ནང་དོན་གནད་བསྡུས། ཐེག་བསྡུས་ལས་གཞན་དབང་ཀུན་བཏགས་ཀྱིས་སྟོང་བར་རིགས་པ་གསུམ་གྱིས་སྒོ་ནས་ཇི་ལྟར་སྒྲུབ་ཚུལ་དང་འཇུག་གཞི་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་གཏན་ལ་འབེབས་པའི་ཡན་ལག་ཏུ་བསྟན་བཅོས་ལེགས་བཤད་སྙིང་པོ་འདིར་རྩོད་པ་ལྔ་དང་ལན་ལྔ་བྱུང་ཚུལ་དང་། ཚུལ་དེ་ལ་བརྟེན་ནས་རྗེའི་ཉིད་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་འགྱུར་ཚུལ་སོགས་ལ་དཔྱད་པ་རགས་ཙམ་བྱས་ཡོད།
གནད་ཚིག །རྩོད་པ་ལྔ། རིགས་པ་གསུམ། གངས་ཅན་ཤིང་རྟའི་སྲོལ་འབྱེད།
གླེང་གཞི།
དེ་ཡང་འཛམ་གླིང་འཛིན་མ་ཟླུམ་པོའི་ཤར་ཕྱོགས་རིགས་གནས་ཀྱི་ཞིང་ས་ཆེན་པོ་རྒྱ་གར་འཕགས་པའི་ཡུལ་ནས་བུ་རམ་ཤིང་བའི་བསྟན་པ་རིན་པོ་ཆེའི་རླབས་རྒྱུན་བོད་ཀྱི་ཡུལ་གྲུ་སོ་སོར་ཁྱབ་པ་ནས་བཟུང་། རིམ་བཞིན་རིག་གཞུང་དེ་ཉིད་ལ་ཞིབ་འཇུག་དང་ལག་ལེན་གྱི་གོ་རིམ་ཁྲོད་དུ་ཤེས་རྨོངས་ཀྱི་རབ་ཁ་ཆད་ཅིང་གཞུང་ལུགས་སྣ་མང་ཅན་དང་། བསམ་བློ་སྣ་མང་ཅན་དུ་གྱུར་བར་མ་ཟད། གཞུང་ལུགས་འཐུས་ཚང་ཅན་དུ་གྱུར་བས་ནང་དོན་གཞལ་བར་དཀའ་བའི་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་མ་ལག་ཆ་ཚང་བ་ཞིག་ཆགས་ཡོད། ལྟ་གྲུབ་འདི་ལས་མི་དང་མིའི་བར་དང་། མི་དང་རང་བྱུང་ཁམས་ཆེན་མོ། ཐ་ན་མི་དང་རྩི་ཤིང་སོགས་ཀྱི་བར་ལ་ཡང་ཐུན་མོང་གི་འབྲེལ་བ་ཡོད་པར་ལྟ་ཚུལ་མི་དམན་པ་བཏོན་ཡོད། ལྟ་གྲུབ་འདི་ལས་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་གཅིག་པུ་བ་དང་རང་སྐྱ་བ་ཞིག་མིན་པར་བྱ་དངོས་ཡོད་དོ་ཅོག་ནི་ཕན་ཚུན་གཅིག་གཅིག་ལ་ལྟོས་ཞིང་བརྟེན་པའི་རང་བཞིན་ཅན་དུ་འཇོག་པ། དེ་ཙམ་དུ་མ་ཟད་ཆོས་བརྒྱུད་སོ་སོའི་མཁས་གྲུབ་དམ་པ་རྣམས་ཀྱི་རང་རང་གི་རྣམ་དཔྱོད་དང་ཤེར་རབ་ཀྱི་རྩལ་ལས་འཁྲུངས་པའི་དཔྱད་འབྲས་མི་གཅིག་པའི་དབང་གིས་བྱ་དངོས་ཐམས་ཅད་གཅིག་གྲོགས་གཅིག་སུ་འཇོག་ལུགས་ཡང་མི་མཐུན་པ་དུ་མ་བྱུང་ཡོད། མཁས་གྲུབ་དམ་པ་དེ་རྣམས་ཀྱི་ནང་ནས་ཀྱང་ཤར་ཕྱོགས་རིགས་པའི་དཔའ་བོ་གངས་རིའི་ལྗོངས་འདི་ཉིད་ཀྱི་སྐྱེ་འགྲོ་ཡོངས་ཀྱི་ཤེར་རབ་ཀྱི་མིག་གཅིག་པུ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོས་གངས་རིའི་ལྗོངས་འདིར་ཕྱི་ནང་སྣོད་བཅུད་ཐམས་ཅད་བྱིས་པའི་བློ་ལ་སྣང་བ་དང་སྒྲ་ཡིས་བརྗོད་པ་ཇི་བཞིན་གྲུབ་མེད་པ། བྱིས་བློ་ལ་ཇི་ལྟར་སྣང་བ་དེ་ཡང་འཇོག་བྱེད་དངོས་པོ་ཞིག་གིས་ཕར་བཞག་པ་ལས་གདགས་གཞི་རང་ངོས་ནས་གྲུབ་མེད་པའི་རྣམ་རིག་པའི་ལྟ་གྲུབ་འདི་ནི་སྒྲ་རྟོག་གིས་ཇི་བཞིན་བརྗོད་མི་ནུས་ཤིང་ས་འོག་གི་གཏེར་བཞིན་ཤིན་ཏུ་རྟོགས་དཀའ་བའིགནས་འདི་ཐོག་མར་གསལ་མཛད་གནང་ལ། སྐབས་བབས་རྗེའི་ཉིད་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོ་ལས་ཐེག་བསྡུས་ལས་བསྟན་པའི་རིགས་པ་གསུམ་གྱི་སྒོ་ནས་ཆོས་ཐམས་ཅད་བརྗོད་བྱེད་ཀྱི་སྒྲ་དང་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཇི་ལྟར་འགོོག་ཚུལ། རྣམ་རིག་པའི་ལྟ་བའི་གནད་འདི་ལས་བརྩམས་ཏེ་དོགས་པ་ཁོང་ནས་སློང་བའི་རྩོད་པ་ལྔ་དང་། དེའི་ལན་ཇི་ལྟར་བྱུང་ཚུལ་སོགས་ལས་འཕྲོས་ཏེ་གངས་ཅན་་ཤིང་རྟའི་སྲོལ་འབྱེད་དུ་འགྱུར་ཚུལ་ཅུང་ཙམ་གླེང་བར་བྱ་བ་ལ།
དང་པོ། བསྟན་བཅོས་ལེགས་བཤད་སྙིང་པོ་ལས་རྩོད་པ་ལྔ་དང་ལན་ལྔ་བྱུང་ཚུལ།
གཅིག རྩོད་མཁན་སུ་ཡིན་མིན་དང་རྩོད་པ་དུ་ཡོད་མེད།
སྤྱིར་རྗེའི་ཉིད་ཀྱི་སྔོན་དུ་བྱོན་པས་མཁས་པ་བུ་སྟོན་དང་ཉ་དཔོན་སོགས་མཁས་པའི་དབང་བོ་རྣམས་ཀྱིས་རང་སྡེ་གྲུབ་མཐའ་སྨྲ་བ་བཞིའི་ལྟ་གྲུབ་གཏན་ལ་མ་ཕབ་པ་ཞིག་མེད་མོད། ཁོང་རྣམས་ཀྱིས་རྣམ་རིག་པའི་ལྟ་གྲུབ་ལ་གཟུང་འཛིན་གཉིས་མེད་ཀྱི་ལྟ་གྲུབ་གཏན་ལ་དབབ་པ་ལས་རྟོག་པའི་ཞེན་གཞིར་རམ་སྒྲའི་བརྗོད་གཞིར་རང་མཚན་དུ་མ་གྲུབ་པའི་ལྟ་གྲུབ་གཏན་ལ་དབབ་པའི་གཞུང་ཁ་གསལ་ཞིང་ཁུངས་དག་པ་ཞིག་མེད་པས་རྗེའི་ཉིད་ཀྱི་འཕགས་ཡུལ་གྱི་པཎྜི་ཏ་ཆེན་མོ་འཕགས་པ་ཐོགས་མེད་ཀྱི་བྱང་ས་དང་བསྡུ་བ་སོགས་གཙོས་རྒྱ་གཞུང་རྣམས་ཁུངས་སུ་མཛད་ནས་རྣམ་རིག་པའི་ལྟ་གྲུབ་འདི་རྒྱ་ཇེ་ཆེར་བཏང་།
རྗེ་ཉིད་ཀྱིས་དེ་ལྟར་སྣོད་བཅུད་ཐམས་ཅད་མིང་བརྡའི་འཇུག་གཞིར་རང་མཚན་དུ་མ་གྲུབ་པ་གཏན་ལ་ཕབ་སྟེ་ལུགས་འདིར་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་སྟོང་ཚུལ་ལས་ལོགས་སུ་འཇུག་གཞིར་རང་གི་མཚན་ཉིད་ཀྱི་གྲུབ་པས་སྟོང་བ་ཡོད་པར་གསལ་འདོན་གནང་རྗེས། ཚུལ་འདི་བོད་ཀྱི་སྔ་ཕྱིའི་མཁས་པ་མང་པོས་བློར་མ་བདེ་པར་ཡོད་པ་དེར་གཞིགས་ནས། རྟོག་པ་ཡིད་ཤེས་ལ་སྣང་ཚུལ་ལྟར་གྱི་དགག་བྱ་ཁེགས་ཚུལ་དང་། རྟོག་མེད་དབང་ཤེས་ལ་སྣང་ཚུལ་ལྟར་གྱི་དགག་བྱ་ཁེགས་ཚུལ་གཉིས་པོ་འདི་མཐའ་ཆོད་པ་ཞིག་གཏན་ལ་འབེབས་པའི་ཕྱིར་དུ་དོགས་སློང་གི་རྩོད་པ་ལྔ་བཀོད་དེ། དེ་ལ་ལན་བཏབ་པའི་སྒོ་ནས་ལོག་པར་རྟོག་པའི་ཕྱོགས་མཐའ་དག་བཀག་པ་ཡིན་ནོ། «དྲང་ངེས་འཇུག་ངོགས»སུ«དྲན་དབང་ཡིད་ཡངས»དྲངས་པ་ལས། “གང་ལ་རྩོད་པའི་གཞི་དགོངས་འགྲེལ་གྱི་ཀུན་བཏགས་རྒྱས་བཤད་དང༌། རྩོད་པ་པོ་ལེགས་ལྡན་དང༌། རྩོད་ཡུལ་སེམས་ཙམ་པ་ལ་བྱེད་པ་དང།”[1]ཡང་མཁས་པ་ཁ་ཅིག་གིས་རྩོད་པ་པོ་ཉན་ཐོས་སྡེ་བ་དང་། རྩོད་ཡུལ་སེམས་ཙམ་པ་ལ་བྱེད་པ་སོགས་ནི་གཟུར་གནས་ཀྱི་བཤད་པར་མ་མཐོང་ཏེ། “རྩོད་པ་པོ་ལེགས་ལྡན་ཡིན་ན། ལན་གྱི་སྐབས་སུ་སྟོང་ཚུལ་འདི་ཉན་ཐོས་སྡེ་བས་གྲུབ་ཟིན་པ་མིན་པའི་རྒྱུ་མཚན་དུ་རང་གཞུང་ཐེག་བསྡུས་དང་། དགག་ཡུལ་ལ་ཉན་ཐོས་སྡེ་བ་ཡོད་པའི་རྒྱུ་མཚན་དུ་རང་གཞུང་བྱང་ས་འགོད་མི་རུང་བའི་ཕྱིར། ”[2] ཞེས་གསུངས་བ་ལྟར་ཉན་ཐོས་སྡེ་བ་ཡིན་ན་ཉན་ཐོས་སྡེ་བའི་གྲུབ་ཟིན་པའི་མི་འཐད་ལ་ཞེས་སོགས་ཀྱི་དགག་གཞག་མཛད་ལུགས་མེད་པས། དེས་ན་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་ཀྱིས་གསུངས་པ་ཇི་བཞིན་དོགས་པ་ཁོང་སློང་ཡིན་པ་འདི་འཐད་ལྡན་དུ་འཛིན་རིགས་སོ། རྩོད་པ་འདི་གང་ལས་བྱུང་ཚུལ་ནི། «བསྟན་བཅོས་ལེགས་བཤད་སྙིང་པོ»ལས། “གལ་ཏེ་གཟུགས་སོགས་ཞེས་པ་ནས་གྱིས་ཤིག”[3]ཞེས་པའི་བར་གྱིས་བསྟན་ལ། རྩོད་པ་འདི་ལ་རྗེས་འབྲངས་མཁས་པ་རྣམས་ཀྱིས་རྩོད་པ་གཅིག་དུ་སྨྲ་མཁན་དང་། [4] རྩོད་པ་གཉིས་སུ་འདོད་མཁན།[5] བཞིར་འདོད་མཁན།[6] ལྔར་འདོད་མཁན་[7]སོགས་མང་དུ་མཆིས་མོད། རྗེ་ཡབ་སྲས་ཀྱི་གཞུང་དུ་འདིར་རྩོད་པ་དུ་བྱུང་གི་གྲངས་མི་གསལ་ཡང༌། རྩོད་པ་དུ་མ་བྱུང་ཡོད་པ་གཞུང་རང་ལས། ལུགས་འདི་ལ་འགལ་བ་དེ་དག་ཇི་ལྟར་མེད། ཅེས་པ་དང༌། རྩོད་པ་ལྷག་མའི་ལན་ནི་འཆད་པར་འགྱུར་རོ། །ཞེས་སོགས་ཀྱིས་ཤེས་ནུས་ལ། དོན་ལ་རྩོད་པ་བཞིའམ་ལྔ་འཐོབ་པ་ལས་དྲུག་མི་འཐོབ་སྟེ། དྲུག་པར་ཁ་ཅིག་གིས་སྦྱོར་བར་འདོད་པའི་གཞུང་ནི། རྩ་བའི་འདོད་ལན་ལ་སྐྱོན་སྟོན་བྱེད་ཡིན་པའི་ཕྱིར་རོ། །དེས་ན་གྲགས་ཆེ་བ་ནི་རྩོད་པ་ལྔར་འདོད་པ་འདི་ཉིད་ཡིན་པར་མཁས་རྣམས་མགྲིན་དབྱངས་གཅིག་ཅར་གྱི་སྨྲ་བས་རེ་ཞིག་དེའི་ཕྱོགས་བཟུང་ངོ།།
གཉིས། ཇི་ལྟར་རྩོད་པའི་ཚུལ།
༡ རྩོད་པ་ལྔ།
རྩོད་པ་ལྔར་འདོད་ཚུལ་དེ་ལ་ཡང«སྒོ་མང་ཡིག་ཆ་རྙིང་པ»[8]དང་། «དྲན་དབང་ཡིད་ཡངས»དང«ཧལ་ཧ་བསྟན་སྒྲོན»[9]སོགས་ཀྱི་བཞེད་ཚུལ་མི་མཐུན་པ་མང་དུ་མཆིས་ནའང། རང་ཉིད་ཀྱིས་གོ་བདེ་བ་དང་བློ་ངོར་ཤོང་བ་ནི་སེར་བྱེས་མཁན་ཟུར་བློ་བཟང་ཚེ་རིང་མཆོག་གི་དྲང་ངེས་ཟིན་བྲིས་ལུང་རིགས་གསེར་གྱི་ཐང་མ་རུ་གསལ་བའི་རྩོད་པ་ལྔ་ཡིན་པས་དེའི་རྗེས་སུ་འབྲང་ནས་བཤད་པ་ལ། གཞུང་དེར་བྱུང་བས་རྩོད་པ་ལྔ་ལས་དང་པོ་ནི། གཟུགས་སྒྲ་ལ་སོགས་པའི་གཞན་དབང་འདི་དག་མིང་དང་བརྡའི་ཡུལ་ཡིན་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་པ་དེ། སྒྲ་དེའི་དངོས་ཡུལ་ཡིན་པ་རང་མཚན་དུ་གྲུབ་པ་འགོག་གམ། ཡང་ན་བརྗོད་བྱེད་ཀྱི་སྒྲ་དེ་དང་དེའི་ཞེན་ཡུལ་ཡིན་པ་རང་མཚན་དུ་གྲུབ་པ་འགོག དང་པོ་ལྟར་ན་མི་འཐད་དེ། གཟུགས་སྒྲ་ལ་སོགས་པའི་གཞན་དབང་ཐམས་ཅད་ནི་བརྗོད་བྱེད་ཀྱི་སྒྲ་དེ་དང་དེའི་དངོས་ཡུལ་ཡིན་པ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བར་དོན་སྨྲ་གཉིས་ལ་སྒྲུབ་མི་དགོས་པ་དང་། གཞན་དབང་བརྗོད་བྱེད་ཀྱི་དངོས་ཡུལ་ཡིན་པས་དེའི་སྟོང་པར་གྲུབ་པས་ཚད་མའི་ཆོས་ཀྱི་བདག་མེད་མི་འགྲུབ་ཅིང་། དེ་འདྲའི་སྟོང་པ་དེ་ལ་དམིགས་ནས་བསྒོམས་པའི་ཤེས་སྒྲིབ་དག་པར་མི་འགྱུར་བའི་ཕྱིར་ཏེ། དེ་ཆོས་ཀྱི་བདག་མེད་ཕྲ་མོ་མ་ཡིན་པའི་ཕྱིར་ཞེས་རྩོད།
རྩོད་པ་གཉིས་པ་དང་གསུམ་པ་ནི། གཟུགས་སོགས་གཞན་དབང་གི་ཆོས་དག་བརྗོད་བྱེད་ཀྱི་སྒྲའི་ཞེན་ཡུལ་ཡིན་པ་འགོག་ན་ཞེན་ཡུལ་གྱི་གཞི་ལྡོག་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་གམ། ཞེན་ཡུལ་གྱི་རང་ལྡོག་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག སྔ་མ་ལྟར་ན་གཟུགས་ཞེས་བརྗོད་པའི་བརྗོད་བྱེད་ཀྱི་སྒྲའི་ཞེན་ཡུལ་གྱི་གཞི་ལྡོག་ལ་གཟུགས་འཇོག་ལ། གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་ན་མདོ་སྡེ་དགོངས་འགྲེལ་ལས་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་དང་འགལ་ལ།
ཕྱི་མ་ལྟར་ན་བརྗོད་བྱེད་ཀྱི་སྒྲའི་ཞེན་ཡུལ་གྱི་རང་ལྡོག་སྒྲ་སྤྱི་ལྟ་བུ་ནི་ཉན་ཐོས་སྡེ་གཉིས་ཀྱི་དངོས་མེད་དུ་རྟོགས་ཟིན་པས་ཞེན་ཡུལ་གྱི་རང་ལྡོག་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་མི་རིགས་སོ།
རྩོད་པ་བཞི་པ་རྩོད་ཚུལ་ནི། གཟུགས་སྒྲ་སོགས་རང་ཉིད་བརྗོད་པའི་སྒྲའི་འཇུག་གཞིར་རང་མཚན་དུ་མ་གྲུབ་པ་ཆོས་ཀྱིམབདག་མེད་ཕྲ་མོར་འཇོག་མི་རིགས་ཏེ། སྲིད་པ་འཕོ་བའི་མདོ་ལས་གསུངས་པའི་སྟོང་པ་་ལས་ལོགས་སུ་དམིགས་གསལ་བ་ཞིག་མདོ་སྡེ་དགོངས་འགྲེལ་ལས་མ་བཤད་པས། སྲིད་པ་འཕོ་བའི་མདོ་ལས་གསུངས་པའི་སྟོང་པ་དེ་དོན་སྨྲ་སྡེ་གཉིས་ཀྱིས་འཐད་ལྡན་དུ་གྲུབ་པའི་ཕྱིར་རོ།།
