ནང་དོན་གནད་བསྡུས། འདིར་ཚད་མིན་གྱི་བློ་ཡི་བྱེ་བྲག་བཅད་ཤེས་ཀྱི་ཤེས་བྱེད་དང་དབྱེ་བ་རྣམས་ཁུངས་ལྡན་གྱི་ལུང་དང་ཚད་ལྡན་གྱི་རིགས་པ་ལ་བརྟེན་ནས་ཞིབ་པར་བཤད་ཡོད། དེ་ཡང་ཀརྨ་པཀྴིའི་ཞུས་ལན་རྒྱ་མཚོ་མཐའ་ཡས་རྨང་གཞིར་བྱས་ཤིང་། ས་དགེ་བཀའ་རྙིང་གི་གཞུང་རྣམས་དཔྱད་གཞིར་བཟུང་། རྒྱ་གཞུང་ཚད་ལྡན་རྣམས་རྒྱབ་རྟེན་དུ་བྱས་ནས་དབྱེ་ཞིབ་བྱས་ཡོད། ཚད་མིན་གྱི་བློ་ཡི་བྱེ་བྲག་བཅད་ཤེས་ཀྱི་དཀའ་གནད་སྤྱི་དང་དེའི་དབྱེ་བ་ལ་དེར་གྱུར་པའི་རྟོགས་ཟིན་རྟོགས་པའི་ངེས་ཤེས་དང་རྟོགས་ཟིན་དྲན་པའི་དྲན་ཤེས་གཉིས་སུ་ངེས་ཤིང་མངོན་སུམ་དུ་གྱུར་པ་མེད་ཚུལ་རྣམས་ཞིབ་ཏུ་བཤད། ལ་ལས་བཅད་ཤེས་ལ་དྲན་ཤེས་ཁོ་ནར་འདོད་པ་དང་ལ་ལས་རྟོགས་ཟིན་རྟོགས་པའི་ངེས་ཤེས་ཙམ་ལ་འདོད་པ་དང་མངོན་སུམ་དུ་གྱུར་པའི་དེ་ལྟར་འདོད་པ་རྣམས་མི་འཐད་པར་བསྟན་ནས། རྟོགས་ཟིན་རྟོགས་པའི་ངེས་ཤེས་རྗེས་དཔག་སྐད་ཅིག་གཉིས་པ་ལྟ་བུ་དང་། སྔར་གྱི་གནས་ཚུལ་དེ་དང་དེ་ཞེས་འདས་དུས་དང་འབྲེལ་ནས་དྲན་ཤེས་ལྟ་བུ་གཉིས་ཡོད་པར་བསྟན་ནས། མངོན་སུམ་ནི་སྐད་ཅིག་མའི་ཡུལ་ཅན་ཡིན་པས་ཡུལ་གྱི་སྐད་ཅིག་རེ་རེ་བཞིན་ཡུལ་ཅན་ཤེས་པ་ཉིད་ཀྱང་དེ་ལྟར་འཇུག་པས་བཅད་ཤེས་སུ་མི་རུང་བའི་ཚུལ་བཤད་ཡོད་དོ། །དེས་ན་རྟོག་པ་རྣམས་ནི་རྒྱུན་གྱི་ཡུལ་ཅན་ཡིན་པས་རྟོག་པ་དང་མ་བྲལ་བ་དེ་སྲིད་དུ་ཞེན་པའི་འཆིང་བ་ལས་མི་གྲོལ་བ་དང་། དེ་མ་གྲོལ་བ་དེ་སྲིད་དུ་སྲིད་པའི་སྡུག་བསྔལ་ལས་ཐར་མི་ནུས་ཏེ། དེ་སྲིད་དུ་ཚད་མིན་གྱི་བློ་ལས་ཐར་མི་ནུས་པའི་ཕྱིར་ཞེས་ནང་པ་སངས་རྒྱས་པའི་ཚད་མའི་གཞུང་གི་སྲོག་གནད་དུ་མཐོང་བས་གནས་ཚུལ་དེ་གསལ་བར་བྱས་ཡོད་དོ། །དེ་ལྟར་དཔྱད་ན་རང་རེ་རྣམས་རྟག་ཏུ་གསར་པ་འཚོལ་བའི་ལམ་ལ་ཞུགས་དགོས་པའི་གནད་དོན་གང་ཡིན་འཚོལ་ཐུབ་པ་དང་། ནང་པའི་གཞུང་ལུགས་ལས་ཚད་མའི་མཐར་ཐུག་མངོན་སུམ་གྱི་ཚད་མ་དང་ཤེས་བྱེད་མཐར་ཐུག་མྱོང་བ་རང་རིག་ཚད་མ་ལ་གཏུགས་དགོས་པའི་གནད་དོན་གང་ཡིན་ཡང་ངོས་ཟིན་ཐུབ་པ་སྟེ། མངོན་སུམ་རྣམས་ནི་རྟག་ཏུ་ཡུལ་གསར་པ་ལ་མཇུག་ཅིང་རྟོག་པ་རྣམས་ནི་སྐད་ཅིག་གཉིས་པ་ནས་ཡུལ་རྙིང་པར་གྱུར་པས་ཚད་མིན་དུ་གྱུར་པ་ཡིན་ཕྱིར་རང་རེ་རྣམས་ཚད་མིན་གྱི་ལམ་ལ་ཞུགས་ནས་མི་བདེ་བ་འབྱུང་བའོ། །ཞར་བྱུང་དུ་བཀའ་བརྒྱུད་པས་ཚད་མའི་གཞུང་ལུགས་དབུ་མའི་ལུགས་སུ་བཀྲལ་བ་དང་དེ་ལས་ཕྱག་རྒྱ་ཆེན་པོའི་དགོངས་པ་ལྟར་བཀྲལ་བའི་གནད་དོན་དེ་འདིར་ཡང་ཡོད་ཚུལ་མཚམས་སྦྱོར་ཙམ་ཞུས་ཡོད། དེ་བས་འདིར་གཅིག་ཏུ་ཚད་མའི་གཞུང་ལུགས་ཀྱི་བརྗོད་བྱའི་དཀའ་གནད་གསེད་བཀྲོལ་བྱས་པའི་ཁྱད་ཆོས། གཉིས་སུ་འཚོ་བའི་དགོས་མཁོ་དང་འཚམས་པའི་གཞུང་ལུགས་ཀྱི་ནང་དོན་གསལ་བཤད་བྱས་པའི་ཁྱད་ཆོས། གསུམ་དུ་ནང་བསྟན་གྱི་རྩ་བའི་ལམ་རིམ་གྱི་གནད་དོན་གོ་བདེར་བྱས་པའི་ཁྱད་ཆོས། བཞི་རུ་རྒྱ་བོད་ཀྱི་གཞུང་ལུགས་སྣ་ཚོགས་གཤིབ་བསྡུར་བྱས་པའི་གཞུང་ལུགས་ཞིབ་འཇུག་གི་ཁྱད་ཆོས་བཅས་ཡོད་དོ། །
གནད་ཚིག །ཀརྨ་པཀྴི། ཞུས་ལན་རྒྱ་མཚོ་མཐའ་ཡས། ངེས་ཤེས་བཅད་པའི་ཡུལ་ཅན། དྲན་ཤེས་བཅད་པའི་ཡུལ་ཅན།
གླེང་གཞི།
དེ་ལ་ཚད་མའི་གཞུང་ལུགས་ཀྱི་བློ་ཡི་རྣམ་གཞག་ཆེས་དགོས་གལ་ཆེ་བའི་ཚུལ་ནི། དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་ངེས་ལས། ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ལ་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་བརྩམ་མོ། །[1]ཞེས་གསུངས་པ་ལྟར་རང་རེ་རྣམས་ཚད་མིན་གྱི་བློ་སྣ་ཚོགས་པའི་རྗེས་སུ་འབྲངས་པའི་དབང་གིས་གནས་སྐབས་དང་མཐར་ཐུག་ཏུ་མི་བདེ་བའི་ཕྱི་ནང་གི་གནས་ཚུལ་མང་དག་ཅིག་ལ་འཕྲད་དང་འཕྲད་མུས་སུ་ཡོད་དེ། བློ་རིས་དེ་དག་བསླུ་བའི་ཤེས་པ་ཡིན་པས་དུས་ཡུན་སྔ་འཕྱི་ཙམ་ལས་དེའི་རྗེས་སུ་འབྲངས་པའི་སྐྱེས་བུ་ལ་བསླུ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་ནའང་རྒྱ་དཀར་ནག་གི་ཚད་མ་རིག་པའི་གཞུང་ལུགས་དང་སེམས་ཁམས་རིག་པའི་གཞུང་ལུགས་རྣམས་སུ་བློ་ཡི་དབྱེ་བ་སྣ་ཚོགས་ཤིག་དང་དེ་དག་གི་མཚན་ཉིད་མཚན་གཞི་དབྱེ་བ་ངེས་ཚིག་དང་བཅས་པ་གཏན་ལ་ཕབ་པ་མང་དུ་ཡོད་མོད། བློ་རིག་ལ་ཚད་མ་དང་ཚད་མིན་གཉིས་སུ་དབྱེ་སྟེ་དེ་དག་སོ་སོའི་མཚན་ཉིད་དབྱེ་བ་མཚན་གཞི་དང་བཅས་པ་རྒྱས་པར་གཏན་ལ་ཕབ་པའི་སྒོ་ནས་རང་རེའི་རྒྱུད་ཀྱི་བློ་རིས་མཐའ་ཡས་པ་དེ་དག་བསླུ་བ་གང་ཡིན་དང་མི་བསླུ་བ་གང་ཡིན་སོ་སོར་དབྱེ་ཐུབ་པའི་རྣམ་གཞག་བཤད་པའི་གཞུང་ལུགས་ནི་བོད་ཀྱི་ཚད་མའི་གཞུང་ལུགས་ཉག་ཅིག་ཡིན་ཞེས་བརྗོད་ནའང་ཐལ་མི་ཆེ་སྙམ།
སྤྱིར་ཤེས་པའམ་བློ་ལ་དབྱེ་སྒོ་དུ་མ་ཞིག་སྟེ། ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་ཚད་མ་དང་ཚད་མིན། སྣང་ཡུལ་གྱི་སྒོ་ནས་རྟོག་པ་དང་རྟོག་མེད། སྣང་ཚུལ་གྱི་སྒོ་ནས་འཁྲུལ་དང་མ་འཁྲུལ། ཁ་ཕྱོགས་ཡུལ་གྱི་ཆ་ནས་རང་རིག་གཞན་རིག བྱེད་ལས་ཀྱི་ཆ་ནས་སེམས་སེམས་བྱུང་བཅས་[2]སོ། །གཞན་ཡང་རྣམ་ཤེས་ཚོགས་དྲུག་འདོད་པ་རྣམས་ཀྱི་ལུགས་ལྟར་ན་དབང་ཤེས་དང་ཡིད་ཤེས་གཉིས། ཡང་དབུ་མ་པ་འགའ་དང་གསང་སྔགས་པ་འགའ་ཡི་ལུགས་ལྟར་ན་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་ཚུལ་སོགས་[3]མང་ནའང་། འདིར་ཚད་མ་དང་ཚད་མ་གཉིས་སུ་དབྱེ་བ་ཚད་མིན་གྱི་བློ་ཡི་དབྱེ་བ་བཅད་ཤེས་ཀྱི་སྐོར་ལདཔྱད་པ་འགའ་ཞིག་བརྗོ་ད་འདོད་དོ། །དེ་ཡང་ཚད་མ་རྣམ་འགྲེལ་ལས། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་གསུངས་པའི་ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་བསལ་བྱ་ནི། རྟོགས་ཟིན་རྟོགས་པའི་ངེས་ཤེས་དང་། རྟོགས་ཟིན་ལ་མཇུག་པའི་དྲན་ཤེས་རྣམས་ཡིན་ཏེ། དེ་རྣམས་ཚད་མིན་གྱི་བློ་ཡིན་པའི་རྒྱུ་མཚན་ཡང་རང་གང་ལ་ལྡན་པའི་གང་ཟག་གི་དགོས་མཁོ་སྐོང་མི་ཐུབ་པ་དང་སྐྱེས་བུ་དོན་དང་འཕྲད་པར་མི་བྱེད་ཅིང་བསླུ་བའི་བློ་ཡིན་པས་ནའོ། །དེ་ཡང་འཚོ་བ་དངོས་དང་སྦྱར་ནས་བརྗོད་པར་བྱ་སྟེ། ཞེས་གསུངས་པ་ལྟར་མི་རྣམས་ནི་མི་དང་ཤེས་བྱ་དང་བློ་གྲོས་དང་གཞུང་ལུགས་དང་ཟས་རིགས་དང་གྱོན་གོས་དང་བྱ་གཞག་སོགས་གང་དང་གང་ཡིན་ཡང་གསར་པའི་གནས་ལ་སྤྲོ་ཞིང་རྙིང་པའི་གནས་ལ་སུན་སྣང་སྐྱེ་བར་བྱེད། དོན་དུ་གསར་རྙིང་གི་འདུ་ཤེས་གཉིས་ནི་ཚད་མ་དང་བཅད་ཤེས་གཉིས་ལ་བརྟེན་ནས་བྱུང་བ་ཞིག་གིས་གང་ཟག་སོ་སོའི་འཚོ་བའི་རྒྱུན་ལྡན་དུ་འབྱུང་བ་ཞིག་གོ། །ཇི་སྲིད་གསར་རྙིང་གི་བླང་དོར་དང་འཐབ་རྩོད་ཡོད་པ་སྲིད་དུ་གནོན་ཤུགས་དང་བློ་མ་ཚིམ་པ་ཡོང་ངེས་སུ་སྣང་། དངོས་པོ་གང་དང་གང་ཡིན་ཀྱང་སྐད་ཅིག་རེ་རེ་བཞིན་གསར་པའི་ཆ་རུ་འཕེལ་བཞིན་ཡོད་ནའང་ང་ཚོས་གནས་ལུགས་དེ་མཐོང་མི་ཐུབ་པར་རྟོགས་ཟིན་གྱི་དོན་ཙམ་ལ་འཇུག་པ་དང་སྔ་ཕྱི་གཅིག་ཏུ་དྲན་པ་ཙམ་གྱི་ནང་དུ་དུས་འདའ་བཞིན་ཡོད།
