འགྲེལ་ཆེན་གསུམ་དང་མཚོ་མཆན་གྱི་མཛད་པ་པོ་སུ་ཡིན་ལ་དཔྱད་པའི་གཏམ།

0
168

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར། འདུལ་བ་མདོ་རྩ་བའི་འགྲེལ་བ་རང་གི་རྣམ་བཤད་དང་། རྒྱ་ཆེར་འགྲེལ། འགྲེལ་ཆུང་སྟེ། མདོ་རྩའི་འགྲེལ་ཆེན་གསུམ་དུ་གྲགས་པ་དང་། ཀུན་མཁྱེན་མཚོ་སྣ་བས་མཛད་པའི་མཚོ་ཊཱིཀ་གི་མཆན་བུ་རྣམས་ཀྱི་མཛད་པ་པོ་སུ་ཡིན་གྱི་སྐོར་ནས་དཔྱད་ཐབས་དགུའི་ལམ་ནས་དཔྱད་ཡོད་ལ། དཔྱད་པ་དེ་དག་ཀྱང་སྔོན་མེད་པའི་ལེགས་བཤད་ཀྱི་སྐྱེས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཆོག་པར་མ་ཟད། འདིའི་སྐོར་གྱི་དཔྱད་པ་ཆེས་ཞིབ་ཚགས་ཤོས་དང་རྒྱས་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཆོག་པར་འདོད།

བརྡ་ཆད་གཙོ་བོ།  མདོ་རྩ། འགྲེལ་ཆེན་གསུམ། མཚོ་མཆན། མཚོ་སྣ་བ།

ཐོག་མའི་གླེང་སློང་བའི་གཏམ།

དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བའི་ཞལ་ནས། དེ་ཕྱིར་ལོ་པཎ་དམ་པ་དེ་རྣམས་ཀྱི། །བཀའ་དྲིན་ཁྲག་ཁྲིག་བྱེ་བའི་ཆ་ཙམ་ཡང་། །རང་ཅག་བོད་ཡུལ་སྐྱེ་བོ་ཐམས་ཅད་ཀྱི། །ལུས་སྲོག་ལོངས་སྤྱོད་བཅས་པ་ལན་སྟོང་དུ། །ཚང་བར་ཕུལ་ཡང་ཆ་ཙམ་ག་ལ་ཕེར། །ཞེས་པའི་གསུང་གི་བརྗོད་བྱ་ཉག་གཅིག་ཏུ་གྱུར་པ། འཇིག་རྟེན་མིག་གཅིག་ལོ་ཙཱ་བ་རྣམས་ཀྱི་སྐུ་དྲིན་གྱིས་གངས་རིའི་ཁྲོད་འདིར་གཞན་དྲིང་མི་འཇོག་པའི་རིན་བྲལ་གསུང་རབ་ཀྱི་ཚོགས་མང་དུ་བསྒྱུར་བས། གདོང་དམར་སྲིན་པོའི་ཡུལ་དུ་འབོད་པའི་གངས་ཅན་གྱི་ལྗོངས་འདིར་ཡང་འཛམ་གླིང་ཆོས་རིག་གི་བུམ་པའི་ལྟོ་བ་ཡོངས་སུ་སྦྲུམ་པར་མ་ཟད། དེ་དག་གི་སྐུ་དྲིན་གྱིས་བོད་རང་གི་ཡུལ་ནས་འཚར་བའི་མཁས་པའི་ཚོགས་ཀྱང་རྒྱུ་སྐར་འཆར་བ་ནང་བཞིན་མང་དུ་འཚེར་ཞིང་། དེ་དག་གིས་ཀྱང་གསུང་རབ་གླེགས་བམ་གྱི་པོ་ཏི་ཚར་དུ་མངར་བ་ལྟ་བུ་རིམ་པར་བརྩིགས་པས། རིན་ཐང་གཞལ་གྱིས་མི་ལངས་པའི་རྒྱ་བོད་མཁས་པས་བརྩམས་པའི་བསྟན་བཅོས་གནམ་ས་དོག་པོར་བྱེད་པའི་ཚོད་ཙམ་དུ་བྱུང་། དེ་ལྟ་ན་ཡང་། དེ་དག་གི་ཁྲོད་དུ་མཛད་པ་པོ་སུ་ཡིན་གྱི་གསལ་ཁ་མེད་པའམ། ཡོད་ཀྱང་དོགས་གཞི་ཅན་གྱི་གནས་སུ་མཆིས་པའི་བསྟན་བཅོས་ཀྱང་རེ་འགའ་མཇལ་རྒྱུ་ཡོད་ལ། རྒྱུ་མཚན་དེའི་དབང་གིས། ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པའི་བག་ཆགས་རྔམ་འཐུག་པའི་རང་རེའི་འཁོར་ཡུག་ཁྲོད་དུ་བསྟན་བཅོས་དེ་དག་གི་ནང་ནས་འགའ་ཞིག་ལ་ནི་ཡིད་རྟོན་བྱེད་མི་ཐུབ་པ་དང་། འགའ་ཞིག་ལ་ནི་ཚད་ལས་བརྒལ་བའི་ཡིད་རྟོན་བྱས་པའི་གནས་ཚུལ་ཡང་བྱུང་དང་འབྱུང་བཞིན་པ་སྟེ། འགྲེལ་ཆེན་གསུམ་དང་མཚོ་མཆན་ཡང་དེའི་ཁྲོད་ཀྱི་གཅིག་ཏུ་ངོས་འཛིན་གནང་ཆོག་པར་སྙམ་པས། འདིར་ཁོ་བོས་ཚན་པ་དགུའི་ལམ་ནས་དེའི་སྐོར་ལ་ཅི་ནུས་ཀྱིས་ཞིབ་འཇུག་དང་དཔྱད་པ་ཅུང་ཙམ་གཏོང་བའི་ལས་སུ་བྱ་བ་ལྷུར་ལེན་རྒྱུ་ཡིན་ནོ། །

གཅིག  ཅིའི་ཕྱིར་འགྲེལ་ཆེན་གསུམ་དང་མཚོ་མཆན་གྱི་མཛད་པ་པོ་སུ་ཡིན་ལ་དཔྱད་པ་མཛད་དགོས་པ།

དེ་ཡང་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས། དེ་ལྟར་མདོ་རྩ་བའི་འགྲེལ་པ་བཞི་པོ་དེ་དག་དང་།[1] ཞེས་དང་། ཐམས་ཅད་མཁྱེན་པ་བུ་སྟོན་གྱི་ཞལ་ནས། སྟོན་པའི་བསྟན་ལ་གསུང་རབ་དམ་པའི་ཆོས། །ནང་གི་མཛོད་གྱུར་འདུལ་བའི་སྡེ་སྣོད་ཀྱི། །གཞུང་ལུགས་རྒྱ་མཚོའི་སྙིང་པོ་བསྡུས་པའི་དོན། །འདུལ་བ་མདོ་ཡི་སྙིང་པོ་གསལ་བྱེད་པ། །རྩ་བའི་ལུང་དང་བཤད་ལུང་སྡེ་བཞི་དང་། །དེ་དག་འགྲེལ་པ་འགྲེལ་བཤད་ཐམས་ཅད་དང་། །མདོ་ཡི་འགྲེལ་པ་རྣམ་བཞི། །[2]ཞེས་དང་། ཞེས་དང་། པཎ་ཆེན་ཤཱཀ་མཆོག་ལྡན་གྱི་ཞལ་ནས།  འདི་འཆད་པར་བྱེད་པའི་ཐབས་ཀྱི་འགྲེལ་པ་ནི་བཞི་སྟེ།[3] ཞེས་གསུངས་པ་ལྟར། ཡོངས་སུ་གྲགས་པ་ལ་མདོ་རྩའི་འགྲེལ་ཆེན་བཞི་ཞེས་བོད་མཁས་པ་རྣམས་ཀྱིས་བགྲང་བཞིན་ཡོད་ལ། དེ་དག་གི་ནང་ནས་འགྲེལ་བ་ཤེས་རབ་བྱེད་པ་ནི་ཁོ་བོས་མཐོང་ལམ་དུ་མ་གྱུར་པས་དེ་ལ་དཔྱད་པའི་སྤྲོས་པ་བསྐྱུར་ཏེ། འདིར་འགྲེལ་བ་ཕྱི་མ་གསུམ་གྱི་མཛད་པ་པོའི་ཁུངས་སྣེ་འཚོལ་བ་ལ། རང་གི་རྣམ་བཤད་དང་འགྲེལ་ཆུང་གཉིས་ཀྱི་མཛད་པ་པོ་སུ་ཡིན་གྱི་སྐོར་ནས་ནི་བོད་མཁས་པ་རྣམས་ཀྱི་གཞུང་ལུགས་སུ་ཡང་ཟུར་ཙམ་རེ་མཇལ་རྒྱུ་འདུག་ལ། རང་གིས་ཀྱང་འགྲེལ་བ་དེ་གཉིས་ལ་དངོས་སུ་མཇལ་ཏེ་འདིར་དཔྱད་པའི་སྒོ་མི་འདྲ་བ་གཉིས་ཀྱི་ཐོག་ནས་བལྟ་རྒྱུ་ཡིན་ཞིང་། རྒྱ་ཆེར་འགྲེལ་ནི་སློབ་དཔོན་ཆོས་བཤེས་ཀྱིས་མཛད་པ་ཡིན་པ་ཡོངས་སུ་གྲགས་པས། འདིའི་མཛད་པ་པོའི་སྐོར་ལ་སྔོན་གྱི་མཁས་པའི་ཁྲོད་དུ་དོགས་པ་ཟ་མཁན་ཙམ་ཡང་མི་འདུག་མོད། ད་ལྟའི་དུས་སུ་རྒྱ་ཆེར་འགྲེལ་རང་གི་ནང་གི་ཚིག་ཕྲེང་ཁ་ཤས་ལ་བརྟེན་ནས་འདི་ཉིད་སློབ་དཔོན་ཆོས་བཤེས་ཀྱིས་མཛད་མིན་ལ་དོགས་པ་ཟ་མཁན་ཡང་རེ་ཟུང་འབྱུང་བཞིན་འདུག་པས། དེ་ལ་ཡང་དུས་ཚོད་ཀྱི་གནས་བབས་དང་བསྟུན་པའི་ཐོག་ནས་བརྡ་ལན་ཞིག་སྤྲད་འདོད་ལ། ཞར་བྱུང་མཚོ་མཆན་གྱི་མཛད་པ་པོའི་སྐོར་ལ་ནི་དཔྱད་འཇོག་བྱས་པ་སྔོན་གྱི་གསུང་རབ་ཁག་ཏུ་མཇལ་རྒྱུ་མི་འདུག་མོད། འདི་ཉིད་རྗེ་ཙོང་ཁ་པས་བྱས་པར་གྲགས་པའི་བཤད་ཡམས་རབ་རིབ་ཅིག་དང་། མཆན་བུ་འདིའི་ནང་གི་ཚིག་རེ་ཟུང་ཙམ་ལ་བརྟེན་ནས་འདི་ཉིད་མཚོ་སྣ་བས་མཛད་མིན་ལ་དོགས་པ་ཟ་མཁན་ཁ་ཤས་འབྱུང་བཞིན་ཡོད་པས། འདིར་ཡང་ཁོ་བོས་རྒྱུ་མཚན་བཅུའི་ལམ་ནས་དེའི་སྐོར་ལ་ཡང་དཔྱད་པ་ཟུར་ཙམ་བྱེད་འདོད་དོ། །

