«རིགས་པ་ཡང་དག་པར་ངེས་པ་»ལ་བརྟེན་ནས་ཧྭ་ཤང་མ་ཧཱ་ཡན་གྱི་འདོད་པ་ངོ་མ་དེ་གང་ཡིན་འཚོལ་བ།

1
1865

ནང་དོན་གནད་བསྡུས། རྩོམ་ཡིག་འདིར་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་《ཅིག་ཅར་འཇུག་པ་ཐེག་པ་ཆེན་པོའི་རིགས་པ་ཡང་དག་པར་ངེས་པ་》(《顿悟大乘正理决》P.4646དང་S.2672)ཞེས་པའི་བོད་འགྱུར་མ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའི་《སྒོམ་གྱི་གནད་གསལ་བར་ཕྱེ་བ་བསམ་གཏན་མིག་སྒྲོན་》ཞེས་པའི་དཔེ་ཆ་གཉིས་ལ་ཁུངས་གཏུགས་ནས་ཧྭ་ཤང་མ་ཧཱ་ཡན་གྱི་(摩诃衍)་ལྟ་སྒོམ་དང་འདོད་པ་ངོ་མ་དེ་གང་ཡིན་ལ་ཅི་ཐུབ་ཀྱིས་དཔྱད་པ་བྱས་ཡོད།  

གནད་ཚིག ཧྭ་ཤང་མ་ཧཱ་ཡན། ཅིག་ཅར་པ། མི་རྟོག་པར་འཇུག་པ།  《རིགས་པ་ཡང་དག་པར་ངེས་པ། 》《བསམ་གཏན་མིག་སྒྲོན།》

སྔོན་གླེང་།

བོད་གངས་རིའི་ལྗོངས་སུ་ནང་པ་སངས་རྒྱས་པའི་བསྟན་པ་དར་ནས་ཡུན་རིང་མ་འགོར་བར་རྒྱ་གར་གྱི་སློབ་དཔོན་ཞི་བ་འཚོའི་སློབ་བརྒྱུད་འཛིན་མཁན་གྱི་ཕྱོགས་དང་རྒྱ་ནག་ནས་འོང་བའི་ཧྭ་ཤང་མ་ཧཱ་ཡན་①གྱི་ཕྱོགས་གཉིས་ཀྱི་བར་ལ་རྩོད་པ་ཆེན་པོ་ཞིག་བྱུང་ཞིང་། རྩོད་པ་དེ་ནི་རང་རེ་བོད་ཀྱིས་དེ་འདྲའི་ཕྱོགས་གཉིས་ལས་གང་ཞིག་གདམ་མིན་གྱི་རྩོད་པ་རེད་ཟེར་ཡང་མི་ཆོག་པ་མེད། མཐར་སློབ་དཔོན་ཞི་བ་འཚོའི་ཆོས་བརྒྱུད་དང་ལེན་བྱས་ཤིང་། མ་ཧཱ་ཡན་ས་མཐར་སྤྲད་པར་རྒྱ་བོད་ཀྱི་ཡིག་ཆ་གཉིས་ཀ་མཐུན།  《དབའ་བཞེད》དང་《རིགས་པ་ཡང་དག་པར་ངེས་པ་》གཉིས་ལས་ལྟ་བ་རྣམ་དག་ཡིན་མིན་ལ་རྩོད་པ་ཡང་བྱས་ཡོད་པ་གསལ་བར་མཚུངས་ན་ཡང་། ལྟ་བའི་རྒྱལ་ཕམ་སུ་ལ་ཡོད་མེད་མི་མཚུངས་ཏེ། 《དབའ་བཞེད་》ལྟར་ན་རིམ་གྱིས་པའི་ཕྱོགས་རྒྱལ་ཡོད་ལ། 《རིགས་པ་ཡང་དག་པར་ངེས་པ་》ལྟར་ན་ཅིག་ཅར་བའི་ཕྱོགས་རྒྱལ་ཡོད་པས། སྐབས་དེར་ལྟ་བའི་སྟེང་ནས་སུ་ལ་རྒྱལ་ཁ་ཡོད་མེད་ཐག་གཅོད་དཀའ་ནའང་《དབའ་བཞེད་》ལ་སོགས་པའི་བོད་ཀྱི་ལོ་རྒྱུས་རྙིང་པ་རྣམས་ལས་ལྟ་བའི་སྟེང་ནས་ཧྭ་ཤང་ཕྱོགས་ཕམ་པར་མཛད་པར་གསུངས་པ་དང་། 《སྒོམ་རིམ་ཐ་མ》སོགས་ལྟ་གྲུབ་སྟོན་པའི་གཞུང་སྔ་མ་དག་ཏུ་ཧྭ་ཤང་ལུགས་བཀག་པ་སོགས་ཀྱི་དབང་གིས་དུས་ཕྱིས་སུ་བོད་ཀྱི་མཁས་པ་རེ་ཟུང་ཙམ་མ་གཏོགས་ཕལ་ཆེ་བས་ཧྭ་ཤང་གི་ལུགས་ཟེར་ན་ནོར་འཕྱུག་དང་ཐན་དུ་བརྩི་བའི་སྲོལ་ཞིག་དར་ཡོད་དེ། དཔེར་ན་ས་སྐྱ་པཎ་ཆེན་(༡༡༨༢-༡༢༥༡)གྱི་《སྡོམ་གསུམ་རབ་དབྱེ་》དང་། གོ་རམས་པ(༡༤༢༩-༡༤༨༩)འི་དེའི་འགྲེལ་བ་སོགས་ལས་ཧྭ་ཤང་གི་ལུགས་དང་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་གཉིས་གཅིག་ཏུ་གསུངས་ནས་ཧྭ་ཤང་ལུགས་ནོར་བར་བཤད་པ་དང་། རོང་སྟོན་ཤཱཀྱ་རྒྱལ་མཚན་(༡༣༦༧-༡༤༤༩)དང་། བུ་སྟོན་ཐམས་ཅད་མཁྱེན་པ།(༡༢༩༠-༡༣༦༤)བོ་དོང་ཕྱོགས་ལས་རྣམ་རྒྱལ།(༡༣༧༥-༡༤༥༠)འཇུ་མི་ཕམ་པ་(༡༨༤༦-༡༩༡༢)ལ་སོགས་པའི་ཆེན་པོ་དག་གིས་ཀྱང་ཧྭ་ཤང་ལུགས་བཀག་ཡོད་ལ། དེར་མ་ཟད་འཇམ་མགོན་བླ་མ་རྗེ་ཙོང་ཁ་ཆེན་པོ(༡༣༥༧-༡༤༡༩)ས་ཀྱང་གཙོ་བོ་《ལམ་རིམ་ཆེན་མོ》འི་ནང་དུ་ཧྭ་ཤང་གི་ཐ་སྙད་བཅུ་བདུན་སྦྱར་ནས་ཐོག་མཐའ་བར་གསུམ་དུ་དགག་པ་ཆེན་པོ་བྱས་ཡོད། ཡིན་ན་ཡང་། ཉེ་བའི་དུས་སུ་ཧྭ་ཤང་མ་ཧཱ་ཡན་གྱིས་གསུངས་པ་ལྟར་བང་ཤིས་(王锡)ཞེས་པའི་་སློབ་མ་ཞིག་གིས་ཟིན་བྲིས་སུ་བཏབ་པའི་ཡིག་ཆ་《རིགས་པ་ཡང་དག་པར་ངེས་པ་》ཞེས་པ་ཞིག་ཏུན་ཧོང་ཡིག་རྙིང་ནས་ཐོན་ཞིང་། ད་ལྟ་ཡིག་ཆ་དེའི་བོད་འགྱུར་ཡོད་པ་དེའི་ནང་དུ་བཀོད་པའི་ཧྭ་ཤང་གི་འདོད་པ་དང་གོང་དུ་དྲངས་པའི་སྔོན་བྱོན་སྐྱེས་བུ་དམ་པ་དག་གིས་ཧྭ་ཤང་གི་འདོད་པ་འགོག་སྐབས་ཀྱི་ཧྭ་ཤང་གི་འདོད་པ་འགོད་ཚུལ་ལ་མི་འདྲ་བའི་ཁྱད་པར་འདུག་པས། དེ་འདྲའི་ཁྱད་པར་གསལ་བར་སྟོན་ཕྱིར་འདིར་ཧྭ་ཤང་གི་འདོད་པ་དོན་ཚན་ཁ་ཤས་ཀྱི་སྒོ་ནས་དགོད་པར་བྱ།

དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པའི་ནང་དུ་ཧྥ་རན་སིའི་མཁས་པ་ཏའེ་སྨི་ཝིས་(戴蜜微)ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་《རིགས་པ་ཡང་དག་པར་ངེས་པ་》ལ་ཞིབ་འཇུག་བྱས་པ་ལ་བརྟེན་ནས་བོད་ཀྱི་ཏོན་ཙེན་ཆོས་རྩོད་སོགས་ལ་ཕྱིར་རྟོག་བྱས་པ་ནས་བཟུང་རིམ་གྱིས་ནུབ་ཕྱོགས་ཀྱི་མཁས་པ་དང་། ཉི་ཧོང་གི་མཁས་པ། རྒྱ་ནག་གི་མཁས་པ་རྣམས་ཀྱིས་《རིགས་པ་ཡང་དག་པར་ངེས་པ་》སོགས་ཏུན་ཧོང་གི་ཡིག་ཆ་ཁག་དང་བོད་ཀྱི་ལོ་རྒྱུས་ཡིག་ཆ་སོགས་ལ་ཞིབ་འཇུག་བྱས་པ་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་རྟོག་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་ཚོད་འདུག ཡིན་ན་ཡང་ཁོང་རྣམ་པས་ཆེད་དུ་ཧྭ་ཤང་གི་འདོད་པ་དང་ལྟ་གྲུབ་སྐོར་ནས་ཞིབ་འཇུག་དང་དཔྱད་པ་བྱས་ཡོད་མེད་བདག་གིས་གསལ་བར་མ་ངེས་ཀྱང་མེད་པར་བཤད[༡]། བོད་ཡིག་ཐོག་ཏུ་ཉེ་བའི་དུས་སུ་མཁས་པ་བསོད་ནམས་དོན་འགྲུབ་ཀྱིས་《ཏུན་ཧོང་བོད་ཡིག་གི་བྲིས་རྙིང་P.T.823ལ་དཔྱད་པ་》ཞེས་པ་བརྩམས་ནས་རིགས་པ་ཡང་དག་པར་ངེས་པའི་ཡིག་ཆ་དང་མ་ཧྭ་ཡན་གྱི་ལྟ་གྲུབ་ལ་ཞིབ་འཇུག་བྱས་ཡོད་པ་དང་། མཁས་པ་འབྲུག་ལྷ་དང་ཚེ་བརྟན་འབུམ་གཉིས་ཀྱིས་ 《ཏུན་ཧོང་རྒྱའི་ཡིག་རྙིང་ལས་བྱུང་པའི་བོད་བརྒྱུད་ནང་བསྟན་སྐོར་གྱི་ཡིག་ཆ་ཡིག་སྒྱུར་དང་ཞིབ་འཇུག་》ཅེས་པ་བརྩམས་ནས་ཏོན་རྩེན་ཆོས་རྩོད་དང་མ་ཧཱ་ཡན་གྱི་འདོད་པ་སོགས་ལ་ཞིབ་འཇུག་བྱས་པ། མཁས་པ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་《བསམ་ཡས་ཆོས་རྩོད་ལྟ་གྲུབ་ཀྱི་དཔྱད་པ་བྱིས་པ་དགོད་པའི་རྫུན་རྐོང་།》ཞེས་པ་བརྩམས་ནས་བསམ་ཡས་ཆོས་རྩོད་དང་མ་ཧཱ་ཡན་གྱི་ལུགས་དེ་བོད་ཀྱི་སྔ་དེང་གི་མཁས་པའི་ཁྲོད་དུ་གཟིགས་ཚུལ་ག་རེ་ཡོད་མེད་སོགས་ལ་ཞིབ་འཇུག་དང་དཔྱད་པ་རྒྱས་པར་བཀོད་པ་སོགས་ཡོད་ནའང་། ཁོང་རྣམ་པས་ཧྭ་ཤང་མ་ཧཱ་ཡན་གྱི་ལྟ་གྲུབ་དང་འདོད་པ་གང་ཡིན་ཐད་ནས་མ་ཧཱ་ཡན་གྱི་འདོད་པ་རེ་ཟུང་ཙམ་ལས་མང་པོ་བཀོད་མེད་ཅིང་། འདོད་པ་བཀོད་པ་རེ་ཟུང་ལ་ཁུངས་གསལ་པོ་བཀོད་མེད་པ་སོགས་མ་ཧཱ་ཡན་གྱི་འདོད་པ་གང་ཡིན་ད་དུང་མི་གསལ་བའི་ཆ་ཡོད་པར་སྣང་། ད་ལྟའི་བོད་ཀྱི་མཁས་པའི་ཁྲོད་དུ་མ་ཧཱ་ཡན་གྱི་ལྟ་གྲུབ་དང་འདོད་པ་གང་ཡིན་དང་དེ་ལ་དཔྱད་པ་བྱས་པ་རྒྱས་ཤོས་ནི་མཁས་པ་བེ་རི་བསོད་ནམས་དབང་ཕྱུག་ལགས་ཁོང་ཡིན་ཞིང། ཁོང་གིས་《དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད་》དུ་མ་ཧཱ་ཡན་གྱི་ལྟ་གྲུབ་རྒྱས་པར་གསུངས་ཡོད་ནའང་ཁོང་གིས་མ་ཧཱ་ཡན་གྱི་ལྟ་གྲུབ་གང་ཡིན་དཔྱད་གཞིའི་ཁུངས་དེ་ཉིད་ཧྭ་ཤང་མ་ཧཱ་ཡན་གྱིས་བརྩམས་པ་ཡིན་མིན་ལ་དོགས་པ་ཆེ་བར་བརྟེན་ཡིད་རྟོན་པ་ཞིག་མ་བྱུང་བས། འདིར་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་《ཅིག་ཅར་འཇུག་པ་ཐེག་པ་ཆེན་པོའི་རིགས་པ་ཡང་དག་པར་ངེས་པ་》(《顿悟大乘正理决》P.4646དང་S.2672)ཞེས་པའི་བོད་འགྱུར་མ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའི་《སྒོམ་གྱི་གནད་གསལ་བར་ཕྱེ་བ་བསམ་གཏན་མིག་སྒྲོན་》ཞེས་པའི་དཔེ་ཆ་གཉིས་ལ་ཁུངས་གཏུགས་ཤིང་། གོང་དུ་བཀོད་པའི་བོད་ཀྱི་མཁས་དབང་དག་གི་གསུང་རྩོམ་དག་ལ་བརྟེན་ནས་ཧྭ་ཤང་མ་ཧཱ་ཡན་གྱི་ལྟ་སྒོམ་དང་འདོད་པ་ངོ་མ་དེ་གང་ཡིན་ལ་ཅི་ཐུབ་ཀྱིས་དཔྱད་པར་བྱ། དེ་ལྟར་བྱེད་པ་ལ་ཐོག་མར་ཁོང་གི་ཆོས་བརྒྱུད་དང་རྣམ་ཐར་ཅུང་ཙམ་བརྗོད་ན།

དང་པོ། ཆོས་བརྒྱུད།

ཧྭ་ཤང་མ་ཧཱ་ཡན་ནི་རྒྱ་ནག་ཏུ་ནང་པའི་ཆོས་བརྒྱུད་ཆེན་པོ་ལྔ་ཡོད་པའི་ནང་གི་སྙིང་པོ་དོན་གྱི་བརྒྱུད་པ་འཛིན་མཁན་ཞིག་ཡིན་པ་《རིགས་པ་ཡང་དག་པར་ངེས་པ》རུ་གསལ[༢]་ལ། དེ་ཡང་རྒྱ་ནག་གི་སྙིང་པོ་དོན་གྱི་བརྒྱུད་པ་ནི་སྟོན་པ་བཅོམ་ལྡན་འདས་(B.C562—B.C482)ཀྱིས་འཕགས་པ་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་པ་ནས་བཟུང་བསྟན་པའི་གཏད་རབས་ཉེར་བརྒྱད་པ་བོ་དྷི་དྷརྨོ་ཏྟ་ར་སྟེ་བྱང་ཆུབ་ཆོས་མཆོག་(菩提达摩ཕར་ཆེར་ཕྱི་ལོ་དུས་རབས་བཞི་བའི་དཀྱིལ་སྨད་ཙམ་དུ་འཁྲུངས་ཤིང་ཕྱི་ལོ་དུས་རབས་དྲུག་པའི་དཀྱིལ་སྟོད་ཙམ་དུ་འདས་པ་ཡིན།)གི་བར་ཏུ་སྙིང་པོ་དོན་གྱི་བརྒྱུད་པ་བར་མ་ཆད་པར་གཅིག་ནས་གཅིག་ཏུ་གཏད་ཅིང་། བྱང་ཆུབ་ཆོས་མཆོག་གིས་བི་ཤྭ་མི་ཏྲ་ཕྱི་མ་ལ་བསྟན་པ་གཏད་ནས་རང་ཉིད་རྒྱ་ནག་ཏུ་བྱོན། རྒྱ་ནག་ནས་ཁོང་གིས་གཙོ་བོ་མདོ་སྡེ་《ལང་ཀར་གཤེགས་པ་》ལ་བརྟེན་ནས་བསམ་གཏན་གྱི་ཆོས་སྤེལ་ཞིང་སློབ་མ་མང་པོ་བསྐྱངས་ལ་སློབ་མའི་ཕུལ་དུ་བྱུང་བ་ཧུའི་ཁུ་(慧可༤༨༧—༥༩༣)ལ་བསྟན་པ་གཏད། དེས་མཁན་རབས་གསུམ་པ་ཟིན་ཚན་(僧璨༥༡༠—༦༠༦)ལ་བསྟན་པ་གཏད། དེས་མཁན་རབས་བཞི་པ་ཏའོ་ཤེན་(道信༥༨༠—༦༥༡)ལ་བསྟན་པ་གཏད། དེས་མཁན་རབས་ལྔ་པ་ཧོང་རིན་ཏེ་བཟོད་པ་རྒྱ་ཆེན(弘忍༦༠༡—༦༧༥)་ལ་བསྟན་པ་གཏད་ཅིང་། དེ་དག་ལ་བསམ་གཏན་ཆོས་བརྒྱུད་ཀྱི་མེས་པོ་རྣམ་ལྔ་ཟེར།  དེ་ནས་སློབ་དཔོན་བཟོད་པ་རྒྱ་ཆེན་གྱིས་མཁན་རབས་དྲུག་པ་ཧུའི་ནིང་སྟེ་ཤེས་རབ་ཐུབ་པ་(慧能༦༣༨—༧༡༣)ལ་བསྟན་པ་གཏད། མཁན་རབས་དྲུག་པ་སློབ་དཔོན་ཤེས་རབ་ཐུབ་པ་རྒྱ་ནག་ལྷོ་ཕྱོགས་སུ་ཕེབས་ནས་གཙོ་བོ་《རྡོ་རྗེ་གཅོད་པ་》དང་《དྲི་མེད་གྲགས་པར་བསྟན་པའི་མདོ་》ལ་བརྟེན་ནས་བསམ་གཏན་གྱི་ཆོས་ཅིག་ཅར་བའི་ལྟ་གྲུབ་སྤེལ་བས།  ཁོང་ནི་ལྷོ་བརྒྱུད་བསམ་གཏན་པའི་སྲོལ་འབྱེད་པར་གྲགས། ཁོང་གི་སློབ་མ་ལ་ཆེན་ཡོན་ཤེན་སི་(青原行思༦༧༡—༧༤༠)དང་ནན་ཡེ་དཔའ་ཡི་རིང་(南岳怀让༦༧༧—༧༤༤)། ཧྲིན་ཧུའི་(神会༦༨༦—༧༦༠)དང་ཡོང་ཅཱ་ཤོན་ཅེ།(永嘉玄觉༧༧༥—༧༡༣) སོགས་སློབ་མ་གྲགས་ཆེན་མང་དུ་བྱུང་། དེ་དག་གི་བརྒྱུད་པ་ལས་བརྒྱུད་པ་མང་པོར་གྱེས་ཤིང་། མཐར་རྒྱ་ནག་ཙམ་དུ་མ་ཟད་ཉི་ཧོང་དང་ཁོ་རེ་ཡ། ཝེ་ཏི་ནམ་སོགས་ལ་དར་ནས་ད་ལྟ་ཡུལ་གྲུ་དེ་དག་གི་གཙོ་རྒྱུགས་སུ་གྱུར་ཡོད།

གཞན་མཁན་རབས་ལྔ་པ་བཟོད་པ་རྒྱ་ཆེན་ལ་སློབ་མ་ཧྲིན་ཤུའུ་སྟེ་ལྷའི་དཔལ་(神秀༦༠༦—༧༠༦)ཞེས་པའི་སློབ་མ་སྙན་གྲགས་ཅན་ཞིག་ཡོད་ལ། ཁོང་ལྟ་བ་རིམ་གྱིས་པ་ལ་གནས་ནས་ཆོས་སྤེལ་བས། ཁོང་གི་ཆོས་བརྒྱུད་ལ་བྱང་བརྒྱུད་བསམ་གཏན་པའི་ཆོས་བརྒྱུད་དུ་གྲགས། ཁོང་གི་སློབ་མའི་གཙོ་བོ་ལ་ཕཱོས་ཅས་(普寂༦༦༡—༧༣༩)དང་ཡས་ཧྥོས། (义福༦༥༨—༧༣༦) ལའོ་ཨན།(老安༥༨༢—༧༠༩)བདུད་འདུལ་སྙིང་པོ་ (降魔藏)དང་། ཧེའུ་ཧྥོས་惠福སོགས་ཡོད་ལ། ཧྭ་ཤང་མ་ཧཱ་ཡན་གྱིས་སློབ་དཔོན་བདུད་འདུལ་སྙིང་པོ་དང་། ཡིས་ཧྥོས། ཧེའུ་ཧྥོས་གསུམ་སློབ་དཔོན་དུ་བསྟེན་ནས་བསམ་གཏན་གྱི་ཆོས་སྒོར་ཞུགས་པ་《རིགས་པ་ཡང་དག་པར་ངེས་པ་》རུ་གསལ་[༣]། མ་ཧཱ་ཡན་ལ་བྱང་བརྒྱུད་བསམ་གཏན་པའི་ཆོས་བརྒྱུད་ཀྱི་གདམས་པ་ཐོབ་པར་མ་ཟད་ཁོང་གིས་སློབ་དཔོན་ཤེས་རབ་ཐུབ་པའི་སློབ་མ་ཧྲིན་ཧུའི་ཡང་སློབ་དཔོན་དུ་བསྟེན་ཡོད་པས་མ་ཧཱ་ཡན་ནི་ལྷོ་བྱང་གི་ཆོས་བརྒྱུད་གཉིས་ཀའི་གདམས་པ་ཐོབ་མཁན་ཞིག་ཡིན་པ་ཧྥ་རན་སིའི་མཁས་པ་ཏའེ་སྨི་ཝི་(戴蜜微)དང་རྒྱའི་མཁས་པ་རའོ་ཙུང་དབྱི་(饶宗颐)ལ་སོགས་པའི་མཁས་པ་དུ་མས་བཤད[༤]། སྤྱིར་ཧྭ་ཤང་མ་ཧཱ་ཡན་ལྷོ་བྱང་གཉིས་ཀྱི་གང་གི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་མིན་ལ་མཁས་པའི་ཁྲོད་དུ་བཤད་ཚུལ་མི་མཐུན་པ་དུ་མ་ཞིག་ཡོད་པར་བཤད་[༥]ཅིང་། མཁས་པ་ཧྲ་ཁུའོ་རའི་ཧྥོང་(山口瑞风)དང་ཡེས་ཅེན་པའོ་ཧྲུ་བོ་(宇井伯寿)གཉིས་ཀྱིས་མ་ཧཱ་ཡན་བྱང་བརྒྱུད་པར་འདོད་[༦]ལ། ཁྲོང་པུན་ཁུ་ཅའི་(冲本可已)ཡིས་ལྷོ་བརྒྱུད་པར་བཞེད[༧]། ཁྲང་ཀོའི་པོའི་ཧོ་ཡིས་(长谷部好一 )དང་། ཤའོ་ཧོང་ཡུན་(小宏允)གཉིས་ཀྱིས་མ་ཧཱ་ཡན་བྱང་བརྒྱུད་པའི་ཆོས་ཀྱི་ཉམས་ལེན་རྨང་གཞི་བྱས་ཤིང་དེའི་སྟེང་དུ་ལྷོ་བརྒྱུད་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཏུ་འདོད[༨]དོ།།

