སྔ་འགྱུར་རྒྱུད་འབུམ་ཇི་ལྟར་བྱུང་ཚུལ་གླེང་བ།

0
215

ནང་དོན་གནད་བསྡུས། བོད་ཀྱི་ནང་བསྟན་རིག་གནས་ལ་མཚོན་ན་འགྱུར་སྔ་ཕྱིའི་དབང་གིས་སྔ་འགྱུར་དང་ཕྱི་འགྱུར། བརྗོད་བྱ་ནང་དོན་གྱི་དབང་དུ་བྱས་ན་མདོ་དང་སྔགས།  མདོ་ཕྱོགས་ལ་ཐེག་པ་ཆེ་ཆུང་གི་དབྱེ་བ་དང་། གསང་སྔགས་ལ་ཡང་ཕྱི་རྒྱུད་དང་ནང་རྒྱུད་ཀྱི་དབྱེ་བ་ཡོད་རུང་གཞི་རྩའི་ཆ་ནས་སྔགས་ཕྱི་རྒྱུད་དང་མདོ་ཕྱོགས་ལ་ཁྱད་པར་གྱི་དབྱེ་བ་མེད། འོན་ཀྱང་སྔ་འགྱུར་དང་ཕྱི་འགྱུར་སྟེ་འགྱུར་སྔ་ཕྱིའི་དུས་ཚོད་ལ་ཁྱད་པར་ཡོད་པ་མི་ཚད། བསྒྱུར་བའི་ཆོས་ཀྱི་རྒྱུད་སྡེ་ལ་ཡང་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་པ་དེ་རེད།  དེས་ན་ད་ལམ་འདིར་སྔ་འགྱུར་རྒྱུད་འབུམ་དུ་གྲགས་པའི་གསུང་རབས་ཡིག་ཆ་རྣམས་ཀྱི་བརྒྱུད་རིམ་སྟེ། དེ་ཡང་ཐོག་མར་བོད་བཙན་པོའི་སྐབས་ཏེ་དུས་རབས་བཅུ་པའི་ཡར་སྔོན་ནས་ད་ལྟའི་བར་འཕེལ་རིམ་གྱི་ལོ་རྒྱུས་དང་། ད་ལྟ་བཞུགས་བཞིན་པའི་རྒྱུད་འབུམ་བྲིས་སྤར་གྱི་དཔེ་རྒྱུན་མི་འདྲ་བ་གང་བཞུགས་པ་དང་། དེ་དག་བྱུང་འཕེལ་གྱི་ངོ་སྤྲོད་མདོར་བསྡུས་ཙམ་གྱི་ཟིན་ཐོ་ཞིག་མཉམ་སྤྱོད་བྱ་རྒྱུ་དེ་ཡིན། 

 གནད་ཚིག །དཀར་ཆག །སྔ་འགྱུར། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག །རྫོགས་ཆེན། རྒྱུད་འབུམ།

 བརྗོད་བྱ་དངོས།

ད་ལྟའི་ཆར་མཇལ་དུ་ཡོད་པའི་དཀར་ཆག་འཕང་ཐང་མ་རུ། “ཨི་ཏི། སྔགས་ནང་པའི་འགྱུར་བྱང་གཞན་ན་བཞུགས།” [1]ཞེས་པ་ཙམ་ལས། ལྡན་དཀར་དཀར་ཆག་ཏུ་གང་ཡང་མི་གསལ་རུང། རྒྱལ་དབང་ལྔ་པ་ཆེན་པོས། “དཀར་ཆག་འཕང་ཐང་མ་དང་ལྡན་དཀར་དུ། །གསང་སྔགས་ནང་གི་རྒྱུད་རྣམས་ཆེས་གཉན་པས། །འགོད་པར་མ་ནུས་ཞེས་པ་སྔ་འགྱུར་གྱི།  །རྒྱུད་ལས་ངོས་འཛིན་གཞན་པ་བྱ་རྒྱུས་དབུལ། ”[2]ཞེས་གསུངས་པ་དང་། ཡང་ལྔ་པའི་གསན་ཡིག་ལས། “དཔལ་འཛིན་གྱིས་གསར་མའི་རྒྱུད་འགྲེལ་སྒྲུབ་ཐབས་འདི་ཙམ་ཞིག་འགྱུར་བ་ལ་རྫོགས་པ་ཆེན་པོ་ཞེས་པའི་མིང་ཙམ་ཡང་མེད་ཅེས་སྨྲ་བ་ནི་རང་ཉིད་ཀྱིས་མ་མཐོང་བ་ཁོ་ན་རྒྱུ་མཚན་དུ་བྱས་པ་སྟེ། འཇམ་དཔལ་ཞལ་ལུང་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱིའི་གཟུགས་ཅན་ཞེས་དང་། སྒྲུབ་ཐབས་ཀུན་ཏུ་བཟང་མོར་ཡང་རྫོགས་པ་ཆེན་པོ་ཞེས་བཤད་ཅིང་། ཞལ་ལུང་གི་འགྲེལ་པར་གསང་བ་སྙིང་པོ་ནས་བཤད་པའི་ནུས་པའི་དབང་ལྔ་པོ་དེ་སྨོས་ནས་དེ་དང་ཆ་མཐུན་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པར་བཤད་པ་སོགས་རྣམ་གྲངས་ཆེས་མང་། དེའང་དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ་སོགས་སུ་གསང་སྔགས་ཕྱིའི་རྒྱུད་རྣམས་ཞིབ་མོར་བཀོད་པའི་རྗེས་སུ། གསང་སྔགས་ནང་གི་རྒྱུད་རྣམས་ནི་ཆེས་གཉན་པས་རེ་ཞིག་འདིར་མ་བཀོད་ཅེས་གསུངས་པའི་གསང་སྔགས་ནང་རྒྱུད་ནི་གསང་འདུས་རྩ་རྒྱུད་དང་སངས་རྒྱས་མཉམ་སྦྱོར་སོགས་ཐོར་བུ་མ་གཏོགས་གསར་མ་རྒྱུད་འབུམ་ན་བཞུགས་པ་ཕལ་ཆེར་པཎ་ཆེན་སྨྲྀ་ཏི་དང་ལོ་ཆེན་རིན་བཟང་མན་གྱིས་བསྒྱུར་བ་ཤ་སྟག་ཡིན་པས་བསྟན་པ་སྔ་དར་ལ་འོང་དོན་མེད་པས་ན། དཀར་ཆག་ཁུངས་མ་དེ་དག་ཏུ་རེ་ཞིག་མ་བཀོད་པའི་གསང་སྔགས་ནང་རྒྱུད་སྔགས་རྙིང་མ་ཡོ་ག་གསུམ་གྱི་རྒྱུད་ལས་གཞན་དུ་ངོས་འཛིན་རྒྱུ་མེད། དཀར་ཆག་ཏུ་རེ་ཞིག་མ་བཀོད་གསུངས་པ་དང་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས་རྣལ་འབྱོར་བླ་མེད་ཁྱབ་གདལ་དུ་བསྒྱུར་བ་བཀག་པའི་ལོ་རྒྱུས་དང་། བཻ་རོ། གནུབས། རྨ་གཉགས་སོགས་ལོ་ཙཱ་བ་མང་པོས་བླ་མེད་ཀྱི་སྐོར་སྦས་པའི་ཚུལ་གྱིས་བསྒྱུར་བའི་བཤད་ཁུངས་རྣམས་ཀྱང་གུང་མཐུན་ནོ། །”[3] ཞེས་དང་།  ཡང་སྒྲ་སྦྱོར་བམ་གཉིས་ལས་“གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོ་ངག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱིས། ཕྱིན་ཆད་གཟུངས་སྔགས་དང་བླ་ནས་བཀའ་སྩལ་ཏེ། སྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་།”[4]ཞེས་གསལ་བ་དང་། དེ་མཚུངས་སུ་ཏུན་ཧོང་ཡིག་ཚང་ནང་གི་སྒྲ་སྦྱོར་བམ་པོ་གཉིས་པ་ལས་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་ཀྱང་གསང་བར་བྱ་བ་ཡིནད་ཏེ། སྣོད་དུ་མ་གྱུརད་པ་ལ་བཤད་ཅིང་བསྟན་དུ་ཡང་མྱི་རུང་ལ། །བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། །ལྡེམ་པོ་ངག་ཏུ་བཤད་པ་མ་ཁྲེལ་ནས། །སྒྲ་ཇི་བཞིན་དུ་འཛིནད་ཀྱང་ལོག་པར་སྤྱོད་པ་དག་ཀྱང་བྱུང་། །སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞྀང། བོད་སྐད་དུ་སྒྱུར་བ་དག་ཀྱང་བྱུང་ཞེས་གདའས་ཀྱིས། །ཕྱིན་ཅད་ཀྱང་གཟུང་སྔགས་དང། །བླ་ནས་བཀའ་སྩལད་དེ་སྒྱུར་དུ་བཅུག་པ་ལ་མ་གཏོགས་པར་སྔགས་ཀྱྀ་རྒྱུད་དང་སྔགས་ཀྱྀ་ཚིག་ཐུ་ཞིང་སྒྱུར་དུ་མྱྀ་གནངོ། [5]ཞེས་སྔགས་ནང་རྒྱུད་བསྒྱུར་བར་བཀའ་རྒྱ་དམ་པོ་ཡོད་ཚུལ་གསལ་ཡོད།

ད་ལྟའི་ཆར་སྔགས་ནང་རྒྱུད་སྡེ་གསུམ་གྱི་ཡིག་ཆ་ཕྱོགས་གཅིག་ཏུ་བསྒྲིགས་པའི་མཚན་ཐོ་མཐོང་རྒྱུ་ཡོད་པ་སྔ་ཤོས་དེ་རྒྱུད་ཆེན་པོ་སུམ་ཅུ་རྩ་དྲུག་སྟེ། “ཚ་ཏི་ཤ་ཟོ་ག་ཏན་ཏྲ། རྒྱུད་ཆེན་པོ་སུམ་ཅུ་རྩ་དྲུག་ག་ལ་བྱ། །ཏན་ཏྲ་མ་ཡ་འཛ་ལ། །རྒྱུད་སྒྱུ་འཕྲུལ་དྲ་བ་དང་། སྲི་སྨ་ཛ་ཏན་ཏྲ། དཔལ་ཐམས་ཅད་འདུས་པའི་རྒྱུད་དང་། བེ་རོ་ཛ་ན་མ་ཡ་ཛྭ་ལ་ཏན་ཏྲ། རྣམ་པར་སྣང་མཛད་རྒྱུད་སྒྱུ་འཕྲུལ་དྲ་བ་དང་། མན་ཛུ་སྲི་མ་ཡ་ཛྭ་ལ་ཏན་ཏྲ། འཇམ་དཔལ་ཡེ་ཤེས་སེམས་པའི་རྒྱུད་སྒྱུ་འཕྲུལ་དྲ་བ་དང་། ལོ་ཀེ་ཤྭ་ར་མ་ཡ་ཛྭ་ལ་ཏན་ཏྲ། སྤྱན་རས་གཟིགས་དབང་ཕྱུག་གི་རྒྱུད་སྒྱུ་འཕྲུལ་དྲ་བ་དང་། བ་ཛྲ་སྦད་ཏཱ་མ་ཡ་ཛྭ་ལ་ཏན་ཏྲ།  རྡོ་རྗེ་སེམས་པའི་རྒྱུད་སྒྱུ་འཕྲུལ་དྲ་བ་དང་དེ་བྱེ་མ་ཡ་ཛྭ་ལ་ཏན་ཏྲ།  ལྷ་མོ་རྒྱུད་སྒྱུ་འཕྲུལ་དྲ་བ་དང་།  ག་ཡ་བ་ག་ཙིད་ད་ཏན་ཏྲ། སྐུ་གསུང་ཐུགས་གི་རྒྱུད་གསུམ་དང་། ག་ཡ་ཏན་ཏྲ་སརྦ་འབུ་ཏ་ས་མ་ཛོ་ག །སྐུའི་སྦྱོར་བ་ཐམས་ཅད་སངས་རྒྱས་ཀྱི་རྣམ་སྦྱོར་གི་རྒྱུད། བ་ག་ཏན་ཏྲ། འགུ་ཡ་ཏིལ་ཀ གསུང་གི་འགྲེལ་བ་ཟླ་གསང་ཐིག་ལེ་རྒྱུད་། ཙིད་ཏ་ཏན་ཏྲ། འགུ་ཛྱ་ས་མ་ཛ་། །ཐུགས་ཀྱི་ཐིགས་པ་རྒྱུད་གསང་བ་འདུས་པ་དང་། མུ་ལ་ཏན་ཏྲ། རྩ་བའི་རྒྱུད་དང་། ཨ་མོ་ག་པ་ས་ཏ་ཏན་ཏྲ། །རྒྱུད་ཐབས་ཀྱི་ཞགས་པ། འགུ་ཡྱ་ཀར་རྦ་ཏན་ཏྲ། རྒྱུད་གསང་བའི་སྙིང་པོ། བ་ཛེ་ཨམ་འབྲི་ཏ་ཏན་ཏྲ། བདུད་རྩིའི་རྒྱུད་བམ་པོ་བརྒྱད་པ་དང་། བ་ཛེ་ཙ་དུ་སྤྲི་སྟི་ཏན་ཏྲ་དང་། རྡོ་རྗེ་གདན་བཞིའི་རྒྱུད་དང་། ཧེ་རུ་ཀ་ཨ་པུ་ཐ་ཏན་ཏྲ། ཧེ་རུ་ཀ་ཐམས་ཅད་འབྱུང་བའི་རྒྱུད་དང་། མ་རི་ཛི་ཀལ་པ་ཏན་ཏྲ་དང་། ལྷ་མོ་འོད་ཟེར་ཅན་འབྱུང་བའི་རྒྱུད་དང་། ལག་ཁྱི་མི་ཤ་ད་ན་ཏན་ཏྲ། ཡང་དག་གྲུབ་པའི་རྒྱུད་དང་། པན་ཙ་སྐན་དའ་བྱི་ར་ན་ཏན་ཏྲ།  ཕུང་བོ་ལྔའི་གྲུབ་པའི་ཏན་ཏྲ་དང་།”[6]སོགས་གསལ་བ་དང་། ཡང་གནུབས་ཀྱི་བཀའ་ཤོག་རྒྱ་བོ་ཆེའི་ནང་དུ། “རྒྱུད་ལ་རྒྱུད་ཀྱི་ཡན་ལག་བཅོ་བརྒྱད་གནང་། ལུང་གི་ཆོས་ལ་ལུང་གི་མདོ་བདུན་གནང་། མན་ངག་ཆོས་ལ་མན་ངག་རྩ་བ་བཞི་པོ་གནང་།  དེ་ལྟར་སྔགས་རྒྱུད་སུམ་ཅུ་རྩ་དྲུག་གནང་བ་འདི་ལྟར་ལགས། །རྒྱུད་ཀྱི་ཡན་ལག་བཅོ་བརྒྱད་དང་ནི། ལུང་གི་མདོ་བདུན་དང་། མན་ངག་གི་རྩ་བ་བཞི། ཡན་ལག་གི་རྒྱུད་ཕྱི་མ་བདུན་སོགས། བཀའ་གསང་རྨད་དུ་བྱུང་བ་བཀའི་བརྒྱུད་པ་འདི། །རྒྱུད་ལུང་མན་ངག་གསུམ་གྱི་བཅུད་བསྡུས་ནས། །བོད་ཀྱི་བན་ཆུང་ཁྱོད་ལ་གཏད་ཀྱིས་ནན་ཏན་གྱིས། །དེ་སྐད་གསུངས་ནས་བཀའི་བརྒྱུད་པ་མང་པོ་གཏད། །”[7]ཅེས་རྒྱུད་སུམ་ཅུ་རྩ་དྲུག་པོ་དེ་གནུབས་ཆེན་ལ་གནང་བ་ལྟར་གསལ་ཡོད།

གནུབས་ཆེན་གྱི་གསུང་འཇམ་དཔལ་གཤིན་རྗེའི་སྐོར་དང་འབྲེལ་བའི་རྣམ་ཐར་ལས། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །ལོ་བརྒྱད་ལོན་ནས་ཡིག་རྩིས་བརླབས། །བཅུ་ཅིག་ལོན་ནས་འཛམ་གླིང་ཁྱབ་པར་འཁྱམས། །བདག་གིས་མཁས་པ་བཅུ་ཅིག་ཞལ་ཡང་མཐོང་། །བདག་གིས་རྒྱ་དང་བལ་བོའི་ཡུལ་དུ་ལན་བདུན་ཕྱིན། །སྐད་སྣ་བདུན་དང་མི་འགལ་གསང་སྔགས་བསྒྱུར། །”[8]ཞེས་སོགས་དང་།  ཡང་རྣམ་ཐར་དེ་ཉིད་ལས། རྒྱ་བོད་མཁས་པའི་ཐུགས་ལ་གསང་སྔགས་གབ།  །ཚད་དུ་མ་འགྱུར་ཕྱི་ལྟར་དགྱེའ་བར་འདུག ། བོད་གྱི་བན་ཆུང་དེ་ལ་ཡིད་མ་ཆེས། །རྒྱ་དང་བལ་པོའི་ཡུལ་དུ་ཕྱིན་པ་དང་། །མཁའ་འགྲོའི་ལུང་བསྟན་བླ་མས་བདུད་རྩི་གནང་། །ཁྱད་པར་གསང་བའི་ཁ་བྱང་དམ་པ་འཇོག །འདི་རུ་བཀོད་པ་རྩིགས་གྱི་གསང་སྔགས་ཡིན།  །ཕྱི་མ་རྩིས་རྒྱ་ཐུན་མོང་དག་དུ་བསྟན། །འཇམ་དཔལ་ནག་པོའི་གསང་རྒྱུད་འདི་རྣམས་ཡིན། །རྒྱུད་ཀྱི་རྒྱལ་པོ་དྲུག་དང་ཉེ་བའི་བཏུད་བརྒྱུད་གསུམ། །སྙིང་པོ་བསྡུས་པའི་རྒྱུད་གསུམ།  །ཐུས་ཀའི་རྒྱུད་སྡེ་གསུམ།  གསང་བའི་རྒྱུད་སྡེ་བཅོ་ལྔ་ཞེས་སུ་གྲགས། །རྣ་རྒྱུད་ལ་སོགས་འབྱེད་པའི་རྒྱུད་བདུན་དང་། །འཕྲ་མོ་དྲུག་ཅུ་རྩ་ཅིག་འཕྲ་རྒྱུད་ཡིན། །”[9]ཞེས་སོགས་འཇམ་དཔལ་གཤིན་རྗེའི་རྒྱུད་སྐོར་མང་པོ་གསལ་བ་དང་། ཡང་ནུབས་ཀྱི་བན་ཆུང་སངས་རྒྱས་ཀྱིས། །མ་མོ་རྒང་ཤར་རྗེས་གཅོད་ཀྱི།  །རྒྱུད་དང་སྒྲུབ་ཐབས་མ་ལུས་པ། །མཁས་པ་རྣམས་ལ་ཏིང་ཐག་བཅད།  ། ” [10]ཅེས་མ་མོའི་རྒྱུད་ཀྱི་མཚན་ཐོ་རྣམས་གསལ་བ་དང་།  དེ་ནས་ཀཿདམ་པ་བདེ་གཤེགས་ཀྱི་དངོས་སློབ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་དབྱེ་བསྡུས་པ་རུ། གསང་བའི་བདག་པོའི་ལུང་བསྟན་གདམས་ངག་བཞིན། རྒྱུད་སྡེ་སུམ་ཅུ་རྩ་དྲུག་ཐམས་ཅད་ཀུན། རྒྱུད་དང་ལུང་དང་མན་ངག་གསུམ་དུ་ཕྱེ། །དེ་ཡང་རྒྱུད་ཀྱི་ཡན་ལག་བཅོ་བརྒྱད་དང་། ལུང་གི་མདོ་བདུན་མན་ངག་རྒྱུད་སྡེ་བཞི། དེའི་ཡན་ལག་རྒྱུད་བདུན་གྲགས་པའོ། །”[11]ཞེས་རྒྱུད་སྡེ་སུམ་ཅུ་རྩ་དྲུག་གི་དབྱེ་བ་བཀའ་ཤོག་རྒྱ་བོ་ཆེ་དང་ཕྱོགས་འདྲ་བར་གསལ།

ཡང་གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་དབྱེ་རྒྱས་པ་རིན་ཆེན་ཕྲེང་བའི་ནང་དུ། ནང་པ་ཐབས་ཀྱི་རྒྱུད་ལ་གསུམ་གྱི་བསྐྱེད་པ་མ་ཧ་ཡོ་ག་ནི། དཔལ་འཕྲེང་དམ་པའི་འགྲེལ་པར་སློབ་དཔོན་ཀུ་ཀུ་ར་ཙས་རྡོ་རྗེ་སེམས་དཔའི་མན་ངག་བཞིན་དུ་ཏན་ཏྲ་སྡེ་བཅོ་བརྒྱད་དུ་བསྡུས་པ་ཡིན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞིའི་རྩ་བར་གྱུར་པའི་རྒྱུད་ལྔ། བསྒྲུབ་པ་ལག་ལེན་དུ་བསྟན་པ་རོལ་པའི་རྒྱུད་ལྔ། སྤྱིའི་ཡན་ལག་ཏུ་འགྲོ་བའི་རྒྱུད་ལྔ། ཐམས་ཅད་ཀྱི་རྩ་བར་གྱུར་པའི་རྒྱུད་དང་། མ་ཚང་བ་ཁ་སྐོང་བའི་རྒྱུད་དང་། ཐམས་ཅད་ཀྱི་ཞབས་བསྡུས་པ་དང་བཅོ་བརྒྱད་”[12]སོགས་རེ་རེ་བཞིན་ཞིབ་པར་གསལ་ཡོད། །

ཡང་རྫོགས་པ་ཨ་ནུ་ཡོ་གའི་རྒྱུད་སྡེ་ནི། ལུང་རྩ་བའི་མདོ་བདུན་དང་། ཕྱི་མའི་མདོ་བདུན་ནོ། །”ཞེས་བཅུ་བཞི་བཤད་པ་དང་། རྫོགས་པ་ཆེན་པོའི་རྒྱུད་ནི། བཀྲ་ཤིས་པའི་རྒྱུད་ལས། གསང་བའི་གསང་མཆོག་བླ་ན་མེད། །བསྟན་པའི་སྙིང་པོ་ངེས་པའི་རྒྱུད། །གདུལ་བྱའི་དབང་གིས་རིམ་པ་བཞིན། །དབྱེ་བ་ལྔའི་ཚུལ་དུ་བྱུང་། །རྣམ་པར་བཤད་པ་གདུལ་བྱའི་ཕྱིར། །མཐུན་འཇུག་སྒྲ་ལས་རྣམས་སྤྲོས་ཏེ། །ཡན་ལག་བདུན་གྱི་ཚུལ་གྱི་ནི། །ཤེས་འཇུག་མཚན་ཉིད་འབྲིལ་པར་བཤད། །དེ་དག་གསལ་བར་དོན་མཛད་སྣང་། །རྣམ་བཤད་རྒྱས་པར་བྱ་བའི་ཕྱིར། །འཁོར་གྱི་དགོངས་པ་ཅི་བཞིན་དུ། །རྒྱུད་བཞིས་གཏན་ལ་ངེས་པར་འབེབ། །ཅེས་པས། རྩ་བའི་རྒྱུད་སྡེ་ལྔ་དང་།  ཡན་ལག་གི་རྒྱུད་བདུན། བཤད་པའི་རྒྱུད་བཞི་སོགས་གསལ་བ་དང་། །ད་དུང་སྤྱིར་རྫོགས་པ་ཆེན་པོ་ལ་རྒྱལ་པོའི་སྐོར་དང་། བློན་པོའི་སྐོར། བྲམ་ཟེ་སྐོར་གསུམ་ལས་འདིར་སྨོས་པ་རྒྱལ་པོའི་སྐོར་རོ། དེ་ལའང་ཐོ་ཙམ་ལས། འདིས་མ་ཟིན་པའི་རྒྱུད་མང་ངོ་།  །”ཞེས་ཀྱང་གསལ།

ཡང་རོག་གི་ཆོས་འབྱུང་གྲུབ་མཐའ་ཆེན་མོ་བསྟན་པའི་སྒྲོན་མེ་ལས། བྱེ་བྲག་ཕྱེ་ན་གཉིས་ཏེ། རྒྱུད་སྡེ་དང༌། སྒྲུབ་སྡེའོ། །རྒྱུད་སྡེ་ནི་མདོ་དང༌། སྒྱུ་འཕྲུལ་དང༌། སེམས་ཕྱོགས་སོ། །དེ་ཡང་ཐེག་པ་དང་སྦྱར་ན། སྒྱུ་འཕྲུལ་ནི་མ་ཧཱ་ཡོ་ག །མདོ་ནི་ཨ་ནུ་ཡོ་ག །སེམས་ཕྱོགས་ནི་ཨ་ཏི་ཡོ་གའོ། །དེ་རྣམས་སྟོན་པའི་ཆོས་སྡེ་ནི། སྤྱི་རྒྱུད་མ་ཧཱ་ཡོ་ག་ལ། ཏན་ཏྲ་སྡེ་བཅོ་བརྒྱད་བཞུགས་ལ་ཁྱད་པར་དུ་གསང་བ་སྒྱུ་འཕྲུལ་ལ། རྒྱུད་སྒྱུ་འཕྲུལ་སྡེ་བརྒྱད་དུ་གྲགས་སོ”། །

ལུང་ཨ་ནུ་ཡོ་ག་ལ། ལུང་གིས་རྒྱུད་སྡེ་ཉེར་གཅིག་ཏུ་ཡང་གྲགས་སོ། །

སེམས་ཕྱོགས་ལ་ཀུན་བྱེད་རྒྱལ་པོ། །རྨད་དུ་བྱུང་བ། བང་མཛོད། ཡང་མཛོད། སྔ་འགྱུར་གྱི་རྒྱུད་ལྔ། རྒྱུད་ཕྲན་བཅུ་གསུམ། བྱེ་བྲག་ཏུ་རྒྱུད་ཕྲན་བསམ་གྱིས་མི་ཁྱབ་པ་བཞུགས་སོ། །

རྒྱུད་ཀྱི་རྒྱལ་པོ་དྲུག་ནི། བསྐྱེད་རྫོགས་གསུམ་གའི་ཐུན་མོང་གི་རྒྱུད་ཡིན་ནོ་ཡང་ཟེར། ལུང་ཨ་ནུ་ཡོ་གའི་རྒྱུད་ཡིན་ནོ་ཡང་ཟེར་རོ། །

སྒྲུབ་སྡེ་ནི་སྤྱིར་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བདག་ཉིད་དུ་གནས་པས་དེ་སྒྲུབ་པའི་ཐབས་ལ་ཡང་ལྔ་སྟེ། འཇམ་དཔལ་སྐུའི་སྒྲུབ་པ། པདྨ་གསུང་གི་སྒྲུབ་པ། ཡང་དག་ཐུགས་ཀྱི་སྒྲུབ་པ། བདུད་རྩི་ཡོན་ཏན་གྱི་སྒྲུབ་པ། ཕུར་པ་འཕྲིན་ལས་ཀྱི་བསྒྲུབ་པའོ། །

དང་པོ་འཇམ་དཔལ་ལ་སྐུའི། པདྨ་ལ་གསུང་། ཡང་དག་ལ་ཐུགས། བདུད་རྩི་ཡོན་ཏན། དཔལ་ཆེ་མཆོག་ཧེ་རུ་ཀ །ཕུར་བ་འཕྲིན་ལས་བཅས་དང་། བསྒྲུབ་པ་བཀའ་བརྒྱད་དུ་བྱས་ན། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་སྒྲུབ་པ་སྡེ་ཐུན་མོང་ལ་གསུམ་སྟེ། མ་མོ་རྦོད་སྟོང་གི་སྒྲུབ་པ་དང༌། དྲག་སྔགས་དམོད་མོའི་སྒྲུབ་པ་དང༌། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་པའོ། །དེ་དག་ཀྱང་ཡེ་ཤེས་ལྷའི་སྒྲུབ་པའི་བསྟན་པ་སྲུང་བ་དགོངས་ནས་ལས་བཀའ་བསམ་གྱིས་མི་ཁྱབ་པ་གཅིག་གསུངས་པ་ཡིན་ནོ། །ཞེས་སོགས་གསལ། ཡང་དེ་ཉིད་ལས།  རྒྱུད་སྡེ་རེ་རེ་ལ་ཡང་བྱེ་བྲག་ཏུ་ཕྱེ་ན། རྒྱུད་རྒྱས་པ་ཡན་ལག་བདུན་ལྡན་དུ་འདོད་པ་དང༌། རྩ་རྒྱུད་དང༌། བཤད་རྒྱུད་གཉིས་སུ་འདོད་པའི་ལུགས་སོ། །ཡན་ལག་བདུན་ནི། རྩ་བའི་རྒྱུད། བཤད་པའི་རྒྱུད། རྒྱུད་ཕྱི་མ། ཕྱི་མིའི་ཕྱི་མ། མ་ཚང་བ་ཁ་སྐོང་བའི་རྒྱུད། དཀའ་བ་ཡོངས་སུ་གཅོད་པའི་རྒྱུད། བཀོལ་བ་དུམ་བུར་ཕྱུང་བའི་རྒྱུད་དོ། །དེའི་ཚེ་ཁྱད་པར་ཡང༌། ཐོག་མར་སྟོན་པ་བདག་ཉིད་ཀྱིས་གསུངས་པ་རྩ་བའི་རྒྱུད། དེའི་རྗེས་ལ་འཆད་པའི་སྐྱེས་བུས་གསུངས་པ་བཤད་པའི་རྒྱུད་རྩ་རྒྱུད་དུ་གབ་པ་རྣམས་སྔོན་དུ་ཕྱུང་བ་ནི་རྒྱུད་ཕྱི་མ། ཕྱི་མ་ན་མ་གསལ་བར་གསལ་བར་བྱས་པ་ནི་ཕྱི་མའི་ཕྱི་མ། རྩ་རྒྱུད་དུ་མ་ཚང་བ་རྣམས་ལོགས་སུ་གསུངས་པ་མ་ཚང་བ་ཁ་སྐོང་བའི་རྒྱུད། རྩ་བའི་དཀའ་གནད་ལོགས་སུ་བཀྲལ་བ་ཡོངས་སུ་གཅོད་པའི་རྒྱུད། རྩ་བཤད་ནས་བཀོལ་ལོགས་སུ་ཕྱུང་བ་ནི་སྐོལ་བ་དུམ་བུའི་རྒྱུད་དོ། །

ཡང་རྩ་བཤད་གཉིས་སུ་ཕྱེད་ན། སྔ་མར་བྱུང་ཞིང་བཤད་གཞིར་གྱུར་པ་ནི་རྩ་བའི་རྒྱུད། རྗེས་ལ་བྱུང་ཞིང་འཆད་བྱེད་དུ་འདུག་པ་ནི་བཤད་པའི་རྒྱུད་དོ། བཤད་རྒྱུད་ལ་ཚུལ་དྲུག་སྟེ། མི་གསལ་བ་གསལ་བར་བྱེད་པ་དང༌། མ་ཚང་བ་ཁ་སྐོང་བ་དང༌། ཚུལ་མི་འདྲ་བ་སྟོན་པ་དང༌། དོན་བསྡུ་བ་དང༌། ཆ་མཐུན་ངེས་པ་བསྐྱེད་པ་དང༌། ཚིག་དོན་རྣམ་པར་ཕྱེ་བའི་བཤད་པའི་རྒྱུད་དོ། །རྒྱུད་ཀྱི་ལྡང་ཚད་ནི། རྒྱུད་ཀྱི་དངོས་པོ་བཅུ་ཚང་བར་སྟོན་པ་ལ། གླེང་གཞི། གླེང་བསླང་། གདམས་གཏད་དང་བཅས་པར་སྟོན་པའོ། །དེ་རྣམས་ཚང་ན་རྒྱུད་ཡོངས་སུ་རྫོགས་པ་ཆེན་པོ། དེ་རྣམས་མ་ཚང་བར་སྟོན་ན་རྒྱུད་འཐོར་བ་ཞེས་བྱའོ། །[13] ཡང་རྩ་བའི་རྒྱུད་དང་། ༡ ཡན་ལག་གི་རྒྱུད་དང་། ༢ བཤད་པའི་རྒྱུད་དང་། ༣ རྒྱུད་ཕྱི་མ་དང་། ༤ ཕྱི་མིའི་ཕྱི་མ་དང་། ༥ རྒྱུད་ཀྱི་རྩེ་མོ་དང་། ༦ བཀོལ་བའི་རྒྱུད་དང་། ༧ འཕྲོས་པའི་རྒྱུད་དང་། ༨ ཆ་མཐུན་པའི་རྒྱུད་ལ་སོགས་པ་དང་།  གཟུངས་དང་། རྟོགས་པ་དང་། ཞིབ་གསེས་ལུང་རིག་དང་བཅས་འདིར་མ་སྤྲོས་ཏེ།  ཡི་གེ་འཇིགས་པས་སོ། །[14]ཅེས་གསལ་བ་ལྟར་དང་པོ་རྩ་བའི་རྒྱུད་ལས་རིམ་གྱིས་བཤད་པའི་རྒྱུད་དང་། རྒྱུད་ཕྱི་མ་རྣམས་འཕྲོས་ཏེ་སྔ་མ་ལས་ཕྱི་མ་རྣམས་རིམ་གྱིས་འཕེལ་ཚུལ་གྱི་དབང་དུ་བྱས་ན།  ཐོག་མར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་བྱུང་། དེ་ལས་རིམ་གྱིས་རྒྱུད་སྡེ་སུམ་ཅུ་སོ་དྲུག་སོགས་སུ་འཕེལ་ཞིང་། དེ་ལས་རིམ་གྱིས་རྒྱུད་ཀྱི་གཞུང་ལུགས་རྒྱ་ཆེན་ཞིག་དར་འཕེལ་བྱུང་བ་སྟེ།[15] ཡང་དེ་ཉིད་ལས་ལུང་བསྟན་ཐོབ་པའི་སློབ་དཔོན་ཀླུ་སྒྲུབ་དང་། ལུ་ཧི་པ་དང་བྲམ་ཟེ་ཆེན་པོ་དང་། སྡོམ་པའི་པ་ལ་སོགས་པའི་སྐྱེས་བུ་ཡིས། བཀོལ་བ་དུམ་བུར་ཕྱུང་བའི་རྒྱུད་རྣམས་ཀུན།མཁའ་འགྲོའི་ལུང་བསྟན་ཙམ་ལ་རབ་བརྟེན་པས། འཛམ་བུའི་གླིང་དུ་དར་བར་བྱས་པ་སྟེ། སྐལ་ལྡན་ཚེ་འདིས་འབྲས་བུ་མངོན་བྱས་པའོ། །ཞེས་གསལ།[16]

ཡང་དེ་ཉིད་ལས་གསང་སྔགས་གསར་བྱུང་རྣམས་ནི། ཕལ་ཆེར་མཁའ་འགྲོ་མ་ལ་བརྒྱུད་དེ། གྲུབ་པའི་སློབ་དཔོན་རྣམས་ཀྱི་དྲངས་པ་སྟེ། འཁོར་ལོ་སྡོམ་པའི་སྐོར་རྣམས་ནི་སངས་རྒྱས་མཉམ་སྦྱོར་ལས་འཕྲོས་ཏེ། འཁོར་ལོ་བདེ་མཆོག་དང་། སྒྱུ་མ་བདེ་མཆོག་མཐུན་པ། མཁའ་འགྲོ་དང་སྤྱོད་པའི་དུས་སུ་ལུས་བརྡའ་དང་ངག་བརྡའི་ལན་དང་བཅས་པར་སྟོན་པ་དང་། རིགས་ལྔའི་དཀྱིལ་འཁོར་ལྔ་སྟོན་པས་སོ། །བདེ་མཆོག་རྩ་བ་འབུམ་ཕྲག་གསུམ་པ་དང་འབུམ་ཕྲག་གཅིག་པ་མཁའ་འགྲོའི་གནས་ན་བཞུགས། གཅེས་པ་བསྡུས་པ་རིག་པ་རྒྱ་མཚོའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ། བཤད་བརྒྱུད་བསྐྱེད་རིམ་གཙོར་སྟོན་པ་ངོས་བརྗོད་བླ་མ་སྔ་ཕྱི་གཉིས། འབྲས་བུ་སྐུ་གསུམ་གཙོར་སྟོན་པ་ཀུན་སྤྱོད། འཆི་ལྟས་གོང་འཕོ་གྲོངས་འཇུག་གཙོར་སྟོན་པ་མཁས་འགྲོ་སྔ་ཕྱི་གཉིས། རྫོགས་རིམ་གཙོར་སྟོན་པ་ཁ་སྦྱོར་ཐིག་ལེ། གཏོར་མ་སྦྱིན་སྲེག་ཚོགས་གཙོར་སྟོན་པ་སྡོམ་བ་འབྱུང་བ། རྡོ་རྗེ་སློབ་དཔོན་བདག་འཇུག་དང་། ཕག་མོའི་རྐང་བརྒྱད་དང་ལས་ཚོགས་གཙོར་སྟོན་པ་ཁྲག་འཐུང་འབྱུང་བ། མཁའ་འགྲོ་བཞིའི་རྒྱུད་སྒྱུ་མ་ཆེན་མོ། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་སྟོན་པ་ཕག་མོ་འབྱུང་བ།ཆ་མཐུན་པ་གདན་བཞིའི་སྐོར་རྣམས་སོ། བཀོལ་སའི་རྒྱུད་ཆུང་དྲུག་ཅུ་རྩ་གཅིག་སྟེ། གསང་བ་རྡོ་རྗེ་ལ་སོགས་པ་ར་ལིའི་རྒྱུད་ཆུང་ཉེར་བརྒྱད་དང་། གོ་ཆའི་ཡུམ་བཅུ་གཅིག་གི་རྒྱུད་ལ་སོགས་པའོ། །དཔལ་ཟླ་གསང་ཐིག་ལེ་ལ་འཕྲོས་པ་ནི་དགྱེས་པ་རྡོ་རྗེའི་སྐོར་རྣམས་ཏེ། གཏན་ཚིག་གང་ན་མཆིས། རྩ་བ་བརྟགས་པ་པོ་གཉིས། འབུམ་ལྔའི་བདག་ཉིད་དོ། །དེའི་བརྟག་པ་དང་སོ་གཉིས་མི་ཡུལ་དུ་འབྱུང་བའོ། །ཕྱི་མ་ཕྱག་རྒྱ་ཐིག་ལེ་དང་། ཡེ་ཤེས་ཐིག་ལེ་ལ་སོགས་པའོ། །བསྡུས་པ་གུར་རོ། ཨ་ར་ལི་སྡེ་བཞི་དང་། དཔལ་རྙོག་པ་མེད་པ་ལ་སོགས་པ་རྣམས་སོ། །གུར་ལས་རྒྱུད་བཅུ་བཞིར་བསྟན་པ་ནི། མ་རྒྱུད་ཙམ་གྱི་ཕྱོགས་གཅིག་སྟེ། མ་རྒྱུད་རང་ལའང་དེར་མ་འདུས་པ་མང་ངོ་། །དུས་ཀྱི་འཁོར་ལོ་ལ་ཐབས་ཤེས་རབ་གཉིས་ཀྱི་རྒྱུད་ཅེས་ཀྱང་ཁ་ཅིག་གི་ཟེར་རོ། །ཞེས་གསལ་བ་དང་།

ཀརྨ་པཀྴིའི་གསར་རྙིང་ལ་སོགས་པའི་བཞེད་པ་སོ་སོར་འབྱེད་པ་གསང་བ་རྒྱ་མཚོ་མཐའ་ཡས་ལས།[17] ཐུབ་ཆེན་འདས་ནས་བཞི་བརྒྱའི་ལོ། །ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བ། །ལུང་བསྟན་ཐོབ་པའི་སྤྲུལ་སྐུ་ཉིད། །འཛམ་གླིང་འཇིག་རྟེན་བྱོན་དུས་སུ། །ཆོས་སྐུ་དག་གི་བསྟན་པ་ནི། །མ་ཧཱ་ཡོ་ག་གསར་སྙིང་སྟེ། །ཏན་ཏྲ་བཅུ་བརྒྱད་འབྲེལ་ཚུལ་རྣམས། །ཨོ་རྒྱན་མཁའ་སྤྱོད་གནས་སུ་བྱོན། །རྒྱུད་སྡེ་གྲངས་མེད་བསམ་མི་ཁྱབ། །ཞེས་དང་། ཡང་རྣལ་འབྱོར་ཆེན་པོ་གསར་རྙིང་གི་རྒྱུད་སྡེ་གྲངས་མེད་པ་ཞིག་གསུངས་ཀྱང་། དོན་གཅིག་ཏུ་འདུས་པ་ཡིན།  ཅིའི་ཕྱིར་ན། རྒྱུད་གཅིག་ན་མི་གསལ་བ་རྒྱུད་ཕྱི་མ་རྣམས་ནས་སྟོན་པའི་ཕྱིར་ན། རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་གྱིས་རྒྱུད་ཀྱི་རྒྱུད་བཤད་པའི་ཕྱིར་ན།  རྒྱུད་དང་རྒྱུད་ཀྱི་ཕྱི་མ་དང་།  ཕྱི་མ་ལས་ཀྱང་ཕྱི་མ་སྟེ།  རིགས་ལྔ་སྐུ་ལྔ་ཡབ་ཡུམ་ལྔར་དྲ་བར་འབྲེལ་བའི་ཕྱིར་རྒྱུད་རེ་རེ་ལ་ཡང་བཅོ་ལྔ་དང་ནི་བཅོ་བརྒྱད་དེ། ཏནྟྲ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་རྫོགས་པ་ནི། དེའི་བར་གང་ཟག་གིས་གཞུང་ཡིག་སྣ་ས་གཅོད་རྣམས་ཀྱི་དགོངས་པར།  རྒྱུད་སྡེ་བཅོ་བརྒྱད་ཀྱི་འབྲེལ་ཚུལ་གོ་ཞིང་རྟོགས་ན།  མ་ཧཱ་ཡོ་ག་གསར་རྙིང་གཉིས་དོན་གཅིག་པ་ཡིན།

ཐུབ་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་ནས་ལུང་བསྟན་ཐོབ་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་རྒྱལ་པོ་ཛའི་དག་པའི་སྣང་བ་ལ། རྣལ་འབྱོར་ཆེན་པོའི་རྒྱུད་གསང་སྔགས་རྙིང་མའི་རྒྱུད་སྡེ་རྣམས་རི་མ་ལ་ཡའི་རྩེ་མོར་ཆར་བཞིན་དུ་བབ་པ་ལས། ཐུགས་ཀྱི་རྒྱུད་སྡེ་སྒྱུ་འཕྲུལ་སྡེ་བརྒྱད།  སྐུའི་ལྷ་ཚོགས་ཀྱི་རྒྱུད་སྡེ་སངས་རྒྱས་མཉམ་སྦྱོར།  རྣམ་སྣང་།  འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་རྒྱུད་སྡེ་རྣམས་དང་།  པདྨ་གསུང་གི་ལྷ་ཚོགས་རྣམས་ལས་ཟླ་གསང་ཐིག་ལེའི་རྒྱུད་སྡེ་རྣམས་དང་། རིན་ཆེན་འབྱུང་ལྡན་ཆེ་མཆོག་ཡོན་ཏན་གྱི་རྒྱུད་སྡེ་རྣམས་དང་། ཕྲིན་ལས་དོན་ཡོད་གྲུབ་པ་ཀརྨ་མཱ་ལེའི་རྒྱུད་སྡེ་རྣམས་དང་། ཕྲིན་ལས་ཀྱི་ཕྲིན་ལས་ཕུར་པའི་རྒྱུད་སྡེ་རྣམས་དང་། བདུད་རྩི་སྨན་གྱི་རྒྱུད་སྡེ་རྣམས་དང་། དེ་རྣམས་ཀྱི་ཕྲིན་ལས་ཀྱི་རྒྱུད་མ་མོ་རྦོད་གཏོང་གི་རྒྱུད་སྡེ་རྣམས་དང་། ཀུན་གྱི་ལས་མཁན་སྨོད་པ་དྲག་སྔགས་ཀྱི་རྒྱུད་སྡེ་རྣམས་ཏེ། རྒྱུད་སྡེ་བཅོ་བརྒྱད་སྒྲུབ་པ་བཀའ་བརྒྱད་དུ་འདུས་ཤིང་རྫོགས་པ་སྟེ། དེ་རྣམས་ནི་གསང་སྔགས་རྙིང་མའི་རྣལ་འབྱོར་ཆེན་པོའི་འབྲེལ་ཚུལ་རྣམས་སུ་ཤེས་པར་བྱའོ། །ཞེས་དང་།  ཡང་ཕ་རྒྱུད་མ་རྒྱུད་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལ་གཏོགས་ཚད་ཀྱི་ཀླད་དོན་གྱི་གཞུང་ལས།[18] ཡང་ཀརྨ་པཀྴིས་རྩ་བའི་རྒྱུད་ཟླ་གསང་ཐིག་ལེའི་དུམ་བུ་གོང་མ་ལས། དགྱེས་པ་རྡོ་རྗེ་སྐུ་གསུང་ཐུགས་ཀྱི་རྒྱུད་འཕྲོས་པ་ནི། དེ་ཁོ་ན་ཉིད་ཀྱི་སྒྲོལ་མ་འབྲས་བུ་ཐུགས་ཀྱི་རྒྱུད། བཛྲ་ཨ་ར་ལི་སྐུའི་རྒྱུད་དང་། རི་གི་ཨ་ར་ལི་གསུང་གི་རྒྱུད་དང་། དགྱེས་པ་རྡོ་རྗེ་སྐུ་གསུང་ཐུགས་ལས། སྐུ་གསུམ་གསང་བའི་རྒྱུད་འཕྲོས་པ་ཡིས། ཆོས་ཀྱི་སྐུ་དྲི་མ་མེད་པ་ངོ་སྤྲོད་པའོ། །སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ལས།  ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་འཕྲོས་ནས། སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ཅུ་རྒྱས་པར་བཤད་ཅིང་ངོ་སྤྲོད་པ་སྟེ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཐིག་ལེའི་རྒྱུད་འཕྲོས་ནས། རྒྱུད་གོང་མ་ལྔ་བརྒྱས་གཅིག་རྒྱབ་གཅིག་གིས་བསྐྱོང་ནས་བཤད་པའོ། །ཞེས་གསལ།[19]

ཡང་ཀརྨ་པ་སྐུ་ཕྲེང་གཉིས་པ་ཡང་ཕ་རྒྱུད་ཐམས་ཅད་ཀྱི་རྩ་བ་དུར་ཁྲོད་གསང་བ་ཁུ་བྱུག་རོལ་པའི་རྒྱུད་ལས། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བ་འཕྲོས་པ་སྟེ། དེ་ལས་གསང་བ་འདུས་པ་རླུང་དང་རྣམ་པར་རྟོག་པའི་གྲངས་སྟོང་ཕྲག་གཅིག་ཏུ་བསྡུས་པ་འཕྲོས་ཤིང་། དེ་ལས་རླུང་དང་རྣམ་པར་རྟོག་པའི་གྲངས་རྒྱས་པར་དབྱེ་བ། རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ་རྒྱས་པར་སྟོན་པ་འཕྲོས་པའོ། །ཞེས་དང་། ཡང་འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་རྩ་བའི་རྒྱུད་དང་། སྐུ་སངས་རྒྱས་མཉམ་སྦྱོར་གྱི་ལེའུ་ལྔ་ལས་འཕྲོས་པ་ལས། འཁོར་ལོ་བདེ་མཆོག་གདུག་པ་ཅན་འདུལ་བའི་ཐབས་དང་གླེང་གཞི་དང་བཅས་པ། རིགས་ལྔའི་བདེ་མཆོག་འཕྲོས་པ་སྟེ་རྒྱ་གར་སྐད་དུ། ཨི་བི་ཏ་ནོར། བོད་སྐད་དུ། ངེས་པར་བརྗོད་པ་བླ་མ་ལེའུ་བདུན་བཅུ་ཡོད་པ་འཕྲོས་ཤིང་། བདེ་མཆོག་གི་རྒྱུད་ཕྲན་མང་པོ་ཡོད་པ་རྣམས། ལེའུ་མཚམས་རྣམས་ལ། ཕར་ལ་འཕྲོས་ཤིང་། ཚུར་ལ་སྦྱོར་བ་སྟེ། །མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། ངེས་བརྗོད་བླ་མར་བཤད་པ་ནི། །རྣལ་འབྱོར་མའི་གསང་བ་ཆེ་གསུངས་པའི་ཕྱིར་ན། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་ཡང་རྩ་བར་གསུངས་པས་སོ། །དེའི་ཕྱིར་ན། བདེ་མཆོག་ལ་གཏོགས་ཚད་འདི་རྣམས། འཇམ་དཔལ་སྐུའི་ལྷ་ཚོགས་ལས་འཕྲོས་ཤིང་། རྡོ་རྗེ་རིགས་ཀྱི་གནས་ལུགས་ལྔ་ཀ་རླུང་ལ་སོགས་པ་སྟོན་པའི་ཕྱིར་ན། མ་རྒྱུད་གཅིག་པུ་མ་ཡིན་ཞིང་། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ཡིན་པ་ཀུན་གྱིས་ཤེས་པར་མཛོད། དེའི་ཕྱིར་ན། འཇམ་པའི་རྡོ་རྗེ་དང་བདེ་མཆོག་གཉིས་མིང་མི་མཐུན་ཡང་དོན་གཅིག་ཡིན་པའོ། །རྡོ་རྗེའི་མཁའ་འགྲོའི་རྒྱུད་འདི། ཨ་བི་ཏ་ནོད་བདེ་མཆོག་གི་རྒྱུད་ལས་འཕྲོས་ཤིང་། མ་ཧཱ་མ་ཡ་འདི། ངེས་པར་བརྗོད་པ་བླ་མའི་རྒྱུད་ཀྱི་ཆང་བསྒྲུབ་པའི་ལེའུ་ལས་འཕྲོས་པ་སྟེ། བདེ་མཆོག་ལ་གཏོགས་ཚད་ཐམས་ཅད། སྐུ་སངས་རྒྱས་སྙམ་སྦྱོར་གྱི་ལེའུ་ལྔ་ལས་འཕྲོས་པའི་ཕྱིར་ན། ཁྱོད་བོད་ཀྱིས་བདེ་མཆོག་འདི་རྣམས་ལ་འཕྲོས་པ་དང་སྦྱོར་བ་དང་། སྦྱོར་བ་མི་འདུག་པའི་ཕྱིར་ན། བདེ་མཆོག་མཁན་པོ་ཐམས་ཅད་རྟོག་དཔྱོད་ཞིང་། སྐུ་རྒྱལ་བོད་ཀྱི་ཡུལ་རིགས་གསུམ་མགོན་པོའི་སྤྲུལ་པ། མེས་དབོན་རྣམ་གསུམ་བྱོན་པ་སྟེ། བོད་མཐའ་འཁོབ་ཀྱི་ཡུལ་དུ་ཐེག་པ་དགུའི་བསྟན་པ་དར་བར་མཛད་པའི་ཕྱིར། བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཉམས་སུ་སྐུ་འཁྲུངས་པའི་དུས་སུ། རྒྱ་གར་ཆོས་ཀྱི་རྒྱལ་པོའི་མངའ་རིས་སུ་མཁན་པོ་བོ་དྷི་སཏྭ། བྷི་མ་ལ་མུ་ཏྲ། པདྨ་སཾ་བྷ་ཝ་ལ་སོགས་པ། སྤྲུལ་པའི་སྐུའི་པཎྜི་ཏ་མང་པོ་བྱོན་ཞིང་བཞུགས་པའི་དུས་སུ། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་དབུ་བྱས། སྤྲུལ་པའི་སྐུའི་ལོ་ཙཱ་བ་མང་པོ་དང་། ཐོན་མི་ཆུང་སཾ་བྷོ་ཊ་ལ་སོགས་པ་སྤྲུལ་པའི་སྐུའི་ཡིག་མཁན་མང་པོ་དང་། ཚེ་རབས་མང་པོ་ནས་སྨོན་ལམ་བཏབ་པའི་ལོ་པཎ་རྒྱལ་བློན་སྤྲུལ་པའི་སྐུ་རྣམས་དུས་མཚུངས་ཤིང་། འཛམ་བུ་གླིང་པའི་རིན་ཆེན་སྣ་ཚོགས་ལ་སོགས་ཟས་ནོར་ཐམས་ཅད་རྒྱལ་པོའི་མངར་བསྡུས་པ་རྣམས། རྒྱ་གར་དང་། བོད་ཀྱི་ཡུལ་འབྲེལ་པ་ཙམ་གྱིས། ཟས་ནོར་རྣམས་ལོ་ཙཱ་བ་རྣམས་ཀྱིས་ཁྱེར་ཞིང་། རྒྱ་གར་གྱི་རྒྱལ་པོ་རྣམས་ལ་ཕུལ་ནས། པཎྜི་ཏ་རྣམས་དང་། བཀའ་ཐེག་པ་དགུའི་ཆོས་ལུས་ཤིང་ལུས་པ་མེད་པ་རྣམས་གདན་དྲངས་ཤིང་བསྒྱུར་ནས། ཡིག་འབྲུ་ཙམ་ཚང་བ་ལ་ཡང་། རིན་པོ་ཆེ་སྣ་ཚོགས་ཆར་བཞིན་འབབས་ཤིང་། དཀའ་ལས་སྣ་ཚོགས་ཀྱིས་མ་བསྒྱུར་བ་ཐམས་ཅད་བསྒྱུར་དུ་བཅུག །མ་ཚང་བ་ཐམས་ཅད་ཚང་དུ་བཅུག་པ་སྟེ། ཁྲི་སྲོང་ལྡེ་ཙན་གྱི་ཚའོ་སད་ལེགས་འཇིང་ཡོན་གྱི་བུ་ཆུང་བ། ཨ་ནང་འུ་ནང་སྟག་གི་བུ་སྟག་ནམ་མཁའི་ལྷ་གཟུངས་སྤྲུལ་པའི་སྐུར་བྱོན་ནས། བི་མ་ལ་མུ་ཏྲ། པདྨ་སཾ་བྷ་བ། སྣུབས་ནམ་མཁའ་སྙིང་པོ་ལ་སོགས་པ། མཁས་ལ་གྲུབ་པ་ཐོབ་པའི་ལོ་པཎ་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་པ། བཀའ་ཐེག་པ་དགུའི་སྒྲ་དོན་རྩལ་རྫོགས་ཤིང་གྲུབ་པ་ཐོབ་པ་སྟེ། ཁྱད་པར་དུ་ཡེ་ཤེས་རྒྱ་མཚོ་ཀྱཻ་རྡོ་རྗེ་ལ་གཏོགས་ཚད། བདེ་མཆོག་འཁོར་ལོ་གཏོགས་ཚད། ཕ་རྒྱུད་ལ་གཏོགས་ཚད། ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལུང་མན་ངག་ལ་གཏོགས་ཚད་རྣམས་དུས་དེ་ནས་བོད་ལ་འགྱུར་བ་སྟེ།  ཞེས་གསལ་ལོ། །

ཡང་ཕ་རྒྱུད་མ་རྒྱུད་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལ་གཏོགས་ཚད་ཀྱི་ཀླད་དོན་ཞེས་པ་ལས།[20]ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉི་བརྒྱ་ཉི་ཤུ་ལྷག་ཙམ་དང་། བཞི་བརྒྱ་ཙམ་ལོན་པའི་དུས་སུ། ལུང་བསྟན་ཐོབ་པའི་སྤྲུལ་པའི་སྐུ་ས་ར་ཧ་དང་།  ཀླུ་སྒྲུབ་སྙིང་པོ་སྟེ་གྲུབ་ཆེན་རྣམས་དང་། རྗེ་ཏཻ་ལོ་པའི་དུས་སུ་གསང་སྔགས་གསར་མའི་རྒྱུད་སྡེ་རྣམས་ཨོ་རྒྱན་གྱི་གནས་དང་། མཁའ་འགྲོའི་གནས་སུ་བྱོན་པ་སྟེ། གསང་སྔགས་གསར་རྙིང་གཉིས་རིགས་ལྔ་ཡབ་ཡུམ་བཅུ་དང་། ཧེ་རུ་ཀ་དགུས་འདུས་ཤིང་ངོ་བོ་གཅིག་པ་སྟེ། ཚིག་ལ་ཐ་དད་ཡོད་ཀྱང་དོན་ལ་ངོ་བོ་གཅིག་པ་ཡིན། སྐུ་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་སྡེ་རྣམས་ལས་འཕྲོས་པ། བདེ་བ་མཆོག་གི་རྒྱུད་སྡེ་རྣམས་སུ་བཞེད་པ་ཡིན།  ཟླ་གསང་ཐིག་ལེ་ལས་འཕྲོས་པ་དགྱེས་རྡོར་གྱི་རྒྱུད་གསུམ་པོ་དང་།མ་རྒྱུད་ཀུན་གྱི་ཆིངས།  འབུམ་པའི་རྒྱུད་དུ་བཞེད་པ་ཡིན། བརྟག་པ་གཉིས་པ་འདི་ཡང་ན། ཟླ་གསང་ཐིག་ལེའི་ལེའུ་གོང་འོག་གཉིས་སུ་བཞེད་པ་ཡང་ཡོད།  དགྱེས་རྡོར་ལས་འཕྲོས་པ་རྡོ་རྗེ་གདན་བཞིའི་རྒྱུད་སྡེ་རྣམས་སུ་བཞེད་པ་ཡིན། སྐུ་གསུང་ཐུགས་ཀྱི་རྒྱུད་སྡེ་རྣམས་ལས་འཕྲོས་པ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་རྣམས་སུ་བཞེད་པ་ཡིན།  མ་ཧཱ་མ་ཡ་ནི་བདེ་མཆོག་གི་བདེ་ཆེན་གྱི་འཁོར་ལོ་ལས་འཕྲོས་པ་ཡིན། ཕ་རྒྱུད་གསང་བ་འདུས་པའི་རྒྱུད་སྡེ་འདི་རྣམས་གསར་མར་འདོད་པ་སྟེ།  རྙིང་མ་ཡིན་པར་འདོད་པ་ཡང་ཡོད།  འདི་ལྟར་དུ་བཞེད་པ་ནི་རིགས་ལྔ་ཡབ་ཡུམ་བཅུའི་འབྲེལ་ཚུལ་དང་བསྟུན་པའོ།  །ཞེས་པ་སོགས་གསལ།

མངའ་བདག་ཉང་གི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་[21]ལས། སློབ་དཔོན་པདྨ་འབྱུང་གནས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱིས་གསང་སྔགས་ཀྱི་ཆོས་རྒྱུད་སྡེ་བཅོ་བརྒྱད་བསྒྱུར། གསང་སྔགས་ཀྱི་ཆོས་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། བདག་ཏུ་འཛིན་པ་འཁོར་བའི་རྒྱུ་ཡིན་པས་འཁོར་བ་ལས་སྒྲོལ་ཞིང་ཕུང་པོ་ལྷའི་དཀྱིལ་འཁོར་དུ་བྱ་བའི་ཕྱིར་ཞི་བ་ལྷའི་རྒྱུད། བདུད་དང་མུ་སྟེགས་ཚར་བཅད་པར་བྱ་བའི་ཕྱིར་སྐུའི་སྒྲུབ་ལུགས་བསྐལ་པ་མེ་ལྟར་འབར་བའི་རྒྱུད། གསུང་གི་སྒྲུབ་ལུགས་དབང་ཆེན་འདུས་པའི་ཏནྟྲ། ཐུགས་ཀྱི་སྒྲུབ་ལུགས་ཁྲོ་བོ་ཀུན་དྷ་རི་ཀའི་ཏནྟྲ། ཡོན་ཏན་གྱི་སྒྲུབ་ལུགས་ལྷ་མོ་མ་གོལ་བའི་ཏནྟྲ། ཕྲིན་ལས་ཀྱི་སྒྲུབ་ལུགས་རིག་འཛིན་འདུས་པའི་ཏནྟྲ། རིགས་སྔགས་ཀྱི་སྒྲུབ་ལུགས་ཧེ་རུ་ཀ་འདུས་པའི་ཏནྟྲ། འཇམ་དཔལ་སྐུའི་རྒྱུད་ཟླ་གསང་ནག་པོ། པད་མ་གསུང་གི་རྒྱུད་རྟ་མཆོག་རོལ་པ། ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ། འཇིག་རྟེན་འདས་པའི་མདོ། བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་། ཕུར་པ་འཕྲིན་ལས་ཀྱི་རྒྱུད་བི་ཏོ་ཏ་མ་ལ་འབུམ་སྡེ། མ་མོ་རྦོད་གཏོང་གི་རྒྱུད་འབུམ་ཏིག །སྲིད་པ་རྒྱུད་ལུང་། ཕྲིན་ལས་ཁ་སྐོང་བ་དང་རྒྱན་རྟགས་འདེབས་པའི་ཕྱིར་ཤེས་པ་སྟོང་ཁས་བརྒྱན་པའི་རྒྱུད། ལས་རྒྱ་མཚོ་ཇི་ལྟར་བསྟན་པའི་རྒྱུད། ཀརྨ་མ་ལེ་ཕྲིན་ལས་ཀྱི་རྒྱུད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་ཚོགས་རྒྱུད་ཆེ་ཆུང་། མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབ་པའི་ཕྱིར་ནམ་མཁའ་མཛོད་བྱིན་གྱིས་བརླབས་པའི་རྒྱུད། སྒྲོལ་བ་གནས་སུ་དག་པར་བྱ་བའི་ཕྱིར་སྟོབས་ཆེན་ཡོངས་སྒྲོལ་གྱི་རྒྱུད། སྦྱོར་བ་གནས་སུ་དག་པར་བྱ་བའི་ཕྱིར་ཐིག་ལེ་ཀློང་གི་རྒྱུད། བརྟུལ་ཞུགས་དྲག་པོ་བྱ་བའི་ཕྱིར་གླང་པོ་ཆེ་རབ་འབོག་གི་རྒྱུད། བཀྲ་ཤིས་པ་ལ་སྦྱིན་བསྲེག་བྱ་བའི་ཕྱིར་ཟ་བྱེད་རོལ་པའི་རྒྱུད། གཏོར་མའི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་གཏོར་རྒྱུད་ཆེ་ཆུང་། བཀའ་འཁོར་སྐྱོང་བའི་སྲུང་མ་ལྷག་མ་ལ་དབང་བ་ལ་ལས་བཅོལ་བའི་ཕྱིར་དཔལ་འབར་ཁྲོ་མོའི་རྒྱུད། བགེགས་གཟིར་ཞིང་མནན་པའི་ཕྱིར་ཞིང་བཅུ་སྒྲོལ་བའི་རྒྱུད། དེ་རྣམས་ནི་མ་ཧཱ་ཡོ་གའི་རྒྱུད་ཡིན་ནོ། །

ལུང་ཨ་ནུ་ཡོ་གའི་སྡེ་ལ།  མདོ་བཞི་སེམས་དང་ལྔ་ལས་ཀུན་འདུས་རིག་པའི་མདོ། ཡེ་ཤེས་རྔམ་པ་ཀློག་གི་འཁོར་ལོ། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ། སེམས་ལུང་ཆེན་པོའི་མདོ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ནི་བཀའ་ཐམས་ཅད་ཀྱི་འདེམས་སུ་བཞག་པ་ཡིན།

གསང་བ་སྡེ་དྲུག་ལ།  སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་རྣམ་སྣང་དྲྭ། ཕྲིན་ལས་ཀྱི་རྒྱུད་ཀར་མ་མ་ལེ། མཇུག་སྡུད་དོན་བསྡུས་པ་རྡོ་རྗེ་གདན་བཞིའི་རྒྱུད་དོ། །

སྒྱུ་འཕྲུལ་སྡེ་བརྒྱད་ལ།  སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་གསང་བ་སྙིང་པོ། ཕྲིན་ལས་ཁ་ཚང་བར་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་མངོན་དུ་གྱུར་པ་སྒྱུ་འཕྲུལ་བླ་མ། དམ་ཚིག་དང་ལྟ་བའི་མན་ངག་ཏུ་གྱུར་པ་སྒྱུ་འཕྲུལ་ལེ་ལག །དོན་བསྡུས་ནས་བསྟན་པ་སྒྱུ་འཕྲུལ་ལེའུ་བརྒྱད་པ། རོལ་པ་མངོན་དུ་གྱུར་པ་ལྷ་མོ་སྒྱུ་འཕྲུལ་དྲྭ་བ། མ་ཚང་བ་ཁ་སྐོང་བ་སྒྱུ་འཕྲུལ་རྒྱས་པ་བརྒྱད་ཅུ་པ། དོན་དམ་པ་ཡེ་ཤེས་སུ་བཤད་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། དེ་རྣམས་ནི་གསང་སྔགས་ནང་གི་རྒྱུད་སྡེ་འོ། སློབ་དཔོན་པདྨ་འབྱུང་གནས་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་རོ། །ཞེས་གསལ་བ་སྟེ། མ་ཧཱ་དང་ལུང་ཨ་ནུ་ཡོ་གའི་སྐོར་གྱི་རྒྱུད་གཞུང་རྣམས་ཀྱི་མཚན་ཐོ་འཁོད་ཡོད།   ཡང་མཁས་པ་ལྡེའུས་མཛད་པ་རྒྱ་བོད་ཆོས་འབྱུང་རྒྱས་པར་ནང་པ་ཐབས་ཀྱི་རྒྱུད་ལ་གསུམ་སྟེ། བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་རྒྱུད་སྡེ་བཅོ་བརྒྱད་དང་། ལུང་ཨ་ནུ་ཡོ་ག་ལ། རྩ་བའི་མདོ་བདུན་དང་ཕྱི་མ་བདུན་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་སྤྱིར་རྒྱུད་སྡེ་ལྔ་བརྒྱ་དང་བཞི་བཅུ་རྩ་བཞི་ཙམ་བཞུགས་པའི་མཚན་ཐོ་ཆེ་ལོང་ཙམ་སྨྲོས་པ་དང་།

