ་མོའི་གནས་བཏབ། ཞང་སྟོན་གྱི་མཁན་བུ་ཉ་སྟོན་ཁམས་གསུམ་བྱ་བས་ཡར་འབྲོག་སྟག་ལུང་གི་སྲད་ཐང་གནས་བཏབ་བོ། །རྡོག་གི་མཁན་བུ་བེ་སོ་ཀེར་བས་ཁྲ་རྣའི་གཉན་པོ་གནས་དང་། ཉང་ཁོལ་གྱི་གྲལ་མ་ཐང་བཏབ་བོ། །འབེས་མཁན་པོ་བྱས། ཡམ་ཤུད་ཀྱི་སློབ་དཔོན་བྱས་ནས། གྲ་པ་མངོན་ཤེས་རབ་ཏུ་ཕྱུང་། དེས་གཡོ་རུ་གྲ་ཐང་བཏབ། གྲ་པའི་མཁན་བུ་འབྲེ་གཡུང་བཙུན་བྱ་བས་ཉང་སྟོད་ཆད་མངས་བཏབ། དེ་ནས་འབྲེའི་མདའ་བཞི་བྱ་བ་ལ་ཡག་མོན་མདའ། སྟག་ལུང་ཚ་མདའ། རོང་གི་སྣར་མདའ། དོའི་འཆིམས་མདའ་བཞི་བཏབ་པོ། ། ༈ ཡང་གྲ་པའི་མཁན་བུ་བྲག་ཆུང་སྟོན་པ་བྱ་བས་གྲའི་སྙ་སྒོར་བཏབ། སྔན་ཆུང་སྟོན་པ་བྱ་བས་འབྲོག་གི་སྒ་འདྲ་བཏབ། དོལ་གྱི་ཡ་མེ་མ་བྱ་བས་མར་མའི་ཅོག་ཕུག །ལྕེ་ཏེའི་སྡོང་བུ། སྒྲོ་ཡུལ་གྱི་ཀ་གསུམ། ཞུར་མདའི་ཡུར་འོག་དང་བཞི་བཏབ་བོ། །འབེ་སོ་ཀེར་བས་ཡུལ་དུ་སྒྲེ་མཁར་བཏབ་སྟེ། དེ་རྣམས་(ལ)འབེ་སྐོར་ཟེར་ཏེ། དེ་རྣམས་ཐམས་ཅད་རྡོག་ལས་བརྒྱུད་པས། དགུ་མེས་རྡོག་སྐོར་ཞེས་གྲགས་སོ། །(21ན)སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་སྟོད་ལུངས་ཡབ་ཀྱི་ར་ཚག་བཏབ། དེ་ནས་སྲས་ཀྱི་གུང་གསུམ་དང་། རྒྱལ་གྱི་ལྷ་ཁང་བཏབ། དེའི་ཡོས་འཐག་ས་ལ་བྲང་གི་ཆུ་བསྐོར་གནས་བཏབ། དེ་ལས་གྱེས་པ་ལ། སྟོད་ལུངས་སུ་སྟོད་ཀྱི་གནས་བཞི། བར་གྱི་གནས་གཉིས། སྨད་ཀྱི་གནས་དྲུག་སྟེ་བཅུ་གཉིས་བྱུང་བ་ལ། སྟོད་ན་ཞོ་བྲང་། དཀར་སྣ། རྫིང་སྟགས། ཚ་ཐོག །བར་ན་ཉན་རྫིང་སྐམ། མན་ལུང་ཆུ་ངུ་གཉིས། སྨད་ན་དམར་སྒང་། ས་ལ་ཚུགས། ལ་ཆུང་ཀེ་ཀུ། ཙག་སྡོང་། གནམ་ཁ། ལྷ་ཞིང་། གནས་གསར་དང་བདུན་ལས། ས་ལ་ཚུགས་ནི་དམར་སྒང་དང་། སོག་མ་རྣམས་ཀྱི་ཡར་འགྲོ་མར་འགྲོའི་ཞག་ས་དང་། འབྱོར་སྦྱག་འཇོག་ས་ཡིན་པས་མ་གྲངས་ཏེ་གནས་དྲུག་ཏུ་གྲགས་སོ། ། ༈ ཀླན་གྱིས་རྒྱས་སར་སྒང་། ༈ གྲུམ་མེར་གྱིས་ཆུ་མོ་གླང་(953?)གི་ལོ་ལ་དགུ་མེས་(ཀླུ་མེས་ལ་གོ་)མོ་མཁར་འབྲས་བར་གདན་དྲངས། དེའི་སྤྱན་འདྲེན་བཞི་ལ་ཁུ་གཞོན་ནུ་རིན་ཆེན། སྙགས་ཡོན་ཏན་སྙིང་པོ། འཆིམས་ལྷུན་གྱི་གྲགས་པ། འཆིམས་མཆོག་གུའོ། ། ༈ ཕྱི་དེ་སྟག་གི་(954)ལོ་ལ་བསམ་ཡས་སུ་སྤྱན་དྲངས་ནས། དབུ་རྩེ་རིགས་གསུམ་ཕུལ་བས་མ་བཞེས། ཀྭ་ཆུ་ཕུལ་བས་དབུ་གཡོར་གྱི་ལམ་སྟེགས་བྱ་གསུང་ནས་བཞེས། ཀླུ་མེས་ཀྱི་སློབ་མ་སོགས་བཅུ་བདུན། གནས་གཞི་བརྒྱད་ཅུ་ཐམ་པ།
གཉིས་པ་སུམ་པ་ཡེ་ཤེས་བློ་གྲོས། D (2བ)ལས། སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་འབྲོ་ས་ཐང་དུ་དམེ་རུ་བརྩིགས་ཏེ་ད་ལྟ་ཞིག་ནས་མེད། དེ་ལ་མཆེད་པ་མེད་དོ། །B (15ན)ལས། སུམ་པ་འབྲོ་སྟོད་ཐང་པ་ཡེ་ཤེས་བློ་གྲོས་དང་ལྔར་འཆད་པ་དང་།
གསུམ་པ་རག་ཤི་ཚུལ་ཁྲིམས་འབྱུང་གནས། རག་ཤི་རག་ཤ་འཕྲང་འོག་པ་ཚུལ་ཁྲིམས་འབྱུང་གནས། D(2བ)ལས། རག་ཤིས་རག་ཤི་འཕྲང་གོང་གི་ལྷ་ཁང་བརྩིགས།
N (22བ)ལས། རག་ཤིས་འཕན་ཡུལ་ལན་པའི་ཕ་ལ་བུ་དང་། སྣང་གསལ་ལྷ་ཁང་བཟུང་། D(2བ)ལས། རག་ཤིས་ཀ་ཚལ་དང་ཞ་བཟུང་། དེ་ནས་མཆེད་པ་ཚོ་ལ་རག་ཚོ་ཟེར། B(18ན)ལས། དེ་ནས་རག་ཤིའི་གཅུང་གིས་དགེ་རྒྱས་བཟུང་། དེའི་མཁན་བུ་མཐའ་བཞི་རྒྱལ་འཕགས་ཀྱིས་བསམ་ཡས་མོ་འགར་བཞེངས། དེའི་མཁན་བུ་ཞང་བཙུན་ཤེས་རབ་འཕགས་ཀྱིས་ལན་པ་རྟ་བྲེས་བཞེངས་པར་འཆད་དོ། །རག་ཤི་ཚུལ་འབྱུང་ལ་མཁན་རྒྱུད་བཞི་དང་། གནས་གཞི་བདུན་ཡོད།
བཞི་པ། འབྲིང་ཡེ་ཤེས་ཡོན་ཏན། D (1བ)ལས། འབྲིང་རྫི་དཀར་བ་ཡེ་ཤེས་ཡོན་ཏན། B (15བ)ལས། ངན་ལམ་པ་འབྲིང་ཡེ་ཤེས་ཡོན་ཏན། D (2བ)ལས། འབྲིང་གིས་ཁམས་གསུམ་བཟུང་། D (3ན)ལས། འབྲིང་གིས་ངན་ལམ་སྤྱི་མོ་རྩིགས། དེ་ནས་སྐར་ཆུང་ལྷ་ཁང་བཟུང་། དེ་ནས་སྙེ་ཐང་བྲག་སྣ་བཟུང་། དེའི་ལམ་སྟེགས་སུ་བྲང་ར་མོ་ཆེ་བརྩིགས། དེ་ནས་མཆེད་པ་ཚོ་ལ་འབྲིང་ཚོ་སྨད་པ་ཟེར། ངན་ལམ་པའི་འབྲིང་ཚོ་ཚོ་ལ་འབྲིང་ཚོ་སྟོད་པ་ཟེར། ཀླུ་གོང་ནས་མཆེད་པ་ཚོ་ལ་འབྲིང་ཚོ་བར་པ་ཟེར་རོ། །B(19ན)ལས། ༈ འབྲིང་སྟོན་གྱིས་དང་པོར་ཁམས་གསུམ་ཟངས་ཁང་དུ་བཞུགས་ཤིང་། དེ་ནས་ངན་ལམ་པའི་དབྱི་མོ་དགོན་པར་བཞུགས་པ་ལས་རྒྱ་མ་སྒང་ལ་སོགས་པ་འབྲིང་ཚོ་(19བ)སྟོད་པར་གྲགས་པ་དང་། ཞལ་གྱི་སྣམས་ཁང་། ཚུལ་ཆེན། སྲིའི་རྒྱ་ཕིབས། མྱུ་གུ་སྣའི་གྱང་ར་དམར་པོ། གསང་ཕུ་ནེའུ་ཐོག །ཉ་ར་ཐང་། བྲང་ར་མོ་ཆེ་ལ་སོགས་པ་འབྲིང་ཚོ་བར་པར་གྲགས་པ་དང་། འབྲིང་སྟོན་གྱི་སློབ་མ་དམར་གསལ་ཤེ་དང་། ཚེས་སྤོང་གསལ་འབར་གཉིས་ཀྱིས་ཀུལ་གྱི་ཁེ་ལྡིར། འབྲོག་ཟད། ཉང་མོ་སྐྱུར། གཟད་སོག་པ་རི་ལ་སོགས་པ་འབྲིང་ཚོ་སྨད་པར་གྲགས་པ་རྣམས་བཞེངས་སོ། །གཟད་གསས་ཁང་། ཐང་སྐྱ། གནས་གསར། རྫེན་གྱི་གནས་རྣམས་སོག་པ་རིའི་བུ་བཞི་ཡིན་ནོ། །དམར་ཚེས་གཉིས་འབྲིང་སྟོན་གྱི་སློབ་མ་དང་ས་རིས་ཡིན་པས་འབྲིང་ཚོར་བྱེད་ཀྱི། མཁན་རྒྱུད་དེད་ན་རྩང་དུ་ཀྱི་ཡེ་ཤེས་དབང་པོ་ལ་སྡོམ་པ་བླངས་པས་ཀྱི་ཚོར་སྣང་ངོ་། །N(22ན)ལས། ༈ འབྲིང་ཡེ་ཤེས་ཡོན་ཏན་བསླུ་མེས་པས་ཅུང་ཟད་ཕྱི་བ་ན་བྱོན་ཏེ། ལྷ་བཙུན་བོ་ཏེ་རཱ་ཛས། བསམ་ཡས་སུ་སྤྱན་དྲངས་ནས། ཁམས་གསུམ་ཟངས་ཁང་དུ་བཞུགས། དེ་ནས་དབེན་གནས་སུ་སྒྲུབ་པ་མཛད་པར་བཞེད་ནས། ངན་ལམ་པའི་དབྱི་མོ་དགོན་པར་བཞུགས། སྐར་ཁུངས་བཟུང་བས། མཁན་བུ་དང་སློབ་མ་མང་དུ་བྱུང་སྟེ། ཞལ་གྱི་བསྣམས་ཁང་བཏབ། དེ་ནས་གྱེས་པ་སྲིའི་རྒྱ་ཕིབས་དང་། རྒྱ་གར། མྱུ་གུ་སྣའི་གྱང་ར་དམར་པོ་དང་། བྱང་ཕྱིའི་སྲིབས་མདའ་གནས་ལ་སོགས་པ་ཡིན། འབྲིང་སྟོན་གྱི་མཁན་བུ་རྔོག་ལེགས་པའི་ཤེས་རབ་ཀྱིས། གསང་ནེའུ་ཐོག་གི་དགོན་པ་བཏབ། དེའི་དབོན་པོ་རྔོག་ལོ་ཙྪ་བས། དེར་གཙུག་ལག་ཁང་རྒྱ་ཆེན་པོ་བྱས། གཞན་ཡང་ལུང་རིག་སྡེ་སྣོད་མང་དུ་བསྒྱུར། སྔར་འགྱུར་ཟིན་པ་ཕལ་ཆེ་བ་ལ་ཡང་འགྱུར། བཤད་ཉན་གྱི་གྲ་ཆེན་པོ་བཙུགས་ཏེ། བསྟན་པ་རྒྱས་པར་བྱས་པ་ཡིན་ནོ། ། ༈ ལོ་ཙྪ་བའི་སློབ་མ་ལྷ་རྗེ་དགས་པོས་གྱེ་རེ་གནས་བཏབ། དེ་ནས་ལྷས་ཀྱ་རླུང་མགོ་བཏབ། དེ་ནས་རྣོན་གྱི་དབང་མཁར་དང་། རྒྱ་མ་སྒང་ལ་སོགས་པ་མང་དུ་གྱེས་ཏེ། གླིང་སྟོད་པར་གྲགས་སོ། །རྔོག་གི་སློབ་མ་ཞང་གྲོ་ལུང་པ་ལ་སོགས་པ་མང་པོ། དགས་པོ་དང་། ཡར་ལུངས་དང་། དམྱལ་མོན་དུ་རྒྱས་སོ། ། ༈ འབྲིང་སྟོན་གྱི་མཁན་བུ། ཨན་ཤག་སྐྱབས་བྱ་བས། ཞལ་གྱི་ཚུལ་ཆེན་བཏབ། འབྲིང་གི་མཁན་བུ་སྙེ་ཐང་གི་རྒྱལ་བ་གསུམ་བྱ་བ། དབྱའ་བཙུན་དཀོན་མཆོག་རྒྱལ་བ། མཚུར་བཙུན་རྒྱལ་བ། མར་བཙུན་རྒྱལ་བའོ། །དེ་ལ་དབྱའ་རྒྱལ་བས། ཞོགས་པ། ཐང་ཆུང་། བྲང་ར་མོ་ཆེ་བཏབ། (22བ)མཚུར་རྒྱལ་བས་སྙེ་ཐང་བྲག་སྣ་བཏབ། དེ་ནས་ཞོགས་པ་ཐང་ཆུང་། ཆ་དཀར། ཤ་ངོས། རྣོན་གྱི་ལྷ་ས་མཐའ་འོག །རམ་པ་རྒྱབ་མ་རྣམས་གྱེས། མར་པ་རྒྱལ་བས། བུར་གྱི་འཛངས་པ་བཏབ་སྟེ་འབྲིང་སྡེ་བར་གྲགས་སོ། ། ༈ འབྲིང་སྟོན་གྱི་སློབ་མ། དམར་གསལ་བའི་ཤེས་རབ། ཚེ་སྤོངས་གསལ་འབར་གསལ་རབ་གཉིས་ཀྱིས་སྐུལ་གྱི་ཁོ་ལྡིར་བཏབ། དེ་ནས་བཟད་དུ་གདན་དྲངས་ནས། སོགས་པ་རི་བཏབ། དེའི་བུ་བཞི་བྱ་བ་ལ། གསས་ཁང་དང་། རྫེམ་གྱི་གནས་དང་། ཐང་སྐྱ་དང་། གནས་གསར་རོ། །༈ ཡང་གཡའ་རྒྱལ་བའི་མཁན་བུ། སྙོས་འབྱུང་གནས་ཤེས་རབ་ཀྱིས། སིལ་མའི་གཙང་ལུག་དང་། སོ་མཚམས་གནས་དང་། འགྲེང་སྨད་གནས་བཏབ། ཡང་། ཁོ་ལྡིར་ནས་གཞུང་གི་སྐམ་བུའི་གནས་བཏབ། དེ་ཉ་མོ་གྱུར་བཏབ། དེ་ནས་འབྲོག་ཟད་དང་། ར་མ་སྒང་དང་། བྱེ་ཞིང་དང་། ཤ་ཟན་གནས་ལ་སོགས་པ་གྱེས། དམར་ཚེས་ཀྱི་སློབ་མ་དམར་པུ་རངས་པ་བྱ་བས། འཆིང་རུའི་འབྲས་མོ་ལྷ་ཁང་བཏབ། དེ་ནས་གོང་མཁར་དང་། གསེར་ཆུང་བཏབ་བོ། ། ༈ དེ་རྣམས་ལ་འབྲིང་ཚོ་སྨད་པར་གྲགས་སོ། ། འོ་ཡུག་ཀླུ་གོང་ནས་འཆེད་པ་ཚོ་ལ་འབྲིང་ཚོད་སྟོད་པ་ཟེར། འབྲིང་ཡེ་ཤེས་ཡོན་ཏན་གྱི་སློབ་མ་དང་བཅས་པས་བཟུང་བ་དང་བཏབ་པའི་གནས་གཞི་བཞི་བཅུ། སློབ་མ་དང་ཡང་སློབ་བཅུ་གཅིག །
ལྔ་པ། སྦ་ཚུལ་ཁྲིམས་བློ་གྲོས། B(2བ)ལས། སྦས་ཡུང་པ་འགུར་བརྩིགས། དེ་ནས་ལན་པ་སྤྱིལ་བུ་བཟུང་། དེའི་མཁན་བུ་མལ་སེམས་དཔའ་ཤེས་རབ་ཀྱིས་སྟོད་ལུང་ཚ་ཐོག་བརྩིགས། དེ་ནས་སྟོད་ལུངས་ཐག་མ་ལྷ་ཁང་དང་། མོན་དྲ་བཟུང་སྟེ་དེ་ཚོ་ལ་སྦ་ཚོ་ཟེར། སྦའི་གཅུང་གིས་གྱེ་རེ་མཚར་སྣའི་མདའ་གྲོང་ལྷ་ཁང་བརྩིགས། དེ་ནས་བཞོའི་མཆད་ཁ་བཟུང་།
N(22བ)ལས། རྦ་ཡིས་ལན་པའི་ཕོ་བྲང་བཟུང་། རྦ་བཙུན་བློ་གྲོས་དབང་ཕྱུག་གི་མཁན་བུ། ཀ་བ་ཤཱཀྱ་དབང་ཕྱུག་དང་། (23ན)སྤྱན་རྔོག་བློ་གྲོས་རྒྱལ་བ་གཉིས་བྱུང་བ་ལ། ཀ་བའི་མཁན་བུ་ཉ་མི་དར་མ་དབང་ཕྱུག་བྱ་བས། འཕན་ཡུལ་སྤྱང་ཕྱིའི་ལྷ་ཁང་བཟུང་། དེ་ནས་འཕན་ཡུལ་གྲ་ཐང་བཏབ། དེའི་མཁན་བུ་དབང་ཕྱུག་རྒྱལ་བས། སྟོད་ལུངས་ཐག་མའི་ལྷ་ཁང་བཟུང་། ཡང་། ཀ་བ་ཤཱཀྱ་དབང་ཕྱུག་གིས། མཚུར་གྱི་སྙན་དམར། བ་འངས་ཀྱི་ར་གོར་བཏབ། སྙན་དམར་ནས་གྱེས་ནས། མཚོ་སྨད་ལྷ་ཁང་གི་ལག་སྙན་བཙུན་གནས། མོན་འདྲ་དང་། སྒ་ར་སྒལ་སོ་ཁ་དང་། སྤ་ར་རྟེ་དཀྱུས་དང་། བྲག་རུམ་གནས་གསར་ལ་སོགས་པ། རྦ་རག་གི་གནས་རྣམས་འཕེལ་ལོ། ། ༈ སྤྱན་རྔོག་གིས་ལྷོ་རག་ཏུ་བྱོན་ཏེ། དེའི་ཚེ་གོ་ཚུལ་ན། བྲམ་ཟེའི་གྲོང་གསུམ་ལས་མི་འདུག །དེ་རྣམས་ཀྱི་ཡོན་བདག་བྱས་ནས་བཞུགས། བྲམ་ཟེ་ལྕེ་ས་ལ་བྱ་བས་ས་གཞི་ཕུལ་ནས། ལྕེ་ས་ལའི་གནས་བཏབ། བྲམ་ཟེ་རབ་ཏུ་ཕྱུང་ནས། ཁོ་ལྷ་ཁང་འཛིན་དུ་བཏང་། ཁོང་གིས་ལྕེ་ས་ལ་ནས། ཁྲའི་དབེན་ཆེན། ཁྲ་པའི་གནང་ཁང་། བཟང་ཡུལ་སྤང་བཟང་། བན་པའི་སྒྲོ་བ། གཞའི་སྤང་རི། ཕྱི་ལུང་། གྲའི་སེ་ལུང་། རྩྭ་ཐང་དང་དགུ་བཏབ། ཁོ་ལྷ་ཁང་ནས། ཉན་པོ་དགོན་པ་བཏབ། དབེན་ཆེན་ནས་དྲུང་གི་སྒོ་འདུལ། ཁྲའི་སྒོམ་ར། ཁྱིམ་བུའི་དགེ་གོང་གསུམ་གྱེས། གནང་ཁང་ནས། རྫིའི་སྐྱེར་ལུང་། ལུང་ཁ་ཕུ་དང་། བན་པ་ཐིབ་སྤྱི་རྣམས་གྱེས། སྒྲོ་བ་ནས་གྲུ་ཤུལ་ཆ་ཁྲོད། རྒྱུད་ཀྱི་བེར་ཆུང་། ལྷུའི་རྒྱན་གོང་། གཏམ་ཤུལ་གྱི་མདའི་དགོན་པ་རྣམས་གྱེས། ཕྱི་ལུང་ནས་རི་མེར་ཆད་ཐིབ། ཕྱི་ནས་ཐང་གྲོང་དགོན་པ་དང་། ཕྱག་གི་ཁམ་ཁུང་(23བ)ཡུགས་ཀྱི་ཞམ་ཚོང་སྟེངས། སྒ་ཐང་སྐར་མ་ཐང་རྣམས་གྱེས་སོ། །B(19བ)ལས། ཁ་ཅིག་ནས་དབའ་རག་གཉིས་ཀྱིས་དབུ་ཚལ་གསེར་ཁང་དུ་བཞུགས་པའི་ཚེ་དབའི་མཁན་བུ་ཀ་བ་ཤཱཀྱ་དབང་ཕྱུག་དང་སྤྱན་རྔོག་བློ་གྲོས་རྒྱལ་མཚན་གཉིས་བྱུང་ཞིང་། ཀ་བའི་མཁན་བུ་ཉང་མི་དར་མ་དབང་ཕྱུག་གིས་འཕན་ཡུལ་སྤྱང་ཕྱིའི་ལྷ་ཁང་བཟུང་བའི་མཁན་བུ་དབང་ཕྱུག་རྒྱལ་བས་སྟོད་ལུང་ཐག་མའི་ལྷ་ཁང་བཟུང་བ་ལས་མོན་འདྲ་ལ་སོགས་པ་དབའ་རག་གི་གནས་རྣམས་འཕེལ་ལོ། །སྤྱན་རྔོག་གིས་ལྷོ་བྲག་ཏུ་བྱོན་ནས་ལྕེ་ས། ཁྲའི་དབེན་ཆེན། ཁོའི་གནས་ཁང་། བཟང་ཡུལ་སྤང་བཟངས། བན་པའི་སྒྲོ་བ། གཞིས་སྤ་རིངས། སེ་ལུང་། གྲའི་སེ་ལུང་། ཙ་ཐང་རྣམས་བཞེངས་ཤིང་། བྲམ་ཟེ་གཅིག་རབ་ཏུ་ཕྱུང་ནས་ཁོ་ལྷ་ཁང་འཛིན་དུ་བཏང་བ་ལས་ཉེན་དགོན་པ་འཕེལ། དབེན་ཆེན་ལས་དྲུང་གི་དགོན་འདུལ། ཁྲའི་སྒོམ་གྲ། ཁྱིམ་ཕུའི་སྒེ་གོང་རྣམས་འཕེལ། གནས་ཁང་ལས་རྫའི་སྐྱེར་ལུང་། ཆུང་ཁ་ཕུ། བན་པའི་ཐིབས་ཕྱི་རྣམས་འཕེལ་ལོ། །སྒྲོ་བ་ལས་གྲོ་ཤུལ་མཆད་ཁྲོད་དང་རྒྱུད་ཀྱི་བེར་ལུང་ལ་སོགས་པ་འཕེལ་བར་སྣང་ངོ་། །རྟ་དང་ཅོག་ཀྲུའི་སློབ་(20ན)མ་ཟ་རིད་རིན་ཆེན། དེའི་སློབ་མ་ཅང་ཤེས་རབ། དེའི་སློབ་མ་རག་ཤི། དེའི་སློབ་མ་འཁམས་པ་འཕགས་པ་ཤེས་རབ། དེའི་སློབ་མ་དབའ་བློ་གྲོས་དབང་ཕྱུག་རུ་འདར་རྔོད་ཕུ་བ་འཆད་དོ། །