གཉིས་པ། རྣམ་ཐར།

དེ་ལྟར་མ་ཧཱ་ཡན་གྱི་ཆོས་བརྒྱུད་རགས་ཙམ་བཤད་ནས་ད་ནི་ཁོང་གི་རྣམ་ཐར་བརྗོད་པ་ལ་ཧྭ་ཤང་མ་ཧཱ་ཡན་འདི་ཉིད་ད་ལྟ་རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་ཀུན་གྱིས་གང་དུ་འཁྲུངས་ཤིང་དུས་ནམ་ཞིག་ལ་འདས་པ་སོགས་འཁྲུངས་འདས་ཀྱི་ལོ་རྒྱུས་གསལ་བོ་ཞིག་ད་ལྟ་ལ་ཐུག་གི་བར་དུ་རྙེད་མེད་ནའང་《རིགས་པ་ཡང་དག་པར་ངེས་པ》དང་《དབའ་བཞེད་》ལས་ཁོང་གི་ལོ་རྒྱུས་ཅུང་ཙམ་གསལ་བས་དེ་དག་ལས་བཤད་པ་ལྟར་འདིར་ཅུང་ཟད་བཤད་ན་མ་ཧཱ་ཡན་རབ་ཏུ་བྱུང་པ་ནས་རང་ལ་ཕུལ་བའི་དཀོར་ནོར་གསོག་འཇོག་མ་བྱས་པར་ཐམས་ཅད་སྦྱིན་པ་བཏང་ཞིང་། ཉིན་རེ་བཞིན་སེམས་ཅན་གྱི་དོན་དུ་ཐེག་ཆེན་གྱི་མདོ་སྡེ་གཅིག་རེ་ཀློག་པ་དང་། ཕྱོགས་བཞིར་ཞི་འཇགས་ཡོངས་ཕྱིར་བདུག་སྤོས་ཕུལ་བ། སེམས་ཅན་བདེ་བའི་ཆེད་དུ་སྨོན་ལམ་འདེབས་པ་སོགས་སྡིག་སྤོང་དགེ་སྒྲུབ་ལ་གཅིག་ཏུ་གཞོལ་ཏེ་སློབ་དཔོན་བདུད་འདུལ་སྙིང་པོ་སོགས་སློབ་དཔོན་གསུམ་དང་སློབ་དཔོན་ཧྲིན་ཧེའུ་སོགས་སློབ་དཔོན་དུ་མ་བསྟེན་ནས་བསམ་གཏན་གྱི་ཆོས་སྒོར་ཞུགས། མ་ཧཱ་ཡན་ཁྲིང་ཨན་ཤེས་མཱེན་དགོན་(长安西明寺)དུ་དུས་ཡུན་ཐུང་ངུར་བཞུགས་པར་བཤད་པ་[༩]བདེན་ན་ཤེས་མེན་དགོན་ནི་སྐབས་དེར་སེམས་ཙམ་པའི་གྲུབ་མཐའ་ལ་སློབ་སྦྱོང་བྱེད་སའི་གདན་ས་ཆེན་པོ་ཞིག་ཡིན་པས་མ་ཧཱ་ཡན་གྱིས་སེམས་ཙམ་པའི་ལྟ་གྲུབ་ལ་ཡང་སྦྱངས་ཡོད་པའི་ཚོད་དཔག་བྱེད་ཐུབ། ཆོས་སྒོར་ཞུགས་པ་ནས་ལོ་ངོ་ལྔ་བཅུ་དྲུག་ཅུ་ཙམ་གྱི་རིང་ལ་ནགས་ཚལ་སོགས་གནས་དབེན་པ་བསྟེན་ནས་སྒོམ་སྒྲུབ་མཛད།

བོད་བཙན་པོའི་རྒྱལ་ཁབ་ཀྱིས་ཏུན་ཧོང་དབང་བསྒྱུར་བའི་སྐབས་(༧༨༡—༨༤༨)དེར་བཙན་པོའི་བཀའ་ལྟར་མ་ཧཱ་ཡན་ཏུན་ཧོང་ནས་ལྷ་སར་གདན་དྲངས་ནས་བཙན་པོ་དང་བཙུན་མོ་འབྲོ་བཟའ་མ་སོགས་ལ་གསང་བའི་སྒོ་ནས་བསམ་གཏན་གྱི་ཆོས་གསུངས་ཤིང་། རིམ་གྱིས་རྒྱལ་བློན་སོགས་མི་དྲག་དག་གིས་བསམ་གཏན་གྱི་ཆོས་ལ་དད་པ་བྱས་ཏེ་བསམ་གཏན་གྱི་ཆོས་སྒོར་ཞུགས། བོད་ཀྱི་བན་དྷེ་ཕལ་ཆེ་བས་བསམ་གཏན་གྱི་ཆོས་བསླབས་པས། བོད་དུ་སྔོན་ནས་ཡོད་པའི་སློབ་དཔོན་ཞི་བ་འཚོའི་སློབ་བརྒྱུད་འཛིན་མཁན་དག་དང་ལྟ་བ་མ་མཐུན་པར་རྩོད་པ་བྱུང་། བོད་དུ་ཏོན་ཙེན་ཆོས་རྩོད་བྱུང་བའི་ཆོས་རྩོད་བྱེད་ས་གང་ཡིན་དང་། དུས་ནམ་བྱས་པ། ཇི་ལྟར་བྱས་པ་དང་སུ་རྒྱལ་སུ་ཕམ་ལ་དེང་གི་མཁས་པ་དག་བཞེད་ཚུལ་མི་མཐུན་པ་དུ་མ་བྱུང་ཡོད་པར་བཤད་པས་[༡༠]འདིར་ཉུང་ཙམ་བཤད་ན། ཧྥ་རན་སིའི་མཁས་པ་ཏའེ་སྨི་ཝི་ཡིས་དང་པོར་ཏོན་ཙེན་ཆོས་རྩོད་བྱེད་ས་ལྷ་ས་ཡིན་པ་དང་རྩོད་པ་བྱུང་བའི་དུས་ཚོད་ཕྱི་ལོ་༧༩༢ནས་༧༩༤བར་ཡིན་པར་འདོད། དབྱི་ཐ་ལིའི་མཁས་པ་ཏུ་ཅི་(朱塞佩·图齐)ཡིས་བསམ་ཡས་སུ་རྩོད་པར་འདོད། ཉི་ཧོང་གི་མཁས་པ་ཨུ་ཨེ་ཡ་མས་(上山大峻)དང་པོར་ལྷ་སར་རྩོད་ནས་སྐབས་དེར་བསམ་གཏན་པ་རྒྱལ། གཉིས་པ་བསམ་ཡས་སུ་རྩོད་དེ་སྐབས་དེར་རྒྱ་གར་གྱི་ཕྱོགས་གཏོགས་རྣམས་རྒྱལ། རྩོད་པ་དང་པོ་ཕྱི་ལོ་༧༨༠ནས་༧༨༢བར་དུ་བྱུང་བར་འདོད། མཁས་པ་ཏའེ་སྨི་ཝི་ཡིས་སླར་ཡང་ཏོན་ཙེན་ཆོས་རྩོད་འདི་ལྷ་སའི་རྩོད་པ་ཙམ་ཡང་མིན། བསམ་ཡས་རྩོད་པ་ཙམ་ཡང་མིན་བོད་ཀྱི་ས་ཆ་ཁག་མང་པོར་བྱུང་བའི་རྩོད་པ་ཡིན་པས་བོད་ཀྱི་རྩོད་པ་ཞེས་འབོད་དགོས་པར་འདོད།

རྒྱའི་མཁས་པ་ཧྲིན་ཝེ་རོང་(沈卫荣)དང་ཀྲང་ཀོན་ཏ་(张广达)གཉིས་ཀྱིས་ཏོན་ཙེན་ཆོས་རྩོད་འདི་ཕན་ཚུན་རྩོད་ཡིག་སྐུར་བ་ལས་དངོས་སུ་རྩོད་པ་བྱས་མེད་པར་བརྗོད་པར་[༡༡]། དེར་མ་ཟད་བོད་ཀྱི་མཁས་པ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་《བསམ་ཡས་ཆོས་རྩོད་ལྟ་གྲུབ་ཀྱི་དཔྱད་པ་བྱིས་པ་དགོད་པའི་རྫུན་རྐོང་།》དུ་རྦ་བཞེད་དང་རིགས་པ་ཡང་དག་པར་ངེས་པ་ལ་ཁུངས་གཏུགས་ནས་རིམ་གྱིས་པའི་ཕྱོགས་རྒྱལ་བར་འདོད་དེ་རིགས་པ་ཡང་དག་པར་ངེས་པ་ལས་བཙན་པོས་མ་ཧཱ་ཡན་ཙོང་ཁའི་ཕྱོགས་སུ་སྤྲད་པ་དང་བཙན་པོ་ལ་སྙན་ཞུ་ཕུལ་པ་སོགས་བཀོད་པ་ལ་བརྟེན་ནས་རིམ་གྱིས་པའི་ཕྱོགས་རྒྱལ་བར་ཚོད་དཔག་བྱས་ཡོད[༡༢]། མཁས་པ་བེ་རུ་བསོད་ནམས་དབང་ཕྱུག་ལགས་ཀྱིས་《དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད་》 དུ་བསམ་ཡས་ཆོས་རྩོད་ཀྱི་རྒྱལ་ཕམ་གྱི་ཐག་གཅོད་ནི་རྒྱ་བོད་བར་གྱི་ཆབ་སྲིད་ཀྱི་འབྲེལ་བའི་དབང་གིས་ཐག་བཅད་པ་ལས་ལྟ་གྲུབ་རང་སྟེང་ནས་ཁྱད་པར་དབྱེ་རྒྱུ་ཧ་ཅང་དཀའ་བས་ལྟ་གྲུབ་ཡང་དག་ཡིན་མིན་གྱི་དབང་གིས་རྒྱལ་ཕམ་ཐག་བཅད་པ་མིན་པར་འདོད།[༡༣]  《དབའ་བཞེད་》ལྟར་ན་རིམ་གྱིས་པའི་ཕྱོགས་རྒྱལ་ཡོད་ལ། 《རིགས་པ་ཡང་དག་པར་ངེས་པ་》ལྟར་ན་ཅིག་ཅར་བའི་ཕྱོགས་རྒྱལ་ཡོད། གང་ལྟར་བཙན་པོའི་བཀའ་འཁྲོལ་བ་ལྟར་མ་ཧཱ་ཡན་གྱིས་ལྷ་ས་དང་། བྲག་དམར། ཁྲ་འབྲུག་སོགས་སུ་ཆོས་སྤེལ་ཞིང་། ཕྱིས་སུ་དབུས་གཙང་ནས་ཆོས་སྤེལ་མ་ཐུབ་པར་མདོ་སྨད་ཙོང་ཁའི་ཡུལ་དུ་མངགས། དེ་རྗེས་བཙན་པོ་ལ་ངས་གང་བསྟན་པའི་བསམ་གཏན་གྱི་ཆོས་འདི་མདོ་སྡེ་དག་ལ་ཁུངས་གཏུགས་ཡོད་པ་དང་མདོ་སྡེའི་དགོངས་དོན་ཇི་བཞིན་ཡིན་པས་མུ་མཐུད་དུ་ཆོས་སྤེལ་ཆོག་པའི་སྙན་ཞུ་ཕུལ་བར་བརྟེན། བཙན་པོའི་བཀའ་འཁྲོལ་བ་ལྟར་ཏུན་ཧོང་དུ་སོང་ནས་ཆོས་སྤེལ་ཞིང་སློབ་མ་ཡང་ལྔ་སྟོང་ལྷག་བསྐྱངས་པས་ཁོང་ལ་བན་དྷེ་ཆེན་པོ་(大德)ཞེས་པའི་སྙན་པའི་གྲགས་པ་རྒྱས་སོ།།

གསུམ་པ། དངོས་གཞི།

འདིར་ཀློག་པ་པོ་དག་གི་ངེས་པ་ཕུན་སུམ་ཚོགས་པའི་ཕྱིར་ཏུ་《རིགས་པ་ཡང་དག་པར་ངེས་པ་》ངོ་སྤྲོད་ཅིག་ཞུས་ན་འགྲིག་ཀྱང་ཡིག་ཚོགས་མངས་པར་དོགས་ནས་མ་བྲིས་སོ།། དེར་སྤྲོ་བ་ཡོད་ན་རྒན་འབྲུག་ལྷ་དང་ཚེ་བརྟན་འབུམ་གཉིས་ཀྱིས་བརྩམས་པའི་《ཏུན་ཧོང་རྒྱའི་ཡིག་རྙིང་ལས་བྱུང་པའི་བོད་བརྒྱུད་ནང་བསྟན་སྐོར་གྱི་ཡིག་ཆ་ཡིག་སྒྱུར་དང་ཞིབ་འཇུག་》ཅེས་པའི་དབུར་དོན་གསལ་ཞིང་ཚིག་བསྡུས་པ་ཞིག་བྲིས་འདུག་པས་དེར་གཟིགས་པར་འཚལ།། དེ་ལྟར་མ་ཧཱ་ཡན་གྱི་ཆོས་བརྒྱུད་དང་རྣམ་ཐར་ཅུང་ཙམ་བཤད་ནས་ད་ནི་དངོས་གཞི་མ་ཧཱ་ཡན་གྱི་ལྟ་གྲུབ་གང་ཡིན་དཔྱད་པ་ལ་དོན་ཚན་བརྒྱད་ཀྱིས་དཔྱད་ཡོད།

༡ ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ཡེ་ནས་སེམས་ཅན་གྱི་རྒྱུད་ན་ཡོད་པ།