རྩོད་པ་ལྔ་བ་ནི། གཟུགས་གཟུགས་ཞེས་བརྗོད་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བའི་སྟོང་ཚུལ་འདི་ལ་གཟུགས་དང་གཟུགས་འཛིན་ཚད་མ་རྫས་ཐ་དད་བཀག་པའི་རྣམ་པར་རིག་པ་ཙམ་གྱི་དོན་མེད་པས་ཆོས་ཀྱི་བདག་མེད་ཤེས་སྒྲིབ་དག་པར་བྱེད་པའི་དམིགས་པར་བཤད་པ་ཡང་ཇི་ལྟར་འཐད། ཞེས་རིམ་བཞིན་རྩོད་པ་ལྔ་བྱུང་ཡོད་དོ།
༢ རྩོད་ལན།
རྩོད་ཚུལ་དེ་ལ་རྗེ་ཉིད་ཀྱི«དྲང་ངེས་ལེགས་བཤད་སྙིང་པོར»རྩོད་ལན་འདི་དང་འདི་ཡིན་ཞེས་གསལ་ཁ་མེད་པས་དྲང་ངེས་དགོངས་འགྲེལ་རྩོམ་པ་པོ་རྣམས་ཀྱིས་ལན་འདེབས་ཚུལ་མི་འདྲ་བ་མང་དུ་ཡོད་པ་དང་། རྩོད་པ་དང་པོ་གཉིས་ཕྱོགས་སྔའི་སྐྱོན་བརྗོད་པ་ལྟར་འཇུག་པའི་ལན་མཛད་མེད[10]ཅེས་བཞེད་མཁན་ཡོད་ནའང་། «དྲང་ངེས་རྣམ་འབྱེད་ལས།»“སྟོང་ཚུལ་འདི་བྱང་ས་ལས་ཤེས་སྒྲིབ་དག་པར་བྱེད་པའི་ཡེ་ཤེས་ཀྱི་དམིགས་པ་དང་དབུ་མའི་ལམ་མཐའ་གཉིས་སྤངས་པ་གོང་ན་མེད་པར་བཤད་ཅིང་།ཐེག་བསྡུས་ལས་འདིའི་སྒོ་ནས་འཇུག་པ་དེ་རྣམ་པར་རིག་པ་ཙམ་དུ་འཇུག་པར་གསུངས་པའི་ཕྱིར་ཉན་ཐོས་སྡེ་པས་གྲུབ་ཟིན་པ་མིན་ནོ་ཞེས་པ་ནས་བློ་གྲོས་ཅན་རྣམས་ལ་དཔྱད་པའི་སྒོ་ཙམ་ཞིག་བསྟན་ཏོ།”[11] ཞེས་པའི་བར་གྱི་གཞུང་གོང་འོག་བསྒྲིག་ན་རྩོད་པའི་ལན་ལ་ཡང་ལྔ་ཡོད་པར་སྣང་བས་རྩོད་པ་དང་པོ་དང་གཉིས་པའི་ལན་འདེབས་ཚུལ་ནི། ཉན་ཐོས་སྡེ་བས་གཟུགས་སོགས་མིང་བརྡའི་ཡུལ་ཡིན་པ་དངོས་མེད་ཀྱི་ཆོས་སུ་འདོད་པས་དེ་རང་མཚན་གྱིས་མ་གྲུབ་པ་ཁས་ལེན་ཀྱང་དེ་རང་མཚན་གྱི་མ་གྲུབ་པར་མ་རྟོགས་ཏེ། དེ་རང་མཚན་གྱིས་གྲུབ་ན་དེ་སྒྲ་རྟོག་ལ་མ་ལྟོས་པར་དངོས་དབང་གིས་གྲུབ་དགོས། དེ་ལྟ་ན་གཟུགས་སོགས་མིང་བརྡའི་ཡུལ་དུ་རང་མཚན་གྱིས་གྲུབ་པར་སོང་བས་དེས་སྟོང་པ་ཉན་ཐོས་སྡེ་བའི་རྟོགས་མི་ཐུབ་པས་ཤེས་སྒྲིབ་དག་པར་བྱེད་པའི་ཡེ་ཤེས་ཀྱི་དམིགས་པར་མི་འཐད་པའི་སྐྱོན་མེད་པས་རྩོད་པ་དང་པོའི་ལན་དངོས་དང་རྩོད་པ་གཉིས་པའི་ལན་ལ་དོན་གྱིས་འགྲོ་ཐུབ་བོ། རྩོད་པ་གསུམ་པ་ལ་ལན་འདེབས་ཚུལ་ནི། གཟུགས་སོགས་མིང་བརྡའི་གཞིར་རང་མཚན་གྱིས་གྲུབ་པས་སྟོང་ཚུལ་འདི་བྱང་སར་ཤེས་སྒྲིབ་དག་པར་་བྱེད་པའི་ཡེ་ཤེས་ཀྱི་དམིགས་པ་དང་དབུ་མའི་ལམ་གོང་ན་མེད་པར་གསུངས་པ་དང༌། ཐེག་བསྡུས་སུ་འདིའི་སྒོ་ནས་འཇུག་པ་དེ་རྣམ་རིག་ཙམ་དུ་འཇུག་པར་གསུངས་པའི་ཕྱིར་ཉན་ཐོས་སྡེ་བའི་གྲུབ་ཟིན་པ་མིན་ནོ། [12] བཞི་བའི་ལན་ནི། སྲིད་པ་འཕོ་བའི་མདོ་ཡི་ལུང་འདི་ཉན་ཐོས་སྡེ་བ་ལ་གྲགས་པའི་ལུང་ཡིན་ན་ཡང་། མདོ་འདིས་དོན་གྱི་གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་བསྟན་པས་ཉན་ཐོས་སྡེ་བས་གྲུབ་ཟིན་པ་མིན་ནོ། ལྔ་བའི་ལན་འོག་ནས་རྗེའི་ཉིད་ཀྱིས་རྟོག་པ་ཡིད་ཤེས་ལ་ལྟོས་པའི་རྣམ་རིག་ཙམ་དུ་འཇུག་ཚུལ་གསལ་འདོན་གནང་བས་གངས་ཅན་ཤིང་རྟའི་སྲོལ་འབྱེད་འགྱུར་ཚུལ་བཤད་པའི་སྐབས་སུ་བཤད་པར་བྱའོ།།
གཉིས་པ། རིགས་པ་གསུམ་གྱི་སྒོ་ནས་སྟོང་པ་སྒྲུབ་ཚུལ།
དེ་ལ་[13]ཐེག་བསྡུས་ལས་གསུངས་པའི་རིགས་པ་གསུམ་ནི་རྗེ་ཉིད་ཀྱི་དྲང་ངེས་རྣམ་འབྱེད་དུ་ཤིན་ཏུ་གསལ་བས་འདིར་མ་བཀོད་ལ། བྱང་སའི་རིགས་པ་གསུམ་གྱི་དང་པོ་ནི། «བྱང་ས»ལས། “གལ་ཏེ་ཆོས་གང་དག་དང་།དངོས་པོ་གང་ལ་ཇི་ལྟར་བརྗོད་པ་འཇུག་པ་བཞིན་དུ་ཆོས་དེ་དག་དང་དངོས་པོ་དེ་དེའི་བདག་ཉིད་དུ་འགྱུར་ན་ནི། དེ་ལྟར་ན་ཆོས་གཅིག་པུ་དང་། དངོས་པོ་གཅིག་པུའི་ངོ་བོ་ཉིད་རྣམ་པ་སྣ་ཚོགས་མང་པོར་འགྱུར་བར་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གཅིག་པུ་དང་། དངོས་པོ་གཅིག་པུ་ལ་མང་པོ་དག་གིས་རྣམ་པ་སྣ་ཚོགས་མང་པོར་བརྗོད་ཅིང་འདོགས་ཏེ་ཉེ་བར་འདོགས་པར་བྱེད་ལ། ཞེས་སོགས་ཀྱིས་སྟོན།”[14] དོན་ནི་གལ་ཏེ་བརྒྱ་བྱིན་ལ་སོགས་པའི་ཆོས་དང་། དངོས་པོ་གང་དག་ལ་མིང་གི་བརྗོད་པ་འཇུག་པ་བཞིན་དུ་དངོས་པོ་དེའི་བདག་ཉིད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འགྱུར་ན། དེ་ལྟར་ན་བརྒྱ་བྱིན་ལྟ་བུའི་ཆོས་གཅིག་པུ་དང་། དངོས་པོ་གཅིག་པུའི་ངོ་བོ་ཉིད་རྣམ་པ་སྣ་ཚོགས་མང་པོར་འགྱུར་བར་རིགས་སོ། །རྒྱུ་མཚན་ཅིའི་ཕྱིར་ཟེར་ན། འདི་ལྟར་བརྒྱ་བྱིན་ལྟ་བུའི་ཆོས་གཅིག་པུ་དང་། ཉེར་སྦས་ལྟ་བུའི་དངོས་པོ་གཅིག་པུ་ལ་མིང་རྣམ་པ་སྣ་ཚོགས་མང་པོ་བརྗོད་ཅིང་ཉེ་བར་འདོགས་པར་བྱེད་པའི་ཕྱིར། ཞེས་པའོ། །
འདིའི་དོན་ཐལ་ངག་ཏུ་བསྒྲིལ་ན། བརྒྱ་བྱིན་ལྟ་བུའི་ཆོས་གཅིག་ཆོས་ཅན། ཁྱོད་ལ་མིང་མི་འདྲ་བ་དུ་མ་བཏགས་པ་ན་མིང་དུ་མ་ཡོད་པ་ལྟར་ཁྱོད་ཀྱང་ངོ་བོ་ཐ་དད་པ་དུ་མར་འགྱུར་བར་ཐལ། ཁྱོད་མིང་དུ་མ་འཇུག་པའི་འཇུག་གཞིར་རང་མཚན་གྱིས་གྲུབ་པའི་ཕྱིར་ཞེས་པའོ། །བྱང་སའི་རིགས་པ་དང་པོ་འདི་དང་། «བསྡུ་བ»ལས། “རྒྱུ་མཚན་གཅིག་ལ་ཡང་ཉེ་བར་འདོགས་པ་མང་བའི་ཕྱིར་དང་། སྣ་ཚོགས་པའི་ཕྱིར་བདག་ཉིད་མང་པོ་འཐོབ་པར་འགྱུར་བས།”[15] ཞེས་མིང་མི་འདྲ་བ་དུ་མ་འཇུག་པའི་འཇུག་གཞིར་རང་མཚན་གྱིས་གྲུབ་ན། སུམ་ཅུ་རྩ་གསུམ་པའི་བདག་པོ་ལྟ་བུ་གང་ཟག་གཅིག་ཉིད། གང་ཟག་དུ་མར་ཐལ་བའི་རིགས་པ་གཉིས་པ་དང་། «ཐེག་བསྡུས་ལས»“མིང་མང་པོས་བདག་མང་པོར་འགལ་བ་དང་། ”[16]ཞེས་གསུངས་པའི