དེ་བས་སངས་རྒྱས་ཀྱི་མི་རྟག་པའི་ཆོས་བསྟན་ནས་ཞེན་འདི་དག་ཆོད་ཐབས་གསུངས་བཞིན་ཡོད་པའང་གལ་གནད་ཅིག་སྟེ། གལ་སྟེ་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟེང་གི་སྐད་ཅིག་རེ་རེ་བཞིན་གསར་པའི་འཕེལ་འགྱུར་ཡོང་གིན་པ་མཐོང་ཐོས་མྱོང་གསུམ་ཐུབ་ཚེ་ང་ཚོར་གསར་རྙིང་གི་འཐབ་རྩོད་དང་རྟག་ཏུ་གསར་པར་འཚོལ་བའི་ལམ་ལ་ངལ་ཐང་གིས་ཞུགས་པ་འདི་དག་ལའང་གོ་རྟོག་རེ་སད་ངེས་སོ་སྙམ། དེ་བས་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་མི་བསླུ་བ་ཞེས་སྦྱར་ཞིང་དེའི་དོན་འགྲེལ་པ་ལ་མི་བསླུ་བ་ནི་སྐྱེས་བུ་དོན་དང་འཕྲད་པར་བྱེད་ལ་ཡིན་ཞེས་བཤད་པའང་གོ་དོན་ཟབ་མོ་ཞིག་མཆིས་ཚུལ་སོགས་འོག་ཏུ་རིམ་གྱིས་འཆད་པར་འགྱུར་རོ། །དོན་ཚན་དང་པོའི་ནང་གང་ལས་འཕྲོས་པའི་ཚད་མིན་གྱི་བློ་ཡི་དབྱེ་བའི་གྲངས་འདྲེན་གྱི་སྐོར་མདོར་ཙམ་བཤད་ནས་འབྲེལ་ཡོད་ཀྱི་གཞུང་ལུགས་རྣམས་གཤིབ་བསྡུར་མདོར་ཙམ་བྱས་ཡོད་པ་དང་། དོན་ཚན་གཉིས་པའི་ནང་རྒྱ་བོད་ཀྱི་གཞུང་ལུགས་རྣམས་གཤིབ་བསྡུར་བྱས་ཤིང་ལྷག་པར་བཅད་ཤེས་དང་ཐད་ཀར་འབྲེལ་བའི་ལུང་ཚིག་ཁ་གསལ་བཀོད་ཡོད་ཅིང་དེ་ལས་འཕྲོས་པའི་བཅད་ཤེས་དང་འབྲེལ་བའི་འཚོ་བ་དངོས་ཀྱི་གནད་དོན་དང་གཞུང་ལུགས་གནད་དོན་ཟུང་འབྲེལ་དུ་བཤད་ཡོད། དོན་ཚན་གསུམ་པའི་དེའི་ཞར་བྱུང་རྗེས་དཔག་ལ་རྟགས་ཅན་དགོས་པའི་ཤེས་བྱེད་ཀྱི་ལུང་ཁུངས་རྣམས་ཟུར་བཀོད་བྱས་པ་ཡིན། དོན་ཚན་བཞི་པའི་ནང་དུ་བཅད་ཤེས་དབྱེ་བའི་སྐོར་ལ་ཞིབ་ཏུ་དཔྱད་ནས་ངེས་ཤེས་དང་དྲན་ཤེས་གཉིས་ལས་མེད་ཚུལ་གྱི་ལུང་རིགས་རྣམས་དང་དེ་དང་འབྲེལ་ནས་བཅད་ཤེས་དང་འབྲེལ་བའི་གཞུང་ལུགས་ཀྱི་གོ་དོན་ཁྱད་པར་ཅན་དང་ནང་ཆོས་ཀྱི་རྩ་བའི་སྒྲོམ་གཞི་དང་འཚོ་བ་དངོས་ཀྱི་གནད་དོན་ཁག་སྦྱར་ནས་མདོར་ཙམ་གླེང་ཡོད། མཐར་དེ་དག་ཀུན་གྱི་མཇུག་སྡོམ་མདོར་བསྡུས་ཤིག་བྱས་པ་བཅས་སོ། །
གཅིག །ཚད་མིན་བློ་ཡི་དབྱེ་བའི་གྲངས་འདྲེན་སྐོར་མདོར་ཙམ་གླེང་བ།
སྤྱིར་རྒྱ་བོད་ཀྱི་ཚད་མའི་གཞུང་ལུགས་ཤིན་ཏུ་མང་ནའང་ཚད་མིན་གྱི་བློ་ཡི་དབྱེ་བའི་སྐོར་ལ་ཕྱོགས་གཅིག་ཏུ་སྡོམ་ལྟ་བུར་མཛད་ནས་ཞིབ་ཏུ་འགྲེལ་མཁན་ནི་བོད་ཀྱི་ཚད་གཞུང་ཁོ་ནར་སྣང་ལ། བོད་ཀྱི་ཚད་གཞུང་རྣམས་སུའང་འདོད་ཚུལ་མི་གཅིག་དུ་མ་ཞིག་སྟེ། དེ་ཡང་ཞི་འཚོ་ཡབ་སྲས་ཀྱི་ཚད་གཞུང་[4]དང་ཐར་འབྱུང་སྦས་པའི་གཞུང་ལས་[5]བྱུང་བ་ལྟར་ཚད་མིན་གྱི་བློ་ལ་ཐེ་ཚོམ་དང་ལོག་ཤེས་གཉིས་སུ་ངེས་པར་བཤད་པ་བླ་མ་བསོད་ནམས་རྒྱ་མཚོ་[6]དང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོས་[7]བཤད་ཅིང་ཕྱི་མའི་བཤད་རྒྱུན་ད་ལྟའི་བར་གནས་ཡོད་པ་དང་། རྒྱལ་བའི་བཀའ་བསྟན་ཚད་ལྡན་རྣམས་ལས་འབྱུང་བ་ལྟར། [8]ཚད་མིན་གྱི་བློ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་ཡོད་ཅེས་ས་པཎ་དང་དེའི་རྗེས་འབྲངས་ཕལ་མོ་ཆེས་བཤད་ཅིང་། རྔོག་ལུགས་འཛིན་པ་ཚོས་འདི་ལ་དགག་མཛད་པ་ཅིང་འདིའི་ལུགས་འཛིན་པ་རྣམས་ཀྱིས་རྔོག་དང་ཕྱྭ་པའི་ལུགས་ལ་དགག་པ་མཛད་མོད། ཕྱྭ་པའི་གཞུང་དུ་ཡང་དག་པའི་ཤེས་པ་བསལ་བྱ་ལ་གསུམ་དུ་བཤད་པའང་[9]མཐོང་རྒྱུ་ཡོད་ཅིང་རྔོག་ལོ་ཙཱའི་གཞུང་ནང་ཚད་མིན་གྱི་བློ་ལྔ་པོ་ཚུར་བསྡུས་ན་གསུམ་དུ་འདུས་པར་ཡང་བཤད་པས་[10]དཔྱད་དགོས། རྔོག་གི་ཚད་གཞུང་ཚད་མིན་བློ་ལ་དབྱེ་བའི་ལྔར་བཤད་ཅིང་དེའི་མཚན་ཉིད་དང་དབྱེ་བའི་གྲངས་ངེས་དང་གོ་རིམ་སོགས་ཞིབ་པར་གཏན་ལ་ཕབ་པ་ནི་གསལ་པོར་མེད་ཅིང་། དེ་ནི་ཆོས་རྗེ་ཕྱྭ་པས་ཐོག་མར་སྡོམ་དུ་མཛད་ནས་གསུངས་པར་སྣང་ངོ་། །
དེའི་རྗེས་སུ་འབྲངས་པ་དགེ་ལྡན་པ་ཕལ་ཆེར་དང་ཀརྨ་པཀྴིའི་གཞུང་[11]དང་ཞྭ་དམར་བཞི་པའི་དགོངས་གཅིག་འགྲེལ་པ་[12]སོགས་དགོངས་གཅིག་འགྲེལ་བྱེད་ཕལ་མོ་ཆེས་དེ་ལྟར་དུ་བཞེད་དོ། །ཀརྨ་བཀའ་བརྒྱུད་པའི་ནང་དུའང་བཤད་སྲོལ་གཉིས་ཙམ་རྒྱུན་གནས་སུ་ཡོད་ལ། དེང་གི་ཆར་ཁོ་བོས་ཀརྨ་པཀྴིས་བཤད་པ་ཉིད་འཐད་ཕྱོགས་སུ་བཟུང་སྟེ་བཅད་ཤེས་ཀྱི་སྐོར་གྱི་ཁུངས་ལུང་དང་གནད་དོན་ལ་རུབ་ཙམ་དཔྱད་པར་འདོད་དོ། །འདོད་ཚུལ་མི་གཅིག་པས་དེ་དག་གི་སྐོར་ལ་ཤེས་བྱེད་གང་བཙན་དང་གནད་དོན་གང་ཡོད་སོགས་ལ་དཔྱད་པ་ཞིབ་མོ་རེ་དགོས་གལ་ཆེ་བས། བདག་གིས་བློ་རིག་བདུན་གྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་ནང་དུ་རྒྱས་པར་བྲིས་ཡོད་ཅིང་། འདིར་དེ་ལས་ཟུར་དུ་བཀོལ་ཏེ་བཅད་ཤེས་ཀྱི་ཤེས་བྱེད་ཀྱི་ཁུངས་ལུང་དང་དབྱེ་བའི་སྐོར་བཅས་ལ་དཔྱད་པ་ཞིབ་མོར་བྱས་ཏེ་གནད་དོན་ཁག་ལ་དཔྱད་དགོས་པར་སྣང་ངོ་། །
གཉིས། བཅད་ཤེས་ཤེས་བྱེད་ཀྱི་ཁུངས་དང་གནད་དོན་ལ་དཔྱད་པ།
བཅད་ཤེས་ཞེས་པའི་ཤེས་པ་ཟུར་པ་ཞིག་འདོད་དགོས་པའི་གནད་དོན་གཙོ་བོ་ནི་རྟགས་ལ་མ་བརྟེན་པའི་ངེས་ཤེས་བྱུང་བའི་གནད་ཀྱིས་ཡིན་པར་སྣང་ཞིང་། དེ་ལྟའི་བློ་དེ་ངེས་ཤེས་ཡིན་པས་མངོན་སུམ་དང་ལོག་ཤེས་དང་ཐེ་ཚོམ་དང་ཡིད་དཔྱོད་དང་སྣང་ལ་མ་ངེས་རྣམས་གང་ཡང་མིན་ལ། རྟགས་ལ་མ་བརྟེན་པས་རྗེས་དཔག་ནི་མིན་ཏེ། རྗེས་དཔག་ལ་རྟགས་ལ་བརྟེན་དགོས་པར་ཚད་གཞུང་ཀུན་གཅིག་མཐུན་དུ་གསུངས་པའི་ཕྱིར། འདིའི་སྐོར་འོག་ཏུ་འཆད་པར་བྱ། དེ་བས་བཅད་ཤེས་ཞེས་པའི་ཡུལ་ཅན་ཟུར་པ་ཞིག་ཡོད་པའི་བཞེད་ཚུལ་བྱུང་བ་ཡིན་ནམ་སྙམ། དེ་ཡང་ཇི་ལྟར་ཞེ་ན། རྣམ་འགྲེལ་རྩ་བ་ལས། མཐོང་བ་འགའ་ལའང་ཤེས་པ་གང་། །སྤྱི་ཡི་དོན་ཅན་རྣམ་རྟོག་པ། །གཞན་གྱི་ཆ་སྒྲོ་མ་བཏགས་པ། །དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། །ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །[13]ཞེས་དང་། དེའི་ཐད་ཀྱི་རྣམ་འགྲེལ་རང་འགྲེལ་ལས། གཟུགས་ལ་སོགས་པ་མཐོང་བའི་མཇུག་ཐོགས་སུ་རྟགས་ཅན་མ་ཡིན་པའི་ངེས་པའི་ཤེས་པ་སྐྱེ་བ་གང་ཡིན་པ་དེ། [14]ཞེས་དང་། རྒྱལ་བ་ཅན་གྱི་འགྲེལ་བཤད་ལས། རྟགས་ཅན་མ་ཡིན་པའི་ངེས་པའི་ཤེས་པ་ཞེས་བྱ་བས་ནི་སྤྱིའི་དོན་ཅན་ཞེས་བྱ་བའོ། །དེས་ན་རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་ཇི་ལྟར་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་ཞེས་བརྗོད་པ་ནི་དེ་ཞེས་བྱ་བ་ཡིན་ནོ། །དེ་ལ་ལན་ནི་སྒྲོ་མ་བཏགས་པའི་ཞེས་བྱ་བའོ། །སྒྲོ་བཏགས་མེད་པའི་ཡུལ་ལ་ཡོད་པའི་ཕྱིར་རོ། །[15]ཞེས་གསུངས། དེ་ལྟའི་ཤེས་པ་དེ་ལྟ་བུ་ཞིག་ཡོད་པར་མདོ་ལས་ཀྱང་གསུངས་ཏེ། འཕགས་པ་འོད་ཟེར་ཀུན་ཏུ་བཀྱེ་བ་ཞེས་པའི་མདོ་ལས། རྗེས་སུ་ཤེས་པའི་ཤེས་པ་དག །ཡང་དག་ཇི་བཞིན་ཤེས་པ་ཡིན། །[16]ཞེས་གསུངས་པ་དང་། རྣམ་འགྲེལ་རྩ་བ་ལས། གཞན་ཡང་མངོན་སུམ་མེད་པས་ན། །བློ་ནི་རྟགས་ལས་རྟོགས་པར་འགྱུར། །[17]ཞེས་སོགས་ཀྱི་སྐབས་སུ་རང་བློ་རང་མྱོང་མངོན་སུམ་གྱིས་རང་སྟོབས་ཀྱིས་རྟོགས་པ་ལས་རྟགས་ལ་བརྟེན་མི་དགོས་པ་དང་རྟགས་ལ་བརྟེན་ནས་རྟོགས་པར་འགྱུར་ན་རྟགས་མེད་ཚུལ་སོགས་གསུངས་པ་དང་། རྣམ་འགྲེལ་ལས། སྤྱི་ཡི་རྟེན་ནི་གྲུབ་པ་ན། །སྤྱི་དེ་ཉིད་ནི་གྲུབ་པ་ཡིན། །དེ་མ་གྲུབ་ན་དེ་ལྟ་དེ། །རབ་ཏུ་གྲུབ་ཕྱིར་རྗེས་དཔོག་ཡིན། །[18]ཞེས་སོགས་ཀྱི་སྐབས་སུ་མྱོང་སྟོབས་ཀྱིས་གྲུབ་ཟིན་ལ་རྟགས་ལ་བརྟེན་མི་དགོས་པར་བཤད་པའི་ཕྱིར། དེ་ལྟར་ན་རང་བློ་རྟོགས་པའི་ངེས་ཤེས་དེ་ཅི་འདྲ་ཞིག་ཡིན་ནམ་ཞེས་བསམ་དགོས་པར་གྱུར་ཏོ། །ཤཱཀྱ་བློའི་འགྲེལ་བཤད་ལས། དེ་བཞིན་དུ་རྗེས་སུ་དཔག་པས་ངེས་པ་ལས་ཀྱང་དུས་ཕྱིས་ཞེས་བྱ་བ་ནི་རྗེས་སུ་དཔག་པས་ངེས་པ་སྐད་ཅིག་མ་དང་པོར་འབྱུང་བའི་ངང་ཚུལ་ཅན་གང་ཡིན་པ་དེ་ལས་དུས་ཕྱིས་ཏེ། སྐད་ཅིག་མ་གཉིས་པ་དག་ལ་ངེས་པ་གང་ཡིན་པ་དེ་དག་ཀྱང་གཟུང་ཟིན་པ་འཛིན་པའི་ཕྱིར་ཚད་མ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །[19]ཞེས་གསལ་པོར་གསུངས་པ་དང་། ཐར་འབྱུང་སྦས་པའི་རྟོག་གེའི་སྐད་ལས། དེས་ན་དོན་ནི་འདི་ཡིན་ཏེ་གང་དང་པོ་ཁོ་ནར་ཡུལ་ལ་འཇུག་པའི་ཤེས་པ་ལ་དེ་ཁོ་ན་ཚད་མ་སྟེ་དེ་ཉིད་ལ་ཕྱིས་སྐྱེས་པའི་ཤེས་པ་གཞན་ནི་མ་ཡིན་ཏེ། བཟུང་ཟིན་པ་འཛིན་པ་ཉིད་ཀྱིས་དེའི་ཚད་མ་ཉིད་མ་ཡིན་པའི་ཕྱིར་རོ། །དཔེར་ན་རྟོག་པ་དང་བྲལ་བས་བུམ་པ་མཐོང་ནས་ཕྱིས་ཡུལ་དེ་ཉིད་ལ་འདི་བུམ་པའོ་ཞེས་ལྷག་པར་ཞེན་པ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་དྲན་པའི་ངོ་བོའམ། ཡང་ན་ལ་ལ་སོགས་པ་ལ་དུ་བ་མཐོང་ནས་འདི་ན་མེ་ཡོད་དོ་ཞེས་པའི་རྗེས་སུ་དཔག་པའི་ཤེས་པའི་དེ་མ་ཐག་ཏུ་སླར་ཡང་དེ་ཁོ་ན་ལ་འདི་ན་མེ་ཡོད་དོ་སྙམ་པའི་རྗེས་སུ་དཔག་པའི་ཤེས་པ་བཞིན་ནོ། །[20]ཞེས་གསུངས།
དེ་བཞིན་དགྲ་ལས་རྒྱལ་བའི་བྱིས་པ་འཇུག་པའི་རྟོག་གེའི་སྐད་ལས། ཚད་མ་མ་བཟུང་བ་འཛིན་པ་ཡང་ངོ་། །ཞེས་དང་། མ་བཟུང་བ་ནི་སྔོན་གྱི་ཤེས་པ་གཞན་གྱིས་ངེས་པར་མ་རྟོགས་པ་སྟེ། དེ་འཛིན་པ་ནི་མ་བཟུང་བ་འཛིན་པའོ། །[21]ཞེས་གསུངས། གཏན་ཚིགས་ཐིགས་་པ་ལས། རང་གི་མཚན་ཉིད་རྟོགས་ནས་དེའི་མཐུ་ལས་སྐྱེས་པ་ཅན་རྣམ་པར་རྟོག་པ་དེ་དང་མཐུན་པར་བྱེད་པ་ནི་བྱ་བའི་སྒོ་ནས་དེའི་ཡུལ་ཅན་ཡིན་པའི་ཕྱིར་དྲན་པ་ཁོ་ན་ཡིན་གྱི། ཚད་མ་ནི་མ་ཡིན་ཏེ། དངོས་པོའི་ངོ་བོ་མ་རྟོགས་པ་མེད་པའི་ཕྱིར་རོ། །ཚད་མ་རྣམ་པར་གཞག་པ་ནི་དངོས་པོ་ལ་བརྟེན་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །[22]ཞེས་གསུངས་སོ། །དེ་དག་གི་སྐབས་སུ་མངོན་སུམ་གྱི་ཚད་མས་དྲངས་པའི་སྐད་ཅིག་གཉིས་པའི་ངེས་ཤེས་དང་རྗེས་སུ་དཔག་པས་དྲངས་པའི་རྗེས་སུ་དཔག་པ་སྐད་ཅིག་གཉིས་བཅད་པའི་ཡུལ་ཅན་དུ་བཤད་ནས་ཚད་མ་མིན་པར་གསུངས་པ་ཡིན་པས་བཅད་པའི་ཡུལ་ཅན་ཤེས་པ་ལེགས་པར་གྲུབ་ཅེས་བཤད་པ་ཡིན་ཏེ། འཐད་ལྡན་ཆེ་བར་གྲགས་པའི་རྣམ་ངེས་ཀྱི་འགྲེལ་པ་ལས། གལ་ཏེ་དབང་པོའི་ཤེས་པའི་ཡུལ་གྱི་དེ་མ་ཐག་པ་འཛིན་ན། བཟུང་ཟིན་པ་འཛིན་པར་འགྱུར་རོ་ཞེ་ན། འདི་ཚད་མ་སྔ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅད་པའི་ཡུལ་ཅན་ཚད་མ་ཡིན་ན་དྲན་པ་ཡང་ཚད་མ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་རོ། །[23]ཞེས་གསུངས་སོ། །བཅད་ཤེས་དྲན་ཤེས་སུ་འདོད་མཁན་དག་གིས་ལུང་འདི་ཙམ་ཡང་མ་མཐོང་བར་ཟད་དེ་རྟགས་ཅན་མ་ཡིན་པའི་ངེས་ཤེས་བཅད་པའི་ཡུལ་ཅན་དེ་ཉིད་ཚད་མར་འདོད་ན་དྲན་པ་ཡང་ཚད་མར་ཐལ་བ་འཕེལ་བ་འདིས་དེ་གཉིས་བློ་རིས་སོ་སོར་བསྟན་འདུག་པའི་ཕྱིར། དེས་ན་ཀུན་བཏུས་ལས། ཡང་ཡང་ཤེས་པ་མ་ཡིན་ཏེ། །ཐུག་པར་མེད་འགྱུར་དྲན་སོགས་བཞིན། །ཞེས་གསུངས་པའི་དགོངས་པའོ། །བོད་ཀྱི་མཁས་པའི་གཞུང་ལུགས་ཁྲོད་དུ་དཔྱད་ཤེས་སམ་བཅད་ཤེས་ཞེས་བརྗོད་པར་བྱེད་མོད། ཞིབ་ཏུ་མ་བརྟགས་པའི་ཐ་སྙད་བརྗོད་ཚུལ་ཡིན་ལ། ཀརྨ་པཀྴིའི་ཞུས་ལན་རྒྱ་མཚོ་མཐའ་ཡས་ལས། །བཅད་པའི་ཡུལ་ཅན་ལ་གསུམ་ཏེ། མཚན་གཞི་ནི་བཅད་པའི་ཡུལ་ཅན་གྱི་ཐ་སྙད་དུ་བྱར་རུང་དུ་མཚོན་ལ། མཚན་ཉིད་ནི་སྔར་སྒྲོ་འདོགས་གཅོད་པའི་དོན་མ་ལྡོག་པར་སྒྲོ་འདོགས་དང་འགལ་བར་འཇུག་པའོ། །[24]ཞེས་བཅད་པའི་ཡུལ་ཅན་ཞེས་བརྗོད་པ་ནི་ལེགས་པར་དཔྱད་པའི་གཏམ་དུ་སྣང་སྟེ། རྒྱ་གཞུང་ལས་བྱུང་བའི་ཐ་སྙད་ནི་དེ་ལྟར་རོ། །དེ་བས་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཀྱང་ཚད་མིན་བློ་ལ་རྟོགས་ཟིན་རྟོགས་པའི་བཅད་ཤེས་བཞེད་དེ། ཕར་ཕྱིན་འགྲེལ་ཆེན་རྗེ་བཙུན་ངལ་གསོ་ལས། སྐབས་འདིར་འགའ་ཞིག་སྔར་མཐོང་བའི་དོན་ཕྱིས་མཐོང་བ་ན་མཐོང་ཟིན་མཐོང་བའི་ཤེས་པར་འགྱུར་བས་དེ་ལྟ་བུའི་ཤེས་པ་ནི་ཚད་མ་མ་ཡིན་ནོ་ཞེས་སྨྲ་བ་དེའང་ལེགས་པར་མ་མངོན་ཏེ། རང་ཅག་སོ་སོའི་སྐྱེ་བོ་རྣམས་ལ་མཐོང་ཟིན་མཐོང་བའི་བློ་བཅད་ཤེས་སུ་གྲགས་པ་ཚད་མིན་གྱི་བློར་བཞག་ཀྱང་། [25]ཞེས་དང་། བཅད་ཟིན་གྱི་ཞེན་ཡུལ་མེད་དགག་གི་ཆ་ལ་ནི་བསྣན་ནས་འཛིན་ན་བཅད་ཤེས་ཡིན་ཀྱང་། [26]ཞེས་གསུངས། དགོངས་གཅིག་ཚོམས་དང་པོའི་རྣམ་བཤད་ཀྱི་མཆན་དུ། ཐམས་ཅད་མཁྱེན་ཚུལ་ལ། སངས་རྒྱས་མ་ཐག་ཏུ་ཤེས་བྱ་མ་ལུས་པ་ལ་ལྟོས་ནས་སྔར་མ་རྟོགས་པ་རྟོགས་པས་ཚད་མ་ཡིན་ལ་དེ་ཕན་ཆད་དུ་ཆོས་ཅན་གྱི་སྐད་ཅིག་ལ་ཚད་མ་དང་རིགས་པ་ལ་བཅད་ཤེས་སོ། །ཆོས་ཅན་གྱི་སྐད་ཅིག་དངོས་སུ་མཁྱེན་པས་ན་དེའི་ཆོས་ཉིད་ལ་ཤུགས་ལ་ཚད་མ་ཡིན་ནོ། །དེས་ན་ཆོས་ཅན་དང་འབྲེལ་བའི་ཆོས་ཉིད་ལ་ཚད་མ་ཁོ་ན་དང་། ཆོས་ཉིད་ཙམ་གྱི་སྤྱི་ལ་བཅད་ཤེས་སོ། །དེ་བཞིན་དུ་ཡེ་ཤེས་མྱོང་བའི་རང་རིག་ཀྱང་སྐད་ཅིག་ལ་ཚད་མ་དང་རིགས་ལ་བཅད་ཤེས་དང་། དེ་གཉིས་ཀྱི་དྲི་མ་བཀག་པ་དང་བདེན་པས་སྟོང་པ་སོགས་ལ་ཤུགས་ལ་ཚད་མ་ཡིན་ནོ། །ཡུལ་གང་ལའང་མ་རྟོགས་པ་མི་སྲིད་དེ། རྣམ་འགྲེལ་ལས། བློ་གྲོས་ཆེན་པོའི་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་འབྱུང་བས་སོ། །[27]ཞེས་གསུངས། དེ་ལྟར་བཅད་ཤེས་ནི་ཡུལ་རྟོགས་ཟིན་ལ་བསྣན་ནས་མཇུག་པ་ཙམ་ཡིན་ཚུལ་ཁོང་དུ་ཆུད་པས་རང་རེ་རྣམས་གསར་པ་འཚོལ་བའི་ལམ་ལ་ཞུགས་ནས་ངལ་ཐང་ཆད་དགོས་པའི་རྩ་དོན་འཚོལ་བར