ཡང་རྒྱ་བོད་ཆོས་འབྱུང་རྒྱས་པའི་ནང་།[22] གསང་སྔགས་སྔ་འགྱུར་གྱི་འགྱུར་བཅུ་བཤད་པའི་སྐབས་སུ། དང་པོ་རྒྱུད་གསང་བ་སྙིང་པོ་དང་ཐབས་ཀྱི་ཞགས་པ་པད་མོ་འཕྲེང་གཉིས་ལ་བརྟེན་ནས། རྩ་བའི་དཀྱིལ་འཁོར་བཞིར་ཕྱེ་སྟེ། ཞི་བའི་ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་། རྒྱུད་དེ་ཉིད་འདུས་པ་ལ་བརྟེན་ནས། རྡོར་དབྱིངས་ཀྱི་དཀྱིལ་འཁོར་དང་། ཁྲོ་བོ་ཁྲག་འཐུང་གི་དཀྱིལ་འཁོར་དང་། རྡོ་རྗེ་སྲིན་པོ་ཁྲོ་བོ་བཅུའི་དཀྱིལ་འཁོར། དེ་བཞི་ལ་བརྟེན་ནས་ཡན་ལག་འཕྲིན་ལས་བཞི་ལ། སྐུའི་ཁྲོ་བོ་གཤིན་རྗེ་གཤེད་ལ་བརྟེན་ནས་གཤིན་རྗེ་འཁོར་ལོ་ནག་པོའི་ལས་ཁ་བརྒྱ་རྩ་གཅིག །ཆེ་མཆོག་ཡོན་ཏན་གྱི་ཁྲོ་བོ་ལ་བརྟེན་པ། མ་མོ་ཟོར་གྱི་ལས་{ཁ}བརྒྱ་རྩ་གཅིག པད་མ་དབང་ཆེན་གྱི་ཁྲོ་བོ་ལ་བརྟེན་ནས། ཕོ་ཉ་འགུག་འདྲེན་གྱི་ལས་ཁ་བརྒྱ་རྩ་གཅིག ཐུགས་རྡོ་རྗེ་སྲིན་པོ་རྡོ་རྗེ་གཞོན་ནུ་ལ་བརྟེན་ནས། ཕུར་པ་ཟིལ་གནོན་གྱི་ལས་ཁ་བརྒྱ་རྩ་གཅིག དེ་ལྟར་ལས་བཞི་བརྒྱ་རྩ་བཞི་བོད་དུ་སྣང་ངོ་། །འཕྲིན་ལས་བསྟན་སྲུང་ཕྲ་མོ་རྣམས་ནི་བོད་དུ་མཛད། འགྱུར་བཅུའི་དང་པོའོ། །ཞེས་པ་ནས་བཅུ་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་བར་འགྱུར་བའི་རྒྱུད་སྡེ་རྣམས་ཀྱི་མཚན་ཐོ་གསལ་ཡོད།

རོང་ཟོམ་ཆོས་ཀྱི་བཟང་པོས། ཡོན་ཏན་བདུན་ལྡན་བོད་ཀྱི་རྒྱལ་ཁམས་འདིར། །གསང་སྔགས་བྱུང་ཚུལ་བབས་བདུན་ཚུལ་བཞི་དང་། །ཡོངས་སུ་རྫོགས་པའི་སྐོར་དང་ལྔ་ཡིས་བསྟན། །རིག་འཛིན་གྲལ་ཐོབ་པདྨ་འབྱུང་གནས་ཏེ། །རྒྱལ་པོས་སྤྱན་དྲངས་ཆོས་འཁོར་ས་གཞི་བརྟུལ། །བོད་ཁམས་ལྷ་འདྲེ་རྣམས་ཀྱང་དམ་ལ་བཏགས། །རྒྱལ་བློན་འབངས་རྣམས་གཞན་པས་འདུལ་དཀའ་བས། །བསྟན་པ་རིན་ཆེན་ཚུགས་པའི་ཆ་ལག་ཏུ། །སྙིང་ཞགས་མ་གཤིན་པདྨ་ཕུར་བུ་བསྒྱུར། །དེ་ཡི་ཡན་ལག་འཕྲིན་ལས་རྣམ་བཞི་ལ། །འཇམ་དཔལ་ཆེ་མཆོག་དབང་ཆེན་ཕུར་བུ་བཞི། །བསྟན་པ་སྲུང་ཕྱིར་ལས་ཁ་བཞི་བརྒྱ་དང་། །རྩ་བཞི་དག་ཏུ་ཕྱེ་ནས་བཞག་པ་ཡིན། །ཤིནྟཾ་གརྦྷས་ཀྲྀ་ཡོག་ཤས་ཙམ་བསྒྱུར། །སངས་རྒྱས་གསང་བས་བོད་ལ་ཆོས་ལྔ་བརྫངས། །ཧཱུཾ་མཛད་གྲགས་པ་སྤྱན་འདྲེན་བང་ཆེན་དྲུག །འབྲེ་སྣུབས་གླང་རུ་གྲུ་གུ་ལང་གྲོ་ལ། །ཡང་དག་གྲུབ་པ་བརྫངས་ཏེ་མ་བྱོན་སྐད། །ཤྲཱི་སིང་ཧ་སྤྱན་འདྲེན་སྤང་གོར་རྩངས། །རྫོགས་པ་ཆེན་པོ་བརྫངས་ཏེ་སྤྱན་མ་འདྲོངས། །དེ་ལྔ་ཁྲི་སྲོང་ལྡེ་བཙན་ཕྱག་ཏུ་བཞེས། །ཁྲི་ལྡེ་སྲོང་བཙན་རིང་ལ་སྐར་ཆུང་དང་། །དེ་ཡི་སྲས་ལྔས་ལྷ་ཁང་རེ་རེ་བཞེངས། །རྒྱ་གར་མཁན་པོ་པྲཛྙཱ་པ་ལ་སོགས། །ཡབ་ཀྱིས་སྤྱན་དྲངས་བཏང་བ་དེ་དུས་བྱོན། །སྐུ་གསུང་ཐུགས་ཀྱི་རྒྱུད་སྡེ་མང་དུ་བསྒྱུར། །དེ་ནས་རྒྱལ་ས་རལ་པ་ཅན་ལ་གཏད། །བརྣོན་གྱིས་སྤྱན་དྲངས་བྱེ་(བི)མ་ལ་ཡང་བྱོན། །ལོ་ཙཱ་མང་འཚོགས་དམ་ཆོས་བསྒྱུར་བ་ནི། །སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་ཏེ། །གྲུབ་པ་སྡེ་དྲུག་(ལྔ)ཕྲ་མོ་ཉི་ཤུ་(སུམ་ཅུ་གཅིག)གཅིག །ལུང་ཕྲན་བདུན་བཅུ་རྩ་ལྔ་དག་ཀྱང་བསྒྱུར། །དེ་ནས་ཁམས་ཀྱི་འོ་རུ་བྱམས་ཆེན་གྱིས(དུ)། །བི་མ་མི་ཏྲ་ཕྱི་མ་ལྡེའུ་ཆོས་འབྱུང་དུ་བྷི་ཤ་མི་ཏྲ་ཕྱི་མ་ཞེས་ལ་སོགས་ཡོད། སྤྱན་དྲངས་ཏེ། །བཻ་རོ་ཙ་ན་བྱོན་ནས་ལོ་ཙཱ་མཛད། ཡང་དག་སྒྲུབ་པ་བདག་དོན་གྲགས་རྣམས་བསྒྱུར། །དེ་ནས་དར་མས་ཆོས་བསྣུབས་མངའ་རིས་རྒྱལ་ཁྲིམས་ཞིག །དེ་ནས་རྒྱ་གར་དྷ་ན་དྷ་(དཱ)ལ་བྱོན། །ཡོན་ཏན་རྒྱ་མཚོ་བསྣུབས་ལ་བསྟན་བསྲུངས་གནང་། །རྒྱ་གར་ཙནྟྲ་གཱིར་ཏིས་ཐེབས་རྒྱ་བསྒྱུར། །དེ་ཡི་གསང་སྔགས་རྙིང་མའི་འགྱུར་མཇུག་ཆད། །[23]ཞེས་སོགས་གསལ།

ཡང་འདུལ་འཛིན་མཁྱེན་རབ་རྒྱ་མཚོའི་ཆོས་འབྱུང་དྲིས་ལན་ནོར་བུའི་ཕྲེང་བ་ལས་ཀྱང་། གཙང་རོང་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་ཚིགས་སུ་བཅད་པ་ལ། གསང་སྔགས་བྱུང་ཚུལ་བབས་བདུན་ཚུལ་བཞི་དང་། །ཡོངས་སུ་རྫོགས་པའི་སྐོར་དང་ལྔའི་བཤད། །རིག་འཛིན་གྲལ་ཐོབ་པདྨ་འབྱུང་གནས་ཏེ། །རྒྱལ་པོས་སྤྱན་དྲངས་ཆོས་འཁོར་ས་གཞི་བརྟུལ་སོགས་ལུང་དྲངས་ཡོད། ཟུར་ཆུང་ཤེས་རབ་གྲགས་པའི་རྣམ་ཐར་ལས།[24] ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱིས། ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལ་སྒྱུ་སེམས་གཉིས་ཞུས། དགེ་གོང་གི་ལྕེ་ཤཱཀ་མཆོག་ལ་བདུད་རྩི་ཞུས། ཡུལ་གསར་བྱང་གཉན་ནག་དབང་དྲག་ལ་གསང་དབང་དང་ཐབས་ལམ་ཞུས། ཐོ་གར་ནམ་མཁའ་ལྡེ་ལ་མདོ་དང་སྤར་ཁབ་ཞུས། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལ་བཀའ་རྟགས་ལྷུན་གྲུབ་ཀྱི་བཤད་པ་དང་།  ལམ་རིམ་ལ་སོགས་པ་ཞུས། དེ་ལྟར་མཁས་པ་མང་པོའི་དགོང་པ་བླངས་ཏེ། སྡེ་སྣོད་མང་པོའི་ཁོག་དཀྲོགས། རྩ་རྒྱུད་དང་བཤད་རྒྱུད་སྡེབས། རྩ་བ་དང་འགྲེལ་པ་སྡེབས། རྒྱུད་དང་སྒྲུབ་ཐབས་སུ་སྡེབས། སྒྲུབ་ཐབས་དང་ཆོག་ཡིག་ཏུ་སྡེབས།  ཅེས་གསལ་བ་དང་།   ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས།[25] དགེ་གོང་གི་ལྕེ་ཤཱཀ་མཆོག་ལ་བདུད་རྩི་སྨན་སྒྲུབ་ལ་སོགས་པ་ཞུས། །སྤྱིར་ཟུར་ཆེན་ལ་བླ་མ་མང་དུ་བཞུགས་ཏེ། ཁྱད་པར་དུ་ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལ་ཟུར་པའི་མེ་ཏོག་ཕོག་པའི་ཆོས་སྒྱུ་འཕྲུལ་དང་སེམས་ཕྱོགས་རྙེད་པ་ཡིན། ཐོ་གར་ནམ་མཁའ་ལྡེ་ལས་མདོ་དང་སྤར་ཁབ། རྫོགས་ཆེན་མན་ངག་དང་བཅས་པ། ཡུལ་གསེར་གྱི་གཉན་ནག་དབང་དྲག་དང་། །ལྕེ་ཤཱཀྱ་རྒྱལ་མཚན་ལས་གསང་དབང་ཐབས་ལམ། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལས་ཀ་དག་དང་ལྷུན་གྲུབ། སྒྱུ་འཕྲུལ་ལམ་རིམ། མཆིམས་ཕུའི་རོག་ཤཱཀ་འབྱུང་དང་ལྡན་མ་ཤེས་ཚུལ་ལ་ཡང་དག །ཞུ་སྟོན་བསོད་ནམས་ཤཱཀྱ་ལས་མདོ་ཡོངས་རྫོགས། སྟོང་ཚབ་བྱང་ཆུབ། རྒྱ་སྟོན་བློ་གྲོས། །བཀའ་སྡོད་ཡེ་ཤེས་སྙིང་པོ་རྣམས་ལའང་མདོ་ལུང་། དབང་སྒྲུབ། རྒྱུད་འགྲེལ་འཕྲིན་ལས་དང་བཅས་པ་གསན་ཞིང་། ཞེས་དང་། ཡང་དེ་ལྟ་བུའི་མཁས་པ་མང་པོའི་མན་ངག་བླངས། དགོངས་པ་ཉམས་འོག་ཏུ་ཆུད། སྡེ་སྣོད་དང་། རྒྱུད་སྡེའི་གྲུབ་མཐའ་ལ་མཁས་ཤིང་བྱང་ཆུབ་པར་བྱས་ནས། རྩ་རྒྱུད་དང་བཤད་རྒྱུད་བསྡེབས། རྩ་བ་དང་འགྲེལ་པ་བསྡེབས། རྒྱུད་དང་སྒྲུབ་ཐབས་སུ་བསྡེབས། སྒྲུབ་ཐབས་ཆོག་ཡིག་ལ་སོགས་པར་བསྡེབས་ནས་ལག་ལེན་དུ་ཐེབས་པར་བྱས། ཞེས་དང་། ཡང་དེའི་འཕྲོར་བཟང་སྒོམ་ཤེས་རབ་རྒྱལ་པོ་དྲེའུའི་ཁལ་དང་བཅས་ཆོས་ལེན་དུ་བཏང་བར། ང་རོག་ཤཱཀ་འབྱུང་། སློབ་མ་ཟུར་ཤཱཀ་འབྱུང་། མཚམས་སྦྱོར་ཤེས་རབ་རྒྱལ་པོ། རྟེན་འབྲེལ་བཟང་གསུངས། དེར་བཟང་སྒོམ་ལ་སངས་རྒྱས་མཉམ་སྦྱོར། ཡང་དག་གི་བདག་གཞན་དཀྱིལ་འཁོར་བཅུ་གཉིས། ཡང་ཕུར་སྦྲགས་མ་ལ་སོགས་པའི་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་ཀྱི་དབང་བསྐུར། དཔེ་དང་བཀའ་ལུང་རྗེས་སུ་གདམས་པ་ཐམས་ཅད།  བླ་མ་ཟུར་ཆེན་ལ་གསང་བའི་ངང་ནས་ཕུལ། དཔོན་སློབ་ཀུན་གྱིས་སྒོམ་སྒྲུབ་ལོ་དུ་མར་མཛད་ཅིང་འཆད་ཉན་བསྐྱངས་པས་འགྲོ་ཕན་ཆེ་བར་བྱུང་ཞེས་གསལ་བ་ནི། ད་ལྟའི་སྔ་འགྱུར་རྒྱུད་འབུམ་གྱི་རྨངས་གཞི་དེ་ཡིན་ཚོད་ཀྱང་ཞིབ་ཕྲའི་ལོ་རྒྱུས་ཁ་གསལ་མེད་པས་གསལ་བཤད་མ་ཤེས།

དེ་ནས་དུས་རབས་བཅུ་གཉིས་པའི་སྨད་དུ་ཉང་ཉི་མ་འོད་ཟེར་གྱི་སྲས་མངའ་བདག་འགྲོ་མགོན་དཔལ་གྱི་རྣམ་ཐར་ཡིད་བཞིན་ནོར་བུའི་ཕྲེང་བ་ལས།[26] ཡབ་གཏེར་སྟོན་ཉང་ཉི་མ་འོད་ཟེར་མཆོག་དགུང་ལོ་༦༩ པ་རབ་བྱུང་གསུམ་པའི་ཆུ་བྱི་སྤྱི་ལོ་ ༡༡༩༢ ལ་ཞི་བར་གཤེགས་པའི་དགོངས་རྫོགས་སུ།  སྔགས་ཕྱི་ནང་དང་འགྱུར་གསར་རྙིང་གཉིས་ཀའི་རྒྱུད་སྡེ་ཕྱོགས་ཅིག་ཏུ་སྒྲིག་པ་གསེར་བྲིས་ཀྱི་རྒྱུད་འབུམ། གླེགས་བམ་སུམ་ཅུ་ལ་ཆོས་ཚན་༣༧༥ཡོད་པ་ཞིག་བཞེངས་པ་སྟེ། རྣམ་ཐར་དེ་ཉིད་ལས། ངམ་ཤོད་ཀླུངས་ནས་དཔེ་ཡི་ཕྱི་མོ་བཙལ། །ཡར་ཀླུངས་ཕྱོགས་སུ་པོ་ཏི་བཅུ་དགུ་བྲིས། །དམྱལ་དང་ལྷོ་བྲག་གཉིས་ནས་དཔེ་བཙལ་ནས། །པོ་ཏི་བཅུ་གཅིག་སྨྲ་བོ་དགོན་པར་བྲིས། །ཀྲི་ཡ་དཔུང་བཟང་ལ་སོགས་བྱ་བའི་རྒྱུད། །དེ་ཉིད་འདུས་པ་ལ་སོགས་ཡོ་གའི་རྒྱུད། །གསང་བ་སྙིང་པོ་ལ་སོགས་སྒྱུ་འཕྲུལ་རྒྱུད། །དགོངས་པ་འདུས་པ་ལ་སོགས་མདོ་ཐེམས་རྒྱུད། །ཀུན་བྱེད་རྒྱལ་པོ་ལ་སོགས་རྫོགས་ཆེན་རྒྱུད། །ཡང་དག་གཤིན་རྗེ་དབང་ཆེན་ཕུར་པ་དང་། །ཆེ་མཆོག་མ་མོ་རིག་འཛིན་བླ་མ་དང་། །དྲེགས་པ་དྲག་སྔགས་སྔགས་བདག་ལྷ་སྲིན་རྒྱུད། །སྲིད་པའི་བེམས་ཆེན་ལ་སོགས་སྒྲུབ་ཆེན་བཀའ་བརྒྱད་རྒྱུད། །རྣམ་སྣང་མངོན་བྱང་ལ་སོགས་རྣལ་འབྱོར་རྒྱུད། །གསང་བ་འདུས་པ་ལ་སོགས་ཕ་རྒྱུད་དང་། །ཀྱེ་རྡོར་བདེ་མཆོག་ལ་སོགས་མ་རྒྱུད་དང་། །དུས་འཁོར་མཚན་བརྗོད་ལ་སོགས་གཉིས་མེད་རྒྱུད། །གནོད་སྦྱིན་ནོར་བདག་ལྷ་མགོན་བཀའ་བསྲུང་རྒྱུད། །ཕྱི་ནང་གསར་རྙིང་བཀའ་བསྲུང་མ་ལུས་རྒྱུད། །སློབ་མ་དབུ་ཆེ་མཁས་བུ་སོ་སྟོན་གྱིས། །ལྷོ་བྲག་ཡ་གསུམ་དམྱལ་དང་ངམ་ཤོད་ཀླུང་། །མི་ཆེན་བཞུགས་ཚད་རྣམས་ཀྱི་སྤྱན་སྔར་ཕྱིན། །རྒྱུད་ཀྱི་དཔེ་ཆ་མ་ལུས་ཐམས་ཅད་བསགས། །རྒྱུད་ཀྱི་སྒྲིགས་དང་སྡེབས་ཀྱི་རིམ་པ་མཛད། །གཡོར་པོའི་ཕྱོགས་ཀྱི་ཡིག་མཁན་ཚད་ལྡན་བསགས། །དད་ཆེན་སློབ་མ་ཡོན་བདག་ཕོ་མོ་རྣམས། །མང་པོ་ཚོགས་ནས་སྤོང་ལེན་གཏོང་དགོས་ཞུས། །བླ་མ་མངའ་བདག་ཆེན་པོའི་ཞལ་ནས་སུ། །སྤོང་ལེན་པུ་ཏི་གཅིག་ཀྱང་མི་གནང་གསུངས། །ཁྱེད་རང་ཐམས་ཅད་ཟ་མ་བཟང་འདྲེན་གྱིས། །མི་རྣམས་ཀྱིས་ནི་ཟ་མ་བཟང་འདྲེན་བྱས། །བྲི་བའི་གཉེར་དང་ལས་ཀ་བྱེད་པ་ལ། །དབྱར་ཐོག་གཅིག་ལ་རྒྱུད་སྡེ་སུམ་ཅུ་དུམ། །གླེགས་ཤིང་སྐུ་རགས་ཐམས་ཅད་དུས་གཅིག་ཚར། །བཞེངས་ནས་མངའ་གསོལ་བསུ་བ་ཆེན་པོ་བྱས། །སྙིགས་མའི་དུས་འདིར་ཆོས་ལ་ཕྱོགས་རིས་བྱེད། །ལ་ལས་གསར་མའི་རྒྱུད་འབྲི་རྙིང་མ་བཞག །ལ་ལས་རྙིང་མའི་རྒྱུད་འབྲི་གསར་མ་བཞག །མངའ་བདག་ཆོས་ལ་ཕྱོགས་རིས་མ་མཛད་པར། །གསང་སྔགས་ཕྱི་ནང་གསར་རྙིང་བཀའ་གཏེར་རྣམས། །སོ་སོའི་བཀའ་བསྲུང་རྒྱུད་དང་བཅས་པ་བཞེངས། །དབང་དང་ཉན་བཤད་ངོ་སྤྲོད་ཕྱག་ལེན་མཛད། །མདོ་འགྲེལ་རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་སོགས། །དབང་པོ་རབ་འབྲིང་ཐ་མ་གསུམ་དང་སྦྱར། །བློ་རྒྱུད་རིགས་དང་མཐུན་པའི་གདམས་པ་བཤད། །དབུས་གཙང་དྭགས་དང་ཨེ་དམྱལ་ལྷོ་ཤར་ནུབ། །ཁམས་པ་ལ་སོགས་རྒྱལ་ཁམས་ཐམས་ཅད་དུ། །དམ་ཆོས་ཉན་བཤད་སློབ་མ་མང་པོ་བྱུང་། །གསང་སྔགས་བཀའ་གཏེར་ཆོས་ཀྱི་ཁྲི་གདུགས་བརྡལ། །བོད་ཀྱི་ཡུལ་ན་རྒྱུད་འབུམ་བཞུགས་ཚད་ལ། །རྒྱུད་སྡེ་སུམ་བརྒྱ་དང་ནི་བདུན་ཅུ་རྩ་ལྔ་བཞུགས། །ཞེས་པ་ལྟར་བོད་ཡུལ་དུ་བཞུགས་པའི་རྒྱུད་སྡེ་གསར་རྙིང་ཕྱོགས་ཅིག་ཏུ་བསྒྲིགས་ནས་བཞེངས། །