་རིགས་པ་གཉིས་པ་རྣམས་གནད་གཅིག་ཏུ་ཡོད་དོ། ། བྱང་སའི་རིགས་པ་གཉིས་པ་ནི། «དེ་ཉིད་ལས»“དེ་ལྟ་ན་ཅི་དངོས་པོ་སྔར་བྱུང་ལ། ཕྱིས་དེ་ལ་དགའ་མགུར་འདོགས་པའི་ཚིག་ཉེ་བར་འདོགས་ན་ནི། འདོགས་པའི་ཚིག་གིས་ཉེ་བར་འདོགས་པའི་སྔ་རོལ་འདོགས་པའི་ཚིག་གིས་ཉེ་བར་མ་བཏགས་པའི་ཚེ། ཆོས་དེ་དང་དངོས་པོ་དེ་ངོ་བོ་ཉིད་མེད་པ་ཁོ་ནར་འགྱུར་རོ། །ངོ་བོ་ཉིད་མེད་པར་གྱུར་ན་ཡང་དངོས་པོ་མེད་པ་ལ་ནི་འདོགས་པའི་ཚིག་གིས་ཉེ་བར་གདགས་སུ་མི་རུང་ངོ་། །འདོགས་པའི་ཚིག་གིས་ཉེ་བར་འདོགས་པ་མེད་ན་ཡང་། ཆོས་དང་དངོས་པོར་འདོགས་པའི་ཚིག་གིས་ངོ་བོ་ཉིད་དུ་ཡོད་པར་མི་རུང་ངོ་། །”[17]ཞེས་སོགས་ཀྱིས་སྟོན། དེའི་དོན་ནི། ལྟོ་ལྡིར་བ་ལྟ་བུའི་དངོས་པོ་སྔར་བྱུང་ལ། ཕྱིས་ལྟོ་ལྡིར་བ་དེ་ལ་བུམ་པ་ཞེས་དགའ་མགུར་མིང་འདོགས་པའི་ཚིག་གིས་ཉེ་བར་འདོགས་པ་ཡིན་ན་ནི། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་མིང་འདོགས་པའི་ཚིག་གིས་ཉེ་བར་འདོགས་པའི་སྔ་རོལ་ཏུ་ལྟོ་ལྡིར་བ་ལ་བུམ་པ་ཞེས་མིང་ཉེ་བར་མ་བཏགས་པའི་ཚེ། ལྟོ་ལྡིར་བའི་ཆོས་དེ་དང་དངོས་པོ་དེ་བུམ་པའི་ངོ་བོ་གཏན་མེད་པར་འགྱུར་ཏེ། དེའི་ཚེ་དེ་ལ་བུམ་པ་ཞེས་པའི་ཐ་སྙད་མེད་པའི་ཕྱིར། འདོད་ན། ལྟོ་ལྡིར་བ་བུམ་པ་ཞེས་པའི་མིང་འཇུག་པའི་གཞིར་རང་བཞིན་གྱིས་གྲུབ་པ་ཉམས་སོ། །ཞེས་པའོ། །འདིའི་དོན་ཐལ་ངག་ཏུ་བསྒྲིལ་ན། ལྟོ་ལྡིར་བ་ལྟ་བུ་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་མིང་མ་བཏགས་པའི་སྔ་རོལ་ཏུ་ཁྱོད་མེད་པར་ཐལ། ཁྱོད་བུམ་པ་ཞེས་པའི་མིང་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་ལ། དེའི་ཚེ་མིང་ནི་མེད་པའི་ཕྱིར། བྱང་སའི་རིགས་པ་གཉིས་པ་འདི་ནི་བསྡུ་བ་དང་ཐེག་བསྡུས་ཀྱི་རིགས་པ་གང་དང་ཡང་མི་འདྲའོ། །བྱང་སའི་རིགས་པ་གསུམ་པ་ནི། «དེ་ཉིད་ལས» “དེ་ལྟ་ན་ནི་གཟུགས་ཞེས་འདོགས་པའི་ཚིག་ཉེ་བར་འདོགས་པ་དེ་མེད་བཞིན་དུ་ཡང་གཟུགས་ཞེས་བྱ་བར་འགྱུར་བའི་ཆོས་དང་།གཟུགས་ཞེས་བྱ་བར་འགྱུར་བའི་དངོས་པོ་དེ་ལ་གཟུགས་ཀྱི་བློ་འཇུག་པར་འགྱུར་བའི་རིགས་ན་མི་འཇུག་སྟེ། ”[18]ཞེས་སོགས་ཀྱིས་སྟོན། དེའི་དོན་ནི། གཟུགས་རུང་ལ་གཟུགས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་སྟེ། གལ་ཏེ་གྲུབ་ན་སྐྱེ་བོ་སུ་ལའང་གཟུགས་རུང་འདི་གཟུགས་ཡིན་ནོ་ཞེས་ཚིག་གིས་ཉེ་བར་འདོགས་པ་མེད་བཞིན་དུ་ཡང་གཟུགས་རུང་མཐོང་ཙམ་གྱིས་འདི་གཟུགས་སོ་སྙམ་པའི་བློ་འཇུག་པར་འགྱུར་རིགས་པ་ལས། དེ་ལྟར་འཇུག་པར་མི་འགྱུར་བའི་ཕྱིར། ཞེས་པའོ། །འདིའི་དོན་ཐལ་ངག་ཏུ་བསྒྲིལ་ན། གཟུགས་རུང་ཆོས་ཅན།ཁྱོད་ལ་གཟུགས་ཞེས་ཐ་སྙད་སྦྱོར་མི་དགོས་པར་ཁྱོད་མཐོང་ཙམ་ནས་ཁྱོད་ལ་གཟུགས་སོ་སྙམ་པའི་བློ་སྐྱེ་བ་ཡོད་པར་ཐལ། ཁྱོད་ལ་གཟུགས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། བྱང་སའི་རིགས་པ་གསུམ་པ་འདི་ནི། «བསྡུ་བ་ལས»“དེས་ན་བློ་འབྱུང་བར་འགྱུར་བ་དང་། ”[19]ཞེས་གཟུགས་རུང་ལ་གཟུགས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་ན། གཟུགས་རུང་མཐོང་ཙམ་ནས་འདི་གཟུགས་སོ་སྙམ་པའི་བློ་འབྱུང་བར་འགྱུར་བའི་རིགས་པ་དང་པོ་དང་། «ཐེག་བསྡུས་ལས»“མིང་གི་སྔ་རོལ་ན་བློ་མེད་པས་དེའི་བདག་ཉིད་དུ་འགལ་བ་དང་།„[20]ཞེས་གསུངས་པའི་རིགས་པ་དང་པོ་རྣམས་གནད་གཅིག་ཏུ་ཡོད་དོ། །
གསུམ་པ། གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་གྱུར་ཚུལ།
གཅིག །སྒོམ་པ་དང་སྤྱོད་པའི་ཆ་ནས་ཤིང་རྟའི་སྲོལ་འབྱེད་དུ་གྱུར་ཚུལ།
༡ སྒོམ་གྱི་ཆ་ནས་ཤིང་རྟའི་སྲོལ་འབྱེད་དུ་འཇོག་ཚུལ།
རྗེ་ཐམས་ཅད་མཁྱེན་པ་མཆོག་བསིལ་ལྡན་ཁ་བ་ཅན་གྱི་རྗེས་འཇུག་སློབ་བརྒྱུད་རྣམས་ཀྱིས་ལྟ་སྒོམ་སྤྱོད་གསུམ་གྱི་ཆ་ནས་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་མཚན་བསྔགས་ཚུལ་དང་། ལྟ་བ་ཁོ་ནས་ཆ་ནས་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་བསྔགས་ཚུལ་གཉིས་ལས་དང་པོ་ནི། རྗེའི་ཉིད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་སྒོམ་ལ་འཇོག་སྒོམ་ལས་དཔྱད་སྒོམ་མི་འདོད་པས་འཇམ་མགོན་བླ་མ་ཤར་ཙོང་ཁ་ཆེན་པོའི་སྒོམ་ལ་འཇོག་སྒོམ་ཁོ་ནས་མི་ཆོག་པར་དཔྱད་སྒོམ་ངེས་པར་དུ་དགོས་པ་དང་། དེ་ལ་ཡང་དཔྱད་འཇོག་གཉིས་པོ་ཟུང་འབྲེལ་གྱི་ཚུལ་དུ་ཡོད་པ།གལ་སྲིད་སེམས་དེ་ཉིད་དམིགས་པ་གཅིག་ལ་རྩེ་གཅིག་ཏུ་དམིགས་ནས་རྣམ་པ་ཕྱི་རོལ་གྱི་ཡུལ་དུ་འཕྲོ་བ་བཀག་ཙམ་གྱི་ཏིང་ངེ་འཛིན་ཙམ་ལས་མེད་ན། དེ་ཙམ་ཞིག་ནི་རང་སྡེ་ནང་བ་མ་ཟད་ཕྱི་རོལ་བ་ལའང་ཡོད་པར་མ་ཟད་དེ་ཙམ་ལ་ཇི་ཙམ་གོམས་པར་བྱས་ཀྱང་སྒྲོ་འདོགས་ཀུན་བཏགས་སམ་སྐྱོན་རྟོག་གི་ཉོན་མོངས་ལ་གནོད་པ་རྩ་བ་ནས་བྱེད་མི་ཐུབ་པས་རྫོགས་པའི་བྱང་ཆུབ་གོ་འཕང་ལྟ་ཞོག། ཉན་རང་གི་ཐར་བ་ཙམ་ཡང་ཐོབ་མི་ནུས་པས་འཇོག་སྒོམ་གྱི་གྲོགས་སུ་སོ་སོར་རྟོག་པའི་ཤེས་རབ་སམ་དཔྱད་སྒོམ་ཉིད་ངེས་པར་ཡོད་དགོས་པས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གལ་ཆེ་བར་ལམ་རིམ་ཆེན་མོ་སོགས་ཀྱི་ལུང་ཤེས་བྱེད་དུ་དྲངས་ནས་གངས་རིའི་ལྗོངས་འདིར་དཔྱད་སྒོམ་འཇོག་པའི་ཆ་ནས་ཤིང་རྟའི་ལམ་སྲོལ་གསར་དུ་བྱས་པས་སྒོམ་གྱིས་ཆ་ནས་ཤིང་རྟའི་སྲོལ་འབྱེད་དུ་འཇོག་ལུགས་གཅིག་དང་། [21]