་ནུས་ཏེ། རང་རེ་རྣམས་ཞེན་པ་རྣམས་མ་བྲལ་བའི་དབང་གིས་གསར་རྟོགས་ཀྱི་ཚད་མ་རེའི་མཇུག་ཏུ་རྟོགས་ཟིན་ལ་བསྣན་ནས་ཞེན་པར་བྱེད་པའི་བཅད་པའི་ཡུལ་ཅན་མང་པོ་ཞིག་རྒྱུད་ལ་སྐྱེ་བས་ཚད་མ་རང་རྒྱུན་མཐུད་དུ་འགྲོ་བར་མི་ནུས། དེ་བས་བཅད་པའི་ཡུལ་ཅན་གྱི་བློ་འདིའི་རིགས་ཀྱིས་ང་ཚོར་གསར་རྙིང་གི་འདུ་ཤེས་སྣ་ཚོགས་འདྲེན་པར་བྱེད། བློ་འདིའི་རིགས་ནི་ཡུལ་རྙིང་པ་ལ་ཞེན་པའི་རིགས་ཡིན་པས་འདིའི་རིགས་ཀྱིས་ང་ཚོའི་སེམས་སུ་གསར་པ་འཚོལ་འདོད་ཀྱི་འདུན་པ་རབ་ཏུ་བསྐྲུན་པར་བྱེད་ལ། སྐད་ཅིག་མ་རེ་རེའི་ནང་གི་གསར་པའི་གནས་ཚུལ་རྣམས་མཐོང་བ་ལ་སྒྲིབ་པར་བྱེད་དོ། །ང་ཚོའི་འཚོ་བའི་ནང་དུ་ཤེས་ཟིན་པའི་དོན་ལ་སླར་མཇུག་པའི་ཤེས་པ་འདིའི་རིགས་མང་ཤོས་དང་རྒྱ་ཆེ་ཤོས་ཡིན་ཡང་འདིའི་རིགས་ཀྱི་སྐྱེས་བུ་དོན་དང་འཕྲད་པར་བྱེད་མི་ནུས་པས་བསླུ་བའི་རིག་པ་ཡིན་ལ། དེས་ན་འདི་ལ་ཚད་མིན་གྱི་བློ་ཞེས་བཤད་དོ། །དེ་ཡང་ཇི་སྐད་དུ་སྐྱེས་རབས་དཔག་བསལ་འཁྲི་ཤིང་ལས། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡང་། །རྟག་ཏུ་གསར་པ་གསར་པ་འཚོལ། །རིང་ན་གནས་པ་ཐམས་ཅད་ནི། །ཀུན་གྱི་ཡིད་དུ་འོང་བ་ཡིན། །[28]ཞེས་གསུངས་པ་ལྟར་རང་རེ་རྣམས་རྟག་ཏུ་སྔར་འབྲེལ་འདྲིས་བྱས་ཟིན་པའི་མི་དང་སྔར་ཤེས་ཟིན་པའི་དོན་དང་བསྒྲུབ་ཟིན་པའི་བྱ་བ་དང་བཤད་ཟིན་པའི་སྐད་ཅ་དང་ཡུན་རིང་བཟས་ཟིན་པའི་ཟས་རིགས་དང་བཀོལ་ཟིན་པའི་ཤེས་བྱ་དང་རིག་གཞུང་སོགས་ལ་རྙིང་པར་ཞེན་ཅིང་རིམ་གྱིས་སུན་སྣང་སྐྱེ། དེ་ལས་གཞན་པའི་གསར་པ་རེ་འཚོལ་ཐབས་ལ་ཞུགས་ཏེ་རྟག་ཏུ་ངལ་ཐང་ཆད་བཞིན་ཡོད།
དེ་ཡང་འདུས་བྱས་རྣམས་སྐད་ཅིག་རེ་རེ་བཞིན་གསར་པ་རེའི་ངོ་བོར་འཕོ་འགྱུར་འགྲོ་བའི་ངང་ཚུལ་མ་མཐོང་བའམ་མ་རིག་པའི་གནད་ལ་ཐུག་ཅིང་། དེ་ཡང་འདས་པར་ཞེན་པར་བྱས་པའི་བཅད་ཤེས་ཀྱི་རིགས་མང་བའི་རྐྱེན་གྱིས་ཡིན་པར་ཤེས་དགོས་སོ། །དེ་བས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སྐད་ཅིག་རེ་རེ་དང་མི་འཇིགས་པ་གཞན་དང་གཞན་ཐ་དད་པ་ཡང་དག་པར་ཤེས་པ་མི་ཟད་པས་ཆོས་སྣང་བ་སར་པ་གསར་པ་རབ་ཏུ་ཐོབ་ཅིང་བསྟན་པ་དང་། [29]ཞེས་གསུངས་པ་ལྟར་ཤེས་ན་འཆིང་བ་འདི་དག་ལས་གྲོལ་ནུས་ཤིང་ཚད་མིན་གྱི་བློ་འདིའི་རིགས་ཇེ་ཉུང་དུ་གཏོང་བའི་ཐབས་ལ་འབད་ངེས་སོ། །ང་ཚོར་བཅད་པའི་ཡུལ་ཅན་ནམ་བྱས་ཟིན་ལ་དོན་ལ་སླར་མཇུག་པའི་བློ་འདིའིི་རིགས་ཧ་ཅང་མང་བ་ནི་སྨོས་མི་དགོས། དེས་ན་སངས་རྒྱས་ཀྱིས་སྐད་ཅིག་མའི་བདག་ཉིད་ཀྱི་མི་རྟག་པ་ཤེས་དགོས་པར་གསུངས་ནས་བློ་འདིའི་རིགས་སྤོང་བའི་ཐབས་གསུངས་པ་དང་། འདས་པའི་རྗེས་མི་གཅོད་ཅེས་མདོ་སྔགས་ཀྱི་ལམ་རིམ་རྣམས་ལས་མང་དུ་གསུངས་པའང་བཅད་ཤེས་སྤངས་དགོས་པར་གདམས་པའོ། །དེ་ཡང་སྒམ་པོ་པའི་ཁྲིད་ཆོས་མུ་ཏིག་ཙར་ལ་བརྒྱུས་པ་ལས། རྣམ་པར་རྟོག་པ་འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མ་བསུ། ད་ལྟར་གྱི་རྟོག་པ་སྐད་ཅིག་མ་འདི་ངོས་འཛིན་པ་ཞེས་བྱ་བ་ཡིན་ཏེ། [30]ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་ན་སངས་རྒྱས་ཀྱིས་ཀྱང་དམ་ཆོས་དཀོན་བརྩེགས་ལས། ཅིའི་ཕྱིར་མངོན་པར་འདུ་མི་བྱེད་པ་ཞེས་བྱ་ཞེ་ན། རྙིང་པ་དང་། གསར་པ་མངོན་པར་འདུ་མི་བྱེད་དེ། དེའི་ཕྱིར་མངོན་པར་འདུ་མི་བྱེད་པ་ཞེས་བྱའོ། །[31]ཞེས་གསུངས། དེ་བས་ཕན་པ་དང་བདེ་བའི་གནས་སུ་འགྲོ་བར་འདོད་ན་འདི་ལྟ་བུའི་བློ་རིགས་ཀྱི་གནད་དོན་ཤེས་པར་བྱས་ཏེ་གཞོམ་ཐབས་ལ་འབད་དགོས་པར་གདམས་པའོ། །དེ་བས་ཐེག་པ་ཐུན་མོང་གི་བློ་ལྡོག་རྣམ་བཞིའི་རིམ་པ་ནས་གཉིས་མེད་དུས་ཀྱི་འཁོར་ལོའི་བར་གྱི་ལམ་རིམ་མཐའ་དག་ཐ་མལ་གྱི་ཞེན་པ་དང་ཐ་མལ་གྱི་སྣང་བ་རྣམས་བཟློག་ཆེད་དུ་གསུངས་པ་ཤ་སྟག་ཡིན་པས་གནད་གཅིག་ཏུ་ཁོང་དུ་ཆུབ་ནུས་སོ། །དེ་ལ་དགོངས་ནས་གྲུབ་ཆེན་ས་ར་ཧའི་ཕྱག་རྒྱ་ཆེན་པོའི་གཞུང་དོ་ཧ་མཛོད་ལས། ཀྱེ་ལགས་གང་སྨྲས་བརྫུན་ཞིང་ལོག་པ་དེ་བོར་ལ། །གང་ལ་ཞེན་པ་ཡོད་པ་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལ་གཞན་པ་སུས་ཀྱང་ཤེས་མི་འགྱུར། །[32]ཞེས་གསུངས་པའི་ཟབ་དོན་རྣམས་ཀྱང་གོང་དུ་བཤད་པའི་རྨང་གཞི་དེ་འདྲ་ཞིག་གི་སྟེང་ནས་རིམ་གྱིས་གོ་བར་ནུས་སོ་སྙམ། གཞན་ཡང་གཉིས་མེད་རྡོ་རྗེའི་སློབ་དཔོན་ཆེན་པོ་མཻ་ཏྲི་པས་མཛད་པའི་ཡིད་ལ་མི་བྱེད་པ་སྟོན་པ་[33]སོགས་ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉི་ཤུ་རྩ་བཞི་རྣམས་ཀྱི་དགོངས་པའང་འདི་དག་ལས་རིམ་གྱིས་གོ་ནུས་ཚུལ་ཟབ་གནད་མང་དུ་བཤད་རྒྱུ་ཡོད་དོ། །གནད་དེ་འདྲ་ལ་དགོངས་ནས་འགྲོ་མགོན་བཀའ་བརྒྱུད་པ་རྣམས་ཀྱིས་ཚད་མའི་གཞུང་ལུགས་རྣམས་དབུ་མའི་ལུགས་ལྟར་བཀྲལ་ཞིང་ཁྱད་པར་ཕྱག་རྒྱ་ཆེན་པོའི་དགོངས་པ་ལྟར་བཤད་པ་མཛད་དེ། འབྲི་གུང་འཇིག་རྟེན་མགོན་པོའི་དམ་ཆོས་དགོངས་གཅིག་ལས། ཚད་མ་སངས་རྒྱས་མཁྱེན་པའི་ཡེ་ཤེས་ཏེ། །ཚད་མའི་འབྲས་བུ་ཟབ་མོ་སྟོང་ཉིད་སྟོན། །[34]ཞེས་དང་། རྗེ་ཀརྨ་ཕྲིན་ལས་པའི་དྲིས་ལན་སྣང་གསལ་སྒྲོན་མེ་ལས། གྲུབ་ཐོབ་ཆེན་པོ་ཕྱོགས་ཀྱི་གླང་པོ་དང༌། །ཆོས་ཀྱི་གྲགས་པའི་ལྟ་བ་མཐར་ཐུག་པ། །ཟུང་འཇུག་རབ་ཏུ་མི་གནས་དབུ་མ་ཆེ། །ཇི་བཞིན་གསལ་བར་སྟོན་པའི་གཞུང་ལུགས་ནི། །སྡེ་བདུན་མདོ་དང་བཅས་པ་ཁོ་ན་འོ། །གཞན་སེལ་ཞེས་བྱའི་ལྟ་བ་ཟབ་མོ་འདི། །ཕྱག་རྒྱ་ཆེན་པོའི་ལྟ་བ་དང་མཐུན་ཡང༌། །[35]ཞེས་དང་། ཡང་དྲིས་ལན་དྲང་ངེས་སྣང་བྱེད་ལས། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་བཞེད་པ་ལ། །སྡེ་བདུན་མདོ་དང་བཅས་པའི་མཐར་ཐུག་གི །དགོངས་པ་དབུ་མ་ཆེན་པོར་གནས་པས་ན། །ཕྱག་རྒྱ་ཆེན་པོའི་ལྟ་བ་དང་མཐུན་པ། །ཚད་མའི་གཞུང་ལུགས་རྣམས་སུ་བཞུགས་ཞེས་གསུངས༌། །[36]ཞེས་གསུངས་སོ། །རྒྱས་པར་བཤད་ན་ཤིན་ཏུ་མང་བས་མཚམས་སྦྱོར་ཙམ་བྱས་པའོ། །
གསུམ། ཞར་བྱུང་རྗེས་སུ་དཔག་པའི་ཚད་མ་ལ་རྟགས་ཅན་ཡིན་དགོས་པའི་ཤེས་བྱེད་བཤད་པ།