མ་ཧཱ་ཡན་གྱིས་《རིགས་པ་ཡང་དག་པར་ངེས་པ》རུ་ཐེངས་དུ་མར་སངས་རྒྱས་ཀྱི་རིགས་སེམས་ཅན་གྱི་རྒྱུད་ན་ཡེ་ནས་ཡོད་པར་གསུངས་སྟེ་《རིགས་པ་ཡང་དག་པར་ངེས་པ་》ལས། ལང་ཀར་གཤེགས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མ་ཅན་དུ་གྱུར་པ། ཞེས་གསུངས་སོ།།

རྒྱན་སྟུག་པོ་བཀོད་པ་དང་། ཕལ་པོ་ཆེ། རྡོ་རྗེ་གཅོད་པ། ཏིང་ངེ་འཛིན་གྱི་མདོ། དམ་ཆོས་པད་མ་དཀར་པོ་སོགས་ཐེག་པ་ཆེན་པོའི་མདོ་མཐའ་དག་ལས་དེའི་དོན་བཤད་ཡོད་དོ།། གནས་ལུགས་དེ་གཞིར་བཟུང་ནས་བཤད་ན། སངས་རྒྱས་ཀྱི་རིགས་ནི་ཡེ་ནས་ཡོད་པ་ཞིག་ལས་སྒྲུབ་ནས་གྲུབ་པ་ནི་མ་ཡིན། ཞེས[༡༤]དང་། དྲི་བ། སེམས་ཅན་རྣམས་ལ་ཡེ་ནས་སངས་རྒྱས་ཀྱི་རིགས་ཡོད་ན། ཡོད་པ་ཇི་ལྟར་རྟོགས། དེ་དང་མུ་སྟེགས་པས་བཤད་པའི་བདག་ལ་ཁྱད་པར་གང་ལགས། དྲིས་ལན། ཡེ་ནས་སངས་རྒྱས་ཀྱི་རིགས་ཡོད་པ་ནི། ཉི་མ་སྤྲིན་གྱི་ནང་ནས་འབྱུང་བ་དང་། ཆུ་རྙོག་པ་དྭངས་བ་དང་། མེ་ལོང་དག་པ་དང་། སྟོང་ཟིལ་ལས་དངུལ་འབྱུང་པ་སོགས་དང་འདྲ་བ་ཡིན་མོད། མུ་སྟེགས་དགུ་བཅུ་གོ་ལྔ་དང་འདྲ་བ་རྣམས་ཀྱིས་ཁམས་གསུམ་སེམས་ཀྱི་བདག་ཉིད་ཙམ་ཡིན་པ་ངོས་མ་ཟིན་ནོ།། ཞེས་[༡༥]དང་། སྨྲས་པ། མྱི་བདེན་པའི་སེམས་མ་གཡོས་ཏེ་འདུ་ཤེས་ཐམས་ཅད་ལས་སྦྱངས་ན། ཡང་དག་པའི་རང་བཞིན་ཡེ་ནས་ཡོད་པ། ཡེ་ཤེས་ཀྱིས་ལྷུན་གྱིས་འབྱུང་བ་ནི། སྡོང་བོ་བརྒྱན་པ་དང་ལང་ཀར་གཤེགས་པ་ལ་སྩོགས་པའི་ནང་ནས་ཀྱང་། ཉི་མ་སྤྲིན་གྱི་ནང་ནས་འབྱུང་བ་དང་། ཆུ་རྙོག་པ་དང་བ་དང་། མྱེ་ལོང་དག་པ་དང་། སྟོང་ཟིལ་ལས་དངུལ་འབྱུང་བ་དང་འདྲའོ་ཞེས་བཤད་དོ།། ཞེས[༡༦]་དང་། གཙུག་ཏོར་གྱི་མདོ་ལས། ཀུན་དགའ་བོ། ཁྱོད་ཀྱིས་ད་དུང་རྡུལ་ཐམས་ཅད་དང་། སྤྲུལ་བའི་མཚན་སྣ་ཚོགས་གང་དུ་སྐྱེས་ནས་གང་དུ་འཇིག་པ་ཐམས་ཅད་རྣམ་རྟོག་གིས་བཞག་པ་མ་ཤེས། དེའི་ངོ་བོ་ཉིད་ནི་རིག་པ་དྭངས་ཤིང་གསལ་བ་ཡིན་ཏེ། ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད། རྟེན་འབྲེལ་གྱི་ཆོས་ཐམས་ཅད་རྣམ་རྟོག་གི་དབང་གིས་སྐྱེ་བ་ཡོད་པ་དང་། རྒྱུ་རྐྱེན་གྱི་དབང་གིས་འདུ་འབྲལ་ཡོད། རྣམ་རྟོག་གི་དབང་གིས་སྐྱེ་བ་དང་། འཆི་བ། འགྲོ་བ། འོང་བ་སོགས་ཀྱི་ངོ་བོ་བདེ་གཤེགས་སྙིང་པོ་མ་ཤེས་སོ།། བདེ་གཤེགས་སྙིང་པོ་རྟག་ཏུ་གནས་ཤིང་ཤིན་ཏུ་གསལ་བ། མི་གཡོ་ཞིང་བྲི་བ་མེད་པ། དེ་བཞིན་ཉིད་ཡིན་ནོ། དེ་བཞིན་ཉིད་ལ་འགྲོ་བ་དང་འོང་བ། སྐྱེ་བ་དང་འཇིག་པ་སོགས་བཙལ་ན་གང་ཡང་རྙེད་པ་མེད་དོ།། ཞེས་[༡༧]དང་། དྲིས་པ། འདུ་ཤེས་ལ་ཉེས་པ་ཇི་ཡོད། སྨྲས་པ། དེའི་ཉེས་པ་ནི་སེམས་ཅན་ཐམས་ཅད་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོང་ནས་ཡོད་པ། བསྒྲིབ་ཤིང་ངན་སོང་གསུམ་དང་། ཡུན་རིང་པོར་འཁོར་བའི་རྒྱུར་གྱུར་པ་ལ་སྩོགས་པས་ཉེས་ཏེ། རྡོ་རྗེ་གཅོད་པ་ལས་ཀྱང་། འདུ་ཤེས་ཡོང་ཤིག་ཅེས་འབྱུང་བ་ཡིན། ཞེས་[༡༨]སོགས་འབྱུང་བས། ཧྭ་ཤང་མ་ཧཱ་ཡན་གྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཐོག་མ་མེད་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོད་པར་འདོད་ལ་ཡེ་ཤེས་དེ་ཉིད་གནས་སྐབས་ཁམས་དང་སྐྱེ་མཆེད་དང་འདོད་ཆགས་ཞེ་སྡང་གཏི་མུག་རྣམ་རྟོག་ལ་སོགས་པའི་གློ་བུར་གྱི་དྲི་མས་བསྒྲིབ་པ་ཡིན་པས་མཐོང་མི་ཐུབ་ཅིང་། ནམ་དེ་འདྲའི་འདོད་ཆགས་ལ་སོགས་པའི་གློ་བུར་གྱི་དྲི་མ་དག་སྤངས་ན་སངས་རྒྱས་དེ་ཉིད་མངོན་པར་གསལ་ཞིང་མཐོང་བར་འགྱུར་བ། ཉི་མ་སྤྲིན་གྱིས་སྒྲིབ་པ་དང་སྤྲིན་བསལ་ན་ཉི་མ་མཐོང་བའི་དཔེ་སོགས་དང་འདྲ་བར་འདོད་པས། འདོད་ཚུལ་དེ་ཇོ་ནང་ཀུན་མཁྱེན་དོལ་པོ་བས་གཞི་འབྲས་དབྱེར་མེད་ཀྱི་ཆོས་ཉིད་འདོད་ཚུལ་དང་ཧ་ཅང་མཚུངས་འདུག

༢ ཆོས་ཉིད་རྟོགས་མེད་ན་ཐབས་ཀྱི་ཕྱོགས་ངེས་པར་བསྒྲུབ་དགོས་པ།

མ་ཧཱ་ཡན་གྱིས་དེ་འདྲའི་ཡེ་ནས་ཡོད་པའི་ཆོས་ཉིད་དེ་དང་པོ་ཉིད་ནས་རྟོགས་ན་ཐབས་ཀྱི་ཕྱོགས་སྤྱོད་དགོས་མི་དགོས་བཤད་དུ་མེད་ཅིང་། ཆོས་ཉིད་མ་རྟོགས་ན་ངེས་པར་ཐབས་ཀྱི་ཕྱོགས་བསྒྲུབ་དགོས་པར་འདོད་དེ་《རིགས་པ་ཡང་དག་པར་ངེས་པ་》ལས། དྲིས་པ། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྩོགས་པ་ཆོས་ཀྱི་སྒོ་གཞན་དགོས་སམ་མི་དགོས། སྨྲས་པ། ཀུན་རྫོབ་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་ཀྱང་། དོན་དམ་པར་བསྟན་པའི་ཕྱིར་ཐབས་བཤད་དེ། མྱི་དགོས་པ་ཡང་མ་ཡིན། དོན་དམ་པར་སྨྲ་བསམ་ལས་འདས་པའི་གཞུང་ལྟར་ན། ཕ་རོལ་ཏུ་ཕྱིན་པ་ལ་སྩོགས་པ་ཆོས་ཀྱི་སྒོ་གཞན་དག་དགོས་སམ་མྱི་དགོས་ཤེས་སྨོས་སུ་ཡང་མྱེད་དེ། མདོ་སྡེ་ལས་ཀྱང་རྒྱས་པར་བཤད་དོ།། ཞེས་[༡༩]དང་། ཡང་དྲི་བ། ཐབས་དེ་ནི་དབང་པོ་རྟུལ་པོ་རྣམས་ལ་དོན་དམ་པའི་ཆོས་སྟོན་པའི་ཆེད་ཡིན་ན། དབང་པོ་རྣོན་པོ་རྣམས་ལ་ཐབས་དེ་དགོས་སམ་མི་དགོས། ལན་དུ། དབང་པོ་རྟུལ་པོ་དོན་དམ་མ་རྟོགས་པ་རྣམས་ལ་དགོས་ཤིང་། དབང་པོ་རྣོན་པོ་རྣམས་ལ་དགོས་མི་དགོས་གང་ཡང་བཤད་པ་མེད་དོ།། ཞེས[༢༠]དང་། ཡང་དྲི་བ། མདོ་སྡེ་དུ་མ་ལས་དགོས་མི་དགོས་ཟེར་བ་དེ་དག་ཅི་ལྟར་ལགས། ལན་དུ། མདོ་སྡེ་ལས་རྒྱ་ཆེར་གསུངས་པ་ལས། དབང་པོ་རྟུལ་པོ་རྣམས་ལ་དགོས་པ་དང་དབང་པོ་རྣོན་པོ་རྣམས་ལ་དགོས་མི་དགོས་གང་ཡང་བཤད་རྒྱུ་མེད་ཅེས་རྒྱ་ཆེར་གསུངས་སོ།། དཔེར་ན། ནད་པ་ལ་སྨན་དང་། ཆུའི་ཕ་རོལ་དུ་བགྲོད་མཁན་ལ་གྲུ་གཟིངས་དགོས་མོད། ནད་མེད་པ་ལ་སྨན་དགོས་མི་དགོས་བཤད་རྒྱུ་མེད་ལ། ཆུའི་ཕ་རོལ་ཏུ་བགྲོད་ཟིན་པ་ལ་གྲུ་མི་དགོས་སོ།། ཞེས་[༢༡]དང་། དྲི་བ། བྱང་ཕྱོགས་སོ་བདུན་དགོས་སམ་མི་དགོས། དྲིས་ལན། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། འདུ་ཤེས་རྣམ་རྟོག་དང་བྲལ་ན། རྟོག་པ་ཐམས་ཅད་ལ་བྱང་ཕྱོགས་སོ་བདུན་ལྷུན་གྱིས་གྲུབ་པ་ཡིན་ནོ། ཞེས་གསུངས་པ་དང་། དྲི་བ་འདི་ལ་ལན་ཐེངས་གཉིས་བཏབ་ཟིན་མོད། ད་ཡང་འདི་འདྲི་ན། ཅི་ཡང་མི་བསམ་ཞིང་མི་རྟོག་པའི་ཚུལ་དེ་ཇི་བཞིན་རྟོགས་ན། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པས་སྒྲུབ་མ་སྒྲུབ་གང་ལ་ཡང་ཐོབ་བོ།། ཅི་ཡང་མི་བསམ་ཞིང་མི་རྟོག་པའི་ཚུལ་དེ་ཇི་བཞིན་མ་རྟོགས་ན། ངེས་པར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་དགོས་ལ། བྱང་ཕྱོགས་སོ་བདུན་ཡང་དགོས་སོ།། རྡོ་རྗེའི་ཏིང་ངེ་འཛིན་ཆོས་ཀྱི་ཡི་གེ་ལས། ཡང་དག་པའི་མི་གཡོ་བའི་གཞུང་ནི་ཆོས་སོ་ཅོག་ལྡན་ནོ། ཞེས་གསུངས་སོ།། ཡང་དག་པའི་དོན་ཚུལ་བཞིན་བཤད་ན། ཆོས་ཐམས་ཅད་སྒྲུབ་མ་སྒྲུབ་གཉིས་ཀ་དང་བྲལ་བའོ།། ཞེས་[༢༢]སོགས་ཐེངས་དུ་མར་ཆོས་ཉིད་མ་རྟོགས་ན་ཕྱིན་དྲུག་སོགས་ཐབས་ཀྱི་ཆ་ངེས་པར་སྤྱོད་དགོས་པ་གསལ་བས། རང་རེས་ཧྭ་ཤང་གིས་ཐབས་ཀྱི་ཕྱོགས་ལ་སྐུར་བ་འདེབས་པར་བྱེད་ཅེས་གསུངས་པ་དང་ལྟ་བ་དངོས་གཞི་སྐྱོང་ལུགས་ལ་ཁྱད་མེད་ཀྱང་སྦྱིན་སོགས་སྤྱོད་པའི་ཆ་ནས་ཡང་དག་ཡིན་མིན་གྱི་ཁྱད་པར་ཡོད་པར་གསུངས་པ་དག་ལ་མི་འགྲིག་པའི་ཆ་ཡོད་པར་མངོན་ནོ།། ད་དུང་《རིགས་པ་ཡང་དག་པར་ངེས་པ་》འི་མཇུག་ན་མ་ཧཱ་ཡན་གྱིས་རང་གི་སློབ་མ་རྣམས་ལ་སྦྱིན་སོགས་ཐབས་ཀྱི་ཆ་སྤྱོད་དགོས་པའི་སྐུལ་མ་ཡང་གནང་བ་གསལ་བས། ཧྭ་ཤང་མ་ཧཱ་ཡན་ཐབས་ཀྱི་ཆ་ཁས་ལེན་མཁན་ཞིག་ཡིན་པར་མ་ཟད་དེ་ཉམས་སུ་ལེན་མཁན་ཞིག་ཏུ་ཡང་གསལ་ལོ།།

༣ ཀུན་རྫོབ་ཏུ་སོ་སོར་རྟོགས་པའི་ཤེས་རབ་འདོད་པ།

ཆོས་ཉིད་རྟོགས་མེད་ན་ཕྱིན་དྲུག་ངེས་པར་སྤྱོད་དགོས་པར་བཤད་པས་ན་ཤེས་རབ་ཀྱི་ཕར་ཕྱིན་ཁས་ལེན་པ་གྲུབ་ཅིང་།  《བསམ་གཏན་མིག་སྒྲོན》་དུ་ཡང་མ་ཧཱ་ཡན་གྱིས་སོ་སོར་རྟོགས་པའི་ཤེས་རབ་ཁས་ལེན་པ་གསལ་ཏེ། དེ་ཉིད་ལས། མ་ཧཱ་ཡ་ནས་བཤད་པ་ཡོང་ལྟ་བས་ན་ཕྱི་ནང་གི་ཆོས་བདག་གི་ལུས་དང་སེམས་རང་བྱུང་དང་སྤྱིའི་མཚན་ཉིད་ཤེས་རབ་ཀྱི་སོ་སོར་ཕྱེ་སྟེ། རང་གི་མཚན་ཉིད་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྤྱིའི་མཚན་ཉིད་ནི་སྟོང་པ་དང་། བདག་མེད་པར་འཇལ་བར་བགྱིས་ནས་ཞེས་འབྱུང་བ་ཞེས[༢༣]ལུས་སེམས་གཉིས་ཀྱི་སྟེང་དུ་རང་གི་མཚན་ཉིད་མི་རྟག་པ་དང་སྡུག་བསྔལ་བ་གཉིས་དང་། སྤྱིའི་མཚན་ཉིད་སྟོང་པ་དང་བདག་མེད་པ་གཉིས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་རྟོགས་པར་འདོད་པ་གསལ་ལོ།། དེར་མ་ཟད་《བསམ་གཏན་མིག་སྒྲོན་》དུ་ཏོན་མིན་ཅིག་ཅར་བའི་ལུགས་བཤད་པའི་ལེའུ་ནང་དུ་བསམ་གཏན་གྱི་མཁན་པོ་དག་གི་མི་རྟོག་པར་འཇུག་ཚུལ་དང་ཅིག་ཅར་འཇུག་པའི་སྒོམ་ཚུལ་སོགས་སྟོན་པའི་ལུང་དྲངས་སྐབས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི་བསྒོམ་ལུང་གི་ལུང་ཞིག་དྲངས་འདུག་པ་དེའི་ནང་དུའང་སོ་སོར་རྟོགས་པའི་ཤེས་རབ་དགོས་པར་གསལ་པོ་འདུག་སྟེ། 《བསམ་གཏན་མིག་སྒྲོན་》ལས། ཅིག་ཅར་འཇུག་པའི་རྣལ་འབྱོར་པས།། ཅི་ལའང་མི་རྟོག་མི་གནས་ཤིང་།། མི་རྟོག་པ་ལའང་མི་གནས་པར།། སོ་སོར་རྟོག་པའི་ཤེས་རབ་ཀྱིས།། དོན་དམ་ཆོས་ལ་མཉམ་པར་བཞག། ཅེས་འབྱུང་བས་སོ།། རྒྱུ་མཚན་དེ་དག་ལ་བལྟས་ན་རང་རེས་མ་ཧཱ་ཡན་གྱིས་སོ་སོར་རྟོགས་པའི་ཤེས་རབ་སྤངས་པས་ཐེན་ཆེན་སྤངས་པར་འགྱུར་བར་གསུངས་པ་དང་ལྟ་བ་དངོས་གཞི་སྐྱོང་ལུགས་ལ་ཁྱད་པར་མེད་ཀྱང་དཔྱད་པ་སྔོན་དུ་སོང་མ་སོང་གིས་ལྟ་བ་རྣམ་དག་ཡིན་མིན་ལ་ཁྱད་པར་ཡོད་པར་སྨྲ་བ་དག་ལའང་མི་འཐད་པའི་ཆ་ཡོད་པར་སེམས་ཏེ། མ་ཧཱ་ཡན་གྱིས་ཆོས་ཉིད་མ་རྟོགས་ན་སོ་སོར་རྟོགས་པའི་ཤེས་རབ་སྤྱོད་དགོས་པར་འདོད་ལ། ཆོས་ཉིད་རྟོགས་ན་དེའི་ནང་དུ་སོ་སོར་རྟོགས་པའི་ཤེས་རབ་ལ་སོགས་པའི་ཐབས་ཤེས་ཀྱི་ཆ་ཡོངས་སུ་རྫོགས་པ་ཚང་བར་འདོད་དེ་འོག་ཏུ་འཆད་དོ།།

༤ དང་པོ་ནས་མི་རྟོག་པའི་ངང་དུ་གནས་པར་གཙོར་འདོན་བྱེད་པ།

《རིགས་པ་ཡང་དག་པར་ངེས་པ་》ལས། ཡང་སོ་སྐྱེས་ཀྱི་གནས་སྐབས་སུ། ཆོས་དེ་སློབ་པར་མི་ནུས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐལ་བ་གྲངས་མེད་པའི་རིང་དགེ་བའི་ཚོགས་བསགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཟེར་བ་ནི། མི་རབས་ཕྱི་མ་དང་སྙིགས་མའི་དུས་ཀྱི་སེམས་ཅན་རྣམས་ཆོས་སྦྱངས་པ་བྱེད་དུ་འཇུག་པ་ཡིན། སོ་སྐྱེས་རྣམས་ཀྱིས་ཆོས་འདི་ལ་སློབ་མི་ཆོག་ཟེར་བ་མདོ་གང་ལས་བསྟན་ཡོད་དམ། ཞེས་[༢༤]དང་། དྲི་བ་གསར་བའི་བཞི་པ། འདུ་ཤེས་བསྐྱེད་པར་བྱེད་པ་དང་། འདུ་ཤེས་མི་བསྐྱེད་པར་བྱེད་པ་གང་ཡིན་ཡང་། སོ་སྐྱེས་ཀྱི་སར་གནས་པའི་ལས་དང་པོ་བ་རྣམས་ཀྱིས་ནི་འདུ་ཤེས་སྤངས་པར་མི་ནུས་སོ།། དྲིས་ལན། ཐེག་ཆེན་གྱི་མདོ་རྣམས་ལས། སེམས་ཅན་ཐམས་ཅད་རྟོག་པའི་དབང་གིས་འདུ་ཤེས་བསྐྱེད་པ་དང་མི་བསྐྱེད་པ་གང་བདེན་པར་བཟུང་ནས་འཁོར་བ་ཡང་ཡང་སྐྱེས་སོ། གལ་ཏེ་འདུ་ཤེས་བསྐྱེད་པ་དང་མི་བསྐྱེད་པ་གང་ཡང་མི་འཛིན་ན། ཐར་བ་འཐོབ་པར་འགྱུར་རོ། སོ་སྐྱེས་རྣམས་ཀྱིས་འདུ་ཤེས་སྤངས་མི་ཐུབ་ཟེར་བ་མདོ་གང་ལས་བྱུང་བ་ཡིན་ནམ། ཞེས་[༢༥]སོ་སྐྱེས་མི་རྟོག་པར་འཇུག་ཆོག་ལ་འདུ་ཤེས་སྤོང་ཐུབ་པར་འདོད་པ་གསལ་ཞིང་། བོངྷི་ངྷརྨོཏྟ་རའམ་སློལ་དཔོན་བྱང་ཆུབ་ཆོས་མཆོག་གིས་མཛད་པའི་《དྷརྨོའི་རྒྱ་ལུང་རྣམ་བཞི་》ལས། བླ་མར་མ་ལྟོས་རང་གིས་རྟོགས་པ་ནི།། བརྒྱ་སྟོང་ནང་ན་ཤིན་ཏུ་དཀོན་པ་སྟེ།། འོན་ཀྱང་རང་ཉིད་རྟེན་འབྲེལ་འགྲིགས་པ་ལས།། དམ་པའི་དགོངས་པ་རང་གིས་རྟོགས་གྱུར་ན།། དགེ་བའི་བཤེས་གཉེན་བསྟེན་པར་རག་མ་ལུས།། དེ་ནི་སྐྱེས་པ་ཙམ་ནས་ངོ་འཕྲོད་ཅིང་།། མཆོག་ཏུ་གྱུར་བའི་དོན་ལ་བསླབ་པའོ།། ཞེས[༢༦]བསམ་གཏན་པའི་ཤིང་རྟ་ཆེན་པོས་ཀྱང་སེམས་ཅན་འགའ་ཞིག་རང་ཉིད་སྐྱེས་པ་ཙམ་ནས་ཡེ་ཤེས་ཀྱི་རང་ངོ་ཟིན་པ་ཡོད་པར་གསུངས་འདུག་པ་དང་། དེར་མ་ཟད་《བསམ་གཏན་མིག་སྒྲོན་》དུའང་། འོ་ན་འདིར་ས་བགྲོད་ལུགས་ཇི་ལྟ་བུ། ཙེན་མེན་ལྟར་དཀའ་བས་རིམ་པར་སྦྱང་དུ་མེད། དང་པོ་ནས་ཐམས་ཅད་མཁྱེན་པ་ཉིད་ལ་ཅིག་ཅར་ཞུགས་པ་སྟེ། དེ་ནི་བསླབ་པ་མེད་པའི་བསླབ་པ་ཞེས་བྱའོ། །དེ་ཡང་བློ་གྲོས་རབ་གནས་ཀྱི་ཞུས་པའི་མདོ་ལས། གང་ལ་ཐེ་ཚོམ་ཐམས་ཅད་མི་འབྱུང་བ་དེ་བསླབ་པ་མི་ལེན་ཏོ། །གང་བསླབ་པ་མི་ལེན་པ་དེ་བསླབ་པར་འདོད་པ་ཞེས་བྱའོ། །གང་བསླབ་པར་འདོད་པ་དེ་ཕྱིར་མི་འོང་བའོ། །གང་ཕྱིར་མི་འོང་བ་དེ་རྣམ་པར་དག་པ་དེ་བྲལ་བའོ།། ཞེས་སོགས་གསལ་བས་ཏོན་མིན་ཅིག་ཅར་པ་སྤྱིའི་ལུགས་ལ་དང་པོ་ཉིད་ནས་མི་རྟོག་པར་འཇུག་པར་གཙོ་བོར་བྱེད་ཅིང་།《རིགས་པ་ཡང་དག་པར་ངེས་པ་》རུ་སོ་སྐྱེས་ཀྱིས་མི་རྟོག་པའི་ངང་དུ་ཅིག་ཅར་བསྒོམ་ཐུབ་པ་ཡང་ཡང་བཤད་ལ།  མི་རྟོག་པར་སྒོམ་པའི་བསོད་ནམས་དང་། མི་རྟོག་པར་སྒོམ་པ་གལ་ཆེ་ཚུལ་མང་པོ་ཞིག་བསྟན་འདུག་པ་ལ་བལྟས་ན་ཧྭ་ཤང་མ་ཧཱ་ཡན་གྱིས་ཀྱང་དང་པོ་ཉིད་ནས་ཅིག་ཅར་མི་རྟོག་པའི་སྒོམ་ལ་གཙོར་འདོན་བྱེད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།

༥ མི་རྟོག་པའི་ངང་དུ་གནས་ན་དེ་གཅིག་པུའི་ནང་དུ་ཐབས་ཤེས་ཐམས་ཅད་ཚང་ཞིང་རྫོགས་པ།

《༄།།མཁན་པོ་མ་ཧ་ཡན་གྱྀས་། ། བསམ་གརྟན་མྱྀ་རྟོག་པའྀ་ནང་དུ་ཕ་རོལ་དུ་ཕྱིནད་པ་དྲུག་དང་། བཅུ་འདུས་པ་བཤད་པའྀ་མདོ། 》ལས། མྱི་རྟོག་པ་ལ་ཞུགས་པའྀ་ཚེ།། ཁམས་གསུམ་ཡོངས་སུ་བཏང་བས་ན།། སྤྱིན་པ་ཆེན་པོ་ཡང་རྫོགས་སོ།། མྱི་རྟོག་པ་ལ་ཞུགས་པའྀ་ཚེ་སྒོ་གསུམ་གྱི་ཉེས་པ་མྱྀ་འབྱུང་པས་ན། ། ཚུལ་ཁྲིམས་ཆེན་པོ་ཡང་རྫོགས་སོ།། མྱི་རྟོག་པ་ལ་ཞུགས་པའྀ་ཚེ་སེམས་ཀྱི་འདུ་ཤེས་མྱི་འབྱུང་པར་བཟོད་པས་ན། ། བཟོད་པ་ཆེན་པོ་ཡང་རྫོགས་སོ། ། མྱི་རྟོག་ཆུ་བོ་རྒྱུན་བཞིན་བར་མ་བཅད་པས་ན།། བརྩོན་འགྲུས་ཆེན་པོ་ཡང་རྫོགས་སོ།། མྱི་རྟོག་པ་ཏིང་ངེ་འཛིན་ཡིན་པས་ན། ། ཏྀང་ངེ་འཛྀན་ཆེན་པོ་ཡང་རྫོགས་སོ།། མྱི་རྟོག་པ་ཉིད་ཤེས་རབ་སྟེ། ། འཇྀག་རྟེན་ལས་འདས་པའྀ་ཡེ་ཤེས་སུ་གྱུར་པས་ན།། ཤེས་རབ་ཆེན་པོ་ཡང་རྫོགས་སོ།། མྱི་རྟོག་པ་ཉྀད་བླ་ན་མྱེད་པའི་གནས་སུ་འགྲོ་བའི་ཐབས་ཡིན་པས་ན།། ཐབས་ཆེན་པོ་ཡང་རྫོགས་སོ།། མྱྀ་རྟོག་པ་ལ་ཞུགས་པའྀ་ཚེ།། ཁམས་གསུམ་ཟྀལ་ཀྱིས་ནོན་པས་ན།། སྟོབས་ཆེན་པོ་ཡང་རྫོགས་སོ།། མྱྀ་རྟོག་པ་ཉིད་སྨོན་ལམ་དེ་བཞིན་གཤེགས་པའྀ་སྨོན་ལམ་ལ་འཛུག་པར་སྨོན་པས་ན།། སྨོན་ལམ་ཆེན་པོ་ཡང་རྫོགས་སོ།། མྱི་རྟོག་པ་ཉྀད་དེ་བཞིན་གཤེགས་པའི་དབྱིངས་ཡིན་པས་ན།། ཡེ་ཤེས་ཆེན་པོ་ཡང་རྫོགས་སོ།། ཞེས་[༢༧]མི་རྟོག་པར་སྒོམ་པའི་ནང་དུ་ཕར་ཕྱིན་བཅུ་ཚང་ཞིང་རྫོགས་པར་གསུངས་འདུག་པས་མ་ཧཱ་ཡན་གྱིས་མི་རྟོག་པའི་སྒོམ་གྱི་ནང་དུ་ཐབས་ཤེས་ཐམས་ཅད་ཚང་ཞིང་རྫོགས་པར་འདོད་དོ།།

༦ འཚང་རྒྱ་བའི་དུས་ཡུན་ལ་ངེས་པ་མེད་པ།

《བསམ་གཏན་མིག་སྒྲོན་》ལས། འདི་ནི་འདག་ལུགས་ངེས་པ་མེད་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ལ་འདག་གོ། །དཀོན་མཆོག་བརྩེགས་པ་ལས། དེ་བཞིན་ཉིད་དུ་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་དང་ཉོན་མོངས་པ་ཡང་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོར་རྟོགས་པ་གཅིག་གིས་མེད་པར་འགྲོའོ། །ཞེས་འབྱུང༌། གཙུག་ཏོར་གྱི་མདོ་ལས། བསྐལ་པར་བསགས་པའི་ཕྱིན་ཅི་ལོག་གི་མཚན་མ་སྤངས་པ་ཡང༌། །དཔའ་བར་འགྲོ་བས་བརྒྱན་པའི་རྒྱལ་པོ་འདིས། །ཡུན་རིང་མཐའ་རུ་མི་སྡོད་ཆོས་ཀྱི་སྐུ་ཡང་ཐོབ་པར་འགྱུར། །ཞེས་འབྱུང༌། དེ་ཉིད་ལས། ཅིག་ཅར་རིག་པ་དེ་ནི་དོན་ཡིན་ནོ། །རིག་པའི་བྱིན་གྱིས་ཅིག་ཅར་འདག་གོ། །ཞེས་འབྱུང༌། དེ་ཉིད་ལས། སེམས་ཡུད་ཙམ་ཞིག་ཤེས་རབ་དང་ལྡན་པས། བླ་ན་མེད་པའི་བྱང་ཆུབ་སུ་སངས་རྒྱས་སོ། །ཞེས་འབྱུང༌། སན་དེའི་མདོ་ལས། གནས་ངན་ལེན་གྱི་བག་ཆགས་འབྱང་བ་ནི། བསྐལ་པ་གྲངས་མེད་པ་གསུམ་མམ། དུས་དང༌། ལོ་དང༌། ཟླ་བའམ། ཞག་གམ། ཉི་མའམ། ཐུན་ནམ། ཐུན་ཕྱེད་དམ། སྐད་ཅིག་དང༌། ཡུད་ཙམ་ཐང་ཅིག་དང་བསྐལ་པ་ཚད་མེད་པས་སོ། །ཞེས་འབྱུང༌། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་འདི་ལྟ་སྟེ། མེ་ལོང་གི་ནང་དུ་གཟུགས་བརྙན་སྣང་བ་ཐམས་ཅད་རྣམ་པར་རྟོག་པ་མེད་པར་ཅིག་ཅར་སྣང་ངོ༌། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང༌། སེམས་ཅན་ཐམས་ཅད་རང་གི་སེམས་སྣང་བའི་རྒྱུན་རྣམ་པར་མི་རྟོག་ཅིང༌། སྣང་བ་མེད་པའི་སྤྱོད་ཡུལ་རྣམས་ཅིག་ཅར་རྣམ་པར་སྦྱོང་ངོ༌། །ཞེས་འབྱུང༌། དེ་དག་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། ཞེས་ཏོན་མིན་ཅིག་ཅར་པ་སྤྱིའི་ལུགས་ལ་སྒྲིབ་པ་འདག་ལུགས་གསུང་སྐབས་སྒྲིབ་པ་འདག་པའི་དུས་ཡུན་ལ་ངེས་པ་མེད་ཅིང་བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མའི་ཡུན་ལའང་སྒྲིབ་པ་ཐམས་ཅད་འདག་པ་ཡོད་པར་གསུངས་པ་དང་། གོང་དུ་དྲངས་པའི་སོ་སྐྱེས་ཀྱིས་འདུ་ཤེས་སྤོང་ཐུབ་པ་སོགས་ཀྱི་ཁུངས་དག་ལ་བལྟས་ན་མ་ཧཱ་ཡན་གྱིས་བྱང་ཆུབ་སྒྲུབ་པའི་དུས་ཡུན་ལ་ངེས་པ་མེད་པར་བཞེད་པའི་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།