༢ སྤྱོད་པའི་ཆ་ནས་ཤིང་རྟའི་སྲོལ་འབྱེད་དུ་འཇོག་ཚུལ།
དུས་རབས་བཅུ་གསུམ་པར་ཕག་གྲུ་བའི་སྐབས་སུ་དགོན་པ་དང་གྲྭ་བ་མང་པོ་ཡོད་ནའང་དམ་ཆོས་འདུལ་བ་ལས་བྱུང་པའི་བཅས་བ་ཕྲ་རགས་ཀྱི་ངོ་བོ་དང་ཕྱག་ལེན་སོགས་མ་ཤེས་པའི་དབང་གིས་དམ་ཆོས་འདུལ་པ་དང་འགལ་པའི་བྱ་སྤྱོད་སྣ་ཚོགས་འཛེམ་མེད་དུ་སྟོན་པར་བག་མི་ཚ་པའི་དགོན་པའི་གནས་སྟངས་དག་ལ། རྗེ་ཐམས་ཅད་མཁྱེན་པས་ཐུགས་ཀྱིས་མ་བཟོད་པར་དམ་ཆོས་འདུལ་བའི་ཆོས་ཁྲིད་མང་དུ་གནང་བ་དང་། མཛད་ཆེན་བཞིའི་ཡ་གྱལ་རྫིང་བྱའི་བྱམས་པ་ཞིག་གསོ་མཛད་དེ་ཆོས་གོས་རྣམ་གསུམ་སོགས་ཕུལ་ནས་འདུལ་བསྟན་ཕྱོགས་མཐར་དར་བའི་ཐུགས་བསྐྱེད་སྨོན་ལམ་གནངས་པ་དང་།རྗེ་ཉིད་གཙོ་བོ་མཛད་དེ།རྗེ་རེ་འདའ་བ་དང་།ལོ་ཆེན་སྐྱབས་མཆོག་དཔལ་བཟང་གསུམ་གྱིས་གནམ་རྩེ་ལྡེང་དུ་དམ་ཆོས་འདུལ་པ་ལས་གསུངས་པའིབཅས་པ་ཕྲ་མོ་ཚུན་ཆད་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་གསུང་གླེང་མཛད་ནས་བསྟན་པ་རིན་པོ་ཆེ་དག་ཐེར་མཛད་དེ་སྐབས་དེར་དམ་ཆོས་འདུལ་བ་ཆེས་ཆེར་སྤེལ་བས་སྤྱོད་པའི་ཆ་ནས་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་འཇོག་ཚུལ་སོགས་མཁས་པ་རྣམས་ཀྱིས་བཞེད་པ་མང་དུ་མཆིས།[22]
གཉིས། ལྟ་བའི་ཆ་ནས་ཤིང་རྟའི་སྲོལ་འབྱེད་དུ་འགྱུར་ཚུལ།
དབུ་མའི་ལྟ་བའི་ཆ་ནས་ཤིང་རྟའི་སྲོལ་འབྱེད་དུ་འཇོག་ལུགས།
སྤྱིར་བོད་གངས་ཅན་ལྗོངས་འདིར་ཐལ་རང་གཉིས་ཀྱི་ཁྱད་པར་ཐོག་མར་འབྱེད་མཁན་ཡོངས་གྲགས་སུ་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་(b. 1045)དང་ཁོང་གི་ཐུགས་སྲས་རྣམས་ཡིན་པར་གྲགས་ལ། པ་ཚབ་ལོ་ཙཱ་བའི་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ་དང་དབུ་མ་ཚིག་གསལ་གཉིས་ལེགས་སྦྱར་སྐད་ནས་བོད་བསྒྱུར་གནང་བ་དང་། དེ་ནས་བཟུང་བོད་ཀྱི་ནང་བསྟན་རིག་གཞུང་ཁྲོད་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མའི་ལུགས་དར་ཞིང་གྲགས་ཆེ་བར་གྱུར་བས་ཁོང་ལ་ས་སྐྱ་བའི་མཁས་པ་རྣམས་ཀྱིས་མཐའ་བྲལ་དབུ་མའི་སྲོལ་འབྱེད་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པ་ཞེས་ཁོང་ལ་གུས་བཀུར་དང་བརྩི་འཇོག་གི་ཆེ་བརྗོད་གནང་ཡོད། དེ་ལྟར་བོད་དུ་པ་ཚབ་ལོ་ཙཱ་བ་མཆོག་གིས་དབུ་མའི་འཆད་ཉན་རྒྱ་ཆེར་སྤེལ་ཞིང་། དབུ་མ་ཐལ་རང་གི་ཁྱད་པར་ཐོག་མར་འབྱེད་མཁན་ཀྱང་ཁོང་དང་ཁོང་གི་སློབ་བརྒྱུད་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩) དང་ཕྱྭ་པ་ཆོས་ཀྱི་སེང་གེའི (༡༡༠༩-༡༡༦༩) སོགས་ཡིན་ཞེས་འཇམ་དབྱངས་དགའ་བའི་བཤེས་གཉེན་གཞུང་དུ་འཁོད་ཡོད་ནའང[23]། ཁོང་རྣམས་གཉིས་ཀྱི་རང་གཞུང་ནས་མ་འཇལ་བས་མཁས་པ་དེ་རྣམས་ཀྱི་ཐལ་རང་གི་ཁྱད་པར་གསལ་བར་ཕྱེས་ཡོད་མེད་བརྗོད་པར་དཀའ། ཕྱྭ་པ་དང་དུས་མཉམ་པའི་མཁས་པ་རོང་ཟོམ་གྱིས་དབུ་མ་པ་ལ་སྒྱུ་མ་ལྟ་བུར་འདོད་པ་དང་རབ་ཏུ་མི་གནས་པའི་དབུ་མ་གཉིས་འདོད་ཀྱང་།དེ་ལ་ཐལ་རང་གི་ཐ་སྙད་མ་སྦྱར་བས་དུས་སྐབས་དེར་བོད་ལ་དབུ་མ་ཐལ་འགྱུར་བའི་ཐ་སྙད་ཡོད་མེད་ཀྱང་དོགས་དགོས་པའི་གནས་སུ་འདུག
ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་གྱིས་དབུ་མ་པའི་དོན་དམ་བདེན་པ་བཞེད་ཚུལ་ལ་སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པ་གཉིས་སུ་ཕྱེ་ནས་རབ་ཏུ་མི་གནས་པ་དེ་ལ་ཡང་ཐལ་རང་གཉིས་སུ་ཕྱེས་ན་ཡང་། ཁོང་གི་ཐལ་རང་གཉིས་སུ་་འབྱེད་ཚུལ་ནི་ཚུལ་གསུམ་ཚང་བའི་རྟགས་ཡང་དག་གིས་དོན་དམ་བདེན་པ་སྒྲུབ་པར་བྱེད་ནུས་མི་ནུས་ཀྱི་ཁྱད་པར་ཙམ་གྱིས་འཇོག་པས་དུས་རབས་བཅུ་གཉིས་པ་ནས་བོད་དུ་དབུ་མ་ལ་ཐལ་རང་གི་ཁྱད་པར་འཇོག་ཚུལ་ཙམ་ཞིག་བྱུང་ན་ཡང་། [24]དེ་གཉིས་ལས་རང་རྒྱུད་པའི་ཆོས་ཐམས་ཅད་རང་ངོས་ནས་མ་གྲུབ་ན་ཐ་སྙད་ཀྱི་བྱ་བཞག་འཇོག་མི་ནུས་པ་དང་།ཐལ་འགྱུར་བའི་ལུགས་ལ་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ལས་རང་ངོས་ནས་གྲུབ་པ་མེད་ཀྱང་།མིང་རྐྱང་བཏགས་ཡོད་ཙམ་ལ་བྱ་བྱེད་ཀྱི་རྣམ་བཞག་འཐད་པའི་སྣང་སྟོང་འགལ་མེད་ཀྱི་ལྟ་བ་བཏོན་ནས་དབུ་མ་ཐལ་རང་གཉིས་ལ་དགག་བྱ་ཁྱབ་ཆེ་ཆུང་གི་འཇོག་ཚུལ་ཐུན་མོང་མ་ཡིན་པ་དེ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་རྗེའི་ཙོང་ཁ་བ་བློ་བཟང་གྲགས་པ་ཉིད་ཀྱིས་བོད་ཀྱི་ནང་བསྟན་རིག་གཞུང་ཁྲོད་སྔར་མེད་གསར་དུ་བཏོན་པས་དབུ་མའི་ལྟ་བའི་ཆ་ནས་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་གྱུར་པ་མཁས་དབང་ཐུབ་བསྟན་སྦྱིན་པ་མཆོག་གི་རྗེའི་བླ་མའི་རྣམ་ཐར་དུ་གསལ[25]བར་མ་ཟད་གངས་ཅན་མཁས་གྲུབ་མང་པོས་ཀྱང་དེ་བཞིན་དུ་བཞེད་ལ། རྗེ་བླ་མས་བོད་བརྒྱུད་ནང་བསྟན་གྱི་དབུ་མའི་ལྟ་གྲུབ་ཁྲོད་དུ་སྔར་མེད་པའི་ཐུན་མིན་ལྟ་ཚུལ་བཏོན་པ་ལ་བརྟེན་ཀུན་མཁྱེན་གོ་རམས་འབྱམས་པས་རྗེའི་ཉིད་ཀྱི་དབུ་མའི་ལྟ་གྲུབ་འདི་ཉིད་བོད་ཀྱི་དབུ་མའི་ལྟ་གྲུབ་ཆེན་མོ་གསུམ་གྱི་གྲས་སུ་བསྒྲེང་བ་དང་། སྟག་ཚང་ལོ་ཙཱ་བ་དང། པཎ་ཆེན་ཤཱཀྱ་མཆོག་ལྡན། ཉེ་དུས་སུ་མཁས་དབང་དགེ་ཆོས་ལ་སོགས་ཀྱིས་མཚོན་པའི་རྩོད་པའི་གཞིར་གྱུར་ནས་དགག་བཞག་དུས་ད་ལྟ་བར་དུ་རྒྱུན་མ་ཆད་འདིས་རྗེ་ཉིད་ཀྱི་བོད་ཀྱི་དབུ་མའི་ལྟ་གྲུབ་ཁྲོད་གདན་ཐོབ་ངེས་ཅན་ཞིག་ཟིན་ཡོད་པར་ཤེས་ནུས།