གོང་དུ་རྟོགས་ཟིན་རྟོགས་པའི་ངེས་ཤེས་དེ་རྟགས་ཅན་མ་ཡིན་པའི་རྒྱུ་མཚན་གྱིས་རྗེས་སུ་དཔག་པའི་ཚད་མ་མིན་ཞེས་བཤད་པ་འདི་ནི་ཇི་སྐད་དྲངས་པའི་རྒྱ་གཞུང་དག་ལས་གྲུབ་མོད། དེང་གི་ཆར་གཞུང་ལུགས་སྨྲ་བ་ལ་ལས་རྗེས་སུ་དཔག་པའི་ཚད་མ་ལ་རྟགས་ཅན་ཡིན་པ་མི་དགོས་ཞེས་སྨྲ་བའང་ཡོད་པས། འདིར་ཞར་བྱུང་དུ་རྗེས་སུ་དཔག་པའི་ཚད་མ་ལ་རྟགས་ཅན་དགོས་པའི་ཤེས་བྱེད་མདོར་བསྡུས་ཤིག་སྨྲ་བར་བྱའོ། །དེ་ཡང་རྗེས་སུ་དཔག་པ་ཞེས་པའི་ཐ་སྙད་ཙམ་གྱིས་ཀྱང་ཤེས་ནུས་པ་ཡིན་ཏེ། རྟགས་དང་རྟགས་ཅན་གྱི་འབྲེལ་བའི་རྗེས་སུ་དཔག་བྱ་དཔོག་པས་ན་དེ་ལྟར་དུ་བཤད་པ་ཡིན་ཞེས་དགྲ་ལས་རྒྱལ་བ་སོགས་ཀྱི་གཞུང་[37]ལས་བཤད་པའི་ཕྱིར་རོ། །ཁྱད་པར་དུ་རྣམ་འགྲེལ་ཉིད་ལས། གང་ལ་དོན་གྱི་ནུས་པ་ལས། །རྗེས་འགྲོ་ལྡོག་པ་ཅན་གྱི་བློ། །དེ་ལ་འཛིན་པ་རང་དབང་ཅན། །དེ་ལས་གཞན་དངོས་དབང་པོ་འདས། །མ་མཐོང་བདག་ཉིད་ངོ་བོ་དེ། །རྟོག་པའི་རྟེན་ནི་དོན་གཞན་ཡིན། །ཞེས་དང་། འབྲེལ་བ་ཅན་གྱི་ཆོས་ལས་ནི། །ཆོས་ཅན་ལ་རྟོགས་སྐྱེ་བ་གང་། །དེ་ནི་རྗེས་དཔག་ལྐོག་གྱུར་གྱི། །སྒྲུབ་བྱེད་གཅིག་ཏུ་ངེས་པ་ཡིན། །[38]ཞེས་གསུངས་པ་དང་། མེད་ན་མི་འབྱུང་ངེས་པ་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །[39]ཞེས་གསུངས་པ་ལས་ཤེས་ནུས།
ཁྱད་པར་དུ་རྣམ་ངེས་ལས། ཚད་མ་ཡིན་ན་ནི་འདི་གཉིས་ཁོ་ནར་འདུས་པའི་ཕྱིར། །ཚད་མ་རྣམ་གཉིས་ཁོ་ན་སྟེ། །འབྲེལ་བ་ནི། གཞན་ལས་མངོན་སུམ་མ་ཡིན་པ། །འདྲ་བའི་བདག་ཏུ་རྟོགས་ཕྱིར་རོ། །དོན་ནི་རྣམ་པ་གཉིས་ཉིད་དེ་མངོན་སུམ་དང་། ལྐོག་ཏུ་གྱུར་བའོ། །དེ་ལ་གང་ཞིག་ཤེས་པའི་སྣང་བ་བདག་ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མཐུན་པར་བྱེད་པ་དེ་ནི་མངོན་སུམ་སྟེ། དེ་ནི་ཐུན་མོང་མ་ཡིན་པའི་དངོས་པོའི་རང་བཞིན་ཏེ་རང་གི་མཚན་ཉིད་དོ། །གཞན་ནི་བློ་ལ་དངོས་སུ་རང་གི་ངོ་བོ་འཇོག་པའི་ནུས་པས་སྟོང་པའི་ཕྱིར་རྟོགས་པར་མི་འཐད་པ་ཉིད་དོ། །གཞན་མཐོང་བ་ན་གཞན་རྟོགས་པ་ནི་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་མེད་ན་མི་འབྱུང་བ་ཉིད་ཡིན་ན་ནི་འགྱུར་རོ། །དེ་ནི་ཇི་ལྟ་བུའི་རྣམ་པ་དང་རང་བཞིན་འབྲེལ་བ་གྲུབ་པ་དེ་ལྟ་བུའི་རྣམ་པ་ཉེ་བ་ཉིད་དུ་གོ་བར་བྱེད་ལ་འབྲེལ་བ་ལས་སྤྱིའི་ཚུལ་དུ་རྟོགས་པ་ཡང་རྗེས་སུ་དཔག་པ་ཡིན་པའི་ཕྱིར་ཚད་མ་གཉིས་ཁོ་ན་སྟེ། གཞན་དུ་ན་རྟོགས་པར་མི་འཐད་པའི་ཕྱིར་རོ། །[40]ཞེས་གསུངས་པ་ལས་ཤིན་ཏུ་གསལ་བར་ཤེས་ནུས་སོ། །དེའི་འགྲེལ་པ་ཡེ་ཤེས་དཔལ་བཟང་གིས་མཛད་པ་དང་ཆོས་མཆོག་གིས་མཛད་པ་ལས་ཀྱང་ཤིན་ཏུ་གསལ་བར་གསུངས་སོ། །
བཞི། བཅད་ཤེས་ཀྱི་དབྱེ་བའི་སྐོར་ལ་དཔྱད་པ།
འོན་ཀྱང་གོང་གསལ་གྱི་གཞུང་དེ་དག་གིས་མངོན་སུམ་སྐད་ཅིག་གཉིས་པ་རྣམས་དེ་དང་མི་འདྲ་བར་ཚད་མ་ཡིན་གསུངས་མོད། བོད་ཀྱི་མཁས་པ་རྣམས་ལུང་རྫུན་འགའ་ལ་མགོ་འཁོར་ནས་མངོན་སུམ་ལའང་བཅད་ཤེས་ཡོད་པར་འདོད་པ་ནི་ནོངས་པ་ཆེན་པོའོ། །ཇི་ལྟར་ཞེ་ན། འདི་ལྟར་གཏན་ཚིགས་ཐིགས་པ་ལས། གལ་ཏེ་མངོན་སུམ་སྔ་མ་དང་ཕྱི་མ་རྣམས་སུ་འགའ་ཞིག་ལ་ཉེ་བར་སྦྱོར་བ་ཐ་མི་དད་པའི་ཕྱིར་རོ། །ཚད་མ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་གྲུབ་པ་དང་། བདེ་བ་ཐ་དད་པའི་ཕྱིར་རོ། །[41]ཞེས་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ངེས་ཤེས་དག་རྟོགས་ཟིན་ལ་འཇུག་པ་ཡིན་པས་ཚད་མིན་དུ་ཐལ་ཞེས་པའི་ལན་དུ་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་ན་མངོན་སུམ་རྣམས་ཚད་མ་མིན་པའི་ཐལ་བ་མིན་ཞེས་ལན་མཛད་དེ། མདོར་ན་མངོན་སུམ་སྔ་མ་དང་ཕྱི་མ་རྣམས་ཡུལ་སྐད་ཅིག་མའི་བྱེ་བྲག་དང་མཐུན་པར་འཇུག་ཏུ་རུང་བས་ཚད་མིན་དུ་ཐལ་བ་མེད་ཅེས་པའི་ཡིན་པའི་ཕྱིར་ཏེ། ཐར་འབྱུང་སྦས་པའི་རྟོག་གེའི་སྐད་ལས། དབང་པོའི་ཤེས་པའི་ཡུལ་ལས་གཞན་བུམ་པ་ལ་སོགས་པའི་སྐད་ཅིག་གཉིས་པའོ། །ཞེས་སོགས་ནས། ད་ལྟར་ནི་སྐད་ཅིག་གཉིས་པ་འཛིན་པའི་ཕྱིར་བཟུང་ཟིན་པ་འཛིན་པ་ཉིད་བསལ་ལོ། །[42]ཞེས་གསུངས། རྣམ་འགྲེལ་ལས་ཀྱང་། སྔར་མྱོང་བར་ནི་འཛིན་པ་ན། །ཡིད་ནི་ཚད་མ་ཉིད་མ་ཡིན། །[43]ཞེས་པའི་སྐབས་སུ་བཤད་པ་རྣམས་མཐུན་པར་རོ། །འོན་ཀྱང་ཆོས་མཆོག་གིས་མཛད་པར་གྲགས་པའི་རྣམ་ངེས་ཀྱི་འགྲེལ་བཤད་ལས། གཏན་ཚིགས་ཐིགས་པ་ལས་མངོན་སུམ་གྱི་སྐད་ཅིག་མ་ཕྱི་མ་རྣམས་ནི་གྲུབ་པ་དང་བདེ་བ་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །[44]ཞེས་ཟེར་བ་ནི་ཅུང་མི་འགྲིག་པས་དཔྱད་དགོས་སོ། །རྟོག་བཅས་ཀྱི་བཅད་པའི་ཡུལ་ཅན་གྱི་ཤེས་པ་ཡོད་པ་ལྟ་བུར་གཞུང་དེ་དག་ལས་གྲུབ་ནའང་མངོན་སུམ་དུ་གྱུར་པའི་བཅད་ཤེས་ཡོད་པར་ཅུང་སྒྲུབ་དཀའ་སྟེ། བོད་ཀྱི་དྲངས་པའི་འཐད་ལྡན་གྱི་ལུང་དུ། མངོན་སུམ་དང་རྗེས་སུ་དཔག་པའི་དང་པོའི་སྐད་ཅིག་མ་ཉིད་ནི་ཚད་མ་ཡིན་ལ། དེ་དག་གི་རྒྱུན་དུ་གྱུར་པའི་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་ཕྱི་མ་རྣམས་ནི་ཚད་མ་ཡིན་པ་སྤངས་པའོ། །ཞེས་སོ། །འོན་ཀྱང་ལུང་འདི་འདྲ་ཞིག་རྒྱ་གཞུང་གང་དུའང་མི་གསལ་ཞིང་། ལུང་དྲངས་པ་པོ་རྣམས་ཀྱི་ཁྲོད་དུའང་ལ་ལས་འཐད་ལྡན་ཆེ་བ་ལས་ཞེས་དང་ལ་ལས་ཆུང་བ་ལས་ཞེས་ངེས་པ་གཏིང་ཚུགས་པ་མེད་པའི་རྟགས་བསྟན་འདུག་གོ། །གོང་གི་གཏན་ཚིགས་ཐིགས་པའི་གཞུང་སོགས་ལ་བལྟས་པས་སྐད་ཅིག་གཉིས་པའི་རྟོག་པ་དག་བཅད་པའི་ཡུལ་ཅན་ཚད་མིན་ཉིད་དུ་བསྟན་ནས་མངོན་སུམ་སྐད་ཅིག་གཉིས་པ་ལ་དེ་ལྟར་ཐལ་ཞེས་བརྗོད་པ་ན་མངོན་སུམ་རྣམས་ནི་སྐད་ཅིག་མའི་བྱེ་བྲག་ལྟར་འཇུག་པས་གསར་རྟོགས་ཡིན་ཞེས་བརྗོད་མོད། བོད་མཁས་ཚོས་མ་མཐོང་བར་ཟད་དོ། །ལ་ལས་གཏན་ཚིགས་ཐིགས་པའི་གཞུང་ཆོས་མཆོག་གི་དྲངས་པ་ལས་གོང་གི་གཞུང་དེ་དྲངས་ནའང་། གཏན་ཚིགས་ཐིགས་པའི་ནང་དུ་དེ་ལྟར་མི་གསལ་བའི་ཚུལ་གོང་དུ་དྲངས་ཟིན་ཏོ། །
གོང་དུ་དྲངས་པ་ལྟར་པོད་ཛེ་པ་ནང་བཞུགས་པའི་རྣམ་ངེས་ཀྱི་འགྲེལ་བཤད་ཆོས་མཆོག་གིས་མཛད་པར་གྲགས་པ་ལས། དེའི་ཕྱིར་ཚད་མ་ཐམས་ཅད་ནི་མ་རྟོགས་པའི་དོན་ཅན་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དང་པོའི་མངོན་སུམ་དང་རྗེས་སུ་དཔག་པའི་སྐད་ཅིག་མ་ཉིད་ཀྱིས་དོན་བྱེད་པར་ནུས་པའི་དངོས་པོའི་རྒྱུན་ངེས་པས་འཇུག་པའི་ཡུལ་དུ་བྱེད་པར་ནུས་པའི་ཕྱིར། དེའི་རྒྱུན་དུ་གྱུར་པ་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །[45]ཞེས་གསུངས་མོད། རྒྱུན་དུ་གྱུར་པ་ཞེས་པ་འདི་མངོན་སུམ་དང་རྗེས་དཔག་གི་རྗེས་སུ་སྐྱེས་པའི་ངེས་ཤེས་ཞེན་པ་ལ་གོ་དགོས་པར་ཚད་མ་བརྟགས་པ་ཆེ་ཆུང་གཉིས་ལས་ཤིན་ཏུ་ནས་གསལ་ཏེ། ཚད་མ་བརྟགས་པ་ཆུང་བ་ལས། གཟུང་བའི་སྐད་ཅིག་མ་གང་ཡིན་པ་དེ་མི་འཐོབ་པ་ཡིན་ནམ། ཞེན་པར་བྱས་པའི་རྒྱུན་ཐོབ་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་རྒྱུན་གྱི་ཡུལ་ཅན་གྱི་ཞེན་པ་ཐོབ་པར་བྱེད་པ་ཡིན་གྱི་འཛིན་པ་ནི་མ་ཡིན་ནོ། །ཞེས་དང་། ཚད་མ་བརྟགས་པ་ཆེ་བ་ལས། འདིའི་འཇུག་པར་བྱེད་པའི་བྱ་བ་ནི་ངེས་པར་བྱེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