གཉིས།  སྔོན་གྱི་ཆོས་འབྱུང་ཁག་དང་གཞུང་ལུགས་རྣམས་སུ་དཔྱད་པ་ཇི་ལྟར་མཛད་པའི་ཚུལ།

སྔོན་གྱི་དཀར་ཆག་རྙིང་ཤོས་ལྡན་དཀར་མའམ་སྟོང་དཀར་མ་དང་འཕང་ཐང་མ་སོགས་སུ་ནི་འགྲེལ་བ་འདི་དག་གི་མཛད་པ་པོའི་སྐོར་ནས་དམིགས་བསལ་དཔྱད་པ་བྱུང་མེད་ལ། ཁོ་བོས་མཇལ་བ་ཞིག་ལ། འགྲེལ་ཆེན་གསུམ་པོ་འདི་དག་གི་མཛད་པ་པོའི་སྐོར་ནས་དཔྱད་འཇོག་བྱས་པ་སྔ་ཤོས་ཤིག་ནི་ཐམས་ཅད་མཁྱེན་པ་བུ་སྟོན་གྱི་གསུང་རྩོམ་ཁག་སྟེ། ཁོང་གི་ཆོས་འབྱུང་ལས།  སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བམ་པོ་དགུ་པ་དང་། ལས་བརྒྱ་རྩ་གཅིག་པ་ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ་བམ་པོ་བཅུ་གཉིས་པ་ཀླུའི་རྒྱལ་མཚན་གྱི་འགྱུར། མདོའི་འགྲེལ་པ་ཉིད་ཀྱི་རྣམ་བཤད་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར། མདོའི་རྒྱ་ཆེར་འགྲེལ་པ་བམ་པོ་བདུན་ཅུ་པ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་ཀླུའི་རྒྱལ་མཚན་གྱི་འགྱུར། འདུལ་བའི་མདོའི་འགྲེལ་ཆུང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་ཟེར་བ་འདི་ཐེ་ཚོམ་གྱི་གཞི་ཡིན།[4] ཞེས་དང་། ཁོང་གི་འདུལ་འགྲེལ་རིན་པོ་ཆེའི་མཛེས་རྒྱན་ལས། འདུལ་བ་མདོའི་འགྲེལ་བ་ལ། སློབ་དཔོན་ཉིད་ཀྱིས་མཛད་པའི་རང་འགྲེལ་སྟོང་ཕྲག་བཅུ་བཞི་པ་སྟེ། ཚིགས་བཅད་སྟོང་ཕྲག་བཅུ་བཞི་ནི། འདི་ཡི་ཚད་དུ་ཤེས་བྱ་སྟེ། །དཔལ་ལྡན་རྒྱ་ཆེན་ཐམས་ཅད་ཀྱིས། །རྒྱལ་སྲིད་བྱེད་དུས་འདི་བྱས་སོ། །[5]ཞེས་སོ། ། འདི་སྟེང་པ་ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་ཀྱིས་ཕྱིས་བསྒྱུར་བ་སྟེ། འགྱུར་ཤིན་ཏུ་ངན་ནོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་པ་ཤླཽཀ་ཉི་ཁྲི་ཆིག་སྟོང་། བམ་པོ་བདུན་ཅུ་པ་འདི་དང་རྩ་བ་གཉིས་ཛི་ན་མི་ཏྲ་དང་། ཀླུ་ཡི་རྒྱལ་མཚན་གཉིས་ཀྱིས་བསྒྱུར་བས་འགྱུར་ཤིན་ཏུ་བཟང་ངོ་། །སློབ་དཔོན་ཤེས་རབ་བྱེད་པའི་འགྲེལ་པ་དང་། འགྲེལ་ཆུང་དུ་གྲགས་པ་འདི་བོད་ཀྱི་ཟིན་བྲིས་སུ་བྱས་པ་ཡིན་ནམ་ཡང་སྙམ་མོ། །ཞེས་སོགས་གསུངས།

ཕྱི་ལོ་ ༡༤༧༨ ལོར་བྱོན་པའི་བཀྲས་ལྷུན་ཤར་རྩེའི་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་འདུལ་བའི་སྤྱི་དོན་ལས་ཀྱང་།  སློབ་དཔོན་དགེ་ལེགས་བཤེས་གཉེན་གྱི་མཛད་པའི་འགྲེལ་པ་ཚིག་གི་དགའ་བསྐྱེད། སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པའི་འདུལ་བ་ཀུན་བཏུས། སློབ་དཔོན་ཁྱད་པར་བཤེས་གཉེན་གྱི་མཛད་པའི་འདུལ་བ་བསྡུས་པ་རྣམས་ནི་རྩ་བའི་མདོའི་དགོངས་འགྲེལ་གྱི་བསྟན་བཅོས་ཡིན། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་གཞུང་འགྲེལ་དང་གཞི་འགྲེལ་གཉིས། སློབ་དཔོན་དུལ་བ་ལྷས་མཛད་པའི་རྣམ་འབྱེད་འགྲེལ་པ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་ཕྲན་ཚེགས་ཀྱི་འགྲེལ་པ་རྣམས་ནི། བཤད་པའི་མདོའི་དགོངས་འགྲེལ་གྱི་བསྟན་བཅོས་ཡིན། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་འགྲེལ་པ་ཉིད་ཀྱི་རྣམ་བཤད། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེ་འགྲེལ། སློབ་དཔོན་ཤེས་རབ་བྱེད་པས་མཛད་པའི་འགྲེལ་པ་ཤེས་རབ་བྱེད་པ་དང་འགྲེལ་ཆུང་རྣམས། འདུལ་བ་མདོ་རྩ་བའི་དགོངས་འགྲེལ་གྱི་བསྟན་བཅོས་ཡིན་ཞིང། འགྲེལ་པ་ཕྱི་མ་གཉིས་བོད་འགྲེལ་དུ་རྗེ་བུ་སྟོན་བཞེད་པ་ལྟར་ཁས་ལེན་ནོ། །[6]ཞེས་དང་། པཎ་ཆེན་བདེ་ལེགས་ཉི་མའི་འདུལ་འགྲེལ་ནོར་བུའི་ཕྲེང་བ་ལས། འདུལ་བ་མདོ་རྩ་བའི་འགྲེལ་བ་ལ་རང་འགྲེལ་དང་། རྒྱ་ཆེར་འགྲེལ། ཤེས་རབ་བྱེད་པས་མཛད་པར་གྲགས་པའི་འགྲེལ་ཆུང་གཉིས་ཡོད་པའི་ཕྱི་མ་གཉིས་བོད་ཀྱི་ཟིན་བྲིས་སུ་བུ་སྟོན་ལ་སོགས་པས་མཁས་པ་རྣམས་ཀྱིས་བཞེད། [7]ཅེས་དང་། མགོན་དཀར་སྡོམ་ལས།  གསུམ་པར་རང་འགྲེལ་རྒྱ་ཆེར་འགྲེལ། །ཤེས་རབ་བྱེད་དང་འགྲེལ་ཆུང་གཉིས། །མདོ་རྩའི་འགྲེལ་ཡིན་ཕྱི་མ་གཉིས། །བུ་སྟོན་སོགས་ཀྱིས་བོད་མར་བཞེད། །[8]ཅེས་དང་། རྨ་སྡོམ་ལས།  མདོ་རྩའི་རང་འགྲེལ་ཉིད་ཀྱི་རྣམ་བཤད་དང་། ། ཆོས་བཤེས་ཀྱིས་མཛད་འདུལ་བ་རྒྱ་ཆེར་འགྲེལ། །འགྲེལ་བ་ཤེས་རབ་བྱེད་དང་འགྲེལ་ཆུང་རྣམས། །མདོ་རྩའི་འགྲེལ་ཡིན་ཕྱི་གཉིས་བོད་འགྲེལ་བཞེད། །[9]ཅེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འདུལ་བའི་མཐའ་དཔྱོད་ལས།  འདུལ་བའི་བསྟན་བཅོས་ཀྱི་དགོངས་འགྲེལ་ཡོད་དེ། མདོ་རྩ་བའི་འགྲེལ་བ་ཉིད་ཀྱི་རྣམ་བཤད་ཅེས་པ་དང་། མདོ་རྩ་བའི་རྒྱ་ཆེར་འགྲེལ་པ་ཆོས་བཤེས་ཀྱིས་མཛད་པ་དང་། འགྲེལ་ཆུང་ཡོན་ཏན་འོད་མ་འདི་ཐེ་ཚོམ་ཅན་དང་། མདོ་རྩ་བའི་འགྲེལ་བ་སློབ་དཔོན་ཤེས་རབ་བྱེད་པས་མཛད་པ་སོགས་ཡོད་པའི་ཕྱིར།[10] ཞེས་སོགས་གསུངས་པར་དཔག་ན། བུ་སྟོན་གྱིས་གསུངས་པ་དེ་ཉིད་སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་དཔྱད་གཞི་ཆེ་ཤོས་སུ་འཛིན་བཞིན་ཡོད་པ་ཤེས་ཐུབ་བོ། །