དེར་བརྟེན་ཕྱིས་ཀྱི་མཁས་གྲུབ་ཆེན་མོ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི«ཡུལ་དམ་པ་རྣམས་ལ་བསྟོད་པ་དང་གསོལ་འདེབས་སྐོར་ཕྱོགས་བསྡུས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ»ལས། “སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ། །སྟོང་དང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ། །ཡིད་ཆེས་གཏིང་ནས་རྙེད་པའི་སྒོ་གཅིག་པུ། །ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་སུ།”[26]ཞེས་སྟོང་བ་དང་རྟེན་འབྱུང་གཅིག་གྲོགས་གཅིག་ཡིན་པ་དང་། རང་བཞིན་གྱི་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། རྟེན་འབྲེལ་མིང་རྐྱང་བཏགས་ཡོད་ཙམ་དུ་འཇོག་པའི་སྣང་སྟོང་འགལ་མེད་དུ་འདོད་པའི་ལྟ་གྲུབ[27]གསལ་མཛད་གནང་ནས་དཔལ་ལྡན་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་ངོས་འཛིན་གནང་བར་བསྔགས་བརྗོད་མཛད་པ་ལས་དཔྱོད་ནུས་སོ།
༢ རྣམ་རིག་པའི་ལྟ་བའི་ཆ་ནས་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་གྱུར་ཚུལ།
རྣམ་རིག་པའི་ལྟ་བའི་ཆ་ནས་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་གྱུར་ཚུལ་ནི«སྟོང་ཐུན་སྐལ་བཟང་མིག་འབྱེད»ལས།““དེ་ལྟ་ན་ཡང་གངས་རིའི་ཁྲོད་འདིར་བདག་ཅག་གི་རྗེ་ཐམས་ཅད་མཁྱེན་པ་གཅིག་པུས་གསལ་བར་མཛད་དུ་ཟད་ཀྱི་མཁས་པར་ཁས་འཆེ་བ་གཞན་མཐའ་དག་གིས་ནི་དབངཤེས་རང་གི་སྣང་ཡུལ་སྔོན་པོ་ལ་སོགས་པ་དང་རྫས་ཐ་དད་པ་བཀག་པ་ཙམ་གྱི་ཕྱོགས་གཅིག་པུ་ལས་གཞན་པ་ངོ་བོ་དང་ཁྱད་པར་དུ་ཀུན་བརྟགས་པའི་ཀུན་བརྟགས་དང༌། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པའི་ཆོས་ཀྱི་བདག་མེད་འཇོག་པའི་ཚུལ་གྱི་ཐ་སྙད་ཙམ་ཡང་སྨྲ་བར་མི་ནུས་ཏེ། རྣམ་པར་རིག་པ་ཙམ་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ནང་དུ་རྣམ་པར་དཔྱོད་པའི་སྐྱ་བ་འཛིན་པ་ལ་བློ་གྲོས་ཀྱི་དེད་དཔོན་ཕྱོགས་བསླད་པར་གྱུར་ནས། ལུགས་འདིའི་གཞུང་ལུགས་ཆེན་པོ་དག་གི་གྲུ་བོ་ཆེ་ལ་འཛེག་པར་བཟོད་པ་རྔོ་མ་ཐོགས་པ་ཉིད་དུ་འདུག་པ་ཤ་སྟག་གོ། །”[28]ཞེས་པ་ལྟར། བོད་སྔ་རབས་པའི་མཁས་པ་རྣམས་ཀྱིས་རྣམ་རིག་པའི་ལྟ་བ་གཏན་ལ་དབབ་པའི་ཚེ་རྟོག་མེད་དབང་ཤེས་ལ་ལྟོས་ཏེ་རྣམ་རིག་ཙམ་དུ་འཇུག་ཚུལ་ལས་རྟོག་པ་ཡིད་ཤེས་ལ་ལྟོས་པའི་རྣམ་རིག་ཙམ་དུ་འཇུག་ཚུལ་གསལ་ཁ་མ་ཐོན་ལ། རྗེ་ཉིད་ཀྱིས་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ཡོངས་གྲུབ་ཤེས་སྒྲིབ་དག་བྱེད་ཀྱི་དམིགས་པར་བཤད་པ་དང་། འཇུག་ཚུལ་གཉིས་པོ་གང་གིས་སྒོ་ནས་འཇུག་ཀྱང་རྣམ་རིག་པའི་ལྟ་བའི་རྒྱ་མཚོ་ཆེན་པོར་བདེ་ལེགས་ཏུ་བགྲོད་ནུས་པས་གྲུ་བོ་ཆེ་ལྟ་བུའི་དགོངས་ཚུལ་སྔར་མ་གྲགས་པ་འདི་ཉིད་གསར་ཏུ་བཏོན་པས་རྣམ་རིག་པའི་ལྟ་བ་ལ་བརྟེན་པས་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་མཁས་གྲུབ་རིན་པོའི་ཆེའི་བསྔགས་པ་ལྟར་ལགས་སོ།
མཇུག་གཏམ།
དེ་ལྟར་ལྟ་བའི་གནད་འདི་དག་གསལ་འདོན་གནང་བ་ལ་བརྟེན་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་མོ་ཉིད་གངས་ཅན་ཤིང་རྟའི་སྲོལ་འབྱེད་དུ་འགྱུར་ཚུལ་འདི་ཡང་རི་བོ་དགེ་ལུགས་པའི་ལར་ཞེན་ཙམ་བཟུང་ནས་ཨུ་ཚུགས་བྱས་པ་ཙམ་མིན་པར་ས་དགེ་བཀའ་རྙིང་གི་མཁས་གྲུབ་ཉི་ཟླ་ལྟ་བུ་མང་པོས་བསྔགས་པ་ཟམ་མི་ཆད་པར་བརྗོད་ཡོད་ལ། དེང་དུས་སུ་ཡང་རྒྱལ་སྤྱིའི་རིག་གཞུང་སྨྲ་བའི་ལྡིང་ཆར་ཤེས་ནུས་སྨྲ་བ་མང་པོས་ཚད་མཐོའི་གདེང་འཇོག་བྱས་ཡོད་པ་སོགས་ལས་དཔོག་ནུས་སོ།།།།
དཔྱད་ཡིག་དང་ཞབས་མཆན།
[1] རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དྲང་ངེས་འཇུག་ངོགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་བཞུགས་སོ། པོད་བཅུ་གསུམ་པ། སྟོད་ཆ། ལྡེབས་གྲངས། 477a
[2] རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དྲང་ངེས་འཇུག་ངོགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་བཞུགས་སོ། པོད་བཅུ་གསུམ་པ། སྟོད་ཆ། ལྡེབས་གྲངས། 478b
[3] རྗེ་ཙོང་པ་བློ་བཟང་གྲགས་པ། དྲང་ངེས་ལེགས་བཤད་སྙིང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་བཞུགས་སོ། པོད་དང་པོ། ལྡེབས་གྲངས། 49b
[4] གལ་ཏེ་གཟུགས་སོགས་ཞེས་པ་ནས་གྱིས་ཤིག་ཞེས་བར་ལ་རྩོད་པ་གཅིག་ལས་མེད་པས་སྲིད་པ་འཕོ་བའི་མདོ་སོགས་དྲངས་པ་ནི་རྩ་བའི་རྩོད་པའི་ཟུར་འཕྲོས་ཡིན་པས་འདི་ལ་རྩོད་པ་གཅིག་ལས་མེད་ཞེས་སྨྲ།
[5] གཉའ་སྟོན་དཔལ་འབྱོར་ལྷུན་འགྲུབ། དྲང་ངེས་དཀའ་འགྲེལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་བཞུགས་སོ། པོད་གཉིསཔ། ལྡེབས་གྲངས། 58a-59b
ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པའི་ཀུན་བཏགས་རང་མཚན་གྱིས་གྲུབ་པས་སྟོང་བ་ལུགས་འདིའི་ཆོས་ཀྱི་བདག་མེད་དང་རྣམ་དག་ལམ་གྱི་དམིགས་པར་འདོད་མི་རིགས་པ་དང༌། དེ་འདྲའི་སྟོང་ཚུལ་དེ་ལ་རྣམ་པར་རིག་པའི་དོན་མེད་པས་དེ་རྣམ་རིག་པའི་ཐུན་མོང་མིན་པའི་ཆོས་ཀྱི་བདག་མེད་དུ་འདོད་པ་མི་རིགས་པའི་རྩོད་པ་གཉིས་ཡོད་པར་འདོད།
[6] སྒོ་མང་ཡིག་ཆར། ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པ་རང་མཚན་གྱིས་མ་གྲུབ་པ་ཡོངས་གྲུབ་མིན་པ་དང༌། གཟུགས་སོགས་མིང་བརྡའི་གཞིར་རང་མཚན་གྱིས་གྲུབ་པ་ཆོས་བདག་ཕྲ་མོ་བྱས་ནས་འགོག་མི་རིགས་པ་དང༌། མདོ་སྡེ་བས་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པར་ཐལ་བ་དང༌། ཆོས་ཀྱི་བདག་མེད་ཕྲ་མོ་ཤེས་སྒྲིབ་དག་བྱེད་ཀྱི་དམིགས་པར་མི་འཐད་པའི་རྩོད་པ་སྟེ་བཞིར་འདོད།
[7]སྒོ་མང་ཡིག་ཆ་རྙིང་པ། དྲན་དབང་ཡིད་ཡངས། ཧལ་ཧ་བསྟན་སྒྲོན་སོགས་ཀྱི་འདོད་པ་ཡིན། འདིའི་རྗེས་ཀྱི་གཤམ་འཆན་ལ་གཟིགས་རོགས།
[8] ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས། དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་བཞུགས་སོ། པོད་དྲུག་པ། ལྡེབས་གྲངས།156a-157b དགོངས་འགྲེལ་དང་བྱང་ས་གཉིས་དང་འགལ་བའི་ཉེས་པ་དང༌། གཞན་དབང་རང་མཚན་གྱིས་གྲུབ་པ་དགག་པའི་ཉེས་པ་དང༌། མདོ་སྡེ་པས་ཚད་མས་གྲུབ་པས་ཆོས་བདག་ཕྲ་མོ་མ་ཡིན་པར་ཐལ་བའི་ཉེས་པ་དང༌། དགོངས་འགྲེལ་གྱི་ཆོས་ཀྱི་བདག་མེད་དེ་ཐེག་དམན་གྱི་མདོ་ལས་བཤད་པའི་བདག་མེད་ལས་ལྷག་མ་ཡིན་པར་ཐལ་བ་དང༌། ཆོས་ཀྱི་བདག་མེད་ཤེས་སྒྲིབ་དག་བྱེད་ཀྱི་དམིགས་པར་བཤད་པ་མི་འཐད་པར་ཐལ་བའི་ཉེས་པ་ལྔ་ཞེས་བསྒྲེང་བ་དང་།
[9]རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དྲང་ངེས་འཇུག་ངོགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་བཞུགས་སོ། པོད་དང་པོ། ལྡེབས་གྲངས། 477B “ཧལ་ཧ་བསྟན་སྒྲོན་གྱིས་རྩོད་པ་ལྔ་རིམ་པར། སྒྲུབ་མི་དགོས་པ་དང༌། འགལ་ལོ་དང༌། མི་འཐད་དོ་དང༌། མི་སྣང་ངོ་དང༌། ཇི་ལྟར་འཐད། བར་རྣམས་ཀྱིས་བསྟན་ཅིང༌། དང་པོ་གསུམ་རྩོད་པ་སྔ་མ་དང་ཕྱི་མ་གཉིས་རྩོད་པ་ཕྱི་མར་ཡང་བྱས་སོ། །དྲན་དབང་ཡིད་ཡངས་སོགས་ཀྱིས་ཀུན་བཏགས་རང་མཚན་གྱིས་གྲུབ་པ་ཆོས་བདག་ཏུ་བྱས་ནས་འགོག་ན་དགོངས་འགྲེལ་དང་བྱང་ས་གཉིས་དང་འགལ་བ་དང༌། གཞན་དབང་རང་མཚན་གྱིས་མ་གྲུབ་པར་འདོད་པ་རང་གི་གྲུབ་མཐའ་དང་འགལ་བ་དང༌། སེམས་ཙམ་པས་མདོ་སྡེ་པ་ལ་རང་འཛིན་རྟོག་པའི་ཞེན་ཡུལ་རང་ལྡོག་རང་མཚན་གྱིས་གྲུབ་པ་འགོག་ན་གྲུབ་ཟིན་སྒྲུབ་པའི་སྐྱོན་དུ་འགྱུར་བ་དང༌། དགོངས་འགྲེལ་གྱི་ཆོས་ཀྱི་བདག་མེད་ཐེག་དམན་གྱི་མདོ་ལས་བཤད་པའི་བདག་མེད་ལས་ལྷག་མ་ཡིན་པར་འགྱུར་བ་དང༌། ཆོས་ཀྱི་བདག་མེད་ཕྲ་མོ་ཤེས་སྒྲིབ་དག་བྱེད་ཀྱི་དམིགས་པར་བཤད་པ་མི་འཐད་པའི་རྩོད་པ་ལྔ་བྱས་ནས་གཞུང་གི་མཚམས་འབྱེད་ཚུལ་ཡིག་ཆ་རྙིང་པ་ལྟར་བྱས་ཏེ་དེའི་རྗེས་སུ་འབྲངས་པའོ། །”
[10]རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དྲང་ངེས་འཇུག་ངོགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་བཞུགས་སོ། པོད་དང་པོ། ལྡེབས་གྲངས།480a
དེས་ན་རྩོད་པ་དང་པོ་གཉིས་ལྟར་ན་ཕྱོགས་སྔས་སྐྱོན་བརྗོད་པ་ལྟར་འཇུག་པས་ཁས་མི་ལེན་ཅིང༌། བཞི་བའི་ལན་ནི་འོག་གི་སྒྲོ་འདོགས་དགག་པ་དངོས་ཀྱི་སྐབས། དེའི་ཕྱིར། མིང་ནི་གང་དང་གང་གིས་སུ། ། ཞེས་སོགས་དང༌། ལྔ་བའི་ལན་ཡང་སྐབས་དེར། སྔར་བཤད་པའི་ངོ་བོ་དང་ཁྱད་པར་དུ་བཏགས་པ་རང་མཚན་གྱིས་སམ་དོན་དམ་པར་ཡོད་པར་འཛིན་པ་ནི། ཞེས་སོགས་སུ་འཆད་འགྱུར་དུ་གསུངས་སོ། །དེ་ཡང་རྩོད་པ་གསུམ་པ་ལ་མ་ཁྱབ་སྟེ། གཟུགས་སོགས་མིང་བརྡའི་གཞིར་རང་མཚན་གྱིས་གྲུབ་པས་སྟོང་བའི་ལྡོག་ཕྱོགས་ཀྱི་སྒྲོ་འདོགས་ངོ་བོ་དང་ཁྱད་པར་དུ་མིང་གིས་བཏགས་པ་དེར་གཟུགས་སོགས་རང་མཚན་གྱིས་གྲུབ་པར་འཛིན་པའི་ཁས་ལེན་ཀྱང་ཉན་ཐོས་སྡེ་བ་ལ་ཡོད་པའི་ཕྱིར་ཏེ། དེ་འདྲས་སྟོང་བ་ཉན་ཐོས་སྡེབས་གྲུབ་མ་ཟིན་པའི་ཕྱིར།།
[11] རྗེ་ཙོང་ཁ་བ། དྲང་ངེས་ལེགས་བཤད་སྙིང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་བཞུགས་སོ། པོད་དང་པོ། ལྡེབས་གྲངས།49b-57b
[12] རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དྲང་ངེས་འཇུག་ངོགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་བཞུགས་སོ། པོད་བཅུ་གསུམ་པ། སྟོད་ཆ། ལྡེབས་གྲངས། 481B