༧ རྩོལ་མེད་ལ་བརྟེན་ནས་མི་རྟོག་པར་འཇུག་དགོས་པ།

《རིགས་པ་ཡང་དག་པར་ངེས་པ་》ལས། དྲིས་པ། སེམས་ལ་བལྟ་ཞེས་བྱ་བ་ཇི་ལྟ་བུ་ཡིན། སྨྲས་པ། སྒོ་ནུས་བཟློགས་སྟེ། སླར་སེམས་ལ་བལྟ་སྟེ་འདུ་ཤེས་གཡོས་ན། ཡོད་པ་དང་མྱེད་པ་དང་གཙང་བ་དང་མྱི་གཙང་བ་དང་། སྟོང་བ་མྱི་སྟོང་བ་ལ་སྩོགས་ཅི་ཡང་མྱི་བསམས་། མྱི་རྟོག་མྱི་བསམ་པར་ཡང་མྱི་བསམ་སྟེ། བྱེ་མའི་ཀློང་དེའི་ནང་ནས་ཀྱང་མྱི་རྟོག་པ་ནི་བྱང་ཆུབ་ཆེས་འབྱུང་ངོ།། ཞེས་[༢༨]དང་།  དྲིས་པ། འདུ་ཤེས་དང་བག་ཆགས་སྦྱངས་ན་ཐབས་ཇི་ལྟར་སྦྱང་། སྨྲས་པ། མྱི་བདེན་པའི་འདུ་ཤེས་གཡོས་ཏེ་ཚོར་ན་སྐྱེ་ཤི་ཚོར་ཏེ་འདུ་ཤེས་བཞིན་དུ་མ་སྦྱང་མ་བསླབས་མ་ཆགས་ན། སེམས་ཐང་རེ་ཡང་གྲོལ་ཐབས་རེ་རེ་སྟེ། རྡོ་རྗེ་གཅོད་པ་དང་། དཀོན་མཆོག་བརྩེགས་པ། ཤེས་རབ་ལ་སྩོགས་པའི་ནང་ནས་ཀྱང་ཆོས་ལ་ནང་ཟད་ཀྱང་ཐོབ་པ་མྱེད་ན། བླ་ན་མེད་པ་འབྱིང་ཆུབ་ཅེས་བཤད་དོ།། ཞེས[༢༩]་དང་། དེར་བརྟེན། བསམ་གཏན་སྒོམ་ནས་སེམས་ལ་བལྟས་པས། རྣམ་རྟོག་དང་འདུ་ཤེས་སྐྱེ་བ་རྟོགས་ཀྱང་སྤང་བླང་མི་བྱེད་ལ། ཉོན་མོངས་ཀྱི་དབང་དུ་མི་འགྲོ་ཞིང་ལས་མི་བྱེད་པ། དེའི་མིང་ལ་སྐད་ཅིག་སྐད་ཅིག་གི་ཐར་བ་ཟེར་རོ།། ཞེས་[༣༠]སོགས་དང་། 《བསམ་གཏན་མིག་སྒྲོན་》ལས། མ་ཧཱ་ཡན་གྱིས་ཐབས་བཤད་པ། ཐབས་ལྔ་ནི་འདི་ཡིན་ནོ། །མ་རིག་པའི་སེམས་བྱུང་བ་ཚོར་བ། ལུང་དུ་མི་སྟོན་པའོ། །མ་རིག་པའི་སེམས་བྱུང་བ་ཚོར་བ་ལ་ཚོར་བའི་རྗེས་སུ་འབྲངས་ན་སེམས་ཅན་ཕལ་ལོ། །མ་རིག་པའི་སེམས་བྱུང་བ་ཚོར་བས་གཡོ་བ་སྐྱོན་དུ་རིག་སྟེ་བཀག་ན་ཉན་ཐོས་འགོག་པའོ། །མ་རིག་པའི་སེམས་བྱུང་ཚོར་རང་ཞི་རང་མེད་ན་ཞི་བ་ཕྱོགས་གཅིག་པ་ཞེས་ཀྱང་བྱ། སྟོང་པ་བག་ལ་ཉལ་ཞེས་ཀྱང་བྱ། མ་རིག་པའི་སེམས་བྱུང་བ་ཚོར་བ་ལ་ཚོར་བའི་རྗེས་སུ་མི་རྟོག །མི་རྟོག་པ་ཡང་མི་གནས་ན་སེམས་ཐང་རེ་ཞིང་གྲོལ་ཐར་པ་ཐང་རེ་རེ་སྐྱེའོ། །དེ་བས་ན་འདུ་ཤེས་དགག་པར་ཡང་མི་བྱ། འབྱུང་བཞིན་ཅི་ལ་ཡང་མི་བཅོས་པར་གྱི་ན་ཡེ་གཏང་ཇི་བཞིན་དུ་བཞག་ཏང་རང་ཞི་སྟེ་རྗེས་སུ་མི་འབྲང་ངོ༌། །ཞེས་འབྱུང༌། ཞེས་དང་། མ་ཧཱ་ཡ་ནའི་བསྒོམ་ལུང་ལས། དོན་དེ་ལྟ་བུ་ཡིན་པར་རིག་པའི་མིས་བྱ་བ་གཞན་བཏང་སྟེ། གང་དབེན་པ་འདུ་འཛི་མེད་པའི་གནས་སུ་ང་གཅིག་པུ་མི་གཉིས་པར་འདུག་ནས་སྐྱིལ་མོ་ཀྲུང་བཅས་ལུས་དྲང་པོར་བསྲངས་ཏེ་སྲོད་དང་ཐོ་རངས་མི་ཉལ་བར་བྱའོ། །བསམ་གཏན་ཉིད་དུ་འདུག་པའི་ཚེ། བདག་གི་སེམས་ལ་བལྟས་ན་ཅི་ཡང་སེམས་པ་མེད་དེ་མི་བསམ་མོ། །རྟོག་པའི་སེམས་གཡོས་ན་ཚོར་བར་བྱའོ། །ཇི་ལྟར་ཚོར་བར་བྱ་ཞེ་ན། གཡོས་པའི་སེམས་དེ་ཉིད་གཡོས་པ་དང་མ་གཡོས་པར་མི་བརྟག །ཡོད་པ་དང་མེད་པར་ཡང་མི་བརྟག །དགེ་བ་དང་མི་དགེ་བར་ཡང་མི་བརྟག །ཉོན་མོངས་པ་དང༌། རྣམ་པར་བྱང་བར་ཡང་མི་བརྟག་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་དེ་ལྟ་བུར་ཡང་མི་བརྟག་གོ། །གཡོས་པ་དེ་ལྟ་བུ་ཚོར་ན་རང་མེད་པར་འགྱུར་ཏེ། ཆོས་ལམ་སྤྱོད་པ་ཞེས་བྱའོ། །དེ་ཉིད་ལས། གང་བསམ་པ་ཐམས་ཅད་སྤངས་ནས་མི་སེམས་པར་འདུག་པ་ཉིད་ཐེག་པ་ཆེན་པོའི་གསམ་གཏན་དུ་འཇུག་པའི་ཐབས་ཡིན་ནོ། །མ་ཧཱ་ཡ་ནའི་མདོ་ལས། བསམ་པ་མེད་པའི་དབྱིངས་ཉིད་ལ་མ་ཉམས་པར་ཡེ་གཏང་ཇི་བཞིན་དུ་ཞོག་ཅིག །དེའི་ཚུལ་ཅི་འདྲ་ཞེ་ན། མི་སེམས་པ་ལ་མི་རྟོག །མི་རྟོག་པ་ལའང་མི་གནས་སོ། །མ་ཧཱ་ཡ་ནས་གསུངས་པ། སེམས་འདི་ལྟར་བདེ་བར་བཞག་ཅེས་བྱ་བ་ནི། རྟོགས་པ་སྤངས་པའོ། །དེ་ཉིད་ལས། རབ་ཏུ་སེམས་བཞག་པའི་ཚུལ་ཤེས་པ་ནི། ལུས་དང་སེམས་ལྟོས་ཏེ། མ་གྲུབ་པས་ཡང་དག་པར་དམིགས་པ་མེད་པར་བསྒོམ་པ་ནི། དམིགས་པ་མེད་པ་ཡང་སྣང་བ་ལས་མི་གཞན་པར་རྟོགས་པ་ན། དམིགས་པ་མེད་པ་ཡང་སྣང་བ་ལས་མི་གཞན་པར་རྟོགས་པ་ནི་ཐབས་ལ་མཁས་པའོ།། ཞེས་རང་སེམས་སངས་རྒྱས་ལ་ལྟ་བའི་ཚེ་འདུ་ཤེས་དང་ཚོར་བ་གང་བྱུང་ཡང་དེ་དག་གི་དབང་དུ་མི་འགྲོ་ཞིང་། དེ་དག་བཟང་ངན་ལ་སོགས་པ་ཡང་མི་དཔྱད། མི་རྟོག་པར་སྒོམ་པ་ཡང་མི་བསམ། དེ་དག་ཆེད་དུ་ཡང་མི་འགོག་པར་ཚོར་འདུ་རང་ལ་བལྟས་ནས་བསྒོམ་ན་ཚོར་འདུ་ལ་སོགས་པ་རང་བཞིན་གྱིས་ཞི་འགྲོ་བར་འདོད་པ་གསལ་བས། འདོད་ཚུལ་དེ་རང་རེའི་ཕྱག་རྫོགས་གཉིས་དང་ཇོ་ནང་ལ་སོགས་པའི་རྩོལ་མེད་ལ་བརྟེན་ནས་མི་རྟོག་པར་སྒོམ་ཚུལ་འདོད་པ་སོགས་དང་མཚུངས་པའི་ཆ་ཡོད་དོ།།

༨ རིམ་གྱིས་པ་དང་ཅིག་ཅར་བའི་དོན།

དེ་ལ་འདིར་དགོས་དབང་གིས་རིམ་གྱིས་པ་དང་ཅིག་ཅར་བའི་དོན་ཅུང་ཟད་བཤད་ན། དེ་ཡང་《བསམ་གཏན་མིག་སྒྲོན་》ལས། དེ་ལ་ཙེན་མེན་རིམ་གྱིས་འཇུག་པ་ནི། རང་བཞིན་ལ་རྟོགས་པའི་མཚན་མ་ལ་སོགས་པ་བཞི་རིམ་གྱིས་སྤངས་ནས། མི་རྟོག་པ་ལ་འཇུག་པ་སྟེ། དེ་ཡང་མི་རྟོག་པའི་གཟུངས་ལས། ཡིད་བཞིན་ནོར་བུ་རིན་པོ་ཆེ་འདོད་པའི་མིས་བྲག་ཤིན་ཏུ་སྲ་ཞིང་མཁྲེགས་པའི་འོག་ན་ཡིད་ཀྱིས་རྐོས་ཤིག །རིན་པོ་ཆེ་འདི་ལྟ་སྟེ། བྲག་དེའི་འོག་ན། དངུལ་རིན་པོ་ཆེ་དང༌། གསེར་དང༌། རྡོའི་སྙིང་པོའོ། །དེ་དག་ལ་རིན་པོ་ཆེའི་བྲག་གསུམ། བྲག་ཤིན་ཏུ་སྲ་བ་དང་བཞིའི་འོག་ནས། དེ་ཡི་བརྐོས་པ་དང༌། ཡིད་བཞིན་ནོར་བུ་བདག་དང་གཞན་དོན་ཐམས་ཅད་རྫོགས་པར་འབྱུང་བ་འཐོབ་པ་དེ་བཞིན་དུ། རྣམ་པར་མི་རྟོག་པ་འདོད་པས། རང་བཞིན་ལ་རྟོག་པའི་མཚན་མ་དང༌། གཉེན་པོ་ལ་རྟོག་པའི་མཚན་མ་དང༌། དེ་ཁོ་ན་ཉིད་ལ་རྟོག་པའི་མཚན་མ་དང༌། ཐོབ་པ་ལ་རྟོག་པའི་མཚན་མ་དེ་བཞི་དང་བྲལ་བར་བྱས་ནས། མཚན་མ་གསུམ་པོ་ལ་དེ་ཁོ་ན་ཡིས་ཡོད་ལ་མ་བྱས་པར་བསྒོམ་ན་འགྲུབ་བོ། །ཞེས་གསུངས་པས། རིམ་པར་བསྒོམ་པ་དང༌། གཞན་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་སྒོ་གསུམ་རིམ་པར་བསྒོམ་པ་དང༌། ཞི་གནས་ལྷག་མཐོང་ལ་སོགས་པ་བསྒོམ་པའོ། །སྟོན་མུན་ནི་ཅིག་ཅར་འཇུག་པ་སྟེ། དང་པོ་ནས་རེ་མོས་པ་མེད་པར་དོན་དམ་པ་མ་སྐྱེས་པ་ཉིད་ལ་ཅིག་ཅར་སློབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། དང་པོ་སེམས་བསྐྱེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ།། ཞེས་[༣༡]་བྲག་རིམ་པ་བཞི་བརྐོས་ནས་རིན་ཆེན་ནོར་བུ་ལེན་པའི་དཔེ་དང་སྦྱར་ནས་རང་བཞིན་ལ་རྟོག་པའི་མཚན་མ་དང་། གཉེན་པོ་ལ་རྟོག་པའི་མཚན་མ། དེ་ཁོ་ན་ཉིད་ལ་རྟོག་པའི་མཚན་མ། ཐོབ་པ་ལ་རྟོག་པའི་མཚན་མ་བཞི་རིམ་གྱིས་སྤོང་བ་དང་། ཡང་ན་རྣམ་ཐར་སྒོ་གསུམ་དང་ཞི་གནས་ལྷག་མཐོང་སོགས་རིམ་གྱིས་བསྒོམས་ནས་མི་རྟོག་པ་ལ་འཇུག་པ་རིམ་གྱིས་པའི་དོན་དང་། དེ་ལྟར་རིམ་གྱིས་སྒོམ་མི་དགོས་པར་ཐོག་མ་ཉིད་ནས་མི་རྟོག་པ་ལ་འཇུག་པ་ཅིག་ཅར་བའི་དོན་དུ་བཤད་ཡོད། ད་དུང་《རིགས་པ་ཡང་དག་པར་ངེས་པ་》ལས། ལན་དུ། མྱང་འདས་ཆེན་མོ་ལས། ཨ་ག་ཐོ་ཟེར་བའི་སྨན་ཞིག་ཡོད་པ་དེ། འགྲོ་བ་རྣམས་ཀྱིས་ཟོས་ན་ནད་ཐམས་ཅད་སོས་པར་འགྱུར་རོ།། ཞེས་གསུངས་པ་ལས། སྨན་ནི་ཅི་ཡང་མི་བསམ་ཞིང་ཅི་ཡང་མི་རྟོག་པའི་དཔེ་ཡིན་ལ། ཉོན་མོངས་དུག་གསུམ་དང་འདུ་ཤེས་ཐམས་ཅད་རྣམ་རྟོག་ལས་བྱུང་བ་ཡིན། གང་གིས་འཆང་ཡིན་ཟེར་ན། འགྲོ་བ་ཐམས་ཅད་ཉོན་མོངས་དུག་གསུམ་དང་འདུ་ཤེས་བགས་ཆགས་ཀྱིས་བཅིངས་པ་ལས་ལྕགས་སྒྲོག་དང་ཐག་པས་བཅིངས་ནས་བཙོན་ལ་བཅུག་པ་མ་ཡིན། དེ་ལྟར་བཅིངས་ཐག་དང་འབྲུ་སོགས་དགོས་སྙམ་པ་ནི་ལོག་ལྟ་དང་འདུ་ཤེས་ཡིན་པས་སྤངས་པར་བྱའོ། དེར་བརྟེན། ཅི་ཡང་མི་བསམ་པ་ལ་བརྟེན་ན་ཉོན་མོངས་དང་འདུ་ཤེས་དང་བགས་ཆགས་ཐམས་ཅད་ལས་དུས་གཅིག་ལ་ཐར་བར་འགྱུར་རོ།། ཞེས་[༣༢]ཉོན་མོངས་དུག་གསུམ་རིམ་གྱིས་སྤོང་དགོས་ཞེས་པའི་རྩོད་པའི་ལན་དུ། མྱང་འདས་ཆེན་པོའི་མདོ་ལ་བརྟེན་ནས་དུག་གསུམ་རིམ་གྱིས་སྤོང་མི་དགོས་པར་ཅི་ཡང་མི་རྟོག་པ་ལ་ཞུགས་ན་དུག་གསུམ་ཅིག་ཅར་སྤངས་པར་ནུས་པ། ཨ་ག་ཐོ་ཟེར་བའི་སྨན་གྱིས་ནད་ཐམས་ཅད་འཇོམས་པའི་དཔེ་དང་སྦྱར་ནས་ལན་གནང་ཡོད་དོ།།

མཇུག་བསྡུ་བ།

དེ་ལྟར་གོང་དུ་བརྗོད་པའི་དོན་ཚན་བརྒྱད་ལ་བརྟེན་ནས་ཧྭ་ཤང་མ་ཧཱ་ཡན་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གང་ཡིན་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། མ་ཧཱ་ཡན་གྱིས་《རིགས་པ་ཡང་དག་པར་ངེས་པ་》རུ་གཙོ་བོ་ལང་གཤེགས་ཀྱི་མདོ་དང་། རྡོ་རྗེ་གཅོད་པ། ཡུམ་རྒྱས་པ། འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ། གསེར་འོད་དམ་པ། རྒྱན་སྟུག་པོ་བཀོད་པ། དམ་ཆོས་པདྨ་དཀར་པོ། དྲི་མེད་གྲགས་པས་བསྟན་པའི་མདོ། གཙུག་ཏོར་གྱི་མདོ། མྱང་འདས་ཆེན་མོ། དཀོན་བརྩེགས་ཀྱི་མདོ་ལ་སོགས་པའི་བར་དར་ཐེག་པ་ཆེན་པོའི་མདོ་དག་ལ་ཁུངས་གཏུགས་ནས་རང་གི་ལྟ་གྲུབ་དྲིས་ལན་གྱི་སྒོ་ནས་བརྗོད་ཡོད་པར་མ་ཟད་འདོད་ཚུལ་རེ་ལ་རྒྱབ་རྟེན་མདོ་ལུང་རེ་དྲངས་འདུག མདོ་དེ་དག་ལ་བརྟེན་ནས་བཞག་པའི་ཁོང་གི་ལུགས་གང་ཡིན་ཞེ་ན། མི་བདེན་པའི་འདུ་ཤེས་དང་རྣམ་རྟོག་གི་དབང་གིས་འགྲོ་བ་མ་ལུས་པ་འཁོར་བར་འཁོར་ཞིང་།  དེ་ལྟར་འཁོར་བའི་ཉེས་དམིགས་ལེགས་པར་ཤེས་པའི་གང་ཟག་གིས་གཙོ་བོ་གཞི་སེམས་ཅན་གྱི་རྒྱུད་ན་ཡེ་ནས་ཡོད་པའི་དོན་དམ་པའི་ཡེ་ཤེས་དེར་ལམ་རྩོལ་མེད་ལ་བརྟེན་ནས་དང་པོ་ཉིད་ནས་མི་རྟོག་པར་འཇུག་ཅིང་། དེ་ལ་བརྟེན་ནས་འབྲས་བུ་ཡེ་ནས་ཡོད་པའི་ཡེ་ཤེས་དེ་ཉིད་མངོན་དུ་འགྱུར་ཞིང་མཐོང་བ་དང་། ཉི་མས་སྣང་བར་བྱེད་པ་དང་ས་ཆེན་ལས་ཐམས་ཅད་སྐྱེ་བའི་དཔེར་ལྟར་སེམས་ཅན་གྱི་དོན་བྱེད་པ་སོགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཁས་ལེན་པ་ཧྭ་ཤང་མ་ཧཱ་ཡན་གྱི་ལུགས་སུ་རེ་ཞིག་བཞག་གོ།

ཞབས་མཆན།
  • སྤྱིར་ན་ཧྭ་ཤང་མ་ཧཱ་ཡན་གྱི་མིང་ལ་རང་རེའི་ཡིག་ཆ་དག་ཏུ་ཧྭ་ཤང་མ་ཧ་ཡ་ན་དང་ཧྭ་ཤང་མ་ཧཱ་ཡ་ན། ཧྭ་ཤང་མ་ཧ་ཡན། ཧ་ཤང་ལ་ཡང་དེ་ལྟར་སྦྱར་བ་སོགས་མི་འདྲ་བ་མང་པོ་ཡོད་ནའང་འདིར་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཆེས་རྙིང་ཤོས་《དབའ་བཞེད་》དུ་ཧྭ་ཤང་མ་ཧཱ་ཡན་ཞེས་ཐེངས་དུ་མར་བྱུང་བ་དང་། རྒྱ་སྐད་དུ་摩诃衍ཞེས་པའི་སྒྲ་དང་མཐུན་པའི་རྒྱུ་མཚན་གཉིས་ལ་བརྟེན་ནས་ཧྭ་ཤང་མ་ཧཱ་ཡན་ཞེས་པའི་མིང་སོར་བཞག་བྱས་ཡོད།
  • དཔྱད་གཞིའི་ཡིག་ཆ།
  • [༡]《བསམ་ཡས་ཆོས་རྩོད་ལྟ་གྲུབ་ཀྱི་དཔྱད་པ་བྱིས་པ་དགོད་པའི་རྫུན་རྐོང་།》 ཁྱུང་ཕྲུག་བློ་བཟང་དར་རྒྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༥སྤར་དུ་སྐྲུན། ཤོག་ངོས། ༨
  • [༢] 《ཏུན་ཧོང་རྒྱའི་ཡིག་རྙིང་ལས་བྱུང་པའི་བོད་བརྒྱུད་ནང་བསྟན་སྐོར་གྱི་ཡིག་ཆ་ཡིག་སྒྱུར་དང་ཞིབ་འཇུག།》འབྲུག་ལྷ་དང་ཚེ་བརྟན་འབུམ་གཉིས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༨ལོར་སྤར་དུ་སྐྲུན། ཤོག་ངོས།༧༤ [༣]ཤོག་ངོས།༧༥
  • [༤] 《ཧྲིན་ཧོའི་སློབ་མ་མ་ཧཱ་ཡན་བོད་དུ་བསྐྱོད་པ་དང་ལྷོ་བྱང་བསམ་གཏན་པའི་ཆོས་བརྒྱུད་མཉམ་བསྲེས་བྱས་པའི་སྐོར།》(《神会门下摩诃衍之人藏兼论禅门南北之调和问题》)香港大学五十周年纪念论文集 ཕྱི་ལོ་༡༩༦༤ལོར་སྤར་དུ་བསྐྲུན། ཤོག་ངོས། ༡༧༡-༡༨༡བར།
  • [༥] ཁྲང་ཨན་ནས་ལྷ་སའི་བར། སློབ་དཔོན་མ་ཧཱ་ཡན་གྱིས་བོད་བརྒྱུད་ནང་བསྟན་ལ་ཐེབས་པའི་ཤུགས་རྐྱེན།(《从长安到拉萨—摩诃衍禅师对藏传佛教的影响》) 陕西省佛教协会的文章 རྩོམ་པ་པོ尹邦志 དྲྭ་རྩོམ།
  • [༦] 大正八五,1273c。
  • [༧] མ་ཧཱ་ཡན་གྱི་དགོངས་པ།མེ་ཏོག་ལྡུམ་རའི་སློབ་ཆེན་གྱི་ཞིབ་འཇུག་ཟིན་བྲིས་གནད་བསྡུས། (摩诃衍之思想,花园大学研究纪要)ཨང་༨ པ།ཤོག་ངོས། ༡༠
  • [༨] བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་བསམ་གཏན། རིགས་པ་ཡང་དག་པར་ངེས་པ། ཨའེ་ཀྲི་སློབ་ཆེན་སློབ་ཆེན་རྩོམ་རིག་པུའུ་ཡི་ཟིན་བྲིས་གནད་བསྡུས། ༡༩༧༡ལོར་དུས་དེབ་གསར་དུ་བཀོད། (吐蕃佛教之禅─顿悟大乘正理决,爱知大学院大学文学部纪要,创刊号,1971。)
  • [༩] ཏུན་ཧོང་རིག་པའི་ཉེ་ཆར་གྱི་བརྩམས་ཆོས། ཤོག་ངོས། ༩༧ 敦煌学近作,97。
  • [༡༠] 《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་བཅུ་པ་བཞུགས་སོ། 》སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༣ལོར་སྤར་དུ་བསྐྲུན། ཤོག་ངོས། ༥༣༨
  • [༡༡] 《བོད་ཡིག་གི་ཚད་ལྡན་ཡིག་ཆའི་ནང་གི་བཙུན་པ་མ་ཧཱ་ཡན་དང་དེའི་ཐབས་ལམ། 》《ལོ་རྒྱུས་རིག་པ་གསར་པ》 2005ལོར་སྤར་དུ་བསྐྲུན། དེབ་བཅུ་དྲུག་པའི་དེབ་དང་པོར་གསལ།  (沈卫荣  《西藏文文献中的和尚摩诃衍及其教法》见《新史学》2005年 第16第一期。)
  • [༡༢] 《བསམ་ཡས་ཆོས་རྩོད་ལྟ་གྲུབ་ཀྱི་དཔྱད་པ་བྱིས་པ་དགོད་པའི་རྫུན་རྐོང་།》 ཁྱུང་ཕྲུག་བློ་བཟང་དར་རྒྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༥སྤར་དུ་སྐྲུན། ཤོག་ངོས། ༢༤༡
  • [༡༣] 《དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད།》 བེ་རི་བསོད་ནམས་དབང་ཕྱུག། ཤོག་ངོས། ༧༩
  • [༡༤] 《ཏུན་ཧོང་རྒྱའི་ཡིག་རྙིང་ལས་བྱུང་པའི་བོད་བརྒྱུད་ནང་བསྟན་སྐོར་གྱི་ཡིག་ཆ་ཡིག་སྒྱུར་དང་ཞིབ་འཇུག།》འབྲུག་ལྷ་དང་ཚེ་བརྟན་འབུམ་གཉིས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༨ལོར་སྤར་དུ་སྐྲུན། ཤོག་ངོས།༥༥ [༡༥] ཤོག་ངོས།༥༡ [༡༦]ཤོག་ངོས།༤༨  [༡༧]ཤོག་ངོས།༦༩  [༡༨] ཤོག་ངོས།༤༠  [༡༩]ཤོག་ངོས།༤༣  [༢༠]ཤོག་ངོས།༤༤  [༢༡]ཤོག་ངོས། ༤༤  [༢༢]ཤོག་ངོས།༧༡
  • [༢༣] 《བསམ་གཏན་མིག་སྒྲོན》གནུབས་ཆེན་སངས་རྒྱས་ཡེ་ཤེས། འོག་ནས་འབྱུང་བའི་ཁུངས་དྲངས་པ་ཕལ་ཆེར་ལེའུ་ལྔ་པའི་ནང་དུ་གསལ། འཕྲུལ་དེབ།
  • [༢༤] 《ཏུན་ཧོང་རྒྱའི་ཡིག་རྙིང་ལས་བྱུང་པའི་བོད་བརྒྱུད་ནང་བསྟན་སྐོར་གྱི་ཡིག་ཆ་ཡིག་སྒྱུར་དང་ཞིབ་འཇུག།》འབྲུག་ལྷ་དང་ཚེ་བརྟན་འབུམ་གཉིས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༨ལོར་སྤར་དུ་སྐྲུན། ཤོག་ངོས། ༤༠ [༢༥]ཤོག་ངོས།༤༡
  • [༢༦]《དྷརྨོའི་རྒྱ་ལུང་རྣམ་བཞི།》(《菩提达摩四论》)རྫ་ཚེ་རིང་གིས་བསྒྱུར། ཤོག་ངོས།༢༥ [༢༧] 《བསམ་ཡས་ཆོས་རྩོད་ལྟ་གྲུབ་ཀྱི་དཔྱད་པ་བྱིས་པ་དགོད་པའི་རྫུན་རྐོང་།》 ཁྱུང་ཕྲུག་བློ་བཟང་དར་རྒྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༥སྤར་དུ་སྐྲུན། ཤོག་ངོས། ༡༤༠
  • [༢༨] 《ཏུན་ཧོང་རྒྱའི་ཡིག་རྙིང་ལས་བྱུང་པའི་བོད་བརྒྱུད་ནང་བསྟན་སྐོར་གྱི་ཡིག་ཆ་ཡིག་སྒྱུར་དང་ཞིབ་འཇུག།》འབྲུག་ལྷ་དང་ཚེ་བརྟན་འབུམ་གཉིས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༨ལོར་སྤར་དུ་སྐྲུན། ཤོག་ངོས། ༤༡ [༢༩]ཤོག་ངོས། ༤༢ [༣༠]ཤོག་ངོས།༦༠
  • [༣༡] 《བསམ་གཏན་མིག་སྒྲོན》གནུབས་ཆེན་སངས་རྒྱས་ཡེ་ཤེས། ལེའུ་དང་པོར་གསལ། འཕྲུལ་དེབ།
  • [༣༢] 《ཏུན་ཧོང་རྒྱའི་ཡིག་རྙིང་ལས་བྱུང་པའི་བོད་བརྒྱུད་ནང་བསྟན་སྐོར་གྱི་ཡིག་ཆ་ཡིག་སྒྱུར་དང་ཞིབ་འཇུག།》འབྲུག་ལྷ་དང་ཚེ་བརྟན་འབུམ་གཉིས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༨ལོར་སྤར་དུ་སྐྲུན། ཤོག་ངོས།༥༩

——

Loading

1 མཆན་བུ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།