་མ་རྟོགས་པའི་ཡུལ་ཅན་ཚད་མར་བཤད་དོ། །[46]ཞེས་སོགས་ནས། འདི་ལྟར་མངོན་སུམ་སྐད་ཅིག་གང་ཡུལ་དུ་བྱས་པ་དེ་ཉིད་ཐོབ་པར་བྱེད་པ་ནི་མ་ཡིན་ཏེ། དོན་གང་རྒྱུན་དུ་འཇུག་པ་ཁྱད་པར་ཅན་གྱི་འབྲས་བུ་ལ་ཉེ་བར་སྦྱོར་བ་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ལྡོག་པ་མངོན་སུམ་གྱི་སྟོབས་ཀྱིས་སྐྱེས་པའི་ངེས་པས་གཅིག་ཏུ་ཡུལ་དུ་བྱས་པ་དེ་ཐོབ་པར་བྱེད་པས་ཡུལ་དེ་ཙམ་ལ་ཚད་མ་ཡིན་ནོ། །[47]ཞེས་གསུངས། རྒྱུན་གྱི་ཡུལ་ཅན་རྟོག་པ་དང་སྐད་ཅིག་མའི་ཡུལ་ཅན་མངོན་སུམ་ཞེས་སྔ་རབས་མཁས་པ་རྣམས་ལའང་གྲགས་པའང་དོན་དང་ལྡན་པའོ། །འཐད་ལྡན་ཆུང་བ་སྟེ་ཆོས་མཆོག་གིས་མཛད་པའི་རིག་ཐིགས་ཀྱི་འགྲེལ་པ་ལས། འདི་ལྟར་མངོན་སུམ་གྱིས་གཟུང་བར་བྱ་བ་ནི་སྐད་ཅིག་མ་གཅིག་ཡིན་ལ། མངོན་སུམ་གྱི་སྟོབས་ཀྱིས་བསྐྱེད་པའི་ངེས་པའི་ཞེན་པའི་བྱ་བ་ནི་རྒྱུན་ཉིད་ཡིན་ནོ། །མངོན་སུམ་གྱིས་ཐོབ་པར་བྱ་བ་ཡང་རྒྱུན་ཉིད་ཡིན་ནོ། །སྐད་ཅིག་མ་ནི་ཐོབ་པར་མི་ནུས་པའི་ཕྱིར་རོ། །[48]ཞེས་གསུངས་པས་ཤེས་ནུས་ཏེ། སྐད་ཅིག་མའི་བྱེ་བྲག་གིས་མངོན་སུམ་རྣམས་ཚད་མ་ཡིན་ནའང་དེའི་རྗེས་སུ་རྟོག་པས་རྒྱུན་ཡུལ་དུ་བྱས་པས་ན་ཚད་མ་མིན་ཞེས་རྒྱུན་གྱི་ཡུལ་ཅན་ལ་གྲུབ་པ་བདེ་བ་ཐ་དད་དུ་མེད་པ་དང་སྐད་ཅིག་མའི་ཡུལ་ཅན་གྱི་མངོན་སུམ་ལ་ཡོད་ཅེས་པ་འདི་གཏན་ཚིགས་ཐིགས་པའི་དགོངས་པ་དྲི་མ་མེད་པའོ། །
སྔ་རབས་པས་རྒྱུན་དང་རགས་པ་རྟོག་པས་བཞག་པ་ཙམ་ཡིན་དོན་དམ་པ་མིན་ཞེས་པའང་གཞུང་འདི་དག་ལས་ཁུངས་བཅོལ་བའི་ཚུལ་རྒྱས་པར་བཤད་ན་ཤིན་ཏུ་མང་མོད་རེ་ཞིག་བཞག་གོ། །དེ་ལྟ་ན་བཅད་པའི་ཡུལ་ཅན་ཤེས་བྱེད་ཀྱི་ཁུངས་དང་གནད་དོན་བརྗོད་དུ་ཡོད་ཀྱང་མངོན་སུམ་བཅད་པའི་ཡུལ་ཅན་ཡོད་ཚུལ་གྱི་ཁུངས་དང་ཤེས་བྱེད་མེད་པར་སྣང་བས་དཔྱོད་ཅིག །ཀརྨ་པཀྴིའི་སྔ་མ་རྔོག་ལོ་སོགས་ཀྱི་དགོངས་པ་ལྟར་གསུམ་དུ་བཤད་དེ། ཞུས་ལན་རྒྱ་མཚོ་མཐའ་ཡས་ལས། རྣམ་གྲངས་ནི། མངོན་སུམ་བཅད་པའི་ཡུལ་ཅན་དང་། རྗེས་སུ་སྐྱེས་པའི་ངེས་ཤེས་བཅད་པའི་ཡུལ་ཅན་དང་། དྲན་པ་བཅད་པའི་ཡུལ་ཅན་ནོ། །[49]ཞེས་གསུངས། གོང་གི་རྒྱ་གཞུང་དག་གི་ནང་དོན་དང་ཚིག་ཟིན་བཅས་ལ་ཞིབ་ཏུ་བལྟས་པས་ངེས་ཤེས་བཅད་པའི་ཡུལ་ཅན་དྲན་པ་ཡུལ་ཅན་གཉིས་དངོས་སུ་གསལ་ལ། འོན་ཀྱང་མངོན་སུམ་བཅད་པའི་ཡུལ་ཅན་མི་གསལ་ཞེས་ཁོ་བོའི་རྣམ་དཔྱོད་ཀྱི་རྩལ་ལས་འགྲན་མེེད་པའི་གཏམ་འདི་བྱུང་ཞེས་སྨྲ་སྤོབས་སོ། །དེ་ལྟར་ན་མངོན་སུམ་རྣམས་ནི་སྐད་ཅིག་མའི་ཡུལ་ཅན་ཡིན་ལ་རྟོག་པ་རྣམས་ནི་རྒྱུན་གྱི་ཡུལ་ཅན་ཡིན་པས་མངོན་སུམ་གྱི་བློ་ནི་གསར་པའི་གནས་ཚུལ་མཐོང་ཐུབ་པའི་བློ་མཐར་ཐུག་པ་དེ་ཡིན་ལ། དེ་བས་ནང་པ་བ་རྣམས་ཀྱིས་ཚད་མའི་མཐར་ཐུག་མངོན་སུམ་དུ་བཤད་པ་སྟེ། རྣལ་འབྱོར་གྱི་རྟོགས་པ་ཕལ་ཆེ་བ་རྣམས་མངོན་སུམ་འབའ་ཞིག་ཏུ་བཤད་པ་དང་མཐར་ཐུག་སྒོམ་བྱུང་སྟེ་མྱོང་བ་མངོན་སུམ་ཚད་མ་ཉིད་མཆོག་ཏུ་བསྔགས་པས་སོ། །དེ་ལྟར་དཔྱད་པས་ཤེས་ཐུབ་པ་ཞིག་ལ། ནང་པའི་གཞུང་སྤྱི་དང་ལྷག་པར་དཔལ་ན་ལེནྡྲ་སོགས་ཀྱི་མཁས་དབང་ཁག་གིས་དོན་གང་ཞིག་ལ་དཔྱོད་པ་ནི་མངོན་སུམ་གྱི་མྱོང་བ་ནི་རིགས་པ་དང་ལུང་ལས་ཀྱང་གལ་གནད་ཆེ་བའི་རྩ་དོན་དུ་བཟུང་བར་མ་ཟད། ཅི་སྟེ་དངོས་པོའི་སྡོད་ལུགས་ལ་དཔྱོད་པ་ན་ལུང་ཙམ་ཁུངས་སུ་འཛིན་ན། ལུང་དེ་ཡང་ལུང་གཞན་ཞིག་གིས་ཚད་མར་སྒྲུབ་དགོས་པའི་ཐུག་མེད་དུ་ཐལ་བ་དང་། ལུང་ཁས་མི་ལེན་པའི་ཕྱོགས་སྔ་མར་དགག་སྒྲུབ་བྱེད་མི་ཐུན་པར་ཐལ་བ་དང་། ལུང་ལའང་སྒྲ་ཇི་བཞིན་པ་ཡིན་མིན་སྣ་ཚོགས་ཡོད་པས་རྣམ་གཞག་གང་ཡང་བྱེད་མི་ནུས་པར་འགྱུར་རོ། །དེ་དང་ཚུལ་མཚུངས་པར་རིག་གསར་ཚན་རིག་པས་ཀྱང་། ཞིབ་འཇུག་གི་གྲུབ་དོན་ཐམས་ཅད་ཚོད་ལྟའམ་རྩིས་རིག་གིས་བདེན་དཔང་བྱེད་པ་ལས་སྐྱེ་བོ་གཞན་ཞིག་གི་ལུང་ལ་ཁུངས་གཏུག་གི་མེད་པས། མངོན་སུམ་ལ་མངོན་དུ་གྱུར་པའི་སྣང་ཚུལ་ཞིག་ལ་ཞིབ་ལྟ་བྱས་ནས་མངོན་དུ་མ་གྱུར་པའི་ཆོས་རྡུལ་ཕྲན་སོགས་ལ་རྗེས་སུ་དཔག་པའི་ཚུལ་དེ་ནི། ནང་པ་དང་ཚན་རིག་པའི་ཕྱོགས་གཉིས་ཀར་ཐུན་མོང་དུ་གནས་པར་མཐོང་།
ཚན་རིག་གིས་ཚོད་དཔག་བྱེད་པའི་དོན་དེ་ར་སྤྲོད་པར་མཐར་མྱོང་བ་ལ་གཏུག་དགོས་པས། ནང་པ་དང་ཚན་རིག་གཉིས་ཀས་དཔྱད་པའི་གཞི་རྩ་མྱོང་བ་ལ་བརྟེན་པར་མཚུངས་ཕྱིར། དཔྱད་དོན་གཏན་ལ་འབེབས་ཚུལ་གྱི་ཐད་རྩ་བའི་འགྲོ་ཕྱོགས་གཅིག་གྱུར་ཅིག་ཡོད་པ་གསལ་པོ་ཡིན། སངས་རྒྱས་པའི་གཞུང་དུ་མྱོང་བ་ཞེས་པ་དབང་ཤེས་ཀྱི་མྱོང་བ་ཙམ་མིན་པར་སྒོམ་བྱུང་ཡང་ཐེ་བའི་རྒྱ་ཆེན་པོ་ཞིག་ལ་གོ་བ་དང་། ཐོས་བསམ་ལས་བྱུང་བའི་སྒོམ་བྱུང་གི་མྱོང་བ་འདི་ཡང་ཚན་རིག་གི་བརྟག་དཔྱད་དང་མཚུངས་པར་མྱོང་བར་གཏུགས་པའི་ཡུལ་ལ་དཔྱོད་བྱེད་ཀྱི་བརྟགས་ཐབས་ཤིག་ངོས་འཛིན་བྱས་ཡོད། མ་ཟད་རྗེས་དཔག་གིས་ཡུལ་ལ་མི་བསླུ་བར་བྱེད་ཚུལ་འཆད་པ་ནའང་། རྣམ་ངེས་ལས། འཁྲུལ་ཡང་འབྲེལ་ཕྱིར་ཚད་མར་འཐད། །[50]ཅེས་དང་། རྣམ་འགྲེལ་ལས། རྗེས་དཔག་ཇི་སྐད་བཤད་ཇི་བཞིན། །[51]ཞེས་སོགས་བརྒྱུད་ནས་འབྲེལ་བའི་དབང་གིས་ཞེས་རྒྱུ་མངོན་སུམ་ལ་ཐུག་ཡོད་ཚུལ་གསུངས་ཤིང་། སྤྱི་ཡི་རྟེན་ནི་གྲུབ་པ་ན། །སྤྱི་དེ་ཉིད་ནི་གྲུབ་པ་ཡིན། །དེ་མ་གྲུབ་ན་དེ་ལྟར་དེ། །རབ་ཏུ་གྲུབ་ཕྱིར་རྗེས་དཔོག་བརྗོད། །[52]ཅེས་དང་། གཞན་ཡང་མངོན་སུམ་མེད་པས་ན། །བློ་ནི་རྟགས་ལས་རྟོགས་པར་འགྱུར། །[53]ཞེས་སོགས་ཀྱི་སྐབས་སུ་མྱོང་སྟོབས་ཀྱིས་གྲུབ་ཟིན་པ་ལ་རྟགས་སླར་རྟགས་དགོད་པ་ལ་དགོས་པ་མེད་ཚུལ་གསུངས་པ་དང་། རང་རིག་སྒྲུབ་བྱེད་ཀྱི་རྟགས་བཞི་དང་གཞལ་བྱ་གཉིས་སུ་ངེས་པ་སོགས་དང་གཞན་ཡང་རྟགས་ཡང་དག་གི་ཕྱོགས་ཆོས་མང་པོ་ཞིག་མྱོང་བས་གྲུབ་པ་ལ་གཏུག་ཡོད་པ་སོགས་གཞི་རྩར་འདེད་ན་མྱོང་བར་གཏུགས་ཡོད་ཅིང་། དེའི་གནད་ཀྱང་གསར་རྟོགས་ཀྱི་ཁྱད་ཆོས་དང་དགོས་མཁོ་མཐའ་ཐུག་པའམ་སྐད་ཅིག་མའི་ཡུལ་ཅན་ཡིན་པའི་གནད་ཀྱིས་གནས་ཚུལ་ཇི་བཞིན་མཐོང་བ་ལ་ཐུག་ཡོད་པས། ཇི་སྐད་བཤད་པའི་བཅད་ཤེས་ཀྱི་དབྱེ་སྒོ་གཏན་ལ་ཕབ་པ་ལས་གནས་ཚུལ་འདི་གསལ་བར་བྱས་ཡོད་དོ། །དེ་ལྟར་གནད་དོན་འདི་དག་ལེགས་པར་བཤད་ཟིན་རྗེས་རང་རེའི་འཚོ་བ་དངོས་དང་ཁ་མ་བྲལ་བའི་ཤེས་བྱ་རེ་རྙེད་དགོས་ཀྱི། དེ་ལྟར་མིན་པར་རིག་གཞུང་དང་གང་ཟག་ཡ་བྲལ་དུ་སོང་བའི་ཤེས་བྱ་ལ་སྙིང་པོ་ཆེར་མ་མཐོང་ངོ་། །
མཇུག་བསྡུ་བ།