གང་ལྟར། མཁས་པ་བུ་སྟོན་གྱིས་རང་གི་རྣམ་བཤད་ཡོན་ཏན་འོད་ཀྱིས་མཛད་པ་དང་རྒྱ་ཆེར་འགྲེལ་ཆོས་བཤེས་ཀྱིས་མཛད་པ་གཞིར་བཞག་ཏུ་གསུངས་ལ། འགྲེལ་ཆུང་ནི་ཡོན་ཏན་འོད་ཀྱིས་མཛད་པ་མིན་པ་ལྟ་བུར་གསུངས། དེ་དང་འདྲ་བར་སྔོན་གྱི་མཁས་པ་ཕལ་མོ་ཆེས་བཞེད་དེ། ཀུན་མཁྱེན་མཚོ་སྣ་བའི་མཚོ་ཊཱིཀ་གི་མཛད་བྱང་ལས། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བསྟན་ཆོས་འདུལ་བ་མདོ་དང་། ཀརྨ་ཤ་ཏཾ་དང་རང་གི་རྣམ་བཤད་དང་། ཐག་གར་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་པ་ཆེ་ཆུང་གཉིས་དང་། སློབ་དཔོན་པྲཛྙཱ་ཀ་ར་ཞེས་བྱ་བས་མཛད་པའི་འགྲེལ་ཆུང་དང་། འགྲེལ་ཆུང་ཡོན་ཏན་འོད་པ་ཞེས་གྲགས་པ་སྟེ། དེ་ལྟར་མདོ་རྩ་བའི་འགྲེལ་པ་བཞི་པོ་དེ་དག་དང་།[11]ཞེས་དང་། ཀུན་མཁྱེན་རོང་སྟོན་གྱིས་འདུལ་འགྲེལ་ཚིག་དོན་རབ་གསལ་གྱི་མཇུག་བྱང་དུ།  ཡོན་ཏན་འོད་ཀྱིས་མཛད་པའི་ཀརྨ་ཤ་ཏམ་བམ་པོ་བཅུ་གཉིས་པ་དང་། མདོ་རྩ་བམ་པོ་དགུ་པ་དང་། དེའི་རང་འགྲེལ་དང་། ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་བམ་པོ་བདུན་ཅུ་པ་དང་།[12] ཞེས་དང་། མཁས་གྲུབ་རྗེས།  སྤྱོད་པའི་ཆ་གཙོ་བོར་སྟོན་པའི་བསྟན་བཅོས་ལ། སློབ་དཔོན་དུལ་བ་ལྷས་མཛད་པའི་ལུང་རྣམ་འབྱེད་ཀྱི་འགྲེལ་བ་དང་། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལ་སོགས་པ་དང་། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་སོ་སོ་ཐར་བའི་མདོའི་འགྲེལ་བ་བམ་པོ་ལྔ་བཅུ་བ་ལ་སོགས་པ་དང་། དགེ་སློང་གི་སོ་སོར་ཐར་བའི་མདོའི་འགྲེལ་བ་བརྒྱད་དང་། དགེ་སློང་མའི་སོ་སོར་ཐར་བའི་མདོའི་འགྲེལ་བ་གཉིས་ཏེ་བཅུ་དང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་གཞི་བཅུ་བདུན། རྣམ་འབྱེད་གཉིས་དང་བཅས་པ་སྟོན་པ་བམ་པོ་བཅུ་གཉིས་པ་དང་། མདོ་རྩ་བའི་རང་འགྲེལ་ཉིད་ཀྱི་རྣམ་བཤད། མདོ་རྩ་བའི་རྒྱ་ཆེར་འགྲེལ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ་བམ་པོ་བདུན་ཅུ་པ་དང་། དགྲ་བཅོམ་པ་ས་གའི་ལྷས་མཛད་པའི་འདུལ་བ་མེ་ཏོག་འཕྲེང་རྒྱུད་རྣམ་འབྱེད་གཉིས་ཁོ་ན་སྟོན་པ་བམ་པོ་དྲུག་པ་དང་། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱི་ཚིག་ལེའུ་བྱས་པ་སུམ་བརྒྱ་བ་དང་། དེའི་རང་འགྲེལ་འོད་ལྡན་རྣམས་སོ། །[13]ཞེས་དང་། འཇམ་མགོན་སྐྱེད་ཚལ་བས་ལུང་རིགས་གཏེར་མཛོད་ལས།  ལུང་སྡེ་བཞིའི་དགོངས་པ་ཕྱོགས་གཅིག་ཏུ་གཏན་ལ་འབེབས་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་མདོ་རྩ། དེའི་རང་འགྲེལ་ཉིད་ཀྱི་རྣམ་བཤད་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་པ། དེའི་དོན་བསྡུས་ནས་འཆད་པ་སློབ་དཔོན་གྱི་འགྲེལ་ཆུང་ལས་བརྒྱ་རྩ་གཅིག་གི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ཀརྨ་ཤ་ཏཾ། སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་རྒྱ་ཆེར་འགྲེལ་ཤླཽ་ཀ་སུམ་ཁྲི་ཆིག་བམ་པོ་བདུན་ཅུ་པའོ། །[14]ཞེས་མཁས་པ་དེ་དག་གིས་རང་གི་རྣམ་བཤད་ཡོན་ཏན་འོད་ཀྱིས་མཛད་པ་དང་རྒྱ་ཆེར་འགྲེལ་ཆོས་བཤེས་ཀྱིས་མཛད་པ་གཞིར་བཞག་ཏུ་གསུངས་ལ། འགྲེལ་ཆུང་འོན་ཏན་འོད་ཀྱི་གསུང་གི་གྲས་སུ་བགྲངས་མེད་དོ། །

དེ་བཞིན། ཀརྨ་པ་མི་བསྐྱོད་རྡོ་རྗེའི་འདུལ་འགྲེལ་ལས།  སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་རྒྱས་འགྲེལ་ཤློ་ཀ་ཉི་ཁྲི་ཆིག་སྟོང་བམ་པོ་བདུན་ཅུ་བར་བྱས་པ་གཉིས་ཀྱི་ཚིག་དོན་ནི་འཁྲུལ་པ་དང་བྲལ་ཞིང་། སློབ་དཔོན་ཤེས་བྱེད་ཀྱིས་མཛད་ཟེར་བའི་འགྲེལ་པ་དང་འགྲེལ་ཆུང་གཉིས་ནི་བོད་མའོ་ཞེས་འདུལ་བ་འཛིན་པ་ཆེན་པོ་དག་གསུང་ངོ་། །[15] ཞེས་དང་། ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་ནང་དུ་བྱོན་པའི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་བསྟན་འགྱུར་དཀར་ཆག་ལས་ཀྱང་།  འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ་ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨཱ་ལངྐ་ར་དེ་ཝ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ག་རོད་ཚུལ་ཁྲིམས་འབྱུང་གནས་སྦས་པ་གཉིས་ཀྱིས་དཔལ་སྒྱེའུ་རིའི་རྩ་ཆོས་སྐོར་དབེན་ཚའི་གཙུག་ལག་ཁང་དུ་འགྱུར་བ་བཞུགས་སོ། །འདི་ལ་ཤློ་ཀ་སྟོང་ཕྲག་བཅུ་བཞི་ཡོད་དོ། །འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་ཐོ་གར་གྱི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དྷརྨཱ་མི་ཏྲས་མཛད་པ། ཁ་ཆེ་བྱེ་བྲག་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་བ་བཞུགས། འདི་ལ་ཤློ་ཀ་ནི་ཉི་ཁྲི་ཆིག་སྟོང་། བམ་པོ་ནི་བདུན་ཅུར་བྱས་སོ། །འདུལ་བ་མདོའི་རྩ་བའི་འགྲེལ་པ་ཆུང་བ་སློབ་དཔོན་མང་དུ་ཐོས་ཤིང་ཡོན་ཏན་དང་ལྡན་པ་ཡོན་ཏན་གྱི་འོད་ཐམས་ཅད་ཡོད་པར་སྨྲ་བ་པས་བྱས་པར་གྲགས་པ་བཞུགས། འདི་བོད་མར་ཐེ་ཚོམ་ཟའོ། །[16]ཞེས་གསུངས་སོ། ། མདོར་ན་མཁས་པ་དེ་དག་གིས་ཞལ་གཅིག་མཐུན་གྱིས་རང་གི་རྣམ་བཤད་ཀྱི་མཛད་པ་པོ་རྩོད་མེད་ཀྱིས་ཡོན་ཏན་འོད་དང་འགྲེལ་ཆུང་གི་མཛད་པ་པོ་ཡང་རྩོད་མེད་ཀྱིས་ཡོན་ཏན་འོད་མ་ཡིན་པ་ཁས་ལེན་པར་སྙམ་ལ། རྒྱ་ཆེར་འགྲེལ་ནི་སློབ་དཔོན་ཆོས་བཤེས་ཀྱིས་མཛད་མིན་ལ་སྔོན་གྱི་མཁས་པ་སུ་ལ་ཡང་རྩོད་པ་མེད་དོ། །བཞེད་པ་དེ་ནི་སྔོན་གྱི་མཁས་པའི་ཁྲོད་དུ་ཡོངས་ཁྱབ་ཀྱི་ཁས་ལེན་ལྟ་བུར་ཆགས་འདུག་གོ །