རྦ་ཚུལ་ཁྲིམས་བློ་གྲོས་ལ་སློབ་བརྒྱུད་མིང་ཐོན་བདུན་དང་། གནས་གཞི་བཞི་ཅུ་ཞེ་གཉིས།
དྲུག་པ། ལོ་སྟོན་རྡོ་རྗེ་དབང་ཕྱུག །B(15ན)ལས། འགུར་མོ་རབ་ཁ་བ་ལོ་ནད་གཙུག་ནའི་བུ་ལོ་སྟོན་རྡོ་རྗེ་དབང་ཕྱུག ། D(1བ)ལས། གཙང་ནས་ཚོང་འདུས་མགུར་མོ་རབ་ཁའི་ལོ་ནད་ཙུག་ནའི་བུ་ལོ་སྟོན་རྡོ་རྗེ་དབང་ཕྱུག། B(15བ)ལས། དེ་ནས་བསྟན་པ་གསར་རྙིང་མཚམས་སུ་བྱོན་པའི་མངའ་བདག་དཔལ་འཁོར་(16ན)བཙན་གྱིས་སྨན་ལུང་ལ་སོགས་པའི་གཙུག་ལག་ཁང་བཞེངས། ལོ་ཚོང་གཉིས་ཀྱིས་རྩང་དུ་བྱོན་ཏེ་ལོ་སྟོན་གྱིས་ཉང་སྨད་རྒྱན་གོང་གི་གཙུག་ལོ་ཚོང་གཉིས་རྒྱན་གོང་ལས་གྱེས་ཟེར་བ་སྣང་ལག་ཁང་བཞེངས་ཤིང་མཁན་བུ་སྟོད་དུ་སྐྱོ་(སྐྱོ་ཤེས་རབ་རྡོ་རྗེ)སྟག་(སྟག་ལོ་གཞོན་ནུ་རྩོན་འགྲུས་)འབྲོ་(འབྲོ་རྒྱལ་བ་བྱང་ཆུབ་)རྒྱ་(རྒྱ་ཤཱཀྱ་གཞོན་ནུ་བན་དེ)བཞིར་གྲགས་པའི་སྐྱོ་ཤེས་རབ་རྡོ་རྗེས་དོན་མོ་རི་བཟུང་བ་ལས་སྐྱོ་ཚོ་དང་། གཅུང་པ་མཁར་སྟེངས་བཟུང་བ་ལས་ཚོ་མོ་ཆེ་དང་། རོང་སྨད་དུ་སེ་མཁར་ལ་སོགས་པ་དང་། སྟ་སྡེར་རི་བོ་བཟུང་བ་ལས་ལུང་ཕྲན་སྐོར་དང་། རྩང་དུ་ཐང་ཁ། སྒུ་རུམ། མདོ་སྡེ། གཉའ་ནོང་ལ་སོགས་པ་འཕེལ་ལོ། དེ་ནས་ཀོང་པོར་བྱོན་ཞིང་ཡར་ལོག་ནས་བྲག་དམར་ལྷ་ཁང་བཟུང་བའི་ཚེ། རྩང་སྡེ་རུ་གྲགས་པ་རྣམས་འཕེལ་ལོ། །དེ་ནས་ལྷོ་བྲག་གི་མཁན་གྱི་ཟུ་ར་ཕུག་ཏ་མོ་རར་བྱོན་ནས། གདང་གི་དཔྱིད་བཞེངས་ཤིང་། མཁན་པོ་ཤུ་རིངས་གྲགས་ཚུལ། ཤུ་ཐུང་ཚུལ་ཕུང་། ཆོ་ལོ་ཤེས་རབ་གསལ། གཉན་སྟོན་ཡོན་ཏན་མཆོག །ཀློག་བཙུན་ཤེས་རབ་བློ་གྲོས། གློ་བོ་སྐྱེས་མཆོག །ཀླུ་བཙུན་ཚུལ་རྒྱལ། རྩང་སྟོན་ཡེ་ཤེས། མེན་བཙུན་གཡུང་སྟོན། པུག་སྟོན་ཡེ་ཤེས་ཡོན་ཏན་རྣམས་བྱུང་བ་ལས་ཤུ་རིངས་ཀྱིས་བན་པ་དྲུག་རལ་དང་། ཤུ་ཐུང་གིས་མཛལ་གྱི་གནས་དང་། དེ་ལས་དབེན་ཚ་དང་། རྩ་བརྒྱད་རིས། སྣེའུ་མཁར་མེན་ཐང་ལ་སོགས་འཕེལ་ལོ། །ཆོ་ལོས་ལྟ་བུའི་གནས་དང་། གཉན་གྱི་ཞའི་ན་བོ་ཆེ་དང་། ཀློག་ཀློ་གཉིས་ཀྱིས་སྦ་དང་གོང་ཕུགས་ལ་སོགས་པ་དང་། ཀླུ་བཙུན་གྱིས་གདང་གི་གནས་གསུམ་དང་། རྩང་སྟོན་གྱིས་དར་མ་སྒང་ལ་སོགས་པ་བཞེངས། མེན་སུག་གཉིས་ཀྱིས་མོར་ལུང་བཟུང་བ་ལས། ཁྱིམ་བུ། རྩི་ལུང་། མཐའ་གོར། རིའུ་ལ་སོགས་པ་ལྷོ་བྲག་གི་རྩང་ཚོར་གྲགས་པ་རྣམས་འཕེལ་ལོ། །ལོ་སྟོན་ལ་མཁན་བུ་ཉི་ཤུ་རྩ་བཞི་བྱུང་བར་གྲགས་ནའང་། འདི་དག་ལས་གཞན་སྡེ་པ་འཕེལ་བ་མི་སྣང་ངོ་། །དེ་ལྟར་ན་ལོ་ཚོ་སྟོད་པ་གངས་ལ་ཉི་མ་ཤར་བ་ལྟ་བུ་སྐྱོ་སྟག་འབྲོ་རྒྱ་བཞི། ལོ་ཚོ་བར་པ་གཡའ་རི་ལ་ན་བུན་འཐིབས་པ་ལྟ་བུ་ཞུ་འདར་རྡོག་དང་གསུམ། ལོ་ཚོ་སྨད་པ་མཚོ་ལ་དར་ཆགས་པ་ལྟ་བུ་མ་དང་ལྔའོ། །ཡང་། D(2ན)ལས། དེའི་དུས་སུ་རག་ཤིའི་ཅུང་དང་། སྦའི་གཅུང་གཉིས་ཀྱིས་ཕུ་བོ་གཉིས་བསུ་རུ་འོངས་པ་དང་གློང་ཐང་དུ་མཇལ་བས། གཅུང་གཉིས་པོ་དད་པ་སྐྱེས་ཏེ་ལོ་སྟོན་གྱིས་མཁན་པོ་བྱས། ཕུ་བོ་གཉིས་ཀྱི་སློབ་དཔོན་བྱས་ནས་རབ་ཏུ་བྱུང་སྟེ། ད་ལྟ་སྦ་རག་གཅིག་ཏུ་སྡེབ་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ནས་ལོ་ན་རེ། ཁྱེད་ཚོ་སྡོད་ཅིག། ངས་ཚོང་པ་འདི་རྣམས་དང་འགྲོགས་ལ་དབུས་གཙང་དུ་ཕྱིན་ལ་བསྟན་པ་དར་བར་ནུས་སམ་མི་ནུས་བལྟས་ནས། གལ་ཏེ་ནུས་པར་འདུག་ན་ང་བསྡད་ཀྱིས། ཁྱེད་རྣམས་ཡར་བྱོན། གལ་ཏེ་དར་བར་མི་ནུས་པར་འདུག་ན། ང་མར་ལོག་ལ་འོང་གིས་གསུང་ནས་ལྡན་མའི་ཚོང་པ་དང་འགྲོགས་ནས་བྱོན་པས་ཚོང་པ་རྣམས་སུམ་འཕྲང་དུ་ཚོང་བྱས་ནས་ལྡོག་པར་འདུག་པ་ལ། ཁྱེད་འདིར་ཚོང་མ་བྱེད་པར་གཙང་དུ་སོང་ལ་འགུར་མོ་རབ་ཁ་བྱ་བ་ན་ངའི་ཕ་ལོ་ནད་ཙུག་ན་བྱ་བ་ཡོད་ཀྱིས་དེ་ལ་གནས་པོ་ཆོལ་ལ་ཚོང་གྱིས། ཁྱོད་ཀྱི་བུ་རབ་ཏུ་བྱུང་ནས་དབུས་ན་ཡོད་གྱིས། བྱས་ནས་བཏང་བས་ཚོང་ལེགས་པོ་བྱུང་བས། དེང་སང་གི་བར་དུ་ཚོང་འདུས་འགུར་མོར་བྱུང་བ་ཡང་ཨ་མེས་ལོ་སྟོན་གྱི་དྲིན་ཡིན་ནོ། ། D(3ན)ལས། གཙང་གི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་རྒྱན་གོང་བརྩིགས། དེ་ལ་མཁན་བུ་ཉི་ཤུ་རྩ་བཞི་ཡོད་པ་ལས། རྒྱ་ཤཱཀྱ་གཞོན་ནུ་བན་དེས་ལ་སྟོད་མར་ལ་ཐང་བརྩིགས། དེ་ལ་ལ་སྟོད་ཀྱི་རྒྱ་ཚོ་དང་འབྲིང་མཚམས་ཀྱི་མཆད་དཀར་དང་། བུལ་ཐོག་དབུ་རྩེ་ལ་སོགས་པའི་རྒྱ་ཚོ་གྱེས། སྐྱོ་ཤེས་རབ་རྡོ་རྗེས་དོན་མོ་རི་བརྩིགས། སྟོད་ཀྱི་སྐྱོ་ཚོ་དེ་ནས་མཆེད། སྟག་ལོ་གཞོན་ནུ་རྩོན་འགྲུས་ཀྱིས་ལ་སྟོད་སེང་ཚེར་དང་། སྟག་ལོ་ལྷ་ཁང་བརྩིགས། དེ་ནས་མཆེད་པ་ཚོ་ལ་སྟག་ཚོ་ཟེར། ཨ་མེས་ཞུ་གཅིག་མ ཞུ་སྟོན་གཞོན་ནུ་བརྩོན་འགྲུས་ཀྱིས་འཕྲང་དང་བྲག་དམར་བཟུང་། དེ་ནས་མཆེད་པ་ཚོ་ལ་ཞུ་ཚོ་ཟེར། འདར་ཤཱཀྱ་ཡོན་ཏན་གྱིས་གཟུས་པོ་བཟུང་། དེ་ལས་མཆེད་པ་ཚོ་ལ་འདར་ཚོ་ཟེར། ལི་བློ་གྲོས་གཞོན་ནུས་ཇོ་མོ་ལྷ་ཁང་བརྩིགས། དེ་ནས་མཆེད་པ་ཚོ་ལི་ཚོ་ཟེར། སྨད་ཀྱི་ལྔ་ལ་རྒྱན་གོང་འ་མོ་སྐོར་དང་། གླག་བྱང་ཆུབ་རྒྱལ་མཚན་གྱིས་ཆུ་མིག་བརྩིགས། དེ་ལ་མཆེད་པ་ཚོ་ལ་གླག་ཚོ་ཟེར། ཆག་པའི་འགའ་ཤེས་རབ་བླ་མས་སྙེམས་བརྩིགས། ཉ་རི་གཅུང་པའི་རྡོག་ཡེ་ཤེས་འབྱུང་གནས་ཀྱིས་སྤང་དཀར་ལྷ་ལུང་བརྩིགས། དེ་ལྟར་འགའ་རྡོག་གླག་གསུམ་གྱིས་ལྷ་ཁང་སོ་སོར་བརྩིགས་ཀྱང་ཆུ་མིག་ལས་གཞན་གྱིས་རྐྱ་མ་ཚུགས་པས་གླག་ཚོ་ལས་གཞན་མེད་དོ། །གླང་བཙུན་བྱམས་པས་འོམ་ཕུག་བརྩིགས། དེ་ནས་གཙང་འགྲམ་བཟུང་། དེ་ནས་མཆེད་པ་བུམ་ཐང་བུམ་ཐང་ཟངས་དཀར་ལོ་ཙྪས་བཞེངས་ཀྱང་ཟེར། ཆགས་པ། རྟི་གོང་། འགོས་སྟོན་ཁྲོལ་མ་ལ་སོགས་པ་ལ་གླང་ཚོ་སྟོད་སྨད་ཟེར། འགོ་བ་ཡེ་ཤེས་གཡུང་དྲུང་དང་དེའི་མཁན་བུ་ལྕེ་ཤེས་རབ་འབྱུང་གནས་གིས་ཞ་ལུ་འ་མོ་བཟུང་། དེ་ལ་ཀ་བ་བཞི་དང་གདུང་མ་དྲུག་བྱུང་། དེ་ལ་མཆེད་པ་ཚོ་ལ་ཞ་ལུ་རྒྱ་སྐོར་ཟེར། ཀྱི་ཡེ་ཤེས་དབང་པོས་ཤངས་ཀྱི་རྩྭ་ཤོད་མཁར་ལུངས་(3བ)བརྩིགས། དེ་ནས་གྱེ་རེ་གླང་ར་བརྩིགས། དེ་གཉིས་ཀྱི་ལམ་སྟེགས་སུ་མི་ཤངས་ཀྱི་རོ་སྐམ་བརྩིགས། གླང་ར་ནས་མཆེད་པ་ཚོ་ལ་གླང་ར་སྐོར་ཟེར། ཉུག་གི་ཨུ་ལུང་ནས་གྱེས་པ་ཚོ་ལ་ཨུར་ཚོ་ཟེར། དེ་གཉིས་ཀ་ལ་ཀྱི་ཚོ་སྨད་པ་ཟེར། གླང་ར་ནས་འཁྲིས་ཀྱི་ཁ་ཆད་དགོན་པ་བཟུང་། དེ་ནས་ཨ་མེའི་མཁན་བུ་ཞང་སྟོན་ཚུལ་ཁྲིམས་འཕགས་ཀྱིས་བྱ་བརྒྱུས་བཟུང་། ཨ་མེའི་མཁན་བུ་ཀོང་པོ་ཐར་པ་རིན་ཆེན་ལ་མཁན་བུ་བཞི་བྱུང་སྟེ། གཟུས་སྟོན་འཕན་གྲགས་ཀྱི་སྒྲེ་ལྕེ་མཚམས་དང་། རྒྱན་མཁར་སྟག་ལུང་བཟུང་། དེ་ནས་མཆེད་པ་ཚོ་ལ་གཟུས་ཚོ་ཟེར། ལྕེ་བཙུན་དཀར་པོས་ཨཾ་ཡིག་བཟུང་། གཡུང་སྟོན་མཛའ་ཀ་རིས་པ་འོར་བཟུང་། དེ་གཉིས་འ་མོ་སྐོར་དུ་སོང་བས་མཆེད་པ་མེད་དོ། །ཤབ་རྩེས་སྣར་གྱི་ཤབ་རྩེ་ལྷ་ཁང་བརྩིགས། དེ་ཚོ་ལ་ཀོང་ཚོ་ཟེར། དེ་ཚོ་ཀྱི་ཚོ་བར་པའོ། །ཨ་མེས་ཁ་ཆད་དགོན་པ་ནས་སད་ཀྱི་ཏེ་ར་གུ་ལ་ལྷ་ཁང་བཟུང་། དེར་འགོས་ཡུལ་སྟོད་ཀྱི་མཁན་བུ་སར་བན་བཙུན་ཆེན། ཤུད་བན་དགེ་བཤེས། ཀྱི་སྟོན་ཛྙཱ་ན་གརྦྷ་སྟེ་ཨོན་ཞང་རྣམ་གསུམ་སར་བན་གྱིས་ཐང་བུ་དཀར་རུ། ཤུད་བན་གྱིས་གད་ལྷ་ཁང་། ཀྱི་སྟོན་གྱིས་སད་ཀྱི་གུ་ལ་ལྷ་ཁང་བརྩིགས་སོབྱུང་ངོ་། །ཁྲི་སྟོན་བརྩོན་འགྲུས་འབར་གྱིས་ཤོང་སྣར་བཟུང་། དེ་ལ་མཆེད་པ་ཚོ་ལ་ཁྲི་ཚོ་ཟེར། སརྦད་བཙུན་ཆུང་གིས་དྲང་ཆུང་བཟུང་། དེ་ལ་མཆེད་པ་ཚོ་ལ་དྲང་ཆུང་སྐོར་ཟེར། རྒྱ་སྟོན་ཨཱརྱ་དེ་བས་སྒོ་རུ་དུས་སྣ་ཕག་རི་ལ་བཙས་བཟུང་། དེ་ལ་མཆེད་པ་ཚོ་ལ་རྒྱ་ཚོ་ཟེར། མཁན་པོ་གཞོན་ནུ་ཤཱཀྱས་ས་ཕུག་བཟུང་། དེ་ལ་མཆེད་པ་ཚོ་ལ་སར་ཚོ་ཟེར། དེ་རྣམས་ལ་སྟོད་ཀྱི་ཁྲལ་ཚོ་བཞི་སྟེ་ཀྱི་ཚོ་སྟོད་ཡང་ལུགས་གཅིག་ལ་སར་བན་བཙུན་ཆེན་གྱིས་ཐང་བུ་དཀར་རུ་བརྩིགས། སར་བན་གྱི་སྲས་པོ་ཇོ་བོ་ཡོན་ཏན་རིན་པོ་ཆེ་བྱ་བས་ཨ་མེས་ཀྱི་ཡེ་ཤེས་དབང་པོ་ལ་མཁན་པོ་ཞུས་ནས་རྒྱང་རོའི་དྲང་ཆུང་བཟུང་བས་དྲང་ཆུང་སྐོར་དང་། རྐྱང་པོ་དང་རྒྱ་དང་། ཁྲི་ཚོ། སར་ཚོ། འས་ཚོ་སྟེ་སྟོད་ཀྱི་སྡེ་པ་དྲུག་ཟེར་རོ་པའོ། །ཨ་མེའི་མཁན་བུ་སྤང་གིས་འཁྲིས་བསྐྱངས། ཞང་བཙུན་བསོད་ནམས་གྲགས་ཀྱིས་བྱ་བརྒྱུས་བཟུང་སྟེ། དེ་གཉིས་ཀྱི་སྐོར་ལ་ཀྱི་ཚོ་བར་པ་ཟེར་རོ། །སྐྱི་ཚོ་སྟོད་ནས་སྨད་དུ་མཆེད་པའི་མཁན་བུ་གཞོན་ནུ་འབྱུང་གནས་ཀྱིས་རྒྱན་མཁར་ཐུར་ལ་བཟུང་། དེ་ལ་གྱེས་པ་ཚོ་ཐུར་ལ་སྐོར་ཟེར། སྐྱི་བཙུན་ཤི་རི་ཛྙཱ་ནས་འདྲུང་གི་ཀུན་དགའ་ར་བ་བཟུང་། དེ་ཚོ་སྐྱི་ཚོ་སྟོད་ནས་མཆེད་པ་ཡིན་ནོ། །B(16ན)ལས། ༈ སྟག་ལོ་གཞོན་ནུ་བརྩོན་འགྲུས་ཀྱིས་ལ་སྟོད་སེང་རྩེར་བཟུང་བ་ལས་སྟག་ཚོའི་སྡེ་པ་རྣམས་འཕེལ་བ་ནི། བརྩད་ཁོར་གླང་ལུང་ནས་ཨ་ལུ་དབྱེ་བའི་བར་ལྷ་(16བ)ཁང་ཁྱུང་མགོ་ཅན་ཕལ་ཆེ་བ་ཡིན་ཞིང་། དེ་ལས་ཏེ་པོ་ལྷ་ཁང་། གཡག་མགོ་ལྷ་ཁང་། འབལ་ཆུང་ལྷ་ཁང་། གྲོད་མོ་ཆེའི་གནས་ལ་སོགས་པ་བར་ཚོ་སྨད་པ་དང་། ཉ་ན་གྲུའི་གཙུག་ལག་ཁང་དང་། ཆུ་མདོ་ལ་སོགས་པ་བར་ཚོ་སྟོད་པ་དང་། རྩེ་རོམ་ལྷ་ཁང་། རྟ་ཤི་ལུང་ལྷ་ཁང་། ཐང་དཀར་ལྷ་ཁང་། ན་པེ། ནེ་རིངས། གཡང་སྒོམ་ལ་སོགས་པ་དང་། ལ་རུ་ལྷ་ཁང་། བཞི་གྲ་གནས། མཁར་གོང་ལྷ་ཁང་། ཕུལ་མངས་ལ་སོགས་པ་ལྷ་ཚོར་གྲགས་པ་དང་། ལས་ཀྱི་སྲིན་པོ་གདོང་། ཁྱུང་ཀན། བྱ་འུག་ལ་སོགས་པ་ཉང་ཚོར་གྲགས་པ་སྟེ་སྣ་ཚོའི་སྡེ་པ་རྣམས་འཕེལ་ལོ། །ཁ་ཅིག་ནས་ལོའི་མཁན་བུ་རྒྱ་ཤཱཀྱ་གཞོན་ནུས་གྲོམ་པ་རྒྱང་བཟུང་བའི་མཁན་བུ་སྟག་ལོ་གཞོན་ནུ་བརྩོན་འགྲུས་དང་འབྲོག་མི་ཤཱཀྱ་ཡེ་ཤེས་ལ་སོགས་པ་བྱུང་བར་འཆད་དོ། །
༈ འབྲོ་རྒྱལ་བ་བྱང་ཆུབ་ཀྱིས་རྡོ་རྒྱུས་བྲག་དཀར་པོ་བཟུང་བའི་མཁན་བུ་འདར་བྱང་ཆུབ་རྒྱལ་མཚན། འཁོན་སྐྱེ་ཆུ་བ། ཚོང་བཙུན་ཞུར་པོ། ཕག་བཙུན་རྣ་བ་ཅན་རྣམས་བྱུང་བའི་འདར་ལས་ཏེའུ་དཀྱུས། སྣ་བཞི། ཁ་ཐེང་ཐང་ཀ་གླང་ཐུར། དྲེས་ཐང་། སྙ་ཕུ་ལ་སོགས་པ་འཕེལ་ལོ། འཁོན་ལས་དགྱེ་ཚུ། གྲ་ཆུང་། དུར་སྒང་། སྒྲོ་རིས་ལ་སོགས་པ་འཕེལ། ཚོང་བཙུན་ལས་རྒོད་ལུང་། ཤ་གཟགས་གནས་པོ་ཆེ། སྤང་ལུང་ལ་སོགས་པ་འཕེལ། ཕག་བཙུན་ལས་ཚ་ལུང་། ཁྲོན་ལུང་། ལམ་ལུང་། ཀླུ་ལུང་ལ་སོགས་པ་འཕེལ་ལོ། །རྒྱ་ཤཱཀྱ་གཞོན་ནུས་ལྷོ་མར་ལ་ཐང་བཟུང་བ་ལས་ལ་བབས་དང་། གསེར་ཁང་ལ་སོགས་པ་དང་། འབྲིང་མཚམས་ཀྱི་མཆད་དཀར་དང་། བུལ་ཐོག་དབུ་རྩེ་ལ་སོགས་པ་རྒྱ་ཚོའི་སྡེ་པ་རྣམས་འཕེལ་བ་ཡིན་ནོ། །བར་དུ་ཞུ་འདར་རྔོག་དང་གསུམ་དུ་གྲགས་པའི་ཞུ་སྟོན་གཞོན་ནུ་བརྩོན་འགྲུས་ཀྱིས་བྱ་རུ་སྤང་ངོས་བཟུང་བ་ལས་འཕྲང་དང་བྲག་དམར་ལ་སོགས་པ་ཞུ་ཚོ་སྟོད་པ་དང་། ཤབ་རུ་ལ་གོ །བྱེ་སྐྱིད། སྲེག་(17ན)མ། བོན་གནས་ལ་སོགས་པ་ཞུ་ཚོ་སྨད་པ་རྣམས་འཕེལ་ལོ། །བདར་ཤཱཀྱ་བློ་གྲོས་བདར་ཡོན་ཏན་གྱིས་གཟུས་པོ་བཟུང་བ་ལས་ལས་སྤང་ཁང་། ཉུགས་ཕུ། ཐང་དཔེ་གོང་མ་རྣམས་འཕེལ། མཁན་པོ་རོག་པོས་ཐང་དཔེ་འོག་མ་བཟུང་བ་ལས་གསེར་མ་སྐོར་དང་། ཤོག་པོའི་གནས་ལ་སོགས་པ་འཕེལ་ཞིང་། ཐང་དཔེ་འོག་མ་ལས་རྩང་ཐང་དང་ལུག་དུར་ལ་སོགས་པ་འདར་ཚོར་བཏགས་པ་རྣམས་འཕེལ་བ་ཡིན་ནོ། །རྔོག་བཙུན་ལས་ལུང་གྲོན། ལ་ལྕིམ་ལུང་། བྲག་དཔེ། སྒོ་རུམ། ལྕེམ་ལུང་ཕུའི་མཐའ་གདོང་། གྲང་སོའི་གཉན་རྩེ་དཔེ་རིངས་ལ་སོགས་པ་དང་། ག་ར་ས་སེར། གླིང་པོ་གནས་གསར། ཤབ་ཀྱི་བྲག་སྣ་སྒང་ལ་སོགས་པ་རྔོག་ཚོའི་སྡེ་པ་རྣམས་འཕེལ་བ་ཡིན་ནོ། །སྨད་དུ་བུ་བཞི་མ་དང་ལྔར་གྲགས་པ་ལ་ལོའི་མཁན་བུ་ལ་སྔ་བ། སྐྱི་ཡེ་ཤེས་དབང་པོས་འཁྲིས་ཀྱི་ཁ་ཆར་བཟུང་བ་ལས་སྟོད་དུ་རྒྱ། རྐྱང་པོ། གྲང་ཆུང་ལ་སོགས་པ་སྐྱི་ཚོ་སྟོད་པ་རྣམས་འཕེལ། བར་དུ་བྱར་རྒྱུས། ངམ་ཁ། ལྷན་གྱི་བྱེ་གླིང་ལ་སོགས་པ་སྐྱི་ཚོ་བར་པ་རྣམས་འཕེལ། སྨད་དུ་ཤངས་ཀྱི་མཁར་ལུང་དགོན་པ་བཟུང་བ་ལས་གྱེ་རེ་གླང་ར། མུ་ཤངས་ཀྱི་རོ་སྐམ། ཉུག་གི་དབུ་ལུང་ལ་སོགས་པ་སྐྱི་ཚོ་སྨད་པ་རྣམས་འཕེལ་ལོ། །ཡང་ཁྲི་སྟོན་བརྩོན་འགྲུས་འབར་གྱིས་ཤོང་སྣ་བཟུང་བ་ལས་ཁྲི་ཚོ་དང་། རྒྱ་སྟོན་འཕགས་པ་ལྷས། སྒོ་རུ་ངུར་སྣ་བཟུང་བ་ལས་རྒྱ་ཚོ་དང་། མཁན་པོ་གཞོན་ནུ་ཤཱཀྱས་ས་ཕུག་བཟུང་བ་ལས་ས་ཚོའི་སྐོར་འཕེལ་བ་ལའང་སྐྱི་ཚོ་སྟོད་པར་གྲགས་ལ། རྒྱན་དཀར་ཐུར་ལ་དང་འདྲུང་གི་ཀུན་དགའ་ར་བའང་སྐྱི་ཚོ་སྟོད་ནས་འཕེལ་ལོ། །ཁ་ཅིག་རྒྱ་སྟོན་འཕགས་པ་ལྷ་གཉོས་ལོ་ཚ་བའི་སློབ་མ་ཡིན་ཞིང་། རྐྱང་པོ་ནི་ལོ་ཙྪ་བ་རིན་ཆེན་བཟང་པོའི་སློབ་མ་ཡིན་པས་སྡེ་གཞན་དུ་མི་འདོད་ཅིང་། གྲང་ཆུང་ཆུ་མིག་རིང་མོ་ལ་བསྙེགས་པའང་སྣང་ངོ་། །ལྕེ་ཤེས་རབ་འབྱུང་གནས་ཀྱིས་ཞ་ལུ་བཟུང་བ་ལས་གཡུས་ནེ་ཀ་བ་བཞི་སེར་(17བ)དང་། ཀུར། དགའ་བ་གདོང་ལ་སོགས་པ་ལྕེ་ཚོར་གྲགས་པ་རྣམས་འཕེལ་ཞིང་། གཡུས་ནེ་སེར་ལས་འུ་ཡུག་གོས་སྔོན་འཕེལ། ཀུར་ཕུ་ལྕེའི་མཁན་བུ་ཡོན་ཏན་འབྱུང་གྲགས་ཀྱིས་བཟུང་ངོ་། །ཁ་ཅིག་ལས་ལོ་སྟོན་གྱིས་མཁན་བུ་འགོ་བ་ཡེ་ཤེས་གཡུང་དྲུང་། དེའི་མཁན་བུ་ལྕེ་ཡིན་ཏེ་བསླབ་པ་འཆལ་ནས་རྒྱ་གར་དུ་བྱོན་པས་ཞ་ལུ་རྒྱ་སྐོར་དུ་འཆད་པ་སྣང་ངོ་། །གླག་བྱང་ཆུབ་རྒྱལ་མཚན་གྱིས་ཆུ་མིག་རིང་མོ་བཞེངས་ཤིང་། སྣ་རིངས། ཤོག་ཆུང་། སྤུན་གསུམ། ཉ་རི་ཤུག་ཕུལ། ཤངས་སྐྱ་ཚོའི་གཙུག་ལག་ཁང་ལ་སོགས་པ་གླག་ཚོའི་སྡེ་པ་རྣམས་འཕེལ་བ་ཡིན་ནོ། །ཁ་ཅིག་སྲད་ཀྱི་སྤུངས་སད། ཤངས་ཀྱི་ཀྱ་ཚོ། ཤབ་ཀྱི་སྣ་རིངས། འོང་གའི་སྤུན་གསུམ་རྣམས་ལ་ཆུ་མིག་གི་མ་དང་མཉམ་པའི་བུ་བཞི་དང་། སྤུངས་སད་ལས་ཤོག་ཆུང་གྱེས་ཟེར་རོ། །གླང་བཙུན་བྱམས་པས་རྩང་འཕྲང་བཟུང་བ་ལས། འོང་ཀའི་ཁྱུང་མགོ་བརྒྱད་པ། དྲེ་གོང་། བུམ་ཐང་། ཆགས་པ། འོམ་ཕུག་མོ། འགོ་སྟོང་། བངས་ལུང་ལྷ་ཁང་ལ་སོགས་པ་གླང་ཚོའི་སྡེ་པ་རྣམས་འཕེལ་བ་ཡིན་ནོ། །འོམ་ཕུག་ལས་གསེར་སྡིངས་ལྷ་ཁང་ལ་སོགས་པ་འཕེལ་ལོ། ལོའི་གཅུང་པོ་ལོ་ཆུང་རྡོ་རྗེ་སྐྱིད་ཀྱིས་རྒྱན་གོང་བཟུང་བ་ལས་ཤར་སྒྲོ་ལྷ་ཁང་ལ་སོགས་པ་དང་། ལྷོར་ལྷ་ལྡང་གནས་ལ་སོགས་པ་དང་། བྱང་དུ་བྱེ་མ་རིང་མོ་དང་སྣ་ནམ་གནས་གསར་ལ་སོགས་པ་དང་། ནུབ་ཏུ་འགའ་བ་རོང་གི་སྡེ་པ་ལ་སོགས་པ་རྒྱན་གོང་མའི་སྐོར་རྣམས་འཕེལ་བ་ཡིན་ནོ། །གཞན་ཡང་ལོའི་མཁན་བུ་དབའ་རག་གི་གཅུང་པོ་གཉིས། ལི་བློ་གྲོས་གཞོན་ནུ། འགའ་ཤེས་རབ་བླ་མ། རྡོག་ཡེ་ཤེས་འབྱུང་གནས། ཀོང་པོ་ཐར་པ་རིན་ཆེན་རྣམས་བྱུང་བའི་གཅུང་པོ་གཉིས་ལས་གྱེ་རེ་མཚར་པ་སྣ་དང་། ལན་པ་རྟ་བྲེལ་ལ་སོགས་པ་དབའ་རག་གཅུང་གི་བརྒྱུད་རྣམས་དབུས་སུ་འཕེལ་ལོ། སློབ་དཔོན་རྩང་ནག་པ་དང་དབའི་གཅུང་གིས་གྱེ་རེ་མཚར་པ་སྣའི་མདའ་གྲོང་ལྷ་(18ན)ཁང་བཞེངས་ཤིང་། བཞོའི་མཆད་ཀ་བཟུང་། དེ་ནས་རག་ཤིའི་གཅུང་གིས་དགེ་རྒྱས་བཟུང་། དེའི་མཁན་བུ་མཐའ་བཞི་རྒྱལ་འཕགས་ཀྱིས་བསམ་ཡས་མོ་འགར་བཞེངས། དེའི་མཁན་བུ་ཞང་བཙུན་ཤེས་རབ་འཕགས་ཀྱིས་ལན་པ་རྟ་བྲེས་བཞེངས་པར་འཆད་དོ། །ལིས་ཕོ་མ་ལྷ་ཁང་ཟེར་འཇོ་འཇོ། འགས་སྙེམས། རྡོག་གིས་སྤང་དཀར་ལྷ་ལུང་རྣམས་བཞེངས་སོ། །ཀོང་པོའི་མཁན་བུ་གཟུས་སྟོན་འཕན་གྲགས་ཀྱིས་སྒྲེ་ལྕེ་མཚམས་དང་རྒྱན་དཀར་སྟག་ལུང་བཟུང་བ་ལས་གཟུས་ཚོའི་སྡེ་པ་རྣམས་འཕེལ་ལོ། །ལྕེ་བཙུན་དཀར་པོས་ཨང་ཡིག་བཟུང་། གཡུང་སྟོན་འཛའ་ཀི་རི་པས་འོར་བཟུང་སྟེ། དེ་གཉིས་མའི་སྐོར་དུ་སོང་བས་འཕེལ་བ་མེད་དོ། །ཤབ་རྩེས་ཤབ་རྩེ་ལྷ་ཁང་བཞེངས་ཏེ། དེ་བཞི་ཀ་ལ་ཀོང་ཚོར་གྲགས་སོ་ཞེས་ཁ་ཅིག་འཆད་ལ། དེ་དག་ལ་སྐྱི་ཚོ་བར་པའང་ཟེར་རོ། །ལོ་སྟོན་ལ་མཁན་བུ་ཉི་ཤུ་རྩ་བཞི་བྱུང་བར་གྲགས་ནའང་། འདི་དག་ལས་གཞན་སྡེ་པ་འཕེལ་བ་མི་སྣང་ངོ་། །དེ་ལྟར་ན་ལོ་ཚོ་སྟོད་པ་གངས་ལ་ཉི་མ་ཤར་བ་ལྟ་བུ་སྐྱོ་(སྐྱོ་ཤེས་རབ་རྡོ་རྗེ)སྟག་(སྟག་ལོ་གཞོན་ནུ་རྩོན་འགྲུས་)འབྲོ་(འབྲོ་རྒྱལ་བ་བྱང་ཆུབ་)རྒྱ་(རྒྱ་ཤཱཀྱ་གཞོན་ནུ་བན་དེ)བཞི། ལོ་ཚོ་བར་པ་གཡའ་རི་ལ་ན་བུན་འཐིབས་པ་ལྟ་བུ་ཞུ་(ཞུ་སྟོན་གཞོན་ནུ་བརྩོན་འགྲུས་)འདར་(འདར་ཤཱཀྱ་ཡོན་ཏན་)རྡོག་(རྡོག་ཡེ་ཤེས་འབྱུང་གནས་)དང་གསུམ། ལོ་ཚོ་སྨད་པ་མཚོ་ལ་དར་ཆགས་པ་ལྟ་བུ་མ་(རྒྱན་གོང་)དང་ལྔའོ། ། D(5ན)ལས། གཙང་གི་སྡེ་པ་ལོ་ཚོང་གཉིས་ཀྱི་རྒྱན་གོང་ནས་ལོ་ཚོར་སྟོད་སྨད་བར་གསུམ་དུ་གྱེས་པ་ནི་ལོ་ཚོ་སྟོད་ན་ཆེ་བ་གངས་ལ་ཉི་མ་ཤར་བ་དང་འདྲ་བ་སྐྱོ་སྟག །རྒྱ། བར་ན་ཆེ་བ་གཡའ་རི་ལ་ན་བུན་འཐིབས་པ་དང་འདྲ་བ་ཞུ་འདར་རྔོག་དང་གསུམ། སྨད་ན་ཆེ་བ་མཚོ་ལ་དར་ཆགས་པ་དང་འདྲ་བ་རྒྱ་ཆེ་ལ་ཁོད་སྙོམས་པ་བུ་བཞི་མ་དང་ལྔའོ། །དེ་ལ་བུ་བཞི་ནི་ལོའི་མཁན་བུ་འགོ་བ་ཡེ་ཤེས་གཡུང་དྲུང་གིས་སྒྲེ་ལྷ་ཁང་བཟུང་། དེའི་མཁན་བུ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཞ་ལུའི་གཙུག་ལག་ཁང་བཞེངས་ཏེ་བུ་དང་པོའོ། །ཀྱི་ཡེ་ཤེས་དབང་པོས་ཁ་ཅད་དགོན་པ་བཟུང་བ་ལས་ཀྱི་ཚོ་སྟོད་སྨད་བར་གསུམ་དུ་གྱེས་པ་ནི་བུ་གཉིས་པའོ། །གླག་བྱང་ཆུབ་རྒྱལ་མཚན་གྱིས་ཆུ་མིག་རིང་མོ་བཟུང་བ་ལས་མ་དང་མཉམ་པའི་བུ་བཞི་ལ་སོགས་པ་ནི་བུ་གསུམ་པའོ། །གླང་བཙུན་བྱམས་པས་གླང་གཙང་ཟེར་འཕྲང་བཟུང་བ་ལས་གླང་ཚོ་གྱེས་པ་ནི་བུ་བཞི་པའོ། །(5བ)མ་ནི་རྒྱན་གོང་ལྷ་ཁང་གི་སྐོར་རྣམས་སོ། ། ཇོ་བོ་རྗེ་ལྷ་གཅིག་བྱོན་དུས་ན་དབུས་གཙང་གི་མི་དྲུག་གི་ཨ་མེ་ལོ་སྟོན་མ་གཏོགས་པ་ཕལ་ཆེར་འདས་ཏེ། ལོ་སྟོན་གྱི་རྒྱན་གོང་དུ་སྤྱན་དྲངས་(འདི་བདེན་ན། སྐབས་དེར་ལོ་དགུང་ལོ་བརྒྱ་ལྷག་ཙམ་ཡིན་ཚོད་)སྐད། དེའང་སྟོན་ལ་ཞོགས་ལ་ལ་བྱོན་ནས་ཞ་ལུར་ཨ་མེ་ལྕེ་བཙུན་གྱིས་སྤྱན་དྲངས་ནས་རབ་གནས་ཞུས་སྐད་དོ། །ལྷ་ལུང་དཔལ་གྱི་རྡོ་རྗེ་དགེ་སློང་ཡིན་པ་ལ་རྒྱལ་པོ་གླང་དར་མ་བསད་པ་དང་ཁམས་སུ་བྱོན་ནས་བླ་ཆེན་པོ་དམར་གཡོ་ལ་སོགས་པ་རབ་ཏུ་འབྱིན་པ་དང་བསྙེན་རྫོགས་བྱེད་པ་ན་དད་དགེ་ཞུས་པས་ངས་རྒྱལ་པོ་བསད་པས་སྡོམ་པ་མེད་པས་ངས་གཞན་བཙལ་གྱིས་ཟེར་ནས་རྒྱའི་ཧྭ་ཤང་གཉིས་བཙལ་ལོ་ཞེས་ཀྱང་ཁ་ཅིག་འཆད་དོ། །སེ་བཙུན་དབང་ཕྱུག་གཞོན་ནུ་དང་། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱང་བླ་ཆེན་པོའི་མཁན་བུ་ཡིན་ནོ། །ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་བརྒྱུད་བཞི་བཅུ་ཞེ་བདུན་47དང་། གནས་གཞི་144བརྒྱ་དང་ཞེ་བཞི།
བདུན་པ་ཚོང་བཙུན་ཤེས་རབ་སེང་གེ །D(1བ)ལས། ཤབ་སྒོ་ལྔའི་ཚོང་གེ་སྒྲ་བཟངས་ཀྱི་བུ་ཚོང་བཙུང་ཤེས་རབ་སེང་གེ། ཚོང་གེ་བློ་རྣོ་བས་སྟོན་པ་གྱིས། B(18ན)ལས། ༈ ཚོང་བཙུན་གྱིས་རྩིས་ཡང་དབེན་བཟུང་བའི་མཁན་བུ་དབའ་བློ་གྲོས་ཡོན་ཏན། དེའི་མཁན་བུ་ཡོལ་ཆོས་དབང་། ཡོལ་ཐོག་འབེབས། སྟག་པ་ཇོ་བཙུན་རྣམས་ཀྱི་ཆོས་དབང་ལས་སྐེགས་གནས་རྙིང་དང་ཤོང་ཁུད། ཐོག་འབེབས་ལས་ལྕང་ར། སྟག་པ་ལས་ལྕེ་པེ་དང་། བྱེ་བདའ་ལ་སོགས་པ་དབའ་ཚོར་གྲགས་པ་དང་། ཉན་པོ་གནས་རྙིང་གཟུང་བའི་མཁན་བུ་བློ་གྲོས་བཟང་པོ་དང་། ཁམས་པ་ཞིག་ལས་ངུར་མིག་དང་ལྕགས་མཁར་ལ་སོགས་པ་ཉན་ཚོར་གྲགས་པ་དང་། སྟག་ཚལ་མཁར་པོ་ཆེ་བཟུང་བའི་མཁན་བུ་རྒྱ་རྒྱལ་ཚུལ་ལས་དམུ་དང་བྲ་ཐང་ལ་སོགས་པ་བྱ་ཚོར་(18བ)གྲགས་པ་དང་། སྨོན་འགྲོ་ལྷ་ཁང་བཟུང་བའི་མཁན་བུ་མར་པ་རྡོར་ཡེས་ལས་རོང་མཁར་ཕུག་དང་། སྟག་ཚལ་ཀྱུས་ཐང་ལ་སོགས་པ་སྨོན་འགྲོའི་སྐོར་དང་། སེར་གྱི་སྒོང་ཁྲོད་བཟུང་བའི་མཁན་བུ་ཞང་པ་ཚབ་ཁྲོད་ལས་སེར་གྱི་བྲག་ཤོང་། ར་སོག་མཚར་ལ། རོང་པ་དོ། རྐྱང་དུར་ལ་སོགས་པ་དོ་ཚོར་གྲགས་པ་སྟེ་ཚོང་ཚོ་སྨད་པ་རྣམས་འཕེལ་བ་ཡིན་ནོ། །ཁ་ཅིག་དམུའི་གནས་མོ་ཆེ། སྟག་ཚལ་ཀྱུས་ཐང་དྲན་མ་སྒང་པོ། མན་གྲོ་སྟག་ཚང་རྣམས་ལ་སྨོན་འགྲོའི་མ་དང་མཉམ་པའི་བུ་བཞི་ཟེར་རོ། །གཞན་ཡང་སྨོན་འགྲོ་ལས་འབྲིང་མཚམས་རྔ་འུག་འཕེལ། དེ་ལས་ལྷ་ལུང་རྒྱ་རྟགས། གྲང་ལུང་གསལ་བ་སྒང་། མང་ཟངས་ཁ་དུམ་སྟེ་འབྲིང་མཚམས་ཀྱི་ཚོང་ཚོ་རྣམས་འཕེལ་ལོ། །མང་ཟངས་བྲག་དཀར་པོ་ནི་ཚོང་བཙུན་གྱིས་བཞེངས་པར་གྲགས་སོ། །ཁ་ཅིག་རྐྱང་པོའི་ཆོས་བློས་ཚོང་བཙུན་ལ་བསླབ་པ་མནོས་པས་རྐྱང་པོ་ཚོང་ཚོར་འདོད་དོ། །དེ་ནས་ཤབ་ཀྱི་སྔོ་མོ་ལུང་དུ་བྱོན་པ་ལས་སྒོ་ལྔ་སྨན་ལུང་། ཚེ་ལུང་། གླིང་བུ་གཡག་ལུང་ལ་སོགས་པ་འཕེལ་ཞིང་། དོང་ཆུང་གནས་གོག་བཟུང་བ་ལས་བཙུན་པ་རྒན་ཚོ་དང་གཞོན་ཚོ་གཉིས་སུ་ཆད་པའི་རྒན་ཚོས་འབུམ་ཅིག་སྤྱན་དྲངས་ནས་ལྕང་ར་བཟུང་བ་ལས་འདྲེ་མཆེད་རྐྱང་ཆད་འཕེལ། དེ་ལས་ཙུ་ལུང་། ར་མཉན། གནས་གསར་ལ་སོགས་པ་ཚོང་ཚོ་བར་པ་རྣམས་འཕེལ་བ་ཡིན་ནོ། །གཞོན་ཚོས་མདོ་མངས་ཅིག་སྤྱན་དྲངས་ཏེ་ལ་སྟོད་ལྷོར་ཁྲི་འོངས་གནས་གོག་བཟུང་བ་ལས། སྐལ་རྒྱན་གཉིས་སུ་གྱེས་པའི་སྐལ་པ་ལས་དད་པ་སྒང་། རྐ་སྒོ། ལུང་མོ་ཆེ། ཙད་ཁོར། ཉོ་མདའ། རྗེ་གོང་གནས་ལ་སོགས་པ་དང་། རྒྱན་པོ་ལས་ཏེ་པོ་ལྷ་ཁང་། ཟངས་མ་གདོང་། མཛོར་གདོང་། རྩ་མདའ། ལོང་འགྲིལ། ཕྱི་མོ་ཁུད། ས་སྔོན། ལྷ་ལུང་ངམ་ར་གནས་ལ་སོགས་པ་ཚོང་ཚོ་སྟོད་པ་རྣམས་འཕེལ་བ་ཡིན་ནོ། ། དེ་ལྟར་ན་ཚོང་ཚོ་སྨད་པ་རྫ་མོ་བཙེར་བ་ལྟ་བུ། ཚོང་ཚོ་བར་པ་གྲོང་མོའི་རྐེད་པ་ལྟ་བུ། ཚོང་ཚོ་སྟོད་པ་དར་པོ་ཆེ་རླུང་གིས་བསྐྱོད་པ་ལྟ་བུའོ། །ཡང་། Dལས། དེ་ནས་ཡང་ཨ་མེས་སེར་གྱི་སྒོང་ཁྲོད་བཟུང་ནས། དེ་མཁན་བུ་ཞང་པ་ཙབ་ཁྲོད་པ་ལ་གཏད། དེས་སེར་གྱི་བྲག་གཤོངས་བརྩིགས། དེ་ནས་བཙན་མོ་སྡིངས་བཟུང་། དེ་ནས་རྩིས་ཀྱི་ཡང་དབེན་བཟུང་། དེ་ནས་ར་སོགས་མཚར་ལ་དང་། སྟག་ཚལ་མཁར་གསར་བཟུང་ནས། དེ་མཁན་བུ་སྦ་དགེ་མཐོང་ལ་གཏད། དེས་རོང་གི་བ་དོ་བཟུང་། དེས་མཁན་བུ་འབྲེ་བཙུན་སྔོན་མོ་ལ་གཏད། དེ་རྣམས་ལ་དོ་ཚོ་ཟེར། དེ་རྣམས་(4བ)ལ་དོ་ཚོ་ཟེར་བའི་རྒྱུ་མཚན་ཡང་ཁྲལ་ཚོ་རྣམས་འདུས་ནས་འདུན་མ་བྱེད་པའི་དུས་སུ་དོ་ཚོའི་བཙུན་ཆུང་གསུམ་བྱུང་བ་ལ་ཁྱེད་ཀྱི་དཔོན་པོ་གར་སོང་བྱས་པས་ཤི་ཟེར་བས་འོ་ན་ཁྱེད་དོ་ཕྲུག་ཏུ་འདུག་འདུག་པ་བྱས་པས་མིང་དོ་ཚོར་ཆགས་སོ། །དེ་དག་ཐམས་ཅད་ལ་སྨད་ཀྱི་ཚོང་ཚོ་ཕ་ལྔ་ཞེས་ཟེར་རོ། །ཨ་མེ་ཚོང་བཙུན་ཀྱི་མཁན་བུ་རྒྱ་ཡོ་ཆོས་བློས་རྒྱང་རོའི་སད་ལ་ཚེ་ལྷ་ཁང་བཞེངས། དེའི་དབོན་པོ་རྐྱང་པོ་ཞང་ཁྲི་དང་དེའི་སྲས་པོ་རྐྱང་པོ་ཡེ་ཤེས་རྒྱལ་མཚན་གྱིས་པེ་དམར་ལྷ་ཁང་བཞེངས། ཨ་མེ་ཚོང་བཙུན་གྱིས་ཤབ་ཀྱི་དམོ་མོ་གླིང་ཟེར་སྔོན་མོ་ལུང་བཟུང་བ་ལས་གྱེས་པ་ཚོང་ཚོ་སྟོད་པ་སྤོ་ལ་དར་འཕྱར་བ་དང་འདྲ་བ་སྐལ་རྒྱན་ལ་སོགས་པའོ། །བར་པ་རྫ་མོ་གྲུངས་བཅེར་བ་དང་འདྲ་བ་གླན་གྱི་བུ་བཞི་ལྕང་ར་ལ་སོགས་པའོ། །ཞེས་ཁ་ཅིག་འཆད་དོ། །
ཚོང་བཙུན་ཤེས་རབ་སེང་གེའི་མཁན་རྒྱུད་13བཅུ་གསུམ་དང་གནས་གཞི་57ལྔ་བཅུ་ང་བདུན།
སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་འབྲོ་ས་ཐང་དུ་དམེ་རུ་བརྩིགས་ཏེ་ད་ལྟ་ཞིག་ནས་མེད། དེ་ལ་མཆེད་པ་མེད་དོ། །
དབུས་གཙང་མི་བཅུ་ལ་མ་གཏོགས་པ་འ་ཞ་དང་། འབྲེ་གཞོན་ནུ་ཚུལ་ཁྲིམས་གཉིས་ལས་བསྟན་པ་འཕེལ་ཚུལ། D(4བ)ལས། གཞན་ཡང་འ་ཞ་མགོ་བོ་ཆེའི་བུ་འ་ཞ་ཡེ་ཤེས་གཡུང་དྲུང་གིས་ཁམས་སུ་སྡོམ་པ་ལེན་དུ་འགྲོ་བར་འདོད་ནས་ལྷ་སར་ཕྱིན་པས་ལྷ་སའི་སྟེང་ཁང་དུ་འགྲོ་བའི་སྐས་གཅིག་གི་མར་ཟུར་གྱི་སྔ་གདོང་ལ་དཔལ་མགོན་པོའི་གཟུགས་རི་མོར་བྲིས་ནས་ཡོད་པ་ལ་ཡར་འགྲོ་ཙ་ན་རི་མོར་འདུག་པ་ལ། མར་འོང་ཙ་ན་དཔལ་མགོན་པོ་དངོས་ཐོད་པའི་ནང་ན་མིའི་སྙིང་དང་ཁྲག་བསྲེས་ནས་མིའི་རྩིབ་མས་ཐུར་མ་བྱས་ནས་གསོལ་ཞིང་འདུག་པ་ལ་གསོལ་བ་བཏབ་པས་ངས་ཁྱོད་ཀྱི་ཆོས་སྐྱོང་བྱ་ཡིས་ཟླ་བ་གཅིག་ལ་འཁོར་བར་ཤོག་ཟེར་ཏེ་འ་ཚོ་མཐུ་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན། དེ་ནས་འ་ཞས་ཁམས་ཀྱི་ཏྲེར་ཕྱིན་ནས་བླ་ཆེན་པོའི་མཁན་བུ་ཏྲེ་བོ་མཆོག་ལ་བྱ་མཛོ་རོ་རིན་པོ་ཆེ་ཞེས་ཟེར་བ་ལ་བཀའ་དྲིན་ཞུས་པས་ངས་ཆུ་གཏོར་བཏང་ལ་འོང་གིས་གསུང་ནས་བཀའ་དྲིན་ནོད་ལོང་མེད་པར་མཁན་པོ་འདས་པས་ངས་ཆུ་གཏོར་བཏང་ལ་འོང་གིས་ཟེར་བ་ཙམ་ལ། སྡོམ་པ་ཐོབ་པར་བྱས་ནས་དེ་ལ་དགེ་ཚུལ་ཆུ་གཏོར་མ་ཞེས་གྲགས་ཏེ། དེས་མཁན་པོ་བྱས་ཏེ་སྣ་ནམ་འདྲེ་བདས་བཟུང་། དེ་ནའ་འོ་ཡུག་མདའི་ར་ཤ་བཟུང་། དེ་གཉིས་ཀྱི་ལམ་སྟེགས་སུ་སྟག་གི་གནས་མོ་ཆེ་བཟུང་ངོ་། །དེའི་མཁན་བུ་ཤེའུ་གཉེ་ནམ་པས་ལྷན་གྱི་བ་སོ་ཐང་བཟུང་། དེ་ནས་ཁོ་རེ་སྐྱི་སྒང་དང་། ཉང་རོ་བུད་མད་དོ། ཁོ་རེ་ཁང་འཁོར་དང་། ལྷན་གྱི་དྲེ་གཤོངས་རྣམས་རིམ་གྱིས་བཟུང་ངོ་། །དེའི་མཁན་བུ་སོག་སྟོན་ཚུལ་ཁྲིམས་བླ་མས་བ་སོ་ཐང་བསྐྱངས། དེའི་མཁན་བུ་སྤང་འདུལ་འཛིན་གྱིས་སྟག་གི་སྤེན་ཅན་བཟུང་། དེའི་མཁན་བུ་གནུབས་རིན་གྲགས་(5ན)ཀྱིས་ཁུ་ལུང་ལྷ་གྲལ་བཟུང་། ར་ཤ་ནས་འོ་ཡུག་གསལ་སྒང་བཟུང་། དེ་རྣམས་ལ་འ་ཚོ་ཟེར་བ་ཡིན། འ་ཞའི་སློབ་བརྒྱུད་ལ་མཁན་པོ་ལྔ། གནད་གཞི་བཅུ་གཅིག །
D(5ན)ལས། ཡང་འབྲེ་གཞོན་ནུ་ཚུལ་ཁྲིམས་ཀྱིས་ཁམས་སུ་སྡོམ་པ་ལེན་དུ་ཕྱིན་པས་ཁམས་མདོ་སྨད་ཀྱི་ཁྲི་ཀ་མཁར་སྣར་བླ་ཆེན་པོའི་མཁན་བུ་ཡ་ཟི་བོན་སྟོན་བྱ་བ་དབང་མཇལ་ནས་ཅི་ལ་འོངས་ཟེར་བཀའ་དྲིན་ཞུར་མཆིས་བྱས་པས་དེར་བས་ཟེར་ནས་སྡོམ་པ་སྦྱིན་ལོང་མེད་པར་སྐུ་འདས་པ་དང་། ངས་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པ་ཡིན་ཏེ། མཁན་པོ་ན་རེ་དེར་བས་གསུང་བའི་ཕྱིར་རོ་ཟེར་བས། དེར་བས་ཀྱི་བསྙེན་རྫོགས་སུ་གྲགས། དེས་རྟ་ནག་ཕུའི་བྱ་ཚང་བཟུང་། དེ་ནས་ཤངས་ཀྱི་བྱེ་ཕུག་བཟུང་། བྱ་ཚང་ནས་མཆེད་པ་ལ་འཇད་ཀྱི་གནས་བརྒྱད་བྱུང་། དེ་ཚོ་ལ་མཆེད་པ་རྣམས་ལ་གཙང་གི་འབྲེ་ཚོ་ཟེར་བ་ཡིན(འབྲེ་ཚོ་ལ་མཁན་པོ་གཅིག་དང་། གནས་གཞི་གསུམ)། D(5ན)ལས། དེ་ལྟར་དབུས་གཙང་གི་མི་བཅུས་ཁམས་སུ་ཕྱིན་ཀྱང་གོ་ཆོད་མི་དྲུག་ལས་མ་བྱུང་སྟེ། དབུས་སུ་འབྲིང་དང་ཀླུ་མེས་གཉིས། སྦ་དང་རག་ཤི་གཉིས་ཏེ་བཞི་ཡིན། སུམ་པ་ལ་མཆེད་པ་མེད་པ་གོ་མ་ཆོད་དོ། །གཙང་དུ་ལོ་ཚོང་གཉིས་ཡིན་ཏེ། འོ་བརྒྱད་སྤུན་གཉིས་ལ་མཆེད་པ་མེད་པར་ཚོང་ཚོའི་གསེབ་ཏུ་སོང་ནས་ལོགས་སུ་སྡེ་མ་བྱུང་བས་གོ་མ་ཆོད་དོ། །དེས་ན་དབུས་གཙང་གི་མི་དྲུག་ཏུ་གྲགས་པ་ཡིན་ནོ། །འ་འབྲེ་གཉིས་པོ་ནི་སྔར་གྱི་དེ་དག་གང་གིའང་ཁོངས་སུ་མ་གཏོགས་སོ། །སྡེ་པ་དེ་རྣམས་ཀྱི་ནང་གསེས་ཀྱི་ཞིབ་ཚེགས་རྒྱས་པ་ནི་རང་རང་གི་སྡེ་པ་སོ་སོ་ལས་ཤེས་པར་བྱའོ། །གངས་ཅན་གྱི་ཁྲོད་འདིར་སྡེ་པའི་གྱེས་མདོ་ཞེས་བྱ་བ་མང་དུ་ཐོས་པའི་དགེ་སློང་བརྩོན་འགྲུས་སེང་གེས་སྦྱར་བ་རྫོགས་སོ། །
བཞི་པ། བྱ་བ་དེའི་ཁྱབ་ཚད་དམ་ཕན་འབྲས།
༡ བསྟན་པའི་མེ་རོ་སློང་མཁན་དབུས་གཙང་མི་བཅུ་སོགས་ཀྱི་ངོ་སྤྲོད་གོ་བདེ། བསྟན་པའི་མེ་རོ་སློང་མཁན་ནི། Bལས། དེ་ནས་གླག་བ་ལམ་པ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས། ངན་ལམ་པ་འབྲིང་ཡེ་ཤེས་ཡོན་ཏན། འགུར་མོ་རབ་ཁ་བ་ལོ་ནད་གཙུག་ནའི་བུ་ལོ་སྟོན་རྡོ་རྗེ་དབང་ཕྱུག །ཤབ་སྒོ་ལྔ་བ་ཚོང་གི་སྒྲ་གཟང་གི་བུ་ཚོང་བཙུན་ཤེས་རབ་སེང་གེ་དང་བཞིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་སྡོམ་པ་བླངས་སོ། །ཡང་སུམ་པ་འབྲོ་སྟོད་ཐང་པ་ཡེ་ཤེས་བློ་གྲོས་དང་ལྔར་འཆད་པ་དང་། རག་ཤི་རག་ཤ་འཕྲང་འོག་པ་ཚུལ་ཁྲིམས་འབྱུང་གནས་དང་དྲུག་ཏུ་འཆད་པ་ཡོད་ལ། ཁ་ཅིག་ན་ཀླུ་མེས། རག་ཤི། སུམ་པ། དབས། ཚུལ་ཁྲིམས་བློ་གྲོས། འབྲིང་གཟི་དཀར་བ་ཡེ་ཤེས་ཡོན་ཏན་སྟེ་དབུས་པ་ལྔ། ལོ་ཚོང་གཉིས། འོ་བརྒྱད་སྟག་རིས་པ་པ་སྤུན་གཉིས། ཞང་ཏེ་སྦ་གདོང་པ་པ་དབུ་དཀར་བ་སྟེ་རྩངས་པ་ལྔ་དང་བཅུར་འཆད་དོ། །ཞེས་དང་། Dལས། དེ་ནས་ལོ་ལྔ་ལོན་པའི་དུས་སུ་དབུས་ནས་གླག་བ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་རྫི་དཀར་བ་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་གྲོས་དང་ལྔ། གཙང་ནས་ཚོང་འདུས་མགུར་མོ་རབ་ཁའི་ལོ་ནད་ཙུག་ནའི་བུ་ལོ་སྟོན་རྡོ་རྗེ་དབང་ཕྱུག། ཤབ་སྒོ་ལྔའི་ཚོང་གེ་སྒྲ་བཟངས་ཀྱི་བུ་ཚོང་བཙུང་ཤེས་རབ་སེང་གེ། མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་ཏེ་ཀར་བ་དང་ལྔ་སྟེ་དབུས་གཙང་གི་མི་བཅུ་འོངས་ནས། ཞེས་འཁོད་པ་ལས། 1ཡིག་ཆ་གཉིས་མི་སྣ་གཅིག་མཚུངས་ཡིན་པ་ཡིན་ཀྱང་། འོ་བརྒྱད་སྤུན་གཉིས་ཀྱི་ཕ་ཡུལ་Dལས། མངའ་རིས་དང་། Bསྟག་རིས་བཤད་པས་མི་མཚུངས།
༢ བསྟན་པའི་མེ་བསླངས་ནས་ཁྱབ་པའི་ས་གནས་ཕྱོགས་སྡོམས་རོབ་ཙམ་བྱས་པ།
1ཀླུ་འབྲིང་སྦ་རག་བཞིས་དབུས་ཀྱི་ཕྱོགས་སྟེ་ད་ལྟའི་སྲིད་འཛིན་ས་ཁོངས་གཙོ་བོ་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁའམ་རྩེད་ཐང་གྲོང་ཁྱེར་གཉིས་ཀྱི་ཁོངས་གཏོགས་རྫོང་ཁག་རྣམས་ལ་ཁྱབ་པ། ཤར་གྱི་སྟག་རྩེ་དང་། མལ་གྲོ་གུང་དཀར། སྟོད་ལུང་བདེ་ཆེན། ཆུ་ཤུལ(སྐབས་དེའི་མིང་། ཟད།)། སྙེ་མོ། འཕན་པོ། དང་འདམ་གཞུང་རྣམས་ཚང་མར་ཁྱབ་པ་དང་། ལྷོ་ཁའི་རྒྱ་ཚ་(དགས་པོ་)དང་། སྣང་། ཟངས་རི། ཆུ་གསུམ(ཨེ)། ལྷུན་རྩེ(དམྱལ)། འཕྱོང་རྒྱས། སྣ་དཀར་རྩེ(ཡར་འབྲོག)། ལྷོ་བྲག(ལྷོ་རག་ཅེས་བྲིས་པའང་སྣང་) །མཚོ་སྣ(འདི་ཡང་ལྷོ་བྲག་ཆ་ཤས་ཡིན་ནམ)། མཚོ་སྨད(ལྷོ་བྲག་གཏམ་ཤུལ་)། གྲ་ནང་(གྲ་)། གོང་དཀར་(འཆིང་རུ་)རྣམས་ཚང་མར་ཁྱབ་ཡོད་འདུག །
2 ལོ་ཚོང་གཉིས་ཀྱིས་གཙང་ཕྱོགས་སུ་བསྟན་པ་སྤེལ་བ་ཁྱབ་ཚུལ། གཞིས་རྩེ་གྲོང་ཁྱེར་གྱི་ཁོང་གཏོགས་རྫོང་རྣམས་ཀྱི་མིང་། རིན་སྤུངས(རོང་)། པ་རྣམ(མྱང་ཡུལ་བར་)། རྒྱལ་རྩེ(མྱང་སྟོད་)། ཁང་དམར། གམ་པ(འབྲིག་མཚམས་སམ་འབྲིང་མཚམས་)། གྲོ་མོ(འགོས་ཡུལ་)། ས་སྐྱ(གྲོམ་པ་)། གཏིང་སྐྱེས(འབྲིག་མཚམས་)། དིང་རི(ལ་སྟོད་)། གཉའ་ནང་(ལ་སྟོད)། སྐྱིད་གྲོང་(མང་ཡུལ་དང་གུང་ཐང་)། ས་དགའ། འབྲོང་པ། ངམ་རིང་(གཡས་རུའམ་མུས་མདོག་)། ལྷ་རྩེ(གྲོམ་པ་)། མཐོང་སྨོན(འཇད་)། རྣམ་གླིང་(ཤངས་དང་འུ་ཡུག)། གོང་གསལ་རྫོང་དེ་ཚོའི་ནང་ནས་འབྲོང་པ་ལ་ཁྱབ་པ་ཁ་གསལ་ཤེས་མ་ཐུབ། དེ་མིན་ཚང་མར་ཁྱབ་འདུག་པ་མ་ཟད་ལྷག་པར་དུ་ལྷོ་བྲག་དང་གམ་གཏིང་། དིང་རི་རྣམས་ལ་གནས་གཞི་མང་པོ་ཡོད་འདུག །དེ་ཚོར་དཔགས་ན་སྐབས་དེའི་དབུས་གཙང་མི་བཅུའམ་གཙོ་བོ་དྲུག་གི་འཕྲིན་ལས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་འདུག་སྙམ།
༣ མཁན་བརྒྱུད་དང་གནས་གཞི་བསྡོམས་ཀླུ་མེས་ཀྱི་སློབ་མ་སོགས་17བཅུ་བདུན་དང་། གནས་གཞི་80བརྒྱད་ཅུ་ཐམ་པ།
རག་ཤི་ཚུལ་འབྱུང་ལ་མཁན་རྒྱུད་4བཞི་དང་། གནས་གཞི་7བདུན།
འབྲིང་ཡེ་ཤེས་ཡོན་ཏན་གྱི་སློབ་མ་དང་བཅས་པས་བཟུང་བ་དང་བཏབ་པའི་གནས་གཞི་40བཞི་བཅུ། སློབ་མ་དང་ཡང་སློབ་11བཅུ་གཅིག །
རྦ་ཚུལ་ཁྲིམས་བློ་གྲོས་ལ་སློབ་བརྒྱུད་མིང་ཐོན་7བདུན་དང་། གནས་གཞི་42བཞི་ཅུ་ཞེ་གཉིས།
ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་བརྒྱུད་བཞི་བཅུ་ཞེ་བདུན་47དང་། གནས་གཞི་144བརྒྱ་དང་ཞེ་བཞི།
ཚོང་བཙུན་ཤེས་རབ་སེང་གེའི་མཁན་རྒྱུད་13བཅུ་གསུམ་དང་གནས་གཞི་57ལྔ་བཅུ་ང་བདུན།
སུམ་པ་ཡེ་ཤེས་བློ་གྲོས་ལ་གནས་གཞི་1གཅིག །
འ་ཞའི་སློབ་བརྒྱུད་ལ་མཁན་པོ་5ལྔ། གནད་གཞི་11བཅུ་གཅིག །
འབྲེ་ཚོ་ལ་མཁན་པོ་1གཅིག་དང་། གནས་གཞི་3གསུམ།
ཕྱི་དར་བསྟན་པའི་མེ་རོ་མདོ་སྨད་ནས་བསླངས་པར་བསྡོམས་པས་མཁན་པོ་མིང་ལྡན་105དང་། བསྟན་པའི་གནས་གཞི་བཟུང་བ་དང་བརྩིགས་པ་བསྡོམས་385བྱུང་ཡོད། ད་དུང་ཡིག་ཐོག་ཏུ་མ་འཁོད་པ་དང་ཤེས་རྟོགས་མ་ཐུབ་པ་ཡང་གང་འཚམས་ཡོད་ངེས་སྙམ།
དཔྱད་གཞིའི་ཡིག་ཆ།
དབུས་གཙང་སྡེ་པའི་གྱེས་མདོ་བཞུགས་སོ། །དགེ་སློང་བརྩོན་འགྲུས་སེང་གེས་(དུས་རབས་12)མཛད་པ།
རྦ་བཞེད་བཞུགས་སྷོ། །པོད་གཟུགས་བྲིས་རྙིང་གློག་རྡུལ། བསྟན་བཅོས་འདིའི་ཞབས་ཤོག་རལ་ཞིང་ཅུང་མ་ཚང་བས། མཛད་པ་པོ་ངེས་གསལ་མི་བཞུགས་ཀྱང་། ལྡེབ་(24བ10)ལས། དེ་ནས་ལྕགས་འབྲུག་(1280)ལོར་བཅོམ་ལྡན་རལ་གྲིའི་ཆོས་གྲ་ཆེན་པོར་དབུས་པ་བློ་གསལ་གྱིས་རྩིས་ཏེ་༣༤༡༦འདས་པ། སྟོང་དང་བརྒྱད་ཅུ་རྩ་བཞི་གནས་ཤིང་ལྔ་བརྒྱ་རྟགས་ཙམ་འཛིན་པ་ཡིན་ནོ། །ཞེས་སོགས་འཁོད་པས། ལྕགས་འབྲུག་དེ་སྤྱི་ལོ་ཕབ་ན་གོང་གསལ་དེར་གཏན་ཁེལ་བ་ལགས་པས་རྦ་བཞེད་འདིའི་ཁ་སྐོང་སོགས་དབུས་པ་བློ་གསལ་གྱིས་མཛད་དམ་སྙམ་མོ།
སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བ་ནེའུ་པཎྜི་ཏས་མཛད་པ་བཞུགས། ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་(འཁྲུངས་འདས་ལོ་ཚིགས་མ་རྙེད་)གྱིས་ཆུ་ལུག་(1283)མཛད་པ། པོད་གཟུགས། བྲིས་རྙིང་གློག་རྡུལ།
ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་(1504-1566)མཛད་པ། ཤིང་སྤར་མ། གློག་རྡུལ།
ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། མངའ་བདག་ཉང་ཉི་མ་འོད་ཟེར་(1124-1194)གྱིས་མཛད་པ། དེབ་གཟུགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོར་སྤར་བ།
བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ་(1290-1364)ཀྱིས་མཛད་པ། པོད་གཟུགས་ཤིང་སྤར་མ། གློག་རྡུལ།
མཁས་པ་ལྡེའུས་(དུས་རབས་12པ)མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པའམ་ལྡེའུ་ཆོས་འབྱུང་ངམ་། པོད་གཟུགས་བྲིས་རྙིང་གློག་རྡུལ།
དེབ་གཏེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ་(1392-1481)གྱིས་མཛད་པ། ཤིང་སྤར་མ། གློག་རྡུལ།
སྤོང་རོང་ཟླ་བས་2026ལོའི་ཟླ་3པར།
[1] མྱང་ཆོས་འབྱུང་ངམ་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས། དེབ་གཟུགས། བོད་ལྗོངས་མི་དམངས་དཔེ་སྐུན་ཁང་། 2002ལོར་སྤར་བ། ཤོག་ངོས། 147
[2] ཆོས་འབྱུང་མཁས་པ་དགའ་བྱེད། ཤིང་སྤར་མ། གློག་རྡུལ། ལེ་ཚན་ཉ་ཤོག་ལྡེབ་2བ5
[3] བུ་སྟོན་ཆོས་འབྱུང་། ཤིང་སྤར་མ། ལྡེབ་136བ7
[4] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར་གྱིས་མཛད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོར་སྤར། ཤོག་ངོས་449
[5] མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། པོད་གཟུགས། ལྡེབ་204པ1
[6] དེབ་གཏེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པ། སྤར་རྙིང་། ལེ་ཚན་ཁ་(2བ4)
– – – – –
![]()