འདིར་ཚད་མའི་མཚན་ཉིད་ཀྱི་ཟུར་དང་པོ་གསར་རྟོགས་ཞེས་པའི་གོ་བ་དང་དགོས་མཁོ་གསལ་པོར་ཡོང་བའི་ཐབས་སུ། མཚན་ཉིད་དེའི་བསལ་བྱ་ཚད་མིན་གྱི་བློའི་བྱེ་བྲག་བཅད་ཤེས་ཀྱི་ཤེས་བྱེད་དང་དབྱེ་བའི་སྐོར་ལ་ལུང་རིགས་ཀྱི་ལམ་ནས་གསལ་པོར་བཀྲལ་ཡོད། བཅད་ཤེས་ཤེས་བྱེད་ཀྱི་ལུང་རིགས་ལ་བརྟེན་ནས་རྟོགས་ཟིན་རྟོགས་པའི་ངེས་ཤེས་བཅད་པའི་ཡུལ་ཅན་དང་རྟོགས་ཟིན་དྲན་པའི་དྲན་པ་བཅད་པ་ཡུལ་ཅན་བཅས་ལེགས་པར་གྲུབ་པ་དང་། དེ་ལ་བརྟེན་ནས་གསར་རྟོགས་ཀྱི་ཁྱད་ཆོས་ལེགས་པར་ཤེས་ཐུབ་བོ། །དབྱེ་བའི་སྐབས་སུ་མངོན་སུམ་དུ་གྱུར་པའི་བཅད་པའི་ཡུལ་ཅན་མེད་པར་གྲུབ་པས་གསར་རྟོགས་ཀྱི་དགོས་མཁོ་དང་མཐར་ཐུག་མྱོང་བ་ཚད་མའམ་མངོན་སུམ་ཚད་མ་ཁོ་ནའི་ལམ་ནི་མཐར་ཐུག་པའི་ལམ་ཉིད་དུ་ཁོང་དུ་ཆུབ་ཐུབ་པའི་ཚུལ་བཅས་བཤད་ཟིན་ཏོ། །དེ་ལྟར་ན་ནང་པའི་གཞུང་ལུགས་ལས་ཚད་མའི་མཐར་ཐུག་དང་མངོན་སུམ་གྱི་ཚད་མ་དང་ཐོས་བསམ་ལས་ལྷག་པའི་སྒོམ་བྱུང་དུ་བགྲོད་དགོས་ཚུལ་གསུངས་པ་རྣམས་དང་། མདོ་སྔགས་གཞུང་ལུགས་སྤྱི་ལས་ཞེན་པའམ་རྟོག་པ་དང་བྲལ་བ་ཞིག་དགོས་ཞེས་གསུངས་པའི་གནད་དོན་དག་ཤེས་ཐུབ་པའི་ཁྱད་ཆོས་ཡོད་ཚུལ་སོགས་བཤད་ཡོད་དོ། །དེ་ཡང་ཀརྨ་པཀྴིས་མཛད་པའི་ཞུས་ལན་རྒྱ་མཚོ་མཐའ་ཡས་གཞིར་བྱས་ཏེ། རྔོག་ལོ་དང་ཕྱྭ་པའི་གཞུང་དང་གཤིབ་བསྡུར་བྱས། ཕྱིས་ཀྱི་བོད་ཀྱི་ཚད་གཞུང་རྣམས་དཔྱད་གཞིར་བཟུང་། ཆོས་ཀྱི་གྲགས་པས་མཛད་པའི་ཚད་མའི་གཞུང་ལུགས་རྣམས་དང་། དེ་བཞིན་ལྷ་ཤཱཀ་རྒྱན་གསུམ་དང་། ཆོས་མཆོག་དང་ཐར་འབྱུང་སྦས་པ་དང་དགྲ་ལས་རྒྱལ་བའི་ཚད་གཞུང་སོགས་རྒྱ་གཞུང་དྲི་མ་མེད་པ་རྣམས་རྒྱབ་རྟེན་དུ་བྱས་ནས་བཤད་ཡོད་དོ། །
དཔྱད་ཡིག་དང་ཞབས་མཆན།
[1] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༡༥༢
[2] ཤེས་བྱ་ཀུན་ཁྱབ། བར་ཆ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། རྡོ་རྗེ་རྒྱལ་པོ་དང་ཐུབ་བསྟན་ཉི་མས་བསྒྲིགས། མི་རིགས་དཔེ་བསྐྲུན་ཁང་གིས་བསྐྲུན། ཤོག་གྲངས། ༢༣༣
[3] སྐྱེ་དགུ་བདག་པོ་ལ་རིགས་ལམ་གསལ་བྱེད། དཔེ་རྙིང་བྲིས་མ་སྣ་རིང་། ཤོག་གྲངས། ༤༩
[4] སྡེ་དགེའི་བསྟན་འགྱུར། ཚད་མ། འེ། ༢༤༥ ཚད་ཆེན་དཀའ་འགྲེལ་ལས། གལ་ཏེ་ཐེ་ཚོམ་དང་ཕྱིན་ཅི་ལོག་དམིགས་ཀྱིས་བསལ་བར་འགྱུར་བ་དག་དང་བྲལ་བའི་ཤེས་པ་འགྲུབ་པར་འགྱུར་ན་དེའི་ཚེ་ཚད་མ་ཉིད་དུ་འགྱུར་གྱི། དམིགས་ཀྱིས་བསལ་བའི་ཡུལ་ལ་ཇི་ལྟར་སྤྱིར་བཏང་བར་འཇུག་པར་འགྱུར། ཐེ་ཚོམ་དང་ཕྱིན་ཅི་ལོག་དེ་དག་ཀྱང་ཉེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་པར་མ་ངེས་ན་དེ་དག་མེད་པ་ཡང་མི་འཐད་དོ། །ཅི་སྟེ། ཚད་མ་མིན་པར་གཉིས་མེད་པར། །ཞེས་བྱ་བ་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་མེད་པ་ཉིད་དུའོ། །ཞེས་གསུངས།
[5] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཞེ། ༣༣༦ ཐར་འབྱུང་སྦས་པའི་རྟོག་གེེའི་སྐད་ལས། ཚད་མ་ནི་ཡང་དག་པའི་ཤེས་པ་སྔར་མ་རྟོགས་པའི་སྤྱོད་ཡུལ་ཅན་ནོ། །འདིས་དོན་འཇལ་བས་ན་ཚད་མ་ཡིན་ལ་དེ་ཉིད་ཡང་དག་པའི་ཤེས་པ་སྟེ་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་སྐྱོན་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །སླུ་བ་མེད་པའི་ཤེས་པ་ནི་འཇིག་རྟེན་ན་ཡང་དག་པའི་ཤེས་པར་བརྗོད་ལ། ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཤེས་པ་དག་ལ་མི་སླུ་བ་ཉིད་ཡོད་པ་ཡང་མ་ཡིན་ཏེ་ཤིང་སྐམ་མམ་མི་ཡིན་སྙམ་པའི་ཤེས་པ་དང་། སྨིག་རྒྱུ་ལ་ཆུའི་རྣམ་པར་ཤེས་པ་བཞིན་ནོ། །ཞེས་གསུངས།
[6] བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་མཛད་པའི་བསྡུས་པ་ཆེ་བའི་རིགས་པའི་དེ་ཉིད་རྣམ་པར་ངེས་པ་ལས། ཡོངས་གཅོད་ལ་ཐེ་ཚོམ་དང་། ཕྱིན་ཅི་ལོག་དང་བྲལ་བའི་མི་སླུ་བའི་ཤེས་པ་ཚད་མར་གྲུབ་སྟེ། རྟོག་གེའི་སྐད་དུ། ཞེས་སོགས་ལུང་དེ་ཉིད་དྲངས་ནས་སྒྲུབ་མཛད་ཡོད་ཅིང་། ཡང་ཁོང་གིས་མཛད་པའི་སྡེ་བདུན་གྱི་སྙིང་པོ་རིགས་པའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་པ་ལས་ཀྱང་། རྣམ་གཅད་ལ་ཚད་མིན་གྱི་བློ་ལོག་ཤེས་ཐེ་ཚོམ་གཉིས་སུ་ངེས་པས་ཡོངས་གཅོད་ལ་ཐེ་ཚོམ་དང་། ཕྱིན་ཅི་ལོག་དང་བྲལ་བའི་མི་སླུ་བའི་ཤེས་པ་ཚད་མར་གྲུབ་སྟེ། རྟོག་གེའི་སྐད་དུ། ཞེས་གཅིག་མཐུན་དུ་དྲངས་མཛད་ཡོད། སྡེ་བདུན་གྱི་སྙིང་པོ་རིགས་པའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཞབས་ཀྱི་བཀའ་འབུམ་པོད་བཞི་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་། ཤོག་གྲངས། ༤༠༠
[7] ཚད་མ་རིགས་གཞུང་རྒྱ་མཚོ། དཔལ་སྤུངས་པར་མ། པོད་དང་པོ། ཤོག་གྲངས། ༡༤བདེས་ན་ཚད་མིན་གྱི་བློ་ཐམས་ཅད་ཐེ་ཚོམ་དང་ལོག་ཤེས་གཉིས་སུ་གྲངས་ངེས་སོ། །ཞེས་གསུངས།
[8] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཞེ། ༡༨༨ཙནྡྲ་གོ་མའི་རིགས་པ་གྲུབ་པའི་སྒྲོན་མེ་ལས། མ་རྟོགས་ལོག་རྟོགས་ཐེ་ཚོམ་ལས། །གྲོལ་ནས་ངེས་དོན་གནས་བྱའི་ཕྱིར། །ཞེས་དང་། དེས་ནི་མ་རྟོགས་ལོག་རྟོགས་དང་། །ཐེ་ཚོམ་ལས་གྲོལ་ངེས་དོན་གཤེས། །ཞེས་སོ། །སྡེ་དགེའི་བསྟན་འགྱུར། རྒྱུད། པོད། ཚི། ༣༡༥ སློབ་དཔོན་བྷ་བས་མཛད་པའི་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ལས། མ་རྟོགས་ལོག་རྟོགས་ཐེ་ཚོམ་ཅན། །དེ་རྣམས་བསལ་བའི་དོན་ཆེད་དུ། །སྐྱེ་མེད་འགག་མེད་ལ་སོགས་བརྗོད། །ཅེས་གསུངས་པས་མཚོན་ནོ། །སྐབས་སུ་བབ་པ་དཔལ་ལྡན་ཕྱོགས་ཀྱི་གླང་པོའི་གཞུང་ལས་ཀྱང་བྱུང་སྟེ། སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ༢ ཚད་མ་ཀུན་བཏུས་ལས། མ་རྟོགས་ལ་སོགས་ཀུན་ལ་མིན། །ཞེས་དང་། སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ༡༩ དེའི་ཐད་ཀྱི་རང་འགྲེལ་ལས། དེ་ལྟ་ན་ནི་ཤེས་བྱ་ཁོང་དུ་ཆུད་ཀྱང་གང་མ་རྟོགས་པ་དང་ཐེ་ཚོམ་ཟ་བ་དང་ལོག་པར་རྟོགས་པ་ལས་ལོག་པ་དེ་འབྲས་བུར་འགྱུར་ན། དེ་ཡང་མི་རིགས་ཏེ། གང་གི་ཕྱིར། ཞེས་གསུངས།
[9] རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་གསུང་འབུམ། བཀའ་གདམས་དཔེ་དཀོན་གཅེས་བཏུས། དེབ་གསུམ་པ། ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་། ཤོག་གྲངས། ༧༣རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད་ལས། ཡང་དེ་དག་ལས་སྣང་ལ་མ་ངེས་པ་དང་བཅད་པའི་ཡུལ་ཅན་གཉིས་མ་རྟོགས་པའི་བློར་འདུ། ལོག་ཤེས་དང་ཡིད་དཔྱོད་གཉིས་ལོག་པར་རྟོགས་པ་ཡིན། ཐ་མ་ཐེ་ཚོམ་ཁོ་ན་་ཡིན་ནོ། །ཞེས་ཚད་མིན་བློ་ལྔ་པོ་བསྡུ་ན་གསུམ་དུ་འདུ་བར་གསུངས། བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་གླེགས་བམ་དང་པོ། མཚན་ཉིད་ཀྱི་ཆོས་ཞེས་བྱ་བ་ཚད་མ་རྣམ་ངེས་ཀྱི་བསྡུས་དོན། སི་ཁྲོད་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༣༧༧ ཡང་རྣམ་ངེས་ཀྱི་བསྡུས་དོན་ལས། ཤེས་པ་ནི་རྣམ་པ་བཞི་སྟེ། ཡང་དག་པར་རྟོགས་པ་དང་། མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཐེ་ཚོམ་མོ། །ཞེས་གསལ།
[10] ཆོས་རྗེ་ཕྱྭ་པས་དེ་ལྟར་གསུངས་པའི་གཞུང་ཡང་ཡོད་དེ། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་བའི་ཚིག་དོན་རབ་གསལ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤོག་གྲངས། ༡༢ དེ་ཉིད་ཀྱིས་མཛད་པའི་འདུལ་བ་སུམ་བརྒྱ་པའི་ཆ་ཊཱིཀ་ལས། དེ་ལ་དགོས་པ་ནི་སྤོང་བ་བཞི་འཁོར་དང་བཅས་པ་སྤང་བྱ་བཅུ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱི་ཡུལ་ལ། མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཐེ་ཚོམ་ཟ་བ་གསུམ་བསལ་ནས་མཚན་ཉིད་ཇི་བ་བཞིན་རྟོགས་པ་སྟེ། ཞེས་ཡང་དག་པའི་ཤེས་པའི་བསལ་བྱ་ལ་གསུམ་པོ་དེ་གསུམ་དུ་བཤད་པའི་ཕྱིར།
[11] ཀརྨ་པཀྴིའི་ཞུས་ལན་རྒྱ་མཚོ་མཐའ་ཡས། རྣམ་གྲངས་ནི་ལྔ་སྟེ་ཐེ་ཚོམ་ཡིད་དཔྱོད་སྣང་ལ་མ་ངེས་པ་ལོག་ཤེས་བཅད་པའི་ཡུལ་ཅན་ནོ། །ཞེས་སོ། །
[12] ཞྭ་དམར་བཞི་པའི་དགོངས་གཅིག་གསལ་བྱེད། བོད་དཔེ་རྙིང་པ། ཤོག་གྲངས། (༧༣བ) སངས་རྒྱས་ཀྱི་བཀའ་ལ་བརྟེན་ནས་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱིས་ཚད་མའི་བསྟན་བཅོས་བརྩམས་པ་ལས། ཚད་མའི་བློ་མངོན་སུམ་དང་རྗེས་དཔག །ཚད་མ་མ་ཡིན་པའི་བློ་ཐེ་ཚོམ་དང་། ཡིད་དཔྱོད། ལོག་ཤེས། དཔྱད་ཤེས། སྣང་ལ་མ་ངེས་པ་དང་ལྔར་བཤད་པ་ལ། ཞེས་གསུངས།
[13] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༩༦
[14] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༢༧༦
[15] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། པེ། ཤོག་གྲངས། ༡༧༤
[16] སྡེ་དགེའི་བཀའ་འགྱུར། དཀོན་བརྩེགས། ཁ། ཤོག་གྲངས། ༢༣༩
[17] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༡༣༦
[18] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༡༢༢
[19] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཉེ། ཤོག་གྲངས། ༡༧༧
[20] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཞེ། ཤོག་གྲངས། ༣༣༧བ-༣༣༨ན
[21] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཞེ། ཤོག་གྲངས། ༣༢༥
[22] སྡེ་དགེའི་བསྟན་འགྱུར། ཚད་མ། ཅེ། ཤོག་གྲངས། ༢༣༩
[23] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཚེ། ཤོག་གྲངས། ༡༩༡
[24] ཀརྨ་པཀྴིའི་གསུང་འབུམ་ལས་ཞུས་ལན་རྒྱ་མཚོ་མཐའ་ཡས། བོད་དཔེ་སྣ་རིང་། ཤོག་གྲངས། ༨བ
[25] ཕར་ཕྱིན་རྗེ་བཙུན་ངལ་གསོ། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད། དཔལ་སྤུངས་པར་མ། ཤོག་གྲངས། ༦༣
[26] ཕར་ཕྱིན་རྗེ་བཙུན་ངལ་གསོ། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད། དཔལ་སྤུངས་པར་མ། ཤོག་གྲངས། ༢༥༤
[27] འབྲིག་གུང་ཆོས་མཛོད། འུ། མི་བསྐྱོད་རྡོ་རྗེས་མཛད་པའི་དགོངས་གཅིག་འགྲེལ་ཆེན། བྲིས་མ་དབུ་ཅན། ཤོག་གྲངས། ༣
[28] སྡེ་དགེའི་བསྟན་འགྱུར། སྐྱེས་རབས། པོད། ཁེ། ཤོག་གྲངས། ༩༠
[29] སྡེ་དགེའི་བཀའ་འགྱུར། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སྐབས་གཉིས་པ་བྱང་ཆུབ་སེམས་པའི་སྡེ་སྣོད་ཀྱི་མདོ། ཁ། ཤོག་གྲངས། ༡༥༩
[30] སྒམ་པོ་པའི་གསུང་འབུམ། པར་མ་དཔེ་རྙིང་། པ། ཤོག་གྲངས། ༣
[31] སྡེ་དགེའི་བཀའ་འགྱུར། དཀོན་བརྩེགས། ཀ། ལེའུ་དང་པོ་སྡོམ་གསུམ་བསྟན་པ། ཤོག་གྲངས། ༣༢
[32] སྡེ་དགེའི་བསྟན་འགྱུར། རྒྱུད། ཝི། ཤོག་གྲངས། ༥༡
[33] སྡེ་དགེའི་བསྟན་འགྱུར། རྒྱུད། པོད། ཝི། ཤོག་གྲངས། ༡༣༨ ན་བཞུགས།
[34] དམ་པའི་ཆོས་དགོངས་པ་གཅིག་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་། པོད་བཅོ་ལྔ་པ། ཤོག་གྲངས། ༤༨༧
[35] ཆོས་རྗེ་ཀརྨ་ཕྲིན་ལས་པའི་གསུང་འབུམ། མ་ཧཱ་ཤྲཱི་གསུང་རབ་གླིང་ནས་བསྒྲིགས། སི་ཁྲོད་མི་རིགས་དཔེ་བསྐྲུན་ཁང་། པོད། ཁ། ཤོག་གྲངས། ༣༨༠
[36] ཆོས་རྗེ་ཀརྨ་ཕྲིན་ལས་པའི་གསུང་འབུམ། མ་ཧཱ་ཤྲཱི་གསུང་རབ་གླིང་ནས་བསྒྲིགས། སི་ཁྲོད་མི་རིགས་དཔེ་བསྐྲུན་ཁང་། པོད། ཁ། ཤོག་གྲངས། ༣༦༣
[37] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཞེ། ཤོག་གྲངས། ༣༢༩ བྱིས་པ་འཇུག་པའི་རྟོག་གེའི་སྐད་ལས། རྟགས་བཟུང་ཞིང་འབྲེལ་པ་དྲན་པའི་རྗེས་སུ་དཔོག་པས་ན་རྗེས་སུ་དཔག་པའོ། །ཞེས་གསུངས།
[38] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༡༢༠
[39] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༡༡༨
[40] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༡༥༢
[41] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༢༣༩
[42] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཞེ། ཤོག་གྲངས། ༣༤༢
[43] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༡༢༧
[44] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཛེ། ཤོག་གྲངས། ༨༩ འདི་ལ་འཐད་ལྡན་ཆེན་པོ་ཞེས་མི་བརྗོད་པ་འདྲ་སྟེ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ཀྱི་དཀར་ཆགས་སོགས་ལས་གསལ་བ་ལྟར་ན་པོད་ཚེ་པའི་ནང་བཞུགས་པའི་རྣམ་ངེས་ཀྱི་འགྲེལ་པ་དེར་འཐད་ལྡན་ཆེ་བ་ཞེས་བརྗོད་པ་འདྲའོ། །
[45] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཛེ། ཤོག་གྲངས། ༩
[46] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཞེ། ཤོག་གྲངས། ༢༢༢
[47] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཞེ། ཤོག་གྲངས། ༢༠༦
[48] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཝེ། ཤོག་གྲངས། ༤༤
[49] ཀརྨ་པཀྴིའི་གསུང་འབུམ་ལས་ཞུས་ལན་རྒྱ་མཚོ་མཐའ་ཡས། བོད་དཔེ་སྣ་རིང་། ༩ན
[50] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༡༦༧
[51] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༩༧
[52] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༡༢༢
[53] སྡེ་དགེའི་བསྟན་འགྱུར། ཚད་མ། པོད། ཅེ། ཤོག་གྲངས། ༡༣༦
– – – – –
![]()