དེ་ནས་དུས་རབས་བཅུ་བཞི་པའི་སྟོད་ཙམ་དུ་ཟུར་བཟང་པོ་དཔལ་ཡོན་གོང་མ་རབས་༤རྒྱལ་པོ་བྷུ་ཡན་ཐུས།[27] ༡༢༨༥-༡༣༢༠ ཕོ་བྲང་ཏའི་ཏུར་གདན་འདྲེན་ཞུས་ནས་རྩ་རྒྱུད་གསང་སྙིང་དང་། འགྲེལ་པ་པ་ཁབ། གསང་སྔགས་ལམ་རིམ་སོགས་ཆོས་ཚན་ཉི་ཤུ་རྩ་བརྒྱད་པར་དུ་བརྐོས་ནས། ཚར་སྟོང་ཕྲག་རེ་པར་དུ་བཏབ་སྟེ་ཕྱོགས་གང་སར་ཕུལ་བར་བཤད་པའི་དཔེ་ཐོར་མ་འགའ་ཤས་ཤིག་ཞ་ལུ་དགོན་པའི་དཔེ་ཉོག་གསེབ་ནས་མཇལ་རྒྱུ་བྱུང་བ་ལས། སྒྱུ་འཕྲུལ་ལམ་རྣམ་པར་བཀོད་པ་གཉགས་ཛྙ་ན་ཀུ་མ་རས་མང་ཡུལ་ཁྲི་བབས་སུ་བསྒྱུར་གནང་བའི་མཇུག་བྱང་དུ། རྒྱ་གར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་པ། །པཎྜི་ཏ་ལས་མཁས་པའི་མཆོག་གྱུར་ནས། །ཡི་དམ་ཞལ་གཟིགས་མཆོག་གི་དངོས་གྲུབ་བརྙེས།།གཉིས་པའི་སྟོན་པ་བུདྡྷ་གྷུ་ཧྱ་ཉིད། །སེམས་ཅན་དོན་ཕྱིར་གངས་རིའི་ཁྲོད་བྱོན་ནས། །སྒྱུ་འཕྲུལ་དྲ་བའི་སྟོང་ཕྲག་བརྒྱ་པ་ལས། །གཤེགས་ཤུལ་ལམ་མཆོག་དགུ་པར་མཛད་པ་འདི། །སྐད་གཉིས་སྨྲ་བས་ལེགས་སྦྱར་སྒྲ་ལ་བསྒྱུར། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་སོགས་པ། །རིམ་པར་བརྒྱུད་པ་ཟུར་ཆེན་ཤག་འབྱུང་གིས། །ལེགས་པར་བཀྲོལ་ནས་སྔགས་འཆང་རྣམས་ལ་བརྒྱུད། །དེ་ནས་ཟུར་པ་ཤཱཀྱ་འོད་པོ་དང་། །བླ་མ་ཤཱཀྱ་སེང་གེའི་སྐུ་རིང་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་བྱ་དང་། །ཆོས་རྒྱལ་མི་ཡི་དབང་པོ་བྷུ་ཡན་ཐུ། །སྐུ་ཚེ་རིང་ཞིང་ཆབ་སྲིད་སྤེལ་བའི་ཕྱིར། །ཟུར་གྱི་རྒྱུད་པ་བཟང་པོའི་དཔལ་གྲགས་པས། །ལམ་གྱི་རིམ་པ་ཞུ་དག་ལེགས་བྱས་ནས། །པར་དུ་བསྒྲུབས་ནས་ལྔ་བརྒྱ་ཕྲག་བཏབ་དགེས། །འགྲོ་བ་ཐམས་ཅད་སངས་རྒྱས་མྱུར་འགྲུབ་ཤོག །མེ་མོ་སྦྲུལ་ལོའི་ཟླ་བ་བཅུ་གཉིས་པ་ལ་ཕོ་བྲང་ཆེན་པོ་ཏའི་ཏུའི་ཅུ་ལིམ་སྡེ་ནས་གྲུབ་པའོ།། །།དགེའོ། །ཞེས་གསལ་བའི་མེ་མོ་སྦྲུལ་ལོ་ནི་སྤྱི་ལོ་༡༣༡༧ལོ་ཡིན་པས་ན། ད་སྔོན་ལོ་རྒྱུས་ཐོག་མཐོང་ཐོས་ལྟར་ན་བཀའ་དང་བསྟན་བཅོས་པར་དུ་བརྐོས་པ་ཐོག་མ་ཡིན་ཞིང་། དེ་ནས་པར་སྐྲུན་ལག་རྩལ་ཇེ་ལེགས་སུ་སོང་ནས་སྤྱི་ལོ་༡༤༡༠ལོར་གཡུང་ལོའི་བཀའ་འགྱུར་ཞེས་གྲགས་པ་དེ། ནན་ཅིང་རུ་པར་དུ་བརྐོས་པ་སོགས་རིམ་གྱིས་པར་སྐྲུན་གྱི་ལུགས་སྲོལ་དར་རྒྱས་བྱུང་བ་ཞིག་ཏུ་མངོན།

དེ་རྗེས་སླར་ཡང་ཐེངས་གཉིས་པ་རྒྱ་ནག་ཏུ་ཕེབས་པའི་འབུལ་ནོར་གྱིས་རྒྱུད་འབུམ་ཞིག་བཞེངས་ཚུལ་བཤད་པ་ནི། བོད་རང་དུ་ལག་བྲིས་ཀྱིས་བཞེངས་ཡོད་ཀྱང་བཞེངས་པའི་དུས་ཚོད་དང་། ཆོས་ཚན་གྱི་གྲངས་དང་། པོད་གྲངས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་དགོས་པ་མང་པོ་ཞིག་ནི་དཔྱད་གཞི་མ་རྙེད་པས་གསལ་བཤད་བྱ་ཐབས་བྲལ།[28] དེ་ནས་བོད་རབ་བྱུང་བདུན་པའི་ཆུ་ལུག་སྤྱི་ལོ་༡༤༠༣ལ་སྐུ་འཁྲུངས་ཏེ་༡༤༧༨གཤེགས་པའི་གཏེར་སྟོན་རཏྣ་གླིང་པས་གྲུ་ཤུལ་ལྷུན་གྲུབ་ཕོ་བྲང་དུ་རྒྱུད་འབུམ་སྐྱ་བྲིས་ཞིག་ཆུ་རྟ་༡༤༦༢ལོར་བཞེངས་པ་ལ། པོད་ཆུང་བཞི་བཅུ་ཡོད་པ་དེའི་ནང་ལྷུན་གྲུབ་ཕོ་བྲང་གི་བླ་མ་གོང་མ་རྣམས་ཀྱི་གསན་ཡིག་ལས་གཏེར་རྒྱུད་མང་པོ་ཁ་སྣོན་ཞུས་ཡོད་ཚུལ་དང་། གཏེར་རྒྱུད་མ་ཡིན་པའི་བཀའ་ནས་བཀར་བརྒྱུད་པ་རྣམས་ལྔ་པའི་གསན་ཡིག་དང་། སྨིན་གླིང་རྒྱུད་འབུམ་གཉིས་དང་ཕྱོགས་མཐུན་པར་བྱུང་བས་ཆོས་ཀྱི་བཞུགས་ཚུལ་དེ་བཞིན་བྱས།[29]ཞེས་གསལ། ཡང་བདུད་འཇོམས་ཆོས་འབྱུང་ལས་ཀྱང་གཏེར་ཆེན་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ལས། རྙིང་རྒྱུད་ཀྱི་དཔེ་ལུང་གཉིས་ཀའི་རྒྱུན་མ་ཆད་པར་མཛད་པས་བཀའ་དྲིན་ཤིན་ཏུ་ཆེ་ཚུལ་གྱིས་བསྔགས་བརྗོད་གནང་བ་ལྟར་ན། ཕྱིས་ཀྱི་སྔ་འགྱུར་རྒྱུད་འབུམ་གྱི་དཔེ་ལུང་ཐམས་ཅད་ཁོང་གི་བཀའ་དྲིན་ལས་གཅིག་གྱུར་གྱིས་དར་འཕེལ་བྱུང་བ་མ་ཟད། ད་ལྟའི་རྒྱུད་འབུམ་ནང་དུ་བཞུགས་པའི་གཏེར་རྒྱུད་རྣམས་ཀྱང་ཁོང་གི་སྐབས་སུ་གསར་དུ་བཅུག་གནང་བ་ཞིག་ཡིན་པར་གསལ་ཡང་། དེ་སྐབས་ཀྱི་དཔྱད་གཞིའི་ཡིག་ཆ་ཁ་གསལ་མ་རྙེད་པས་ཞིབ་གསལ་ཞུ་མ་ཤེས། འོན་ཀྱང་གཏེར་རྒྱུད་རྣམས་འདིའི་སྐབས་སུ་གསར་བཅུག་གནང་བ་ལས། སྔོན་གྱི་རྒྱུད་འབུམ་རྣམས་སུ་བཀའ་མའི་རྒྱུད་གཅིག་པུ་ལས། གཏེར་རྒྱུད་རྣམས་མེད་ཚུལ་འཇིགས་གླིང་རྒྱུད་འབུམ་དཀར་ཆག་ལས་ཀྱང་ཤེས་ནུས།

ཡང་བདུད་འཇོམས་ཆོས་འབྱུང་ལས་འདི་སྐབས་སྐྱ་བྲིས་ཚར་གཅིག་དང་། གསེར་བྲིས་ཚར་གཅིག་བཅས་ཁྱོན་ཚར་གཉིས་གྲུ་ཤུལ་ལྷུན་གྲུབ་ཕོ་བྲང་དུ་བཞེངས་པར་བཤད་ཀྱང་། རྣམ་ཐར་རྒྱ་མཚོའི་སྤྲིན་ཕུང་སོགས་སུ་གསེར་བྲིས་ནི་རྒྱུད་བཅུ་བདུན་པོ་ཏི་བཞི་དང་། ཕལ་ཆེན་པོ་ཏི་དྲུག །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་ཤེར་ཕྱིན་རྣམས་ཡིན་པར་གསལ།

རཏྣ་གླིང་པ་སྐུ་གཤེགས་རྗེས་ཁོང་གི་གདུང་རྒྱུད་རྣམས་ཀྱིས་བཞེངས་པའི་རྒྱུད་འབུམ་ཆ་དུ་མ་ཞིག་ཡོད་པའི་ཚུལ་གཏེར་སྟོན་ཆོས་འབྱུང་ལས།བཤད་ཡོད་པ་ལྟར་ན། དེང་སང་འཛམ་གླིང་གི་ས་ཁྱོན་གང་སར་བགྲོད་པའི་སྔ་འགྱུར་རྙིང་མའི་རྒྱུད་འབུམ་ཆ་ཤས་མང་པོ་ཞིག འདི་ཡི་རྒྱུད་རྒྱུན་ལས་འཕེལ་བ་ཞིག་ཡིན་པར་བཤད། འོན་ཀྱང་རྒྱུད་འབུམ་འདིའི་ནང་གི་སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་བཀའ་རྒྱུད་རྣམས་ལ་སྔོན་བྱོན་གྱི་ཕྱག་བྲིས་དང་བརྒྱུད་འཛིན་གྱི་ཁུངས་ལྡན་འགོ་བརྩམས་ཏེ། དོན་གྱི་གནད་དཀའ་བཅུ་ཕྲག་མང་པོ་ཞིག་ལ་ཞིབ་བཤེར་དང་རྒྱུད་རྒྱུན་ཉར་ཚགས་གནང་བ་ལས། ད་ལྟ་བར་དུ་སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་བསྟན་པ་རྒྱུན་མ་ཆད་པར་འབྱུང་བ་ལ་ཁོང་ཚོའི་བཀའ་དྲིན་ཤིན་ཏུ་ཆེ་བ་ལྟར་གསལ་འདུག ད་དུང་སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་རང་ལུགས་ཀྱི་དབང་བསྐུར་རྒྱུན་འཁྱོངས་དང་། ཉམས་ལེན་གྱི་གདམས་ངག་སོགས་ཀྱང་འདིའི་རྒྱུད་རྒྱུན་ལས་མི་ཆད་པར་འཕེལ་བ་ཞིག་ཡིན་ནོ།།[30] “སྲས་ཚེ་དབང་གྲགས་པ་ཁམས་ཕྱོགས་ལ་བྱོན་ཏེ། ཀཿཐོག་རྡོ་རྗེ་གདན་ནས། །ཁམས་ལྕགས་མོ་སོགས་ཞབས་ཀྱིས་བཅགས། ཁམས་ཀཿཐོག་ནས་རྙིང་མའི་རྒྱུད་འབུམ་གསེར་མ་པུ་ཏི་བརྒྱད་ཅུ་གྱ་གཉིས་སྤྱན་དྲངས། ལྷུན་གྲུབ་ཕོ་བྲང་གི་གཙུག་ལག་ཁང་ཆེན་པོ་ཡབ་ཀྱི་དགོངས་པ་རྫོགས་བྱེད་དུ་རྒྱུད་འབུམ་ཚར་གཅིག་མངའ་བདག་མྱང་གི་གསུང་རྟེན་དང་ཁྱད་པར་མེད་པ་ཞིག་བཞེངས། ལྷུན་གྲུབ་ཕོ་བྲང་ཞེས་གསང་སྔགས་རྒྱུད་ཀྱིས་གང་བའི་ཕོ་བྲང་ཆེན་པོར་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་གི་སྐུ་ཐོག་ཚོད་གསུམ། ཉན་ཐོས་གཉིས་དང་བཅས་པ་བཞེངས། ཞེས་དང་། ལར་གྱིས་གཏེར་སྟོན་རྣམས་ཀྱི་མཆོག་རཏྣ་གླིང་པའི་ཕོ་བྲང་ལྷུན་གྲུབ་འདིར་དེང་སང་ནི་རྒྱུད་འབུམ་ཚར་བཅུ་གསུམ་བཞུགས་འདུག །དེ་ན་གདུང་བརྒྱུད་རིམ་པ་བཞིན་དུ་ཞལ་ངོ་རེའི་ཐོག་ཏུ་རྒྱུད་འབུམ་ཚར་རེ། རྟེན་བཞེངས་བསམ་གྱིས་མི་ཁྱབ་པར་མཛད་དེ་གསང་སྔགས་རྒྱུད་ཀྱིས་གང་བའི་གཙུག་ལག་ཁང་ཆེན་པོར་མཚན་གསོལ་བ་ཡིན་ནོ། །ཞེས་གསལ།

དེ་ནས་ཡར་འབྲོག་ཡོན་པོ་དོའི་བླ་མ་མདོ་སྔགས་འབྱུང་གནས་ཀྱིས་སྤྱི་ལོ་༡༥༨༡ལ་རྒྱུད་འབུམ་པོད་༡༢ཅན་ཞིག་བཞེངས།[31] ཡང་དུས་རབས་བཅུ་བདུན་པའི་སྟོད་ལ། གཙང་གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེས་1594-1654རྒྱུད་འབུམ་ཚར་གསུམ་བཞེངས་ཏེ། ཚར་གཅིག་རང་དགོན་གཙང་གོང་ར་ངེས་གསང་རྡོ་རྗེ་གླིང་དུ་བཞག །ཚར་གཉིས་བསྟན་རྒྱུན་ལ་དགོངས་ཏེ་ཁམས་དང་ཀོང་པོའི་ཕྱོགས་སུ་བསྐུར་གནང་བ་ལས། ཀོང་ཡུལ་རྩེ་ལེ་པདྨ་ལེགས་གྲུབ་ཀྱི་གདན་ས་གནས་ཆེན་ཆུ་བོ་གཡས་འཁྱིལ་གཙང་པོ་མགོ་དགུའི་སྒྲུབ་སྡེར་བཞུགས་པ་སྟེ། དེ་ལ་བརྟེན་ནས་དཔེ་ལུང་གི་རྒྱུན་ཁམས་དབུས་ཀུན་ཏུ་ཁྱབ་པས་བཀའ་དྲིན་ཆེ་ཞེས་གསལ།    ཡང་སྒང་སྟེང་རྒྱུད་འབུམ་དང་པོ་ནི་པད་གླིང་གསུམ་པ་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེས་1598-1669རང་གི་བླ་མ་པདྨ་འཕྲིན་ལས་མཆོག་1565-1642ཞིང་ལ་གཤེགས་པའི་དགོངས་རྫོགས་སུ།[32] སྤྱི་ལོ་ 1643 ལོ་སྨད་ཙམ་ལ་རྙིང་མ་རྒྱུད་འབུམ་པུ་སྟི་བཞི་བཅུ་ཞེ་དྲུག་ཅན་ཞིག་བཞེངས་ཆེད། གཙང་སྙེ་མོ་ནས་བྲིས་པ་རྣམས་གདན་འདྲེན་ཞུས་ཏེ། ཟླ་བ་བཞིའི་རིང་བཞེངས་གྲུབ་པ་སྟེ་སྤྱི་ལོ་1643ལོ་མཇུག་ནས1644ལོ་མགོར་བཞེངས་གྲུབ།

སྒང་སྟེང་སྐུ་ཕྲེང་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱིས་སྤར་གཞི་དང་པོ་ལ་གཞིར་བཟུང་ནས་སྒང་སྟེང་རྒྱུད་འབུམ་ཕྱི་མ་སྤྱི་ལོ་ 1726 ཙམ་ལ་བཞེངས་པ་དང་། དེ་ནས་ཁོང་གི་སློབ་མ་འཚམས་བྲག་ངག་དབང་གྲགས་པས་མཚམས་བྲག་རྒྱུད་འབུམ་1725-1748བཞེངས། དེ་ནས་རིམ་གྱིས་དགྲ་མེད་རྩེའི་རྒྱུད་འབུམ་དང་། སྤ་སྒར་རྒྱུད་འབུམ་དང་། མོན་རྟ་ཝང་སངས་རྒྱས་གླིང་རྒྱུད་འབུམ་བཅས། སྒང་སྟེང་རྒྱུད་འབུམ་དང་པོ་ལས་འཕེལ་རྒྱས་བྱུང་ནས་རྒྱུད་འབུམ་བྲིས་མ་འདི་རྣམས་ད་ལྟ་དངོས་སུ་བཞུགས། འབུམ་རམས་ཨོར་ན་ཨལ་མོ་གིས་བཞེད་པ་ལྟར་ན་རྙིང་མ་རྒྱུད་འབུམ་ལ་བྲིས་སྤར་མི་འདྲ་བ་བཅུ་གསུམ་ཡོད་ཅིང་། དེ་དག་སྡེ་ཚན་དྲུག་ཏུ་དབྱེ་བའི་ནང་གི་དང་པོ་དེ་སྒང་སྟེང་རྒྱུད་འབུམ་དང་པོ་ནས་འཕེལ་བར་བཞེད། དེ་ནས་རྒྱལ་དབང་ལྔ་པ་ཆེན་པོས་1617-1682རབ་བྱུང་བཅུ་གཅིག་པའི་མེ་ལུག་སྤྱི་ལོ་ 1667 ལ་པོ་ཏ་ལར་རྙིང་རྒྱུད་པོ་ཏི་ཞེ་དྲུག་ཡོད་པ་ཞིག་བཞེངས། འདིའི་པོད་གྲངས་འབྲུག་སྒང་སྟེང་རྒྱུད་འབུམ་དང་མཐུན་པ་མ་ཟད་གསན་ཡིག་གངྒའི་ཆུ་རྒྱུན་ལས་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེའི་གསན་ཡིག་ལའང་དཔྱད་ཞིབ་གནང་ཚུལ་གསལ་བ་ལྟར་ན་འདིའི་མ་ཕྱི་སྒང་སྟེང་གི་རྒྱུད་འབུམ་ལ་འབྲེལ་བ་ཡོད་མེད་དཔྱད་དགོས།

ཡང་བྲག་དཀར་རིག་འཛིན་ཆོས་དབང་གིས་སྔ་འགྱུར་གསང་ཆེན་རྙིང་མ་རྒྱུད་འབུམ་གྱི་གླེགས་བམ་ཡོངས་རྫོགས་བཞེངས་ཚུལ་དཀར་ཆག་ཏུ་བཀོད་པ་རྫོགས་ལྡན་སྣང་བ་གསར་པའི་དགའ་སྟོན་ལས།[33] གོང་ས་ཀུན་མཁྱེན་ལྔ་པ་ཆེན་པོའི་ཁྲ་ཚང་པ་ཉང་སྟོན་བློ་མཆོག་རྡོ་རྗེ་ལ་རྙིང་རྒྱུད་ཡོངས་རྫོགས་ལུང་གསན་ཅིང་པོ་ཏི་༤༤ཅན་གྱི་རྒྱུད་འབུམ་བཞེངས་པ་དེ་ཕོ་བྲང་ཆེན་པོ་རི་བོ་གྲུ་འཛིན་དུ་བཞུགས་ཞེས་གསལ་བ་དེ་དང་།[34]ཡང་གོང་གི་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་ནང་དུ་རྙིང་རྒྱུད་པོ་ཏི་ཞེ་དྲུག་ཅན་ཞིག་བཞེངས་པར་གསལ་བ་གཉིས་གཅིག་ཡིན་མིན་དང་། ད་དུང་རྩེ་ཕོ་བྲང་དཔེ་མཛོད་དུ་བཞུགས་པ་རྙིང་རྒྱུད་གླེགས་བམ་ཇི་ལྟར་བཞུགས་ཚུལ་གྱི་དཀར་ཆག་གསང་སྔགས་བསྟན་པ་མི་ནུབ་པའི་རྒྱལ་མཚན་ཞེས་པའི་ནང་དུ་ཡང་རྙིང་རྒྱུད་གླེགས་བམ་བཞི་བཅུ་ཞེ་བཞིའི་མཚན་ཐོ་བཀོད་པ་འདི་རྣམས་གཅིག་ཡིན་མིན་དང་། ལྔ་པ་ཆེན་པོས་བཞེངས་པའི་རྒྱུད་འབུམ་དེ་ད་ལྟའི་ཆར་བཞུགས་ཡོད་མེད་སོགས་རྒྱུ་ཆ་ཁ་གསལ་མ་རྙེད་པས་གསལ་བཤད་བྱ་མ་ཤེས།