དེ་དག་དང་བཞེད་པ་ཅུང་མི་འདྲ་བར་ཁས་ལེན་མཁན་ཞིག་ལ་ཁོ་བོས་མཁས་པ་གཉིས་ཙམ་མཇལ་ཏེ། པཎ་ཆེན་ཤཱཀ་མཆོག་གི་འདུལ་འགྲེལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས། ས་གསུམ་པ་འོད་བྱེད་པ་མཉེས་པ་བྲམ་ཟེའི་བཙུན་པ་འཕགས་པ་ཡོན་ཏན་འོད་ཀྱིས་མཛད་པའི་བསྟན་བཅོས་འདུལ་བའི་མདོའོ། །[17]ཞེས་དང་། འདི་འཆད་པར་བྱེད་པའི་ཐབས་ཀྱི་འགྲེལ་པ་ནི་བཞི་སྟེ། ཉིད་ཀྱི་རྣམ་བཤད་དུ་གྲགས་པ་དང་། བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་དང་། སློབ་དཔོན་ཤེས་རབ་བྱེད་པས་བྱས་པ་འགྲེལ་པ་བར་པ་དང་། ཡོན་ཏན་འོད་ཅེས་བྱ་བས་མཛད་པར་མིང་བཏགས་པའི་འགྲེལ་ཆུང་རྣམས་སོ། །དེ་དག་ལ་ཡིད་བརྟན་དུ་རུང་བ་ནི་དང་པོ་གཉིས་ཁོ་ན་ཡིན་ལ། ཞེས་དང་། དབང་ཕྱུག་དཔལ་བཟང་གི་འདུལ་འགྲེལ་ལས།  སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་མདོ་རྩ་བ་དང་། ཀརྨ་ཤ་ཏཾ་གཉིས་སོ། །ཞེས་དང་། ཆོས་བཤེས་ཀྱིས་མཛད་པའི་རྒྱ་ཆེར་འགྲེལ་དང་། ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར་བའི་རང་འགྲེལ་དུ་གྲགས་པ་དང་།[18] ཞེས་སོགས་གསུངས་པ་ལ་དཔག་ན། མཁས་པ་དེ་གཉིས་ཀྱིས་ནི་རང་གི་རྣམ་བཤད་ཡོན་ཏན་འོད་ཀྱིས་མཛད་པར་གྲགས་པ་ཙམ་ལས་ཁས་མི་ལེན་པ་ཡིན་ནམ་སྙམ་སྟེ་དཔྱད་དོ། ། དེ་དག་ནི་སྔོན་གྱི་ཆོས་འབྱུང་དང་གསུང་རབ་ཁག་ཏུ་ཇི་ལྟར་དཔྱད་པ་མཛད་ཡོད་པའི་སྐོར་ཡོད་ལ། སྔོན་གྱི་འདུལ་བ་ཁུངས་བཙུན་ཤོས་བྱ་ཊཱིཀ་ལས་འདིའི་སྐོར་ལ་དངོས་སུ་དཔྱད་པ་མཛད་ཡོད་པ་མ་མཐོང་མོད། དེ་ཉིད་ལས་འགྲེལ་ཆུང་ལ་དངོས་སུ་དགག་པ་མཛད་ཡོད་པ་རེ་ཟུང་ཡོད་པས་འགྲེལ་ཆུང་ཡོན་ཏན་འོད་ཀྱིས་མཛད་པ་མ་ཡིན་པར་ཁས་ལེན་པར་སྙམ་ལ། འདིའི་སྐོར་ནས་དེ་ལས་གཞན་པའི་མཁས་པའི་གསུང་ཡང་མང་ཙམ་འདུག་མོད། ཡི་གེའི་སྤྲོས་པས་འཇིགས་ནས་རེ་ཞིག་མ་བྲིས་སོ། །

གསུམ།  དེ་ལས་སྐབས་བབ་རང་གི་འཚོལ་བྱ་གང་ཡིན་པ།

དེ་ལྟར་མཁས་པའི་བཞེད་པ་མི་འདྲ་བ་གཉིས་ལས། ཁོ་བོས་ནི་བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆེན་མོ་བུ་སྟོན་ཐམས་ཅད་མཁྱེན་པས་བཞེད་པ་ལྟར། རང་གི་རྣམ་བཤད་དང་རྒྱ་ཆེར་འགྲེལ་གྱི་མཛད་པ་པོར་ཡོན་ཏན་འོད་དང་ཆོས་བཤེས་གཉིས་གོ་རིམ་བཞིན་དང་། འགྲེལ་ཆུང་ནི་ཡོན་ཏན་འོད་ཀྱིས་མཛད་པ་མ་ཡིན་པ་བོད་རྣམས་ཀྱིས་བྱས་པའི་ལུགས་དེ་ཉིད་བསྒྲུབ་འདོད་ལ། སྔོན་གྱི་མཁས་པའི་ཆོས་འབྱུང་དང་གསུང་རབ་ཁག་ཏུ་ཇི་ལྟར་དཔྱད་པ་མཛད་པའི་སྐོར་ནི་གོང་དུ་དྲངས་ཟིན་པས། འོག་ནས་གཞུང་ལུགས་རང་རང་གི་ནང་གི་དཔྱད་གཞིའི་རྒྱུ་ཆ་དང་དཔྱད་པའི་སྒོ་མི་འདྲ་བ་གཞན་གྱིས་ལྷན་ཐབས་བྱས་ཏེ་དཔྱད་པ་བྱེད་འདོད་དོ། །

 བཞི།  རང་གི་རྣམ་བཤད་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་རྒྱུ་མཚན་གཙོ་བོ།

རང་གི་རྣམ་བཤད་དུ་མདོ་རྩ་ལ་ཞལ་འཕངས་མཛད་པ་ལྟ་བུ་དང་། མདོ་རྩ་ལས་རང་གི་རྣམ་བཤད་ལ་ཞལ་འཕངས་མཛད་པ་ལྟ་བུ་དེ་འདྲའི་རིགས་ནི་མཇལ་རྒྱུ་མི་འདུག་མོད། གཞུང་གི་མགོ་ནས་མཇུག་བར་མདོ་རྩ་འགྲེལ་གཉིས་བཤད་པ་ཐོ་མི་ཐུག་པ་ལྟ་བུའི་འགལ་བ་རགས་པ་ལྟ་ཅི། ཕྲན་བུ་ཙམ་ཡང་རྙེད་དུ་མེད་པ་ནི་རྩ་འགྲེལ་གཉིས་མཛད་པ་པོ་གཅིག་ཡིན་པའི་རྒྱུ་མཚན་གཙོ་བོ་གཅིག་ལ་ངོས་འཛིན་ཆོག་པར་སྙམ་སྟེ་ཞིབ་ཏུ་དོན་གཉེར་ལྡན་པ་དག་གིས་དཔྱད་པས་ཆོག་གོ །

དེ་ལས་ཀྱང་ཁོ་བོས་མཇལ་བའི་རྒྱུ་མཚན་ཆེས་ཆེ་བ་ཞིག་ནི། རྒྱ་ཆེར་འགྲེལ་ལས། སློང་བར་རིགས་པའི་སྤང་ལྟུང་གི་སྐབས་སུ།  དེ་ལས་ཆེས་ཆུང་ཞིག་ཐོབ་ན་ནི་དེའི་ཁ་བསྐང་བ་བསླང་བར་བྱ་སྟེ། ཆེས་ཆུང་བ་ལ་ནི་བྱིན་གྱིས་བརླབ་ཏུ་མི་རུང་བའི་ཕྱིར་རོ། །རས་ཡུག་ཆེན་ཁྲུ་ཕྱེད་དང་གསུམ་པ་དང་ཕྱེད་དང་ལྔ་པ་དང་རས་ཡུག་ཕྲན་འཁོར་གསུམ་ཁེབས་པའི་ཚད་ནི་འདོད་ལ་ཞེས་བྱ་བའི་སྒྲ་མེད་པར་བྱིན་གྱིས་བརླབ་ཏུ་རུང་སྟེ། མ་དྲས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་རང་གི་རྣམ་པར་བཤད་པ་ལས་སྨོས་སོ། །[19]ཞེས་གསུངས་པ་འདི་ནི་རང་གི་རྣམ་བཤད་ཡོན་ཏན་འོད་ཀྱིས་མཛད་པའི་སྒྲུབ་བྱེད་ཆེས་སྟོབས་ལྡན་ཞིག་ཏུ་ལྟ་ཆོག་པར་སེམས་ཏེ། རྒྱ་ཆེར་འགྲེལ་སློབ་དཔོན་ཆོས་བཤེས་ཀྱིས་མཛད་མིན་ལ་རྒྱ་བོད་ཀྱི་མཁས་པ་སུ་ལ་ཡང་རྩོད་པ་མེད་ལ། སློབ་དཔོན་ཆོས་བཤེས་དུས་སྐབས་ནམ་ཞིག་ལ་བྱོན་པ་ནི་ལོ་རྒྱུས་ཁག་ཏུ་གཅིག་གྱུར་དེ་ཙམ་མི་འདུག་མོད། བུ་སྟོན་ཆོས་འབྱུང་ལས། འདུལ་བའི་མདོ་ལ་ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ་མཛད་ཅིང་། དེ་ཡོན་ཏན་འོད་ཀྱི་སློབ་མར་ཁ་ཅིག་འདོད་དོ། །[20]ཞེས་གསུངས་པའི་ཁ་ཅིག་གི་བཞེད་པ་དེ་ལྟར་ན་ལྷག་ཏུ་ཡང་རྒྱ་ཆེར་འགྲེལ་གྱི་ཚིག་དེ་སྒྲུབ་བྱེད་ཁུངས་བཙུན་ཤོས་ཤིག་ཏུ་རྩི་ཆོག་པ་འདུག་གོ །

དེ་ལྟར་ཡང་། དྲངས་མ་ཐག་པ་དེའི་ཐད་ཀྱི་རང་གི་རྣམ་བཤད་ལས།  སླར་གང་ཞིག་འདིའི་མཐར་ཐུག་པའི་རིགས་པ་ཡིན་ཏེ། རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང་། རས་ཡུག་ཕྲན་བདུན་པ་དང་། དོ་པ་མན་ཆད་ནས་རས་ཡུག་ཆེན་ཁྲུ་ཕྱེད་དང་གསུམ་པ་དང་། ཇི་སྲིད་དུ་ཕྱེད་པ་དང་ལྔ་པའི་བར་དང་རས་ཡུག་ཕྲན་འཁོར་གསུམ་ཁེབས་པའི་ཚད་ཀྱི་བར་ནི་ཆུང་བའི་མཐའ་ཡིན་པར་རིག་པར་བྱའོ། །གང་གི་ཕྱིར་འདིའི་དོན་གྲུབ་པ་ཉིད་ལ་མ་བླངས་པ་ཉིད་ནི་རྒྱུ་ཉིད་འདིར་མཐར་ཐུག་པའི་དོན་མཐར་ཐུག་པའི་ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོག་ཐོབ་པ་ལ་ཁྲུ་བཅུ་གཉིས་པ་ལ་སོགས་པ་ཁ་སྐོང་བར་བྱེད་པ་ལ་འདི་བསླང་བར་མི་བྱ་བ་ཉིད་བསྟན་པའོ། །མཐར་ཐུག་པར་གྱུར་པ་ལས་ཀྱང་མ་ཆོག་པ་རྙེད་པ་ལ་བླངས་པ་ཉིད་ཁོ་ན་ཞེས་བྱ་བར་རིག་པར་བྱའོ། ། ཆོས་གོས་མ་དྲས་པར་འཆང་བར་འདོད་པ་ལས་ལྷག་མ་གང་ཞིག་ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་འདོད་པ་འདི་ལ་མ་ཆོག་པ་ཉིད་ཀྱིས་རྫོགས་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་མ་ཚང་བ་འདི་ལ་བསླང་བར་བྱ་བ་ཉིད་མ་ཡིན་ནོ། །[21]ཞེས་གསུངས་པ་དེ་དང་། གོང་དུ་རྒྱ་ཆེར་འགྲེལ་ལས་དེ་ལྟར་ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་རང་གི་རྣམ་པར་བཤད་པ་ལས་སྨོས་སོ། །ཞེས་གསུངས་པ་གཉིས་མ་བསྒྲིགས་རང་འགྲིག་ཏུ་སོང་འདུག་གཤིས། འདི་ལ་དོགས་པ་ཙམ་ཡང་ཟ་མི་དགོས་པ་ཞིག་འདུག་པས། རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་སོགས་ཀྱིས་རང་གི་རྣམ་བཤད་ཡོན་ཏན་འོད་ཀྱིས་མཛད་པར་གསུངས་པ་དེ་ལ་ཡིད་རྟོན་ལྷག་པར་འཕེལ་བ་ཞིག་འདུག་གོ །

འདི་དག་ནི་རང་གིས་དངོས་སུ་དཔྱད་པ་བྱས་པའི་འབྲས་བུ་ཡིན་པས། གཞན་གྱིས་བཤད་པ་རྗེས་བརྗོད་བྱས་པ་དང་བསྡུར་ཐབས་མེད་དོ། །

དེའི་སྒོ་ནས་རང་གི་རྣམ་བཤད་སློབ་དཔོན་ཏན་འོད་ཀྱིས་མཛད་མིན་ལ་དཔྱད་པ་ཆེ་ལོངས་ཙམ་ཞིག་བྱས་ཟིན་ཏོ། །

ལྔ། རྒྱ་ཆེར་འགྲེལ་དུ་བྱུང་བའི་དོགས་གནད་ཅིག་གསེད་བཀྲོལ་བཏང་བ།

སྔར་གོང་དུ་བྱས་ཟིན་པ་ལྟར། རྒྱ་ཆེར་འགྲེལ་སློབ་དཔོན་ཆོས་བཤེས་ཀྱིས་མཛད་པ་ནི་སྔོན་བྱོན་མཁས་པའི་ཁྲོད་དུ་དོགས་པ་ཙམ་ཡང་བྱུང་མི་འདུག་པས། ནམ་ལངས་ཉི་ཤར་ལྟ་བུ་ཡིན་ལ། རྒྱ་ཆེར་འགྲེལ་གྱི་མཇུག་བྱང་དུ། གང་དག་དུལ་ཞིང་བསླབ་འདོད་པ། །འདུལ་འཛིན་དེ་ལ་གཞོལ་བ་དག །དེ་དག་བདེ་བར་གནས་བྱའི་ཕྱིར། །རུས་ལྤགས་ལྷག་མ་ལུས་གྱུར་ཅིང་། །མི་བཟད་ནད་ཀྱིས་ཟིན་པའི་ལུས། །སྲོག་ནི་མགྲིན་པར་ཕྱིན་འདྲ་ཞིང་། །སངས་རྒྱས་ཚུལ་ཁྲིམས་མངོན་འདོད་པ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། ། འདུལ་མདོ་རྒྱ་ཆེར་འགྲེལ་པ་འདི། །དེ་ལྟར་བདག་གིས་སྦྱར་བྱས་པས། །ལན་ཅིག་མ་ཡིན་དེ་བཞིན་དུ། ། ཚུལ་ཡོན་བཞིན་ལ་བདག་སྤྱོད་ཤོག །[22]ཅེས་པའི་ཚིག་འདི་ཙམ་གྱིས་ཀྱང་ཉི་མ་ཤར་བ་ལྟ་བུ་བྱས་འདུག་མོད། དཔྱད་པ་གཏོང་དགོས་པའི་གཞི་གཅིག་ཡོད་པ་ནི། རྒྱ་ཆེར་འགྲེལ་རང་ལས།  རྒྱ་གར་སྐད་དུ་ནས་ལ་ནི་ཡ་བ་ཞེས་བྱ་བ་འཁྲིག་པ་ལ་ནི་ཡ་བྷ་ཞེས་བྱ་བ་དེ་ལ་ནས་ཀྱི་མིང་ཡ་བ་ཞེས་བྱ་བརྗོད་པའི་བསམ་པས་དྲག་ཏུ་བརྗོད་པའི་དབང་གིས་ཡ་བ་ཞེས་བྱ་བའི་གནས་སུ་ཧ་བྷ་ཞེས་བརྗོད་པ་ལ་ཉེས་པ་མེད་པ་དང་། བོད་སྐད་ལ་ཡང་རྒྱོངས་ཞེས་བྱ་བ་དང་། རྒྱོབ་ཅེས་བྱ་བ་དང་། རྒྱུའོ་ཞེས་བྱ་བའི་བསམ་པས་དོན་དེ་དག་ཉིད་བརྗོད་པར་འདོད་པ་ལས་ཟུར་ཆག་པའི་དབང་གིས་རྒྱོས་ཞེས་བྱ་བ་དང་། རྒྱོ་བ་ཞེས་བྱ་བ་དང་། རྒྱོའོ་ཞེས་བྱ་བར་བརྗོད་པ་ལ་ཉེས་པ་མེད་པ་ལྟ་བུ་སྟེ། དེ་ལ་ནི་དེ་སྨྲ་བར་མི་འདོད་པའི་དོན་ལ་ཟུར་ཆག་པའི་དབང་གིས་སྨྲས་པའི་ཕྱིར་མིང་ཆ་མཐུན་པར་སྨྲས་ཀྱང་ཉེས་པ་མེད་དོ། །[23]ཞེས་པའི་ཚིག་འདི་ཡིན་ལ། འདི་ལ་མང་པོ་ཞིག་གིས་རྒྱ་གར་མཁས་པའི་གཞུང་དུ་བོད་སྐད་ལྟར་ན་ཞེས་པའི་ཚིག་འདི་ཡོང་དོན་མི་འདུག་པས། འདི་ཉིད་རྒྱ་གར་མཁས་པས་མཛད་པ་ཡིན་ནམ་སྙམ་དུ་བསམ་པ་ཡིན་ནོ། །

ཁོ་བོས་འདི་ལ་ཞིབ་འཇུག་བྱས་པ་ན་འདི་ཉིད་རྒྱ་ཆེར་འགྲེལ་རང་གི་ཚིག་ཡིན་པ་གཞིར་བྱས་ཀྱིས་དྲངས་ཡོད་པའི་གཞུང་གཅིག་མཇལ་ཏེ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་འདུལ་འགྲེལ་དུ།   གཞན་ཡང་ཊཱི་ཀར། བོད་སྐད་ལ་ཡང་རྒྱོངས་ཞེས་བྱ་བ་དང་། རྒྱོབ་ཅེས་བྱ་བ་དང་། རྒྱུའོ་ཞེས་བྱ་བའི་བསམ་པས་དོན་དེ་དག་ཉིད་བརྗོད་པར་འདོད་པ་ལས་ཟུར་ཆག་པའི་དབང་གིས་རྒྱོས་ཞེས་བྱ་བ་དང་། རྒྱོ་བ་ཞེས་བྱ་བ་དང་། རྒྱོའོ་ཞེས་བྱ་བར་བརྗོད་པ་ལ་ཉེས་པ་མེད་པ་ལྟ་བུ་སྟེ། དེ་ལ་ནི་དེ་སྨྲ་བར་མི་འདོད་པའི་དོན་ལ་ཟུར་ཆག་པའི་དབང་གིས་སྨྲས་པའི་ཕྱིར་མིང་ཆ་མཐུན་པར་སྨྲས་ཀྱང་ཉེས་པ་མེད་དོ། །ཞེས་སོ། །[24]ཞེས་གསུངས་སོ། །གཞན་བུ་སྟོན་དང་སྟག་ལོའི་འདུལ་འགྲེལ་ལས། རྒྱ་གར་སྐད་ལ་འཁྲིག་པ་ནི། ཡ་བྷ། དེ་དང་ཆ་འདྲ་བ། ནས་ལ་ཡ་བ། ཙ་ལ་ཡ་བ་སཱ། ཡོལ་བ་ལ་ཡ་བ་ནི་ཀའམ། བོད་སྐད་ལ་སྒྱོགས་རྒྱོ་བ་རྒྱུའོ་ལྟ་བུའོ། ། ཞེས་པ་ཙམ་ཞིག་གསུངས་མོད། ཊཱི་ཀའི་ལུང་དངོས་སུ་དྲངས་ནས་གསུངས་པ་མ་མཐོང་ངོ་། །

དེ་ལྟ་ན་ཡང་ཁོ་བོས་རེ་ཞིག་འདི་སྐད་དུ་སེམས་ཏེ། སློབ་དཔོན་ཡོན་ཏན་འོད་དང་དུས་མཚུངས་སམ། ཡང་ན་དེ་དང་དུས་ཉེ་བར་བྱོན་པའི་རྒྱ་གར་མཁས་པ་ཞིག་གི་ཚིག་དངོས་ལ་འདི་འདྲ་ཡོང་དོན་མི་འདུག་པས། འདི་ཉིད་གཞུང་དོན་གོ་བདེ་བའི་ཕྱིར་དུ་བོད་ཀྱི་ལོ་ཙཱ་བས་ཚིག་ཡར་བཅུག་པའམ། ཡང་ན་གཞན་དག་གིས་བཏབ་པའི་མཆན་དཀྱུས་སུ་ཤོར་བ་གང་རུང་ཡིན་པ་གདོན་མི་ཟ་བར་སྙམ་སྟེ། དེ་ཡང་། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས།   མིང་སོ་སོ་ནས་རྒྱ་གར་སྐད་དང་བོད་སྐད་ཤན་སྦྱར་བས། སྐབས་དོན་འགའ་ཞིག་གི་བཤད་པ་གོ་བ་ལ་ཤིན་ཏུ་ཕན་པར་སྣང་བ་ནི་རྒྱ་དཔེ་ལ་མེད་ནའང་། ཞེས་དང་། སྒྲའི་སྒྲུབ་ཚུལ་ཉུང་ཞིང་གསལ་བ་འགའ་ཞིག་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་སོགས་པས་བརྡ་སྤྲོད་པའི་ཚུལ་བོད་སྐད་དུ་བསྒྱུར་བ་དང་། བཤད་པའི་སྲོལ་བཏོད་པ་ལ་བརྟེན་ནས། དེང་སང་ཡང་མཁས་པ་དག་སྣང་བས། འགའ་ཞིག་ལ་ཕན་པར་བསམས་ནས་བསྒྱུར་ཏེ། མདོར་ན་སྒྲ་སྦྱོར་བམ་པོ་གཉིས་པ་ལས། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་མི་འགལ་ལ། བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་གསུངས་པ་ལྟར་བསྒྱུར་ཅིང་ལེགས་པར་གཏན་ལ་ཕབ་པའོ། །[25] ཞེས་གསུངས་པ་ལྟར་རོ། །