[13] ཀུན་གསལ་མེ་ལོང་། སྡེ་དགེ་བསྟན་འགྱུར། པོད་གྲངས།༼རི༽ (༡༣༤) ལྡེབས་གྲངས།134-1-1a1~134-1-43a7 ཐེག་པ་ཆེན་པོ་བསྡུས་པ་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། ། མང་བའི་ཕྱིར་དང་མ་ངེས་ཕྱིར། ། དེ་ཡི་བདག་ཉིད་བདག་མང་དང་། །བདག་འདྲེས་འགལ་བས་གྲུབ་པར་འགྱུར། །
[14] ཀུན་གསལ་མེ་ལོང། སྡེ་དགེ་བསྟན་འགྱུར། འཕགས་པ་ཐོགས་མེད་ཀྱིས་མཛད། རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས། པོད་རྟགས། ༼ཝི༽ ལྡེབས་གྲངས།129-1-1a1~129-1-213b
[15] སྡེ་བསྟན། འཕགས་པ་ཐོགས་མེད། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ། ལྡེབས་གྲངས།༼ཞི༽ 130-1-1a1~130-1-289b༼ཟི༽ 131-1-1a1~131-1-127a4
[16] སྡེ་བསྟན། མདོ་སྡེའི་སྡེ་སྣོད། འཕགས་པ་ཐོགས་མེད་ཀྱི་མཛད། ཐེག་བསྡུས། པོད་རྟགས། ༼རི༽ ལྡེབས་གྲངས།134-1-1a1~134-1-43a7
[17] སྡེ་བསྟན། མདོ་སྡེའི་སྡེ་སྣོད། འཕགས་པ་ཐོགས་མེད་ཀྱི་མཛད། བྱང་ས། པོད་རྟགས།༼ཝི༽ ལྡེབས་གྲངས།129-1-1a1~129-1-213b
[18] སྡེ་བསྟན། འཕགས་པ་ཐོགས་མེད་ཀྱི་མཛད། བྱང་ས། པོད་རྟགས།༼ཞི༽ ལྡེབས་གྲངས།130-1-1a1~130-1-289b, ༼ཟི༽ 131-1-1a1~131-1-127a4
[19] སྡེ་བསྟན། འཕགས་པ་ཐོགས་མེད། རྣམ་པར་གཏན་ལ་དབབ་པ་བསྡུ་བ། པོད་རྟགས། ༼ཝི༽ ལྡེབས་གྲངས། 129-1-1a1~129-1-213b
[20] སྡེ་བསྟན། འཕགས་པ་ཐོགས་མེད་ཀྱི་མཛད། ཐེག་པ་ཆེན་མོ་བསྡུས་པ། པོད་རྟགས། ༼རི༽ པོད་གྲངས།134-1-1a1~134-1-43a7
[21] དྲྭ་ཚིགས་འདི་གཉིས་ལ་གཟིགས་རོགས། http://www.tb1025.cn/xj/xiaizuan/2016-01-05/242.html https://app.yongzin.com/mobile/wenku/detail/40288cbf7d08a18b017de6238c0b5b44
[22] འགྱན་སངས་རྒྱས་དོན་གྲུབ། མི་ཆོས་སྤྱི་རྣམ། སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 172རུ་གསལ། ད་དུང་དྲྭ་ཚིགས་འདི་རུ་གསལ། https://app.yongzin.com/mobile/wenku/detail/40288cbf7b151ce9017bf884705b4adf
[23] འཇམ་དབྱངས་དགའ་བའི་བཤེས་གཉེན། སྔོན་བྱོན་ས་སྐྱ་པའི་མཁས་པ་རྣམས་ཀྱི་གསུང་འབུམ། ༼ང༽ཟབ་དོན་དབུ་མའི་སྤྱི་དོན་ལུང་རིགས་མཛེས་པར་བྱེད་པའི་རྒྱན། 4-441
[24] དབུ་མ་རབ་འབྱམས་པ་Simon Houlton (England) Bsc ནུབ་ཕྱོགས་པའི་རྗེའི་དབུ་མའི་ལྟ་བར་ལྟ་ཚུལ་གླེང་བ། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་དེབ་སྤྱིའི་འདོན་ཐེངས་ཉིས་བརྒྱ་དང་ང་གཅིག་པ། ༸རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོའི་སྐབས་ཀྱི་དེབ་ཕྲེང་དང་པོ། ཤོག་གྲངས། 599 རྗེའི་ཉིད་ཀྱི་བོད་ཀྱི་ཡུལ་དུ་ཐལ་རང་གི་ཁྱད་པར་གསལ་བོར་བྱས་ཡོད་པ་དཔྱད་རྩོམ་འདིར་གཟིགས་རོགས།
[25] གླང་རི་བ་ཐུབ་བསྟན་སྦྱིན་པ། རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གསར་བསྒྲིགས་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་བྱོན་པ། ཤོག་ངོས། 229 དུས་དེ་ནས་བཟུང་སྟེ་རྗེ་ཙོང་ཁ་པས་སྐབས་དེར་དྭགས་པོ་ལྷ་ལྡིངས་སུ་ལྟ་བའི་དཔྱད་པ་རྫོགས་ཏེ།སྟོང་བ་རྟེན་འབྱུང་དོན་གཅིག་པའི་ཚུལ་ཐུན་མོང་མ་ཡིན་པ།རང་བཞིན་གྱིས་གྲུབ་པ་ཐ་སྙད་དུའང་མི་བཞེད་ཅིང་རྟེན་འབྲེལ་མིང་རྐྱང་བཏགས་ཡོད་ཙམ་དུ་འཇོག་པའི་དཔལ་ལྡན་ཐལ་འགྱུར་བའི་ལུགས་དེ་ཉིད་མཐའ་གཅིག་ཏུ་རྩལ་འདོན་དུ་མཛད་པའི་དབུ་བརྩམས།དེ་ལྟ་བུར་ལྟ་བའི་དཔྱད་པ་རྫོགས་པའི་ཉམས་རྟོགས་འདིས།རང་ཉིད་ལ་དབུ་མའི་ལྟ་བའི་གོ་བ་གསར་བ་ཞིག་རྙེད་པ་ཙམ་དུ་མ་ཚད།བོད་བརྒྱུད་ནང་བསྟན་གྱི་འཇིག་རྟེན་གྱི་ནང་དུའང་།སྔར་མེད་པའི་ལེགས་བཤད་གསར་པའི་ཉིན་བྱེད་ཤར་ཏེ།ཟབ་མོ་དབུ་མའི་ལུགས་ཀྱི་སྟོང་པ་ཉིད་ཀྱི་བཤད་པ་དེ།ཆེས་གསལ་ལ་གཏིང་ཟབ་པ་དང་།དཀའ་བའི་གནད་རྣམས་དཔྱིད་ཕྱིན་པར་མཐའ་དཔྱོད་དེ་གཏན་ལ་འབེབས་པའི་ཤིང་རྟའི་སྲོལ་ཆེན་པོ་ཞིག་བཏོད་ཡོད་པ་བཅས་སོ། །
[26] མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཡུལ་དམ་པ་རྣམས་ལ་བསྟོད་པ་དང་གསོལ་འདེབས་སྐོར་ཕྱོགས་བསྡུས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཞེས་བྱ་བ། ཆོས་ཚན་གྱི་གྲངས། MP264 ལྡེབས་གྲངས།༼ན༽ 23-1-1a1~23-2-1a4
[27] རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ། ལམ་གཙོ་རྣམ་གསུམ། ཆོས་ཚན་གྱི་གྲངས། JTs19 ལྡེབས་གྲངས། ༼ཁ༽ 2-3-1a1~2-3-273a5 “སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་སླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །”
[28] མཁས་གྲུབ་དགེ་ལེགས་དཔལ་བཟང་། སྟོང་ཐུན་སྐལ་བཟང་མིག་འབྱེད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། དྲང་ངེས་ལེགས་བཤད་སྙིང་པོ་རྩ་འགྲེལ་ཕྱོགས་བསྒྲིགས་བཞུགས་སོ། པོད་དང་པོ། ལྡེབས་གྲངས།221B
– – – – –
![]()