དུས་རབས་བཅུ་བདུན་པའི་སྨད་ཙམ་དུ་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས་1646-1714 གསེར་དངུལ་ལས་གྲུབ་པའི་རྒྱུད་འབུམ་ཞིག་རབ་བྱུང་བཅུ་གཅིག་པའི་ཤིང་གླང་1685ལོར་བཞེངས་པའི་མ་དཔེ་ནི། འུག་བྱ་ལུང་། ཀོང་པོ་ཐང་འབྲོག །གཙང་རོང་པོ། དར་གླིང་སོགས་སུ་བཞུགས་པ་རྣམས་གདན་དྲངས་ཏེ་གོ་རིམ་དང་སྡེ་ཚན་མ་འཁྲུགས་པར་དཔྱད་ཞིབ་གནང་སྟེ་བཞེངས་པའི་ཚུལ། གཏེར་ཆེན་རྣམ་ཐར་ལོ་ཆེན་ཆོས་དཔལ་རྒྱ་མཚོས་མཛད་པ་ལས་གསལ་བ་དང་། རྒྱུད་འབུམ་དེ་ལ་པོ་ཏི་ཉེར་གསུམ་ཡོད་ཚུལ་སྡེ་དགེའི་རྒྱུད་འབུམ་དཀར་ཆག་ལས་ཀྱང་གསལ། དེའི་རྗེས་ཙམ་ལ་ཏཱ་ལའི་ཧུ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོས། སྨིན་གླིང་གི་རྒྱུད་འབུམ་ལ་མ་ཕྱི་གནང་སྟེ་སྐྱ་བྲིས་ཀྱི་རྒྱུད་འབུམ་པོ་ཏི་སུམ་ཅུའི་བདག་ཉིད་ཅན་ཞིག་བཞེངས་པ་དེ་མཚོ་སྔོན་ཕྱོགས་སུ་བཞུགས་པ། ཕྱིས་སུ་སྡེ་དགེའི་རྒྱུད་འབུམ་ཤིང་པར་དུ་རྐོ་སྐབས་སེ་ཆེན་སྤྲུལ་སྐུས་གདན་འདྲེན་ཞུས་ཏེ་མ་ཕྱི་གནང་བས། དེ་དུས་སྡེ་དགེར་འཛོམས་པའི་རྒྱུད་འབུམ་རྣམས་ཀྱི་ནང་ནས་ཆ་ཚང་ཤོས་དང་ཡི་གེ་དག་ཤོས་ཞིག་ཡིན་ཚུལ་གསལ།[35]

ཡང་སྟག་ཕུ་བྲག་དམར་དགོན་དུ་བཞུགས་པའི་རྒྱུད་འབུམ་ནི།[36] སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་ལྷའི་རྔ་བོ་ཆེ་ལས་སྟག་བུ་བྲག་དམར་དགོན་ཞེས་བཀའ་གཏེར་བསྟན་པའི་གསལ་བྱེད་དུ་མ་བྱོན་པའི་གདན་ས་ཆེན་པོ་དེར། རྗེ་བླ་མ་ཀུན་བཟང་རྣམ་རྒྱལ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་རོལ་རྡོ་རྗེ་དཔའ་བོས་བཞེངས་པའི་རྒྱུད་རག་རིམ། ཞེས་རྒྱུད་འབུམ་ཆ་ཚང་མིན་པ་ལྟ་བུ་ཞིག་བཞུགས་པ་དེ་སྡེ་དགེའི་རྒྱུད་འབུམ་ཤིང་སྤར་ལ་བརྐོ་བའི་སྐབས་སུ་གདན་དྲངས་ཚུལ་གསལ་ལ།[37] ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོའི་རྣམ་ཐར་ལས་ཀུན་མཁྱེན་པདྨ་བློ་གྲོས་དང་།  རྒྱ་བླ་མ་མཁས་གྲུབ་བཀྲ་ཤིས་རིན་ཆེན་སོགས་དབུས་སུ་བྱོན་ཏེ་གངས་ར་ལོ་ཆེན་གཞན་ཕན་རྡོ་རྗེ་དང་། པད་གླིང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེའི་དྲུང་དུ་བྱོན་ནས་གསང་སྔགས་དབང་ལུང་དཔག་མེད་གསན། སླར་རང་ཡུལ་དུ་ཆགས་ཕེབས་དུས་སུ་མདོ་ཁམས་འདིར་གསང་སྔགས་རྒྱུད་འབུམ་སོགས་མེད་པར་གཟིགས་ནས་རྒྱ་བླ་མ་བཀྲ་ཤིས་རིན་ཆེན་གྱི་ཐུགས་བསྐྱེད་རྣམ་པར་དག་པའི་མཐུས། རང་གི་སློབ་མ་ས་བླ་སངས་རྒྱས་རྡོ་རྗེ་དེ་ཉིད་གཙང་རོང་གངས་ར་ལོ་ཆེན་གཞན་ཕན་རྡོ་རྗེའི་དྲུང་དུ་གསང་སྔགས་རྒྱུད་འབུམ་དབང་ལུང་དང་། ཡིག་རྒྱུན་སྤྱན་དྲངས་པའི་ཕྱིར་བཏང་ནས་དེ་ཡི་དྲིན་གྱིས་ཕྱག་དཔེ་དང་ལྗགས་ལུང་ཕྱེད་ཙམ་བཞུགས་སོ། །ཞེས་པ་སོགས་ཞིབ་ཕྲ་དྲུང་པ་ནམ་མཁའ་རྒྱ་མཚོའི་རྣམ་ཐར་འོག་ནས་འབྱུང་བ་ལས་ལས་ཤེས་པར་བྱའོ། །

ཡང་དུས་རབས་བཅོ་བརྒྱད་པའི་ནང་རིག་འཛིན་འཇིགས་མེད་གླིང་པས་བཞེངས་པའི་རྒྱུད་འབུམ་གྱི་དཔེ་ནི། གཙང་འུག་བྱ་ལུང་ན་ཀུན་སྤངས་གྲགས་རྒྱལ་གྱིས་བཞེངས་པའི་རྒྱུད་འབུམ་རགས་རིམ་དང་། གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེས་བཞེངས་པའི་རྒྱུད་འབུམ་ཕྱིས་སུ་ཀོང་པོ་ཐང་འབྲོག་ན་བཞུགས་པ་དང་། རཏྣ་གླིང་པའི་གདན་ས་ལྷུན་གྲུབ་ཕོ་བྲང་ན་བཞུགས་པའི་རྒྱུད་འབུམ་པོད་བཞི་བཅུ་ཅན་དང་། ཨོ་རྒྱན་སྨིན་གྲོལ་གླིང་ན་བཞུགས་པའི་རྒྱུད་འབུམ་བཅས་ལ་མ་ཕྱི་གནང་སྟེ། རབ་བྱུང་བཅུ་གསུམ་པའི་ལྕགས་ཡོས་ལོར་སྔོན་འགྲོའི་གྲ་སྒྲིག་རྣམས་ཟིན་ནས། ཆུ་འབྲུག་ལོའི་ཟླ་བ་གསུམ་པའི་ཚེས་གཅིག་སྤྱི་ལོ་ ༡༧༧༢ ལ་དབུ་བརྩམས་ཏེ། ཟླ་བ་གསུམ་དང་ཞག་བཅོ་ལྔའི་རིང་གྲུབ་པར་མཛད་པའི་དཔེ་གཞི་སྐྱ་བྲིས་ལ། དབུ་ནས་ལྡེབ་མ་ལྔའི་བར་རིན་པོ་ཆེ་སྣ་ལྔས་བྲིས་པ་དཀར་ཆག་བཅས་ཁྱོན་པོད་ཉི་ཤུ་རྩ་དྲུག་ལ། ཆོས་ཚན་སུམ་བརྒྱ་བརྒྱད་ཅུ་གྱ་བཞི་བཞུགས་པའི་སྒྲིག་སྟངས་ཀྱི་གོ་རིམ་ནི། ལྔ་པའི་གསན་ཡིག་དང་། སྨིན་གླིང་རྒྱུད་འབུམ་གཉིས་ཕྱོགས་མཐུན་པར། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ཐོག་མར་བྱས་ཏེ། སྔར་རཏྣ་གླིང་པས་ལྷུན་གྲུབ་ཕོ་བྲང་དུ་བཞེངས་པའི་རྒྱུད་འབུམ་པོད་བཞི་བཅུ་ཅན་དུ། གཏེར་རྒྱུད་མང་པོ་ཁ་སྐོང་དུ་བཞག་ཡོད་པ་རྣམས་ལ་དགོས་པ་ཆེན་པོ་མེད་པར་གཟིགས་ནས། རྒྱུད་འབུམ་གྱི་དཔེ་གཞན་དག་ནས་ཀྱང་ལེགས་ཆ་བླངས་ཏེ་ཕྲི་བསྣན་གྱིས་གསར་སྒྲིག་གནང་བ་ཞིག་ཏུ་མངོན། འོན་ཀྱང་ཐེག་པའི་གོ་རིམ་དང་མཐུན་པར་རྒྱུད་སོ་སོའི་དབྱེ་བ་གསལ་པོར་ཕྱེས་མེད་པ་སོགས། ཞིབ་ཕྲ་དཀར་ཆག་རང་ཉིད་ལས་ཤེས་པར་བྱའོ། །

ད་ལྟ་བོད་དུ་མ་དཔེ་ཤིང་སྤར་དུ་བཞུགས་པ་ཁམས་སྡེ་དགེའི་རྒྱུད་འབུམ་ནི། ཉི་གྲགས་སྤྲུལ་སྐུ་རིག་རྩལ་ཐོགས་མེད་གླིང་པས་དངུལ་སྲང་སྟོང་རི་བའི་དངོས་པོ་ཞིག་ཁམས་སྡེ་དགེའི་བཙུན་མོ་ས་སྐྱོང་ཚེ་དབང་ལྷ་མོ་ལ་ཕུལ་ཏེ་བསྐུལ་མ་ཞུས་པས། བཙུན་མོ་མཆོག་ནས་ཀྱང་སྦྱིན་བདག་བྱེད་པར་ཞལ་བཞེས་གནང་སྟེ། རབ་བྱུང་བཅུ་གསུམ་པའི་ཤིང་སྟག་བོད་ཟླ་གཉིས་པའི་ཚེས་གསུམ། སྤྱི་ལོ་ ༡༧༩༤ ལ་འགོ་བརྩམས་ཏེ་རབ་བྱུང་བཅུ་གསུམ་པའི་ས་རྟ་སྤྱི་ལོ་ ༡༧༩༨ ལ་ལེགས་པར་གྲུབ་པའི་ཞུ་ཆེན་པ་ནི། ཀཿཐོག་དགེ་རྩེ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་དང་ཞེ་དྲུང་པདྨ་རྣམ་དག་གཉིས་ཀྱིས་གནང་སྟེ་བཞེངས་སྐབས་ཀྱི་མ་དཔེ་ནི། རྫོགས་ཆེན་དགོན་དུ་བཞུགས་པའི་རྒྱུད་འབུམ་དང་། ཀཿཐོག་དགོན་དུ་བཞུགས་པའི་རྒྱུད་འབུམ། སྟག་བུ་བྲག་དམར་དགོན་དུ་བཞུགས་པའི་རྒྱུད་འབུམ། དཔལ་སྤུངས་དགོན་དུ་བཞུགས་པའི་རྒྱུད་འབུམ། རིག་འཛིན་འཇིགས་མེད་གླིང་པས་བཞེངས་པའི་རྒྱུད་འབུམ། གོ་འཇོ་ཇས་ཚང་བསོད་ལུས་བཞེངས་པའི་རྒྱུད་འབུམ། ཏཱ་ལའི་ཧུ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོས་བཞེངས་པའི་རྒྱུད་འབུམ་སོགས་ལ་གཞི་བྱས། གོ་རིམ་སོགས་རྒྱལ་དབང་ལྔ་པ་ཆེན་པོའི་གསན་ཡིག་ལ་ཁུངས་བཅོལ་ཏེ་བཞེངས་པ་ཞིག་ཡིན་ཞིང་། འདི་ལ་དཀར་ཆག་པོད་གཅིག་བཅས་པོ་ཏི་ཉི་ཤུ་རྩ་དྲུག་ཡོད།

སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་བྲིས་མ་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་ཆོས་རྒྱུད་འཛིན་པ་ཀཿཐོག་གདན་སའི་ལྷོ་བྱང་གཉིས་སུ་བཞུགས་པ་ལས།

དང་པོ་ཀཿཐོག་པའི་བྱང་ཕྱོགས་གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་དུ་བཞུགས་པའི་སྔ་འགྱུར་རྒྱུད་འབུམ་ནི། བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་བཞུགས་བྱང་ཞེས་པ་ལས་ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོའི་སྡེ་ཡིས། དྲུང་ནམ་མཁའ་རྒྱ་མཚོ་དང་། བྲག་དམར་དཔའ་བོ་རྡོ་རྗེ་སོགས་རྗེ་བཙུན་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ་བཀའ་གཏེར་ཆོས་ཚུལ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པའི་སྨིན་གྲོལ་བདུད་བརྩིའི་ཆུ་རྒྱུན་གྱིས་ཐུགས་ཀྱི་བུམ་པ་བཟང་པོ་ཡོངས་སུ་གཏམས་པར་མཛད་ནས། སྔ་འགྱུར་རྒྱུད་འབུམ་རིན་པོ་སོགས་བཀའ་གཏེར་གྱི་ཆོས་ཚན་བསམ་གྱི་མི་ཁྱབ་པ་བཞེངས་ནས་གདན་ས་འདི་ཉིད་དུ་གདན་དྲངས།[38] ཞེས་དང་དེའི་འཕྲོར་རྒྱུད་འབུམ་དཀར་ཆག་དངོས་ཀྱི་སྐབས་སུ། གླེགས་བམ་བཞི་བཅུ་ཞེ་གཉིས་ཀྱི་དཀར་ཆག་ཞིག་བཀོད་ཡོད།  དེ་བཞེངས་པ་པོ་གླང་བཞག་ཨོ་རྒྱན་ལྷུན་གྲུབ་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་སྟོད་ཙམ་ལ་བྱོན་པ་ཞིག་སྟེ། ཁོང་སྐུ་ཆུང་ངུའི་དུས་ནས་ཐེག་པ་ཆེན་པོའི་རིགས་སད་སྟོབས་ཀྱིས་བྱམས་དང་སྙིང་རྗེས་ཐུགས་རྒྱུད་ཕྱུག་པ་ཞིག་ཏུ་གྲགས། དེ་ནས་རིམ་གྱིས་ནར་སོན་ཏེ་ཀཿཐོག་པ་དྲི་མེད་ཞིང་སྐྱོང་མགོན་པོ་དང་། འགྱུར་མེད་ཚེ་དབང་མཆོག་གྲུབ། ཀུན་བཟང་ངེས་དོན་དབང་པོ་རྣམས་ཀྱི་ཞབས་ལ་གཏུགས་ཏེ་དབང་ཁྲིད་མན་ངག་རྒྱ་ཆེར་གསན། ལྷག་པར་དུ་གྲུབ་དབང་ནམ་མཁའ་རྒྱ་མཚོའི་ཞབས་ཀྱི་པདྨོ་སྤྱི་བོར་བླངས་ཏེ་བླ་མར་བསྙེན་ནས་དབང་ལུང་མན་ངག་དུ་མ་མནོས། དཔོན་སློབ་མཇལ་བ་ཙམ་གྱིས་ཐུགས་དགོངས་དབྱེར་མེད་དུ་གྱུར་ཏེ་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ལྟ་བ་མངོན་དུ་གྱུར་ནས། བསྟན་འགྲོའི་དོན་རྒྱ་ཆེན་གནང་བའི་ཡ་གྱལ་སྔ་འགྱུར་རྒྱུད་འབུམ་རིན་པོ་གླེགས་བམ་བཞི་བཅུ་ཞེ་གཉིས་སོགས་གསུང་རབ་གླེགས་བམ་སྟོང་ཙམ་བཞེངས་པར་བཤད། ད་ལྟའི་ཆར་རྒྱུད་འབུམ་འདིའི་དཔེ་གླེགས་བམ་སུམ་ཅུ་སོ་གསུམ་ཙམ་གྱི་གློག་རྡུལ་གྱི་དཔེ་ཞིག་མཇལ་རྒྱུ་ཡོད་རུང་། དཀར་ཆག་ལྟར་ན་རྒྱུད་འབུམ་འདི་ལ་གླེགས་བམ་བཞི་བཅུ་ཞེ་གཉིས་ཡོད་པར་གསལ་བས་རྒྱུད་འབུམ་འདིའི་དཔེ་གཞིའི་སྐོར་ལ་དཔྱད་པ་ཞིབ་མོ་ཞིག་བྱ་རྒྱུ་གལ་ཆེ།

གཉིས་པ། ཀཿཐོག་པའི་ལྷོ་ཕྱོགས་འཇང་གཡུ་འབྲུག་དགོན་དུ་བཞུགས་པའི་རྒྱུད་འབུམ།

ཉེ་ལམ་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱི་དགོན་པ་འཇང་གཡུ་འབྲུག་དགོན་ན་བཞུགས་པའི་སྔ་འགྱུར་རྒྱུད་འབུམ་དེ་ལ་གང་རའི་དཔེ་རྒྱུན་ལས་བྱུང་པ་པོད་ ༡༨ ལ་ཆོས་ཚན་ ༢༥༤ དང་། སྨིན་གླིང་དཔེ་རྒྱུན་ལས་བྱུང་པ་པོད་༡༧ལ་ཆོས་ཚན་༢༠༤བཅས་ཁྱོན་བསྡོམས་རྒྱུད་འབུམ་གླེགས་བམ་སུམ་ཅུ་སོ་ལྔ་ལ་ཆོས་ཚན་༤༥༨ཡོད། བཞེངས་ཡུལ་བྲག་དམར་དང་བཞེངས་མཁན་འགྱུར་མེད་རྡོ་རྗེའམ་ནམ་མཁའ་རྒྱ་མཚོ་ཡིན་པར་གསལ་བ་ལྟར་ན། འདི་བཞེངས་པ་པོ་ནི་ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ་ཡིན་ནམ་ཡང་ན་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་ཡིན་ཁ་ཚོན་གཅོད་དཀའ་བ་ཞིག་ཏུ་ཆགས་ཡོད། བཞེངས་མཁན་འགྱུར་མེད་རྡོ་རྗེ་ཞེས་པ་དེ་སུ་ཡིན་ད་ལྟའི་ཆར་ཁ་གསལ་མ་ཤེས་པ་དེ་རེད། འགྱུར་མེད་རྡོ་རྗེའམ་ནམ་མཁའ་རྒྱ་མཚོ་ཞེས་གསལ་བ་ལྟར་ན་དྲུང་པ་ནམ་མཁའ་རྒྱ་མཚོ་ཡིན་ནམ་སྙམ་པ་ལྟ་བུ་ཞིག་ཡོད་རུང་། དྲུང་པ་ནམ་མཁའ་རྒྱ་མཚོའི་མཚན་གྱི་རྣམ་གྲངས་ལ་འགྱུར་མེད་རྡོ་རྗེ་ཞེས་པ་རྙེད་མ་ཐུབ་པ་དེ་རེད།

དེ་ཡང་ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ་ནི་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱི་བླ་མ་སྟེ་སྤྱི་ལོ་ ༡༦༧༢ ལ་སྐུ་འཁྲུངས་ཤིང་ ༡༧༤༧ སྐུ་གཤེགས་པ་ཀཿཐོག་དྲུང་རབས་བཅུ་གསུམ་པ་ནམ་མཁའ་རྒྱ་མཚོ་དེ་རེད།[39] ཁོང་གི་རྣམ་ཐར་ལས་ཀཿཐོག་ཕྱོགས་སུ་སྔ་དུས་གསང་སྔགས་རྙིང་མའི་ཆོས་སྐོར་དར་རྒྱས་ཆེ་བར་བྱུང་ཡང་། བར་སྐབས་སུ་དར་བ་རྒུད་དུ་སོང་བས་བྲའོ་ཆོས་འབུམ་ནས་བརྒྱུད་པའི་མདོ་དབང་དང་རྒྱུད་འབུམ་ཉུང་ཤས་ཐོར་བུ་ཞིག་ལས་མེད་པར་དབང་ལུང་དཔེ་རྒྱུན་ཆད་པར་དོགས་ནས་མདོ་ཁམས་ཀུན་མཁྱེན་པདྨ་བློ་གྲོས་དང་། རྒྱ་བླ་མ་མཁས་གྲུབ་བཀྲ་ཤིས་རིན་ཆེན་སོགས་དབུས་སུ་བྱོན་ཏེ་གངས་ར་ལོ་ཆེན་གཞན་ཕན་རྡོ་རྗེ་དང་། པད་གླིང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེའི་དྲུང་དུ་བྱོན་ནས་གསང་སྔགས་དབང་ལུང་དཔག་མེད་གསན། སླར་རང་ཡུལ་དུ་ཆགས་ཕེབས་དུས་སུ་མདོ་ཁམས་འདིར་གསང་སྔགས་རྒྱུད་འབུམ་སོགས་མེད་པར་གཟིགས་ནས་རྒྱ་བླ་མ་བཀྲ་ཤིས་རིན་ཆེན་གྱི་ཐུགས་བསྐྱེད་རྣམ་པར་དག་པའི་མཐུས། རང་གི་སློབ་མ་ས་བླ་སངས་རྒྱས་རྡོ་རྗེ་དེ་ཉིད་གཙང་རོང་གངས་ར་ལོ་ཆེན་གཞན་ཕན་རྡོ་རྗེའི་དྲུང་དུ་གསང་སྔགས་རྒྱུད་འབུམ་དབང་ལུང་དང་། ཡིག་རྒྱུན་སྤྱན་དྲངས་པའི་ཕྱིར་བཏང་ནས་དེ་ཡི་དྲིན་གྱིས་ཕྱག་དཔེ་དང་ལྗགས་ལུང་ཕྱེད་ཙམ་བཞུགས་སོ། །ཞེས་དང་། ཡང་དེ་སྐབས་སུ་ཀཿཐོག་ཏུ་མཁས་གྲུབ་བཀྲ་ཤིས་རྒྱ་མཚོ་དང་ཧེ་པ་ཆོས་འབྱུང་། འཁྲུལ་ཞིག་དབང་དྲག་རྒྱ་མཚོ། གཙང་རི་པདྨ་རྒྱལ་མཚན། པདྨ་མ་ཏི། རྒྱ་བླ་མཁས་གྲུབ་བཀྲ་ཤིས་སོགས་མདོ་ཁམས་སུ་རྙིང་བསྟན་ལ་བཀའ་དྲིན་ལྷག་ཏུ་ཆེ་བར་བྱུང་སྣང་། ཞེས་དང་། དེ་ཡང་རྗེ་བླ་མ་ཀྲོམ་དུ་དང་པོ་བཞུགས་སྐབས་སུ་སྔོན་དུས་གཙང་རོང་གོང་མའི་ཕྱག་དཔེ་ཕྱེད་ཙམ་ལས་རྒྱུད་སྡེ་རྣམས་ཚང་བར་མི་བཞུགས་པ་བླ་མ་དམ་པ་ཁྱབ་གདལ་ལྷུན་གྲུབ་ཀྱིས་གཟིགས་ནས། དབུས་ནས་རྒྱུད་སྡེ་ལྷག་མ་རྣམས་ཁམས་སུ་སྤྱན་དྲངས་པའི་དགོངས་བཞེད་ལས་ཞིང་ཕེབས་པར་དབོན་པོ་རྣམས་ལ་ཞལ་ཆེམས་ལྟར་སོང་ནས། གསང་སྔགས་བསྟན་འཛིན། ཀུན་བཟང་རྣམ་རྒྱལ། ཀུན་བཟང་བློ་གྲོས་སོགས། རྒྱུད་འབུམ་གྱི་དབང་ལུང་སོགས་ཀྱི་ཕྱག་དཔེ་རྩད་གཅོད་དུ་སྨིན་གླིང་གཏེར་ཆེན་གྱི་ཞབས་དྲུང་དུ་སོང་ནས་ཕྱག་དཔེ་དང་ལུང་རྒྱུན་སོགས་ཁམས་སུ་སྤྱན་དྲངས་པའི་ཐོག་མའི་སྐབས་སུ་བབས་པར། ༧རྗེ་བླ་མ་ཉིད་གཞག་ལྕགས་སུ་བྱོན་དུས་ཕྱག་རྫས་ཆེ་བར་བྱུང་བ་ཐམས་ཅད་གསང་སྔགས་རྒྱུད་སྡེ་སྔ་མ་གང་ལོན་དང་ཕྱི་མ་པོད་ཆེན་བཅུ་དྲུག་སོགས་ཁྱོན་གླེགས་བམ་སུམ་ཅུའི་གྲངས་རྣམས་གསར་དུ་བཞེངས་པའི་ཕྱིར་གླེགས་བམ་གྱི་ཡོན་དང་སྣག་ཤོག་སོགས་གང་དགོས་ཀྱི་གཉེར་ཁུར་དུ་མཚུངས་བྲལ་བླ་མ་ཀུན་བཟང་རྣམ་རྒྱལ་ཕྱག་ཏུ་འབུལ་ཡོན་ཆེ་བ་བཅོལ་བཞག་པས། ཡུན་མ་འགྱངས་པར་གླེགས་བམ་སྤུས་ལེགས་གྲུབ། སླར་བླ་མ་ཀུན་བཟང་བློ་གྲོས་ཀྱི་དྲུང་དུ་རྒྱུད་འབུམ་ལྗགས་ལུང་གསན། འདིའི་སྐབས་སུ་དྲུང་པ་ནམ་མཁའ་རྒྱ་མཚོ་དགུང་ལོ་ཞེ་གཅིག་པ་ཆུ་འབྲུག་༡༧༡༢ལོའི་རྗེས་ཙམ་ལ་ཡིན་ཚོད་འདུག །

ཡང་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱི་རྣམ་ཐར་དུ་སྔོན་བཀའ་ལས། ངེད་ལུས་ཐོག་འདིར་ཁ་བ་དཀར་དུ་ཕྱིན་པ་མ་འདྲ་ཡང་། ངེད་ཀྱི་སྐུ་གསུང་ཐུགས་རྟེན་ཡོད་རིགས་རྣམས་རིམ་པས་མར་སྐྱོལ། དེ་ནས་ཁྱོད་རང་ཡང་འདིར་མ་སྡོད་ཁ་བ་དཀར་པོར་སོང་སྡོད་དང་། དེ་དུས་ང་ཡང་བན་ཆུང་ཞིག་བྱེད་སླེབས་ཡོང་གསུངས་པ་དང་། བླ་མ་གསུང་རབ་ལ་ཡང་དེ་བཞིན་བཀའ་གནང་བའི་གསུང་བཞིན་ལ། དྲུང་པ་ནམ་མཁའ་རྒྱ་མཚོས་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་ལ་སྐུ་གསུང་ཐུགས་རྟེན་ཡོད་རིགས་ཁ་བ་དཀར་དུ་གདན་དྲངས་དགོས་གསུང་པ་བཞིན་རྒྱུད་འབུམ་འདི་ཁ་བ་དཀར་པོའི་ཕྱོགས་སུ་གདན་དྲངས་པ་ཡིན་ནམ་སྙམ་པ་དེ་རེད།

ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ།
༡༦༧༢-༡༧༤༧

ཁོང་གི་མཚན་གྱི་རྣམ་གྲངས། གཅོད་སྐྱབས། ནམ་མཁའ་རྒྱ་མཚོ། ཀཿཐོག་དྲུང་པ། ཀཿཐོག་དྲུང་པ་བླ་མ། ཀཿཐོག་པ་མགོན་པོ་རྒྱ་མཚོ། ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ། གྲུབ་ཐོབ་ནམ་མཁའ་རྒྱ་མཚོ། སྣ་ཚོགས་རང་གྲོལ།

ཀཿཐོག་དྲུང་རབས་བཅུ་གསུམ་ལས་བཅུ་གསུམ་པ་དྲུང་པ་ནམ་མཁའ་རྒྱ་མཚོ་ནི། མདོ་ཁམས་འབྲི་ཆུའི་རྒྱུད་དུ་རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ ༡༦༧༢ ལ་སྐུ་འཁྲུངས། དོན་བདུན་པ་ས་འབྲུག་ ༡༧༤༧ ལ་དགོངས་པ་ཆོས་དབྱིངས་སུ་ཐིམ། རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་དང་། ཀཿཐོག་ཞིང་སྐྱོང་སོགས་ཀྱིས་འདས་རྗེས་ཀྱི་བྱ་བ་དག་བསྒྲུབས།[40]

གསུང་རྩོམ་ལ། ཉམས་མགུར་དང། གཞན་ཞལ་གདམས་སྐལ་ལྡན་བདུད་རྩིའི་རོལ་མཚོ་དང་། བསང་ཡིག  །གསོལ་ཀ་སོགས་ཉུང་ངུ་ལས་མེད།

ཡང་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱིས་ཀྱང་སྔ་འགྱུར་རྒྱུད་འབུམ་བཞེངས་གནང་བའི་སྨོན་ལམ་ཐར་པའི་སྒྲོན་མེ་ལྟར་ན་ཁོང་ནི་སྤྱི་ལོ་༡༧༡༩ལ་སྐུ་འཁྲུངས་ཏེ་༡༧༧༦ལ་སྐུ་གཤེགས་པ་ཞིག་ཡིན་པས། སྨོན་ལམ་ཐར་པའི་སྒྲོན་མེ་ལས་གསལ་བ་ལྟར་ན་ཁོང་དགུང་ལོ་༣༢ལ་ཕེབས་པ་ལྕགས་ལུག་སྤྱི་ལོ་༡༧༥༡ལ་རྒྱུད་རྒྱལ་དེ་དག་གི་བཀླག་ལུང་རྣམས་གྲུབ་ཅིང་། དེའི་འཕྲོར་རྒྱུད་འབུམ་གླེགས་བམ་རྣམས་གསར་དུ་བཞེངས་སྐབས། ཆུ་སྟོད་ཟླ་བའི་ཡར་ཚེས་གསུམ་ལ་རྫོགས་པར་བྲིས་ཞེས་གསལ་བ་ནི་སྤྱི་ལོ་༡༧༥༡ནས་འགོ་བརྩམས་ཏེ། གསང་སྔགས་རྟག་བརྟན་ཆོས་གླིང་གི་གཙུག་ལག་ཁང་ཆེན་མོ་སྟེ་ཕྱག་ཕྲེང་བྱ་བ་ལ་ཁ་དགོན་པར་རྒྱུད་འབུམ་འདི་བཞེངས་ཡོད་ཚོད་འདུག །[41]

རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱི་མཛད་རྣམ་མདོར་བསྡུས།
༡༧༡༩- ༡༧༧༦

ཁོང་ནི་ཀཿཐོག་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཤར་ཤིང་སྒོ་གངས་རར་རབ་བྱུང་བཅུ་གཉིས་པའི་ས་ཕག་༡༧༡༩ ལོར་སྐུ་འཁྲུངས། དགུང་གྲངས་ང་བརྒྱད་པ་མེ་སྤྲེལ་༡༧༧༦ལ་སྐུ་ཞི་བར་གཤེགས་ཞིབ་ཕྲ་མགོན་པོ་ལྷུན་འགྲུབ་གྱིས་མཛད་པའི་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱི་རྣམ་ཐར་ལས་ཤེས།[42]

ད་ལྟ་གཡུ་འབྲུག་དགོན་དུ་བཞུགས་པའི་རྒྱུད་འབུམ་འདི་བཞེངས་པ་པོ་དྲུང་པ་ནམ་མཁའ་རྒྱ་མཚོ་དང་།   རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་བླ་སློབ་གཉིས་གང་རུང་ཞིག་ཡིན་དགོས་ན་ཡང་།  ཞིབ་ཕྲ་ཁོང་རྣམ་གཉིས་སུ་ཡིན།  དུས་ནམ་བཞེངས།   ས་གནས་གཞན་ཞིག་ཏུ་བཞེངས་རྗེས་འདིར་གདན་དྲངས་པ་ཡིན་ནམ། ཡང་ན་གདན་ས་འདི་རུ་བཞེངས་པ་སོགས་ཞིབ་ཕྲ་མ་ཤེས་པས་རྗེས་སུ་ཞིབ་དཔྱད་བྱ་དགོས། །

མཇུག་བསྡུ་བ།

གོང་གསལ་ལྟར་སྔ་འགྱུར་རྒྱུད་སྡེའི་སྐོར་ནི་ཏུན་ཧོང་ཡིག་རྙིང་དུ་གསལ་བའི་རྒྱུད་སྡེ་སུམ་ཅུ་སོ་དྲུག་དང་། གནུབས་ཀྱི་བཀའ་ཤོག་སོགས་དང་། གཙང་སྟོན་པའི་རྒྱུད་དབྱེ་ལས་གསལ་བའི་ཆོས་ཚན་རྣམས་ཀྱི་མཚན་ཅུང་ཟད་མི་འདྲ་བ་མང་ལ། ཡང་ཉང་གི་ཆོས་འབྱུང་དང་། ལྡེའུ་ཆོས་འབྱུང་རྣམས་སུ་གསལ་བའི་ཆོས་ཚན་ཡོངས་རྫོགས་བསྡོམས་ཀྱང་། ད་ཡོད་རྒྱུད་འབུམ་རྒྱས་པ་ལ་གླེགས་བམ་བཞི་བཅུ་ཞེ་དྲུག་ཡོད་པ་དང་བསྡུར་ན་བཞི་ཆའི་ཅིག་ཙམ་གྱི་ཚད་ལས་མེད། དེས་ན་རྨང་གཞི་རྩ་རྒྱུད་སོགས་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་རྣམས་ཐོག་མར་བྱུང་། དེ་ནས་བཤད་རྒྱུད་སོགས་རྒྱུད་ཕྱི་མ་རྣམས་རིམ་གྱིས་བརྩམས་ནས་མང་དུ་སོང་བ་ཞིག་ཡིན་ནམ་སྙམ་པ་དེ་རེད། མ་གཞི་ནས་ནང་བསྟན་རིག་གནས་ཀྱི་ཐོག་མ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནི་མཁར་གྱི་རྩིག་རྨང་ནང་བཞིན་མདོ་སྔགས་སྤྱིའི་སྒྲོམ་གཞི་ཞིག་ཏུ་ཆགས་ཏེ་ཐོག་མར་དབུ་བརྙེས།

དེ་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དང་དུས་རབས་ཀྱི་འགྲོས་དང་མཐུན་པར། བཀའ་བར་ཐ་གཉིས་ཀྱིས་བདེན་པ་བཞིའི་ཆོས་འཁོར་དེ་ཉིད་ཟབ་པ་དང་རྒྱས་པའི་སྒོ་ནས་བཀྲལ། དེ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་གསལ་རྒྱས་རྫོགས་པའི་སྒོ་ནས་བཀྲལ་བ་སྟེ། དེ་ཡང་ཉན་བཤད་ཀྱི་རྒྱུད་སྡེའི་རིག་གཞུང་ལ་མཚོན་ན་ཡན་ལག་བདུན་ཏེ། རྩ་རྒྱུད། བཤད་རྒྱུད། རྒྱུད་ཕྱི་མ། ཕྱི་མིའི་ཕྱི་མ། མ་ཚང་བ་ཁ་སྐོང་བའི་རྒྱུད། དཀའ་བ་ཡོངས་སུ་གཅོད་པའི་རྒྱུད། བཀོལ་བ་དུམ་བུར་ཕྱུང་བའི་རྒྱུད་བཅས་མ་ལག་ཆ་ཚང་བ། ལག་ལེན་ལ་སྒྲུབ་ཐབས་ཀྱི་ཆོག་ཁྲིག་ཆ་ལག་དང་བཅས་པ། གདམས་ཁྲིད་ཀྱི་མན་ངག་དམར་ཁྲིད་དང་བཅས་ཆ་ལག་ཚང་ཞིང་ཡོངས་སུ་རྫོགས་པའི་སྒོ་ནས་བཀྲལ་ཏེ་གོང་འཕེལ་དུ་ཕྱིན་ཡོད། དེ་དག་བཤད་སྒྲུབ་ཀྱིས་བརྒྱུད་སྲོལ་འཛིན་མི་ཡང་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པར་བར་མ་ཆད་པར་དུ་མ་ཞིག་བྱོན་པ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་། ཉམས་སུ་ལེན་ཚུལ་གྱི་ཕྱག་ལེན་མི་འདྲ་བའི་ཆ་ནས་རིམ་གྱིས་གྲུབ་མཐའ་ཡང་མང་པོ་ཞིག་བྱུང་ཡོད། དེ་རྣམས་ཀྱི་བར་ལ་ཁྱོད་ནོར་ང་བདེན་གྱི་རྩོད་པ་ཡང་ད་ལྟའི་བར་རྒྱུན་ཆད་མྱོང་མེད་ལ། གྲུབ་མཐའི་རྐང་འཛིན་གྱི་རིགས་སྨྲ་བ་རྣམས་ཀྱིས་གཞན་ལུགས་དགག་པ་དང་། རང་ལུགས་གཞག་པའི་གཞུང་ལུགས་ཀྱང་མང་པོ་བརྩམས་ཏེ། གངས་ཅན་ལྗོངས་སུ་མདོ་སྔགས་རིག་གནས་དང་བཅས་པའི་བཤད་སྒྲུབ་ཀྱི་མ་ལག་ཆེན་པོ་ཞིག་བཙུགས་ནས། བློ་གསལ་བློའི་རྨོངས་མུན་སེལ་བར་ཕན་འབྲས་རྒྱ་ཆེན་ཞིག་ཐོན་ཡོད་པ་ནི་བཤད་མ་དགོས་ན་ཡང་། རང་རང་ཞེན་ཕྱོགས་ཀྱི་གྲུབ་མཐའ་སྲ་མཁྲེགས་ཅན་རེ་གཙོ་བོར་འཛིན་གནང་བའི་སྟོབས་ཀྱིས། དངོས་པོའི་གནས་ལུགས་ལྟ་ཚུལ་ལ་བུར་སྦྲང་རོ་གཅིག་པ་ལྟ་བུའི་ཐུགས་བཞེད་གཅིག་མཐུན་ཞིག་ནི་སྔར་ཡང་བྱུང་མེད་ཚོད་ལ། འབྱུང་འགྱུར་ཡང་སློབ་གཉེར་གྱི་ལམ་ལུགས་འདི་ནང་བཞིན་རྒྱུན་མཐུད་པ་ཡིན་ན། རང་རང་སོ་སོའི་ས་འཚམས་ཀྱི་ལྕགས་རི་རེ་བཟུང་སྟེ་རང་སེམས་རྣམ་པར་དག་ནས་བཞུགས་རྒྱུ་ཙམ་ཞིག་ཡིན་ཚོད་རེད། གལ་ཏེ་བཅད་འཚམས་ཀྱི་ར་བ་ལས་བརྒལ་ཏེ་གུ་ཡངས་ཤིང་། རྒྱ་ཆེ་བ། ཐབས་ཤེས་སྣ་མང་གི་སློབ་གཉེར་གྱི་ལམ་ལུགས་ཞིག་སྤྱོད་པར་འདོད་ན་ནི་དེང་རབས་ཉམས་ཞིབ་ཀྱི་ཐབས་ལམ་བེད་སྤྱོད་མ་གནང་ཀ་མེད་རེད།

ཡང་ཐ་སྙད་ཚིག་གི་རྩོད་པས་སུན་ཏེ་དངོས་པོའི་གནས་ལུགས་རྗེན་པ་ཞིག་གི་རོ་མྱོང་བར་འདོད་ན་ནི། བསམ་སྒོམ་གྱི་མྱོང་བ་ཟབ་མོའི་འབད་བརྩོན་གནང་བ་ཡིན་ན། ད་བཟོད་ལྐུགས་པས་བུ་རམ་གྱི་རོ་མྱོང་བ་ལྟར་བཤད་མི་ཤེས་པའི་མྱོང་བ་ཟབ་མོ་ཞིག་སྟེ། འདི་དོན་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་རྡུགས། ཞེས་སྙན་ཚིག་གི་ལམ་ནས་གཞན་ལ་འགྲེལ་བཤད་དཀའ་ན་ཡང་། རང་ངོ་ན་མྱོང་བ་ཟབ་མོ་ཞིག་ནང་ནས་རྙེད་དེ། རེ་བ་དང་དོགས་པ་ཅི་ཡང་མེད་པའི་ངེས་ཤེས་ཞིག་འཆར་ཡོང་རྒྱུ་ཡོད་པར་གྲགས། དེ་འདྲའི་བརྗོད་པར་དཀའ་བའི་མྱོང་བ་ཟབ་མོ་དེ་ཡི་མན་ངག་མཐར་ཐུག་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ནས་གསལ་བ་དང་། རྒྱས་པ། ཆ་ཚང་ཞིང་ཡོངས་སུ་རྫོགས་པའི་སྒོ་ནས་གསལ་བར་བྱས་ཡོད་ཚུལ་གྱི་གཏམ་ཞིག་ཡོངས་སུ་ཁྱབ་ནས་ཡོད་ཀྱང་། ད་ལྟའི་ཆར་ཤེས་རིག་གི་མཁའ་དབུགས་མི་གཙང་བ་དང་། གང་ཟག་དང་རིག་གཞུང་གི་བར་ཐག་རིང་དྲགས་པའི་རྐྱེན་གྱིས། རིག་གཞུང་གི་བསྟན་དོན་རྣལ་མ་ཞིག་རོ་མྱོང་ཐུབ་རྒྱུ་དེ་ཧ་ཅང་དཀའ་བའི་ཚོད་རེད།

དེ་ཡང་སྤྱིར་ནང་བསྟན་ཤེས་རིག་དར་ཁུལ་ལ་ཁྱོན་ཡོངས་ནས་བལྟ་ཡོང་དུས། གནའ་བོའི་ཨེ་ཤ་ཡའི་ས་ཁུལ་དུ་ནང་བསྟན་ལ་ལྷོ་བརྒྱུད་དང་། བྱང་བརྒྱུད། རྒྱ་བརྒྱུད། བོད་བརྒྱུད་སོགས་བརྒྱུད་སྲོལ་ཁ་ཤས་ཤིག་བྱུང་ཡོད་པའི་ནང་ནས། མདོ་སྔགས་གཉིས་ཀ་ཡ་མ་བྲལ་བར་དང་ལེན་ཐུབ་ནས་རྒྱུན་འཛིན་མཁན་ནི་བོད་གངས་ཅན་པ་གཅིག་པུ་ཙམ་ཡིན་ཚོད་རེད། དེ་ནི་སྤུ་རྒྱལ་བཙན་པོ་རྒྱལ་བློན་རྣམས་ཀྱི་མཁས་མཛངས་ཀྱི་སྙིང་སྟོབས་ལས་བྱུང་བ་ཞིག་རེད། བོད་ཡུལ་དུ་གསང་སྔགས་ཐོག་མར་བསྒྱུར་སྐབས་འགོག་རྐྱེན་རྩ་བ་ནས་མེད་པ་ཞིག་མིན་རུང་། གཞི་རྩའི་ཆ་ནས་མདོ་ཕྱོགས་ཀྱི་ཐེག་པ་ཆེ་ཆུང་གཉིས་དང་ཕྱི་རྒྱུད་སྡེ་གསུམ་གྱི་རྨང་གཞིའི་ཐོག །གསང་སྔགས་བླ་མེད་ཀྱི་སྐོར་རྣམས་གསང་བའི་སྒོ་ནས་བསྒྱུར་སྤེལ་རྒྱ་ཆེན་གནང་ཡོད་ཚོད་འདུག །སྔགས་བླ་མེད་ཀྱི་གཞུང་དེ་ཚོའི་བསྟན་དོན་ལྟར་ན་བསྐྱེད་རིམ་གྱི་སྐབས་སུ་ལྷ་རྣམས་ཕལ་ཆེ་བ་ཞལ་སྦྱོར་ཅན་དང་། ལྷ་ཕོ་དེ་ཚོ་ནི་མི་ལྤགས་རློན་པ་གོས་སུ་གྱོན། མི་མགོའི་ཕྲེང་བ་མགུལ་དུ་བརྒྱན། གསོད་གཅོད་མཚོན་ཆ་ལག་ཏུ་བཟུང་། ལུས་གཅེར་བུ་དམར་ཧྲེང་དུ་ལིངྒ་བསྒྲེངས་ནས་ཆེ་ཉམས་ཀྱིས་འགྱིངས་པ་དང་། ལྷ་མོ་རྣམས་ནི་བྷ་ག་བསྒྲད་ཅིང་ནུ་མ་འབུར་བའི་ཆགས་ཉམས་ཅན་རྣམས་ལ་བཙོག་སྣང་དང་ཞེད་སྣང་གི་འདུ་ཤེས་ཅི་ཡང་མེད་པའི་ཁར། དེ་དག་གི་རྒྱབ་ལྗོངས་སུ་ཚད་མཐོའི་རྒྱུད་གཞུང་མ་ལག་དང་བཅས་པ་བསྒྱུར་སྤེལ་བྱེད་ཕོད་པའི་སྙིང་སྟོབས་ཡོད་མཁན་ནི། དུས་རབས་ཉེར་གཅིག་པའི་ཡར་སྔོན་ལ་བོད་པ་ཙམ་ཞིག་ཡིན་ཚོད་རེད། ད་དུང་རིག་གཞུང་དེ་དག་སློབ་སྦྱོང་དང་ལག་ལེན་གྱི་ཁྲོད་ནས་སྡོམ་ཚིག་གསར་པ་ཞིག་རྙེད་ཡོད་པ་ནི། གང་ཟག་གཅིག་གི་རྒྱུད་ལ་སོ་བྱང་སྔགས་གསུམ་འགལ་མེད་དུ་ལག་ལེན་བྱེད་ཆོག་པ་སྟེ། ངོ་བོ་གནས་འགྱུར་བ། ཡོན་ཏན་ཡར་ལྡན། གནད་ཀྱིས་མི་འགལ་བ། དུས་སྐབས་གང་དུ་གཙོ་བོར་སྤྱོད་ཤེས་པ། ཞེས་མྱོང་བ་དངོས་ཀྱི་ལམ་ནས་བླུན་པོའི་འཕྱ་སྨོད་སོགས་ལ་ཞེད་སྣང་དང་འཚེར་སྣང་། དངངས་སྐྲག་སོགས་གང་ཡང་མེད་པར་སྤོབས་པ་ཆེན་པོས་སྡོམ་ཚིག་བཀོད་ཐུབ་པ་འདི་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད།