དྲུག  འགྲེལ་ཆུང་ཡོན་ཏན་འོད་ཀྱིས་མ་བྱས་པའི་རྒྱུ་མཚན་ཆེན་པོ་གཉིས།

ཁོ་བོས་ཞིབ་འཇུག་བྱས་པའི་གྲུབ་དོན་དུ། འགྲེལ་ཆུང་ཡོན་ཏན་འོད་ཀྱིས་མ་བྱས་པའི་རྒྱུ་མཚན་ཆེན་པོ་གཉིས་མཐོང་སྟེ། འགྲེལ་ཆུང་དུ་པཎྜི་ཏ་བི་ཛ་ཡ་བར་མའི་བཤད་པ་དྲངས་ཡོད་པ་དང་། འགྲེལ་ཆུང་དང་མདོ་རྩ་གཉིས་དགོངས་པ་མི་མཐུན་པའི་ཆ་ཡོད་པ་གཉིས་སོ། །དེ་ཡང་དང་པོ་ནི། དེ་ཉིད་ལས། ཚུལ་དུ་འཇུག་པའི་ཉིན་མོ་ནས་ཟླ་བ་གཅིག་གི་སྔ་རོལ་དུ་དབྱར་གྱི་རས་ཆེན་འཚལ་ཏམ་ཚུལ་ནས་ཟླ་བ་ཕྱེད་ལས་འདས་པར་བཅངས་ན་སྤང་བའི་ལྟུང་བའོ་ཞེས་བྱི་ཤུ་ཏས་བཤད། ཚུལ་དུ་འཇུག་པའི་ཉིན་མོ་ནས་ཟླ་བ་གཅིག་གི་སྔ་རོལ་དུ་རས་ཆེན་བཙལ་ན་ཉེས་བྱས། ཚུལ་ནས་བྱུང་ནས་ཟླ་བ་ཕྱེད་ལས་འདས་པར་བཅངས་ན་སྤང་བའི་ལྟུང་བའོ་ཞེས་བྱི་ཛ་ཡ་བར་མས་བཤད།[26] ཅེས་དང་། ཡང་དེ་ཉིད་ལས། ཁྱིམ་པས་སྔར་ནི་ཆགས་པའི་སེམས་མེད་ལ་ཕྱིས་ཆགས་པའི་སེམས་བྱུང་བའི་ཟན་ཅིག་བྱིན་ཏེ་དེ་ལྟར་ཤེས་བཞིན་དུ་ཟོས་ན་ཉེས་བྱས་ཞེས་བི་ཛ་ཡ་བར་མས་བཤད།[27] ཅེས་དང་། ཡང་དེ་ཉིད་ལས།  གཞན་ཡང་ལོངས་ཤིག བདག་ཟན་ནར་མར་ཡོན་བདག་གིས་ཟན་སྦྱར་བཞིན་དུ་གཞན་ཞིག་གིས་ཟན་བསྐྱལ་ཏེ་བྱིན་ནམ་རྒྱུ་བསྐྱལ་ཏེ་བྱིན་ན་དགེ་སློང་དང་དགེ་འདུན་ལ་སྦྱིན་པའི་ཕྱིར་བླངས་ཀྱང་ཉེས་མེད་དོ་ཞེས་བི་ཛ་ཡ་བར་མས་བཤད། སཱུ་ཏྲ་ལྟག་མ་ལྟར་སྐྱིན་པར་བཏང་བའི་དགེ་སློང་རྣམ་ལྔས་ཟན་བླངས་ཤིང་ཟོས་ཀྱང་ཉེས་མེད་དོ་ཞེས་ནི་ཤུདྷས་བཤད།[28] ཅེས་སོགས་གསུངས་ལ། འདི་དག་གིས་མཚོན་འགྲེལ་ཆུང་དུ་བི་ཛ་ཡ་བར་མའི་མཚན་སྨོས་པ་ཁ་ཤས་བྱུང་འདུག་གོ །

འོ་ན་དེས་འགྲེལ་ཆུང་ཡོན་ཏན་འོད་ཀྱིས་མཛད་པ་མིན་པ་ཇི་ལྟར་གྲུབ་སྙམ་ན། འདིའི་སྐབས་ཀྱི་བི་ཛ་ཡ་བར་མའི་ངོས་འཛིན་ལ། མཚོ་ཊཱིཀ་བར་ཆའི་མཆན་བུ་ལས། ཡང་ཡང་ཟ་བའི་ལྟུང་བྱེད་ཀྱི་སྐབས་སུ།  གཞན་བླངས་པ་ལ་ཡང་ངོ་ཞེས་པ་འདི་ལ་འགྲེལ་ཆུང་ལས་དགེ་སློང་དང་དགེ་འདུན་ལ་སྦྱིན་པའི་ཕྱིར་བླངས་ཀྱང་ཉེས་པ་མེད་དོ་ཞེས་བི་ཛ་ཝར་མས་བཤད་ཅེས་བྱུང་སྟེ་པཎྜི་ཏ་རྣམ་པར་རྒྱལ་བའི་གོ་ཆས་བཤད་དོ། །[29]ཞེས་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེའི་འདུལ་འགྲེལ་ལས།  འདི་ལ་འགྲེལ་ཆུང་ལས། དགེ་སློང་དང་དགེ་འདུན་ལ་སྦྱིན་པའི་ཕྱིར་བླངས་ཀྱང་ཉེས་པ་མེད་དོ་ཞེས་བི་ཛ་ཡ་ཝརྨས་བཤད་ཅེས་འབྱུང་སྟེ་པཎྜི་ཏ་བི་ཛ་ཡ་ཝརྨས་[མཁས་པ་རྣམ་རྒྱལ་གོ་ཆས་]བཤད་དོ།། །།[30]ཞེས་གསུངས་པ་སྟེ། འགྲེལ་ཆུང་དུ་མཚན་སྨོས་པའི་བི་ཛ་ཡ་བར་མའམ་ཝར་མ་ནི་པཎྜི་ཏ་རྣམ་པར་རྒྱལ་བའི་གོ་ཆའམ། མཁས་པ་རྣམ་རྒྱལ་གོ་ཆ་ལ་གོ་དགོས་པར་གསུངས་ལ། མཁས་པ་འདིས་མཛད་པའི་མདོ་རྩའི་འགྲེལ་བ་ཞིག་ཀྱང་ཡོད་པར་གསུངས་ཏེ། བུ་སྟོན་གྱི་འདུལ་འགྲེལ་རིན་པོ་ཆེའི་མཛེས་རྒྱན་ལས།  སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་པ་ཤླཽཀ་ཉི་ཁྲི་ཆིག་སྟོང་། བམ་པོ་བདུན་ཅུ་པ་འདི་དང་རྩ་བ་གཉིས་ཛི་ན་མི་ཏྲ་དང་། ཀླུ་ཡི་རྒྱལ་མཚན་གཉིས་ཀྱིས་བསྒྱུར་བས་འགྱུར་ཤིན་ཏུ་བཟང་ངོ་། །སློབ་དཔོན་ཤེས་རབ་བྱེད་པའི་འགྲེལ་པ་དང་། འགྲེལ་ཆུང་དུ་གྲགས་པ་འདི་བོད་ཀྱི་ཟིན་བྲིས་སུ་བྱས་པ་ཡིན་ནམ་ཡང་སྙམ་མོ། །དེ་ནས་རྣམ་རྒྱལ་གོ་ཆ་དང་། རྣམ་དག་གི་འགྲེལ་པ་གཉིས་ཡོད་པར་བཤད་དོ། །[31]ཞེས་གསུངས་སོ། །

གསུང་འདི་ལ་དཔག་ན་མཁས་པ་རྣམ་རྒྱལ་གོ་ཆས་མདོ་རྩའི་འགྲེལ་བ་མཛད་ཡོད་པ་དང་། དེ་ཡང་སློབ་དཔོན་ཆོས་བཤེས་སོགས་ཀྱི་རྗེས་སུ་བྱོན་པ་ཡིན་པ་གསལ་ལོ། ། རྒྱུ་མཚན་འདིས་ཀྱང་འགྲེལ་ཆུང་ཡོན་ཏན་འོད་ཀྱིས་མཛད་པ་མ་ཡིན་པ་བདེ་བླག་གིས་གྲུབ་ཐུབ་པ་ཞིག་འདུག་གོ ། དཔྱད་པའི་གྲུབ་དོན་འདི་དག་ནི་ཁོ་བོས་ཡུན་རིང་ཞིབ་འཇུག་བྱས་པའི་གྲུབ་དོན་ཡིན་པས། གཞན་གྱི་བཤད་པ་རྗེས་བརྗོད་བྱས་པ་དང་། གཞན་གྱི་ལེགས་བཤད་རྐུ་འཕྲོག་བྱས་པ་དང་བསྡུར་ཐབས་ཡེ་མེད་དོ། ། གཉིས་པ་འགྲེལ་ཆུང་དང་མདོ་རྩ་གཉིས་དགོངས་པ་མི་མཐུན་པའི་ཆ་ཡོད་པ་ནི། འགྲེལ་ཆུང་དུ་མདོ་རྩ་འགྲེལ་གཉིས་དང་མི་མཐུན་པའི་བཤད་པ་ཁ་ཤས་བྱུང་ཡོད་དེ། རྒྱས་པར་སོ་སོས་དཔྱད་པས་ཤེས་ནུས་ཤིང་ཤེས་འདོད་ཡོད་པ་དག་གིས་ངག་ལས་ཀྱང་ཤེས་པར་བྱ་ལ། དཔེ་མཚོན་གཅིག་ནི། བལ་ཐོགས་པའི་སྤང་ལྟུང་གི་སྐབས་སུ། མདོ་རྩ་འགྲེལ་གཉིས་ཆར་ལས། ཁུར་ཙ་མེད་ན་དཔག་ཚད་གསུམ་དང་ཁུར་ཙ་ཡོད་ན་རྒྱང་གྲགས་གཅིག་ལས་འདས་པར་བལ་ཁུར་ན་སྤང་ལྟུང་དུ་གསུངས་པ་དང་། འགྲེལ་ཆུང་ལས། ཁུར་ཙ་ཡོད་དམ་མེད་ཀྱང་དཔག་ཚད་གསུམ་ལས་འདས་པར་ལུག་བལ་ཁྱེར་ནའོ། །[32] ཞེས་གསུངས་པ་གཉིས་ནི་དགོངས་པ་སྒྲིག་ཐབས་མེད་པ་འགལ་བ་ལྟག་སྤྲོད་དུ་སོང་བ་ཡིན་ལ། འདིས་མཚོན་ནས་གཞན་ཡང་འདུག་མོད། འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །

 བདུན།  འགྲེལ་ཆུང་བོད་ཀྱིས་བྱས་པའི་བསྟན་བཅོས་ཡིན་མིན་ལ་དཔྱད་པ་དགོས་པའི་ཚུལ།

གོང་དུ་དྲངས་ཟིན་པ་ལྟར་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་གྱིས་འདི་དང་འགྲེལ་བ་ཤེས་རབ་བྱེད་པ་གཉིས་བོད་ཀྱིས་ཟིན་བྲིས་བྱས་པ་ལྟ་བུར་གསུངས་ལ། འདུལ་འཛིན་མཁན་པོ་གཞན་གྱིས་ཀྱང་དེ་ལྟར་གསུངས་པ་སྟེ། དེ་དག་གི་སྐོར་ནས་རྒྱུ་མཚན་གཞུང་དུ་བགྲངས་ཡོད་པ་མ་མཐོང་ངོ་། ། དེ་ལྟ་ན་ཡང་ཁོ་བོས་ཞིབ་འཇུག་བྱས་པ་ན་རྒྱུ་མཚན་གཅིག་འདི་ཉིད་ཡིན་པར་སྙམ་སྟེ། འགྲེལ་ཆུང་ལས། ཕམ་པའི་སྐབས་སུ།  སངས་རྒྱས་ཞལ་བཞུགས་པའི་ཚེ་ནའང་དངུལ་ཞོའི་བརྒྱད་ཆ་གཅིག་གིས་ཕམ། དེང་སང་དུས་དང་སྦྱར་ཏེ། རྒྱ་གར་ཡུལ་གྱི་མ་ཤ་ལས་བོད་ཀྱི་དངུལ་གྱི་ཐང་དུ་བརྩིས་ན། དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དོ། །བརྒྱད་ཆ་གཅིག་ཡན་ཆད་བརྐུས་ན་ཕམ་སྟེ་ཡན་ལག་གཅིག་[33]ཅེས་གསུངས་ལ། འདི་ཉིད་འགྲེལ་བ་ཤེས་རབ་བྱེད་པ་ལས་ཀྱང་གསུངས་ཏེ། དམར་སྟོན་གྱིས།  ཤྲེར། དེང་སང་གི་དུས་དང་སྦྱར་ཏེ་རྒྱ་གར་ཡུལ་གྱི་མ་ཤ་ལས་བོད་ཀྱི་དངུལ་ཐང་དུ་བརྩིས་ན་དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དེ། བརྒྱད་ཆ་གཅིག་ཡན་ཆད་བརྐུས་ན་ཕམ་ཞེས་སོགས་གསུངས་པའི་ཕྱིར་དང་།[34]ཞེས་དང་། ལུང་རིགས་གཏེར་མཛོད་ལས།  ཤེས་རབ་བྱེད་པར། རྒྱ་གར་ཡུལ་གྱི་མ་ཤ་ཀ་ལ་བོད་ཀྱི་དངུལ་གྱི་ཐང་དུ་རྩིས་ནས་དངུལ་ཞོའི་བརྒྱད་ཆ་སྟེ། བརྒྱད་ཆ་ཡན་ཆད་བརྐུས་ན་ཕམ་པའོ་ཞེས་གསུངས་པའི་ཕྱིར་ཟེར།[35] ཞེས་དང་། བཀྲས་ལྷུན་ཤར་རྩེའི་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་འདུལ་བའི་སྤྱི་དོན་ལས།  འགྲེལ་པ་ཤེས་རབ་བྱེད་པ་ལས། རྒྱ་གར་གྱི་མ་ཤ་ལ་བོད་ཀྱི་དངུལ་གྱི་སྟེང་དུ་རྩིས་ན་དངུལ་ཞོའི་བརྒྱད་ཆ་ཡོད་པས་བརྒྱད་ཆ་གཞན་བརྐུས་ན་ཕམ་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར།[36]ཞེས་གསུངས་སོ། ། དེ་བཞིན། ཀུན་མཁྱེན་གོ་རམས་པའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། ཤ་ན་རེ། དེང་སང་གི་དུས་དང་སྦྱར་ཏེ་རྒྱ་གར་ཡུལ་གྱི་མ་ཤ་ལས་བོད་ཀྱི་དངུལ་ཐང་དུ་བརྩིས་ན་དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དེ། བརྒྱད་ཆ་གཅིག་ཡན་ཆད་བརྐུས་ན་ཕམ་ཞེས་སོགས་གསུངས་པའི་ཕྱིར་དང་།[37] ཞེས་གསུངས་སོ། ། གལ་ཏེ་ཤ་ན་རེ་ཞེས་གསུང་སྟངས་ལ་བསམས་ན། ཤ་མི་བ་སྨོན་ལམ་རྡོ་རྗེ་ཡིན་ནམ་སྙམ་ན། དེ་ནི་འཁྲུལ་བ་རགས་པ་སྟེ། ཤ་མིས་རིན་ཐང་གི་ཚད་དེ་ལྟར་མི་བཞག་པའི་ཕྱིར་རོ། །དེ་ནི་སྔར་ཕམ་པའི་སྐབས་སུ་དཔྱད་ཟིན་ཏོ། །

དེ་ལྟར་འགྲེལ་ཆུང་དང་འགྲེལ་བ་ཤེས་རབ་བྱེད་པ་གཉིས་སུ་བོད་ཀྱི་དངུལ་ཞེས་པའི་ཐ་སྙད་འདི་གཅིག་གྱུར་གྱིས་ཐོན་ཡོད་པ་ནི་ཤེས་ཐུབ་ལ། མཁས་པ་རྣམས་ཀྱིས་ཀྱང་འགྲེལ་བ་འདི་གཉིས་བོད་ཀྱིས་བྱས་པར་གསུངས་པའི་རྒྱུ་མཚན་གཅིག་འདི་ཡིན་ནམ་སྙམ་མོ། ། ཀརྨ་པ་མི་བསྐྱོད་རྡོ་རྗེས་ཀྱང་སྔར་གྱི་དེ་ཉིད་འགྲེལ་ཆུང་གི་ཚིག་རང་ཡིན་པ་བྱས་ནས་གསུངས་ཡོད་དེ། ཁོང་གི་འདུལ་འགྲེལ་དུ། འགྲེལ་ཆུང་རྒྱ་གར་གྱི་སྲང་གཅིག་ལ་བོད་ཀྱི་སྲང་གཅིག་དང་ཞོ་དྲུག་ཡོད། རྒྱ་གར་གྱི་སྲང་བཅུ་དྲུག་ལ་བྲེ་ཆུང་གཅིག་སྟེ་བདུན་ཕུལ་དོ་ཞེས་འབྱུང་ངོ་། །[38] ཞེས་གསུངས་སོ། ། གལ་ཏེ། འགྲེལ་ཆུང་གི་མཇུག་བྱང་དུ།  འདུལ་བའི་མདོ་རྩ་བའི་འགྲེལ་པ་ཆུང་བ་སློབ་དཔོན་མང་དུ་ཐོས་ཤིང་ཡོན་ཏན་དང་ལྡན་པ་ཡོན་ཏན་གྱི་འོད་ཐམས་ཅད་ཡོད་པར་སྨྲ་བ་པས་བྱས་པའོ། །[39] ཞེས་གསུངས་པས་འདི་ཉིད་ཡོན་ཏན་འོད་ཀྱིས་མཛད་དོ་སྙམ་ན། དེ་ཙམ་ལ་ནི་ཁྱབ་པ་ཡོད་པར་མི་སེམས་སོ། །

དེ་དག་གི་སྒོ་ནས་འགྲེལ་ཆུང་ཡོན་ཏན་འོད་ཀྱིས་མཛད་མིན་གྱི་སྐོར་ནས་དཔྱད་པ་ཆེ་ལོང་ཙམ་ཞིག་བྱས་ཟིན་ཏོ། །