འོན་ཀྱང་དུས་ཀྱི་འགྱུར་བས་ཚད་མཐོའི་རིག་གཞུང་དེ་རྣམས་ལག་ལེན་དུ་བསྟར་བའི་སྙིང་སྟོབས་དང་རྣམ་དཔྱོད་ཉམས་དམས་སུ་གྱུར་ནས།  གསང་སྔགས་གཞུང་གི་བསྟན་དོན་རྣམས་དངོས་སུ་ལག་ལེན་དང་བེད་སྤྱོད་ཚུལ་ལྡན་ཤེས་མི་ཧ་ཅང་ཉུང་བ་དང་ཆབ་ཅིག །སྔགས་རྒྱུད་ལ་འཕྱ་སྨོད་དང་ཞེད་སྣང་བྱ་མི་ཡང་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་པ་སྟེ། ཉེ་ཆར་དགེ་རྒན་མཁས་དབང་ཞིག་གི་བཀའ་མོལ་གྱི་འཕྲོས་སུ་གསང་སྔགས་ཀྱི་གཞུང་ལ་ལྟ་ཀློག་རྩ་བ་ནས་ཕོད་གི་མེད། ཅེས་གསུངས་པ་དེ་དྲན་འོང་བ་ཞིག་ཀྱང་རེད། ད་ལྟའི་ཆར་ང་ཚོའི་གནས་བབ་འདི་འདྲ་ཞིག་ཏུ་ལྷུང་ནས། གསང་སྔགས་ཀྱི་བསྐྱེད་རིམ་ལ་གསལ་དག་བརྟན་གསུམ་སོགས་གང་ཡང་མི་ཤེས་པར་གཟུགས་བརྙན་གྱི་རྣམ་པས་ཆོ་ག་གྱེར་ཆོག་ཆོག་དང་། རྫོགས་རིམ་ཐབས་གྲོལ་གྱི་ཟབ་གནད་གང་ཡང་མི་ཤེས་བཞིན་ཁག་གཡར་ས་འཚོལ་མི་མང་པོ་ཡོང་བ་འདི་དག་ཀྱང་། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་གཞུང་ལ་མཁྱེན་རྟོགས་ཉུང་བའི་རྐྱེན་ལས་བྱུང་བ་ཞིག་རེད།

གལ་སྲིད་རྡོ་རྗེ་ཐེག་པའི་རྒྱུད་གཞུང་གི་ཤེས་བྱ་དང་ལག་ལེན་ཚད་ལྡན་ཞིག་ཡོད་བསྡད་པ་ཡིན་ན་རྫུན་མ་ཡོང་སའི་གོ་སྐབས་ཆེན་པོ་ཞིག་མི་རྙེད་རུང་། དེ་མེད་ཅིང་རྒྱུད་གཞུང་གི་བསྟན་དོན་རྣམས་ལྷ་སྒྲུང་གི་སྒྲོམ་གཞིའི་ནང་དུ་བཅུག་དྲགས་པ་དང་། ལྷ་སྒྲུང་དེ་དག་ཀྱང་གང་ཟག་ཆེ་གེ་མོ་རེ་ཟུང་ཞིག་གི་ལག་ཆར་བསྒྱུར་བའི་རྐྱེན་གྱིས། ཕྱི་རོལ་ནས་ལྟ་ཡོང་དུས་སངས་རྒྱས་ཆོས་ལུགས་མ་ཡིན་པ་བླ་མའི་ཆོས་ལུགས་ཏུ་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར། དེ་ཡང་དུས་རབས་བཅུ་པའི་མཇུག་ཙམ་ལ་ཚད་མཐོའི་རྒྱུད་སྡེ་རྣམས་ཀྱི་ཟབ་གནད་མ་མཁྱེན་པའམ། ཡང་ན་དགོས་དབང་གིས་གང་ཟག་གི་རྐྱོན་རྣམས་རིག་གཞུང་ལ་བཀལ་ཏེ་སྒྲོ་བཀུར་སྣ་ཚོགས་བྱས་པ་སྟེ། བསྟོད་ཆེ་དུས་ཧ་ཅང་གསང་བ་ཆེན་པོ་འཇིགས་རྟེན་བྱེད་པ་པོ་ལྟ་བུ་ཞིག་དང་། སྨད་ཆེ་དུས་ཆོས་ལོག་ཞིག་ཏུ་ངོས་འཛིན་བྱེད་པ་ལས་རྒྱུད་སྡེ་ཟབ་མོའི་བསྟན་དོན་རྣམས་ཚུལ་བཞིན་འཆད་ཉན་དང་། ལག་ལེན་ཚད་ལྡན་བྱེད་ཤེས་མི་ཉུང་བའི་རྐྱེན་གྱིས་ད་ལྟའི་གནས་བབ་འདི་ལྟ་བུར་ལྷུང་སོང་བ་རེད། དེ་ཡང་ཕྱིས་བྱོན་བོད་ཡུལ་གྱི་དགེ་སྦྱོང་ཆེན་པོ་རྗེ་ཙོང་ཁ་པའི་ཞལ་ནས།“འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང་། །ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །”ཞེས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་གཏེར་དུ་གྱུར་ཅིང་། སངས་རྒྱས་ལས་ཀྱང་དཀོན་པ་རྡོ་རྗེ་ཐེག་པའི་ཟབ་གནད་དང་མན་ངག་གི་རིན་ཐང་ངོ་མ་ངོས་མ་ཟིན་པར་ལམ་ཁའི་རྩ་བཞིན་དོར་ནས། མན་ངག་གི་སྲོག་དང་བྲལ་བའི་ཆོ་གའི་འདུ་ཟིང་དང་། གྲངས་བསྙེན་ཁྲི་འབུམ་མང་པོའི་འགྲན་བསྡུར། ས་རྡོ་ཟངས་ལྕགས་ཀྱི་རྟེན་བཞེངས་རྐྱང་པས་འུར་ནས་སྡོད་པ་འདི་རེད། དེ་ཡང་ནང་བསྟན་གསང་སྔགས་འདི་ལ་འགྱུར་སྔ་ཕྱིའི་བར་མཚམས་སུ། སྔགས་བླ་མེད་ལ་དག་རྫུན་དང་བོད་ཡུལ་དུ་འཚམ་མིན་སོགས་གླེང་སློང་སྣ་ཚོགས་ཤིག་བྱུང་ཡོད་ནའང་། ད་ལྟའི་ཆར་རིག་གཞུང་རང་གི་ངོ་བོ་ལ་ཆོས་ལོག་གི་མཚན་ཉིད་ཚང་བའི་ཡིག་ཆ་ལྡེབ་ཤར་གཅིག་ཀྱང་། འགྱུར་གསར་རྙིང་གང་དུའང་བསྟན་རྒྱུ་ཞིག་རྙེད་ཀྱིན་མེད་རུང་ཅལ་འདྲོགས་ཀྱིས་གླེང་ཕྱོགས་སྣ་ཚོགས་བཟོ་རྒྱུར་དགའ་བ་འདི་དག་ནི། གསར་རྙིང་གི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་ཟབ་གནད་ལ་རྒྱུས་ལོན་གང་ཡང་མེད་བཞིན་བླུན་རྟགས་བསྟན་པ་ཙམ་ཞིག་རེད། རང་ལ་མཚོན་ན་སྔ་འགྱུར་རྒྱུད་འབུམ་གྱི་བྱུང་རིམ་དང་རྒྱུད་སྡེ་གསར་རྙིང་གི་འབྲེལ་བའི་སྐོར་དེ་ཤེས་འདོད་ཧ་ཅང་ཆེ་ན་ཡང་། དེ་དག་ལ་སློབ་སྦྱོང་དང་ཉམས་ཞིབ་ཀྱིས་བྱ་བའི་དུས་ཚོད་འདངས་ངེས་ཤིག་མེད་རྐྱེན་ད་ལམ་ལས་ཞོར་གྱི་ཟིན་ཐོ་རྣམས་ཆ་འཕྲིན་གྱི་ཚུལ་དུ་ཕུལ་བ་ཙམ་ཞིག་ཡིན། །

སྤྱི་ལོ་༢༠༢༦ ལོའི་ཟླ་༥ པའི་ཚེས་༡ ཉིན་ནས་བཟུང་པཎྜི་ཏ་པདྨ་སཾ་བྷ་ཝའི་གསུང་རབ་ཉམས་ཞིབ་ལས་ཀའི་དགོས་མཁོར་དམིགས་ཏེ་འཇང་གཡུ་འབྲུག་དགོན་པའི་སྔ་འགྱུར་རྒྱུད་འབུམ་གཤེར་འབེབས་སྐབས་སུ། དགོན་དེའི་མཁན་པོ་རྣམས་ཀྱིས་བཀས་བསྐུལ་ལྟར་སྤྱི་ལོ་༢༠༢༦ ཟླ་༦ པའི་ཚེས་༢༦ལ་མགོན་སེང་ཀརྨ་བདེ་ལེགས་ཀྱི་ལས་ཞོར་དུ་བསྒྲིགས་པའོ། །

དཔྱད་ཡིག་དང་ཞབས་མཆན། 

[1] དཀར་ཆག་འཕང་ཐང་མ་དཔེ་རྙིང་བྲིས་མའི་ལྡེབ་༢༦པའི་རྒྱབ་ཕྲེང་༤པ་པར་གསལ།

[2] གསང་སྙིང་དགའ་ལྡན་ཕུན་ཚོགས་གླིང་དུ་སྤར་སྐྲུན་གནང་སྐབས་རྒྱལ་དབང་ལྔ་པས་བྲིས་པའི་སྤར་བྱང་ལས་གསལ།

[3] ལྔ་པའི་གསན་ཡིག་དགའ་ལྡན་ཕུན་ཚོགས་གླིང་གི་པར་མ་གླེགས་བམ་བཞི་པའི་ལྡེབ་༢༠༠རྒྱབ་ངོས་ཕྲེང་དང་པོར་གསལ།

[4] ལྔ་པའི་གསན་ཡིག་དགའ་ལྡན་ཕུན་ཚོགས་གླིང་གི་པར་མ་གླེགས་བམ་བཞི་པའི་ལྡེབ་༢༠༠རྒྱབ་ངོས་ཕྲེང་དང་པོར་གསལ།

[5] སྒྲ་སྦྱོར་བམ་གཉིས་དཔེ་རྙིང་བྲིས་མ་ལྡེབ་༤པའི་ཕྲེང་༣ པའི་ནང་གསལ།

[6] ཏུན་ཧོང་ཡིག་རྙིང་སཾ་བོད་ཤན་སྦྱར་ཅན་གྱི་དཀར་ཆག་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་tib.0849 ནང་གསལ།

[7] གནུབས་ཀྱི་བཀའ་ཤོག་རྒྱ་བོ་ཆེ་དཔེ་རྙིང་བྲིས་མའི་ལྡེབ་༧ པའི་ཡིག་ཕྲེང་༡པོར་གསལ།

[8] གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་གསུང་འཇམ་དཔལ་གཤིན་རྗེའི་རྒྱུད་དང་འབྲེལ་བའི་རྣམ་ཐར་ཡིག་རྙིང་ལྡེ་༡པའི་རྒྱབ་ངོས་ཀྱི་ཕྲེང་༡་ན་གསལ།

[9] གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་གསུང་འཇམ་དཔལ་གཤིན་རྗེའི་རྒྱུད་དང་འབྲེལ་བའི་རྣམ་ཐར་ཡིག་རྙིང་ལྡེ་༦པའི་རྒྱབ་ངོས་ཀྱི་ཕྲེང་༨་པར་གསལ།

[10] གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་གསུང་མ་མོའི་རྒྱུད་དང་འབྲེལ་བའི་རྣམ་ཐར་ཡིག་རྙིང་ལྡེ་༤༡པའི་རྒྱབ་ངོས་ཀྱི་ཕྲེང་༢་པར་གསལ།

[11] གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་དབྱེ་བསྡུས་པའི་ལྡེབ་༥༩པར་གསལ།

[12] གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་དབྱེ་རྒྱས་པ་རིན་ཆེན་ཕྲེང་བའི་ལྡེབ་༡༩༥པའི་ཕྲེང་གཉིས་པར་གསལ།

[13] རོག་གི་བནྡྷེ་ཤེས་རབ་འོད་ཀྱིས་མཛད་པའི་ཆོས་འབྱུང་གྲུབ་མཐའ་ཆེན་མོ་བསྟན་པའི་སྒྲོན་མེ་ལག་བྲིས་ལྡེབ་༣༦པའི་ཕྲེང་༣་པར་གསལ།

[14] རོག་གི་བནྡྷེ་ཤེས་རབ་འོད་ཀྱིས་མཛད་པ་ཆོས་འབྱུང་གྲུབ་མཐའ་ཆེན་མོ་བསྟན་པའི་སྒྲོན་མེ་ལག་བྲིས་ལྡེབ་༤༠པའི་རྒྱབ་ངོས་ཀྱི་ཕྲེང་༦པར་གསལ།

[15] ཡང་རྒྱུད་དབྱེ་བསྡུས་པའི་ལྡེབ་༦༡པའི་རྒྱབ་ཕྲེང་གསུམ་པར་གསལ།

[16] རྒྱུད་དབྱེ་བསྡུས་པའི་ལྡེབ་༥༩པའི་རྒྱབ་ངོས་ཕྲེང་བཞི་པར་གསལ།

[17] རྒྱུད་དབྱེ་རྒྱས་པ་རིན་ཆེན་ཕྲེང་པའི་ལྡེབ་༡༩༨པའི་རྒྱབ་ངོས་ཀྱི་ཕྲེང་ལྔ་པར་གསལ།

[18] གསར་རྙིང་ལ་སོགས་པའི་བཞེད་པ་སོ་སོར་འབྱེད་པ་གསང་བ་རྒྱ་མཚོ་མཐའ་ཡས་བྲིས་མ་ལྡེབ་༡ཕྲེང་༢པར་གསལ།

[19] ཀརྨ་པ་སྐུ་ཕྲེང་གཉིས་པ་ཆོས་ཀྱི་བླ་མས་མཛད་པ་ཕ་རྒྱུད་མ་རྒྱུད་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལ་གཏོགས་ཚད་ཀྱི་ཀླད་དོན་ཞེས་པའི་ཡིག་རྙིང་བྲིས་མའི་ལྡེབ་༢པའི་རྒྱབ་ཕྲེང་ལྔ་༥གསལ།

[20] ཕ་རྒྱུད་མ་རྒྱུད་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་ལ་གཏོགས་ཚད་ཀྱི་ཀླད་དོན་ཞེས་པའི་ཡིག་རྙིང་བྲིས་མའི་ལྡེབ་༣པའི་རྒྱབ་ཕྲེང་༤ པར་གསལ།

[21] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དཔེ་རྙིང་བྲིས་མ་ལྡེབ་༣༣༠པའི་མདུན་ངོས་ཕྲེང་༤་པའི་ནང་གསལ།

[22] འབྲས་གནས་བཅུ་ལྷ་ཁང་ཕྱི་ར་༡༠། མཁས་པ་ལྡེའུ་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པའི་ལྡེབ་༡༧༠པའི་རྒྱབ་ངོས་ཕྲེང་༤པའི་ནང་གསལ།

[23] རིག་འཛིན་ཀུ་མཱ་རཱ་ཛའི་ཡང་སློབ་མཁས་པ་ཡོན་ཏན་ལྷུན་གྲུབ་ཀྱི་ཆོས་འབྱུང་ལས་བཏུས་པའི་རོང་ཟོམ་གྱི་གསུང་ཚིགས་སུ་བཅད་པ་ལས་གསལ་བ་ལྟར་མཁན་པོ་འཆི་མེད་རིག་འཛིན་གྱིས་མཆན་འགྲེལ་ལྟར་བཀོད་པ་ཡིན།

[24] འབྲས་གནས་བཅུ་ལྷ་ཁང་ཕྱི་ར་༡༦༤ནང་བཞུགས་ཟུར་ཆུང་ཤེས་རབ་གྲགས་པའི་རྣམ་ཐར་ལས་གསལ།

[25] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ། བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་གླེགས་བམ་སོ་གཅིག་པའི་ལྡེབ་༢༥༥་ནང་རིམ་བཞིན་གསལ།

[26]  ཉང་ཉི་མ་འོད་ཟེར་གྱི་སྲས་མངའ་བདག་འགྲོ་མགོན་དཔལ་གྱི་རྣམ་ཐར་ཡིད་བཞིན་ནོར་བུའི་ཕྲེང་བ་ལྡེབ་༤༧༤པར་གསལ།

[27] མངའ་བདག་འགྲོ་མགོན་དཔལ་གྱི་རྣམ་ཐར་ཡིད་བཞིན་ནོར་བུའི་ཕྲེང་བའི་ལྡེབ་༤༧༤པར་གསལ།

[28] རྒྱུད་འབུམ་དཀར་ཆག་འཛམ་གླིང་ཐ་གྲུ་ཁྱབ་པའི་རྒྱན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བའི་ལྡེབ་༢༧༦ལས་གསལ།

[29] འཇིགས་གླིང་རྒྱུད་འབུམ་དཀར་ཆག་སྡེ་དགེའི་པར་མའི་ལྡེབ་༢༡༤ལས་གསལ།

[30] བྲག་དཀར་རིག་འཛིན་ཆོས་དབང་གི་གསུང་འབུམ་གླེགས་བམ་པ་༡༣་པ། སྐུ་གསུམ་བརྒྱུད་པ་དྲུག་ལྡན་གཏེར་སྟོན་བཀྲ་ཤིས་གྲངས་ཀྱི་གསོལ་འདེབས་ཀྱི་འགྲེལ་བ་གཏེར་སྟོན་ཆོས་འབྱུང་ལྡེབ་༥༥༤ཡིག་ཕྲེང་༤་པའི་ནང་གསལ།

[31] རྒྱལ་སྲས་མདོ་སྔགས་འབྱུང་གནས་ཀྱི་རྣམ་པར་ཐར་པ་མཐོང་བ་དོན་ལྡན་ལག་བྲིས་མ་ལྡེབ་༥༢པའི་རྒྱབ་ངོས་ཕྲེང་༣ པར་གསལ།

[32] སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་དང་པོ་བླ་མ་པདྨ་འཕྲིན་ལས་ཀྱི་རྣམ་ཐར་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེས་མཛད་པ་ལྡེབ་༢པའི་རྒྱབ་ངོས་ཕྲེང་༢པར་གསལ།

[33] ལྔ་པའི་གསུང་འབུམ་ཀྲུང་གོའི་བོད་རིག་པ་ནས་སྤར་བའི་པོད་༡༩པའི་ནང་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་ལྡེབ་༣༠༤ནང་དུ་གསལ།

[34] བྲག་དཀར་རིག་འཛིན་ཆོས་དབང་གིས་སྔ་འགྱུར་གསང་ཆེན་རྙིང་མ་རྒྱུད་འབུམ་གྱི་གླེགས་བམ་ཡོངས་རྫོགས་བཞེངས་ཚུལ་དཀར་ཆག་ཏུ་བཀོད་པ་རྫོགས་ལྡན་སྣང་བ་གསར་པའི་དགའ་སྟོན་ལྡེབ་༡༠པའི་ཕྲེང་གཉིས་པར་གསལ།

[35] རྒྱུད་འབུམ་རྟོགས་བརྗོད་ལྷའི་རྔ་ཆེན་ལྡེབ་༢༨༧དང་མདོ་སྨད་ཆོས་འབྱུང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྤར་བའི་ལྡེབ་༥༢་པར་གསལ།

[36] གངས་རིའི་ལྗོངས་འདིར་ཇི་ཙམ་སྙེད་པ་གླེགས་བམ་ཟད་མི་ཤེས་པའི་ཕྱི་མོར་བསྒྲུབས་པའི་ཚུལ་བཤད་པའི་སྐབས། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་རིག་འཛིན་སྡེ་སྣོད་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་ལྡེབ་༦༡༩ནང་གསལ།

[37] བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་བ། ཀཿཐོག་སྔོན་བྱོན་དམ་པའི་གསུང་འབུམ་ཕྱོགས་བསྒྲིགས་ལས་པོད་བརྒྱད་པ། ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོའི་རྣམ་ཐར་ངོ་མཚར་ལྷའི་རོལ་མོ་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱིས་མཛད་པ་ཤོག་ངོས་༤༥༧ནས་༤༥༩བར་གསལ།

[38] བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་བཞུགས་བྱང་ལེགས་པར་བཀོད་པ་དད་ལྡན་འཇུག་ངོགས་རབ་གསལ་ཤེལ་གྱི་མེ་ལོང་ལས།

[39] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་བ།ཀཿཐོག་སྔོན་བྱོན་དམ་པའི་གསུང་འབུམ་ཕྱོགས་བསྒྲིགས་ལས་པོད་བརྒྱད་པ། ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོའི་རྣམ་ཐར་ངོ་མཚར་ལྷའི་རོལ་མོ་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱིས་མཛད་པ་ཤོག་ངོས་༤༥༧ནས་༤༥༩བར་གསལ།

[40] དྲུང་པ་ནམ་མཁའ་རྒྱ་མཚོའི་རྣམ་ཐར་ངོ་མཚར་ལྷའི་རོལ་མོ་དངོས་སློབ་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱིས་མཛད་པ་ལས་བསྡུས་ཏེ་བཤུས།

[41] རྙིང་མ་རྒྱུད་འབུམ་བཞེངས་པའི་སྨོན་ལམ་ཐར་པའི་སྒྲོན་མེ་ཞེས་པར་གསལ།

[42] མགོན་པོ་ལྷུན་འགྲུབ་གྱིས་མཛད་པའི་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱི་རྣམ་ཐར་ལས་བཏུས།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།