བརྒྱད།  རྒྱུ་མཚན་བཅུའི་ལམ་ནས་མཚོ་མཆན་མཚོ་སྣ་བས་བརྩམས་པར་བསྒྲུབ་པ།

དེ་དག་གི་སྒོ་ནས་འགྲེལ་ཆེན་གསུམ་གྱི་སྐོར་ལ་རགས་ཙམ་དཔྱད་ཟིན་ནས། ད་ནི་མཚོ་མཆན་གྱི་མཛད་པ་པོའི་ཁུངས་འཚོལ་བར་བྱ་སྟེ། དེ་ཡང་ཡུལ་གངས་རིའི་ཁྲོད་དུ་འདུལ་བ་རྒྱ་ལ་ཐུག་པ་དང་། བྱ་ལ་ཐུག་པ། མཚོ་ལ་ཐུག་པ་སོགས་ཀྱི་དུས་རིམ་མི་འདྲ་བ་མང་དུ་བསླེབས་ཤིང་། ཁྱད་པར་དུ་ཡང་ཡོངས་འཛིན་ཕུར་ལྕོག་བྱམས་པས་མཛད་པའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་ཐར་དུ་གསལ་བ་ལྟར།[40] ཁོང་གིས་འདུལ་བ་མཚོ་ཊཱིཀ་དང་། མདོ་རྩ་མཆན་འགྲེལ་ཤིང་པར་ལ་བརྐོས་གནང་མཛད་པ་དང་། གདན་ས་སེར་འབྲས་དགའ་གསུམ་གྱི་གཞུང་ཆེན་པོད་ལྔར་སློབ་གཉེར་བྱེད་མཁན་ཚོར་འགྲེལ་པ་འདི་ཉིད་རྩ་འཛིན་དགོས་པའི་བཀའ་ཕེབས་པ་ནས། འདུལ་བ་མཚོ་ཊཱིཀ་འདི་ཉིད་ས་དགེ་རྙིང་མ་ཡོངས་རྫོགས་ཀྱི་འདུལ་བའི་ཡིག་ཆ་གཙོ་བོར་གྱུར་ཡོད་ལ། ཇི་སྲིད་དུ་འདུལ་བ་མཚོ་ཊཱིཀ་རང་རེའི་འཁོར་ཡུག་ཏུ་གལ་ཇི་ཙམ་ཆེ་བ་དེ་སྲིད་དུ། མཚོ་མཆན་ཡང་དེའི་ཡན་ལག་ཏུ་འགྲོ་དགོས་པས། འདིར་ཁོ་བོས་དོན་ཚན་བཅུའི་ལམ་ནས་འདུལ་བ་མཚོ་མཆན་རྗེ་ཙོང་ཁ་བས་བྱས་པའི་བཤད་ཡམས་རབ་རིབ་ཙམ་དང་། མཚོ་མཆན་རང་གི་ནང་གི་ཚིག་འབྲུ་རེ་ཟུང་ལ་བརྟེན་ནས་འདི་ཉིད་མཚོ་སྣ་བས་མ་བྱས་པའི་ལོག་རྟོག་ཐམས་ཅད་བསལ་ཏེ། ངེས་པའི་དོན་གང་ཡིན་པ་དེ་ཉིད་འཆད་པར་འདོད་དོ། །

དེ་ཡང་ཁོ་བོས་ཡུན་རིང་ཞིབ་འཇུག་བྱས་པའི་འབྲས་རྟགས་སུ་མཚོ་མཆན་མཚོ་སྣ་བས་མཛད་པའི་སྒྲུབ་བྱེད་ཤིན་ཏུ་མང་པོ་རྙེད་མོད། དེ་ལས་ད་ལན་མཚོ་མཆན་རང་ལས་རྙེད་པའི་སྒྲུབ་བྱེད་ཆེས་ཁ་གསལ་བ་གོ་བདེ་བ། རིག་པ་གཟུ་ལུམ་དུ་སོང་བ་ཞིག་མིན་ན་ཁས་མི་ལེན་ཐབས་མེད་དུ་ཆགས་པའི་སྒྲུབ་བྱེད་བཅུ་ཙམ་བཀོད་ན། ༡ མཚོ་ཊཱིཀ་སྟོད་ཆའི་མཆན་བུ་ལས། རང་གིས་དོགས་པ་རྩོད་པ་འདི་སྐད་དུ། [41]ཞེས་མཆན་བྲིས་ནས། དེ་མ་ཐག་ཏུ་མཚོ་ཊཱིཀ་ལས་གལ་ཏེ་མཐར་ཐུག་གནས་སྤགས་ཡིན་ན་ནི། ཞེས་སོགས་ཀྱི་དོགས་པ་བསླངས་པ་འདིས་ཀྱང་མཆན་འདེབས་པ་པོ་དང་མཚོ་ཊཱིཀ་གཉིས་མཛད་པ་པོ་གཅིག་ཡིན་པ་གོ་ནུས་ཏེ། འདིའི་སྐབས་ཀྱི་རང་ནི་མཆན་འགོད་པ་པོ་ལ་གོ་དགོས་པ་སྐབས་དོན་ཡིན་ཞིང་། དོགས་པ་དངོས་ནི་མཚོ་ཊཱིཀ་གི་གཞུང་ཡིན་པའི་ཕྱིར།

༢ མཚོ་ཊཱིཀ་སྟོད་ཆ་ལས། རྫུན་སྨྲའི་ཕམ་པའི་སྐབས་སུ།  ལྷ་དང་ཀླུ་དང་གནོད་སྦྱིན་དྲི་ཟ་གསུམ་ལྷའི་བྱེ་བྲག་གོ །ཀླུ་དང་མིའམ་ཅི་ལྟོ་འཕྱེ་ཆེན་པོ་གསུམ་དུད་འགྲོ་སྟེ། ལྷག་མ་ཡི་དྭགས་སོ། །ཞེས་པའི་མཆན་བུ་ལས། ལྷ་དང་ཀླུ་ལ་སོགས་པ་བཅུའི་འབྲུ་སྣོན་ནི་རྣམ་འབྱེད་འགྲེལ་དང་གཞི་འགྲེལ་ལས་བཤད་དོ་ཁོ་བོས་གཞུང་གི་མཆན་ཡིག་ཏུ་བཀོད་པ་དེར་བལྟའོ། །[42] ཞེས་གསུངས་པ་འདིས་ཀྱང་མཚོ་མཆན་མཛད་པ་པོ་མཚོ་སྣ་བ་ཡིན་པ་གོ་ནུས་ཏེ། མཆན་ཡིག་ཏུ་བཀོད་པས་དེར་བལྟའོ་ཞེས་པའི་ཐད་ཀྱི་མདོ་རྩའི་མཆན་འགྲེལ་མཐོང་བ་དོན་འགྲུབ་ལས། ལྷ་དང་ནི་བརྒྱ་བྱིན་ལ་སོགས་པའོ། །ཀླུ་ནི་ཀླུ་ཕྲ་མོ་རྣམས་དང་རྣམ་ཐོས་སྲས་ལ་སོགས་པ། གནོད་སྦྱིན་དང་ནི་ལྷའི་གནས་སུ་མཆོད་པར་བྱ་བ་གཏོར་མ་ལེན་ལེན་པ་རྣམས་སོ། །དྲི་ཟ་དང་ནི་ལྷ་རྣམས་ཀྱི་གླུ་དང་རོལ་མོ་བྱེད་པ་དྲི་ཟ་བ་རྣམས་སོ། །མིའམ་ཅི་ནི་དུད་འགྲོ་མིའི་རྣམ་པ་ཅན་གཟུགས་ཤིན་ཏུ་བཟང་བ་རྣམས་སོ། །ལྟོ་བ་འཕྱེ་ཞིང་འགྲོ་བའི་སྦྲུལ་ཆེན་པོ་ནི། ལྟོ་འཕྱེ་ཆེན་པོ་དང་། སྟེ་ཀླུ་ཆེན་པོ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པ་རྣམས་སོ། །ཡི་དྭགས་དང་། ནི་རྐང་པ་ཕྱིར་ལྟ་བ་ལྟོགས་པ་རྣམས་སོ། །ཤ་ཟ་དང་། ནི་ཡི་དྭགས་ཀྱི་བྱེ་བྲག་སྟེ་ཤ་དང་ཁྲག་ཟ་བ་ནག་པོ་ཆེན་པོ་ལ་སོགས་པའོ། །གྲུལ་བུམ་མི་ཡི་དྭགས་ཀྱི་རྣམ་པ་ཉིད་དེ་ཡན་ལག་གི་འབྲས་བུ་བུམ་པའི་རྣམ་པ་འདྲ་བ་དང་། ལུས་སྲུལ་པོའི་ནི་ཡི་དྭགས་ཀྱི་བྱེ་བྲག་ཉིད་དེ། ཞེས་བཅུ་པོ་རེ་རེ་ནས་འབྲུ་སྣོན་མཛད་པ་གཉིས་ཐོ་ཐུག་པའི་ཕྱིར་དང་། མཆན་ཡིག་མཐོང་བ་དོན་འགྲུབ་མཚོ་སྣ་བས་མཛད་པ་ཡིན་པ་སུ་ལ་ཡང་རྩོད་པ་མེད་པའི་ཕྱིར། འོ་ན་གོང་དུ་མཆན་བུ་ལས་གཞུང་གི་མཆན་ཡིག་ཏུ་བལྟ་བར་བྱའོ་[43]ཞེས་གསུངས་ཤིང་། མདོ་རྩའི་མཆན་འགྲེལ་མཐོང་བ་དོན་འགྲུབ་ལ་མཆན་ཡིག་ཅེས་པའི་མཚན་གང་དུ་གསོལ་སྙམ་ན། མཆན་འགྲེལ་རང་ལས།  འདུལ་བའི་བསླབ་པ་སྤྱིར་བསྟན་པའི་མཆན་ཡིག་མཐོང་བ་དོན་གྲུབ་ཅེས་བྱ་བ་ཤཱཀྱའི་དགེ་སློང་ཤེས་རབ་བཟང་པོས་སྦྱར་བའོ། །[44]ཞེས་གསུངས་པས་གྲུབ་བོ། །

༣ མཚོ་ཊཱིཀ་སྟོད་ཆ་ལས། ཁང་བའི་དགེ་འདུན་ལྷག་མའི་སྐབས་སུ།  འོ་ན་གང་ཞེ་ན། ཞེས་པའི་ཐད་དུ། རྒྱ་དང་ཚ་རོང་བ་དང་ཁོ་བོ་ནི།[45] ཞེས་མཆན་བྲིས་ཤིང་། དེ་མ་ཐག་ཏུ་མཚོ་ཊཱིཀ་ལས་འདིར་པཎྜི་ཏ་གཞན་གྱི་འདོད་པ་ས་གཞི་མ་དག་པའི་ཆོས་གསུམ་རེ་རེས་ཀྱང་མཐར་སྦོམ་པོར་འགྱུར་བ་དེ་འཐད་པར་སེམས་ཏེ། ཞེས་པ་འདིས་ཀྱང་མཛད་པ་པོ་གཅིག་ཡིན་པ་གོ་ནུས་ཏེ། འདིའི་སྐབས་ཀྱི་ཁོ་བོ་ནི་མཆན་འགོད་པ་པོ་ལ་གོ་དགོས་པ་སྐབས་དོན་ཡིན་ཞིང་། པཎྜི་ཏ་གཞན་གྱི་འདོད་པ་འཐད་པརགསུངས་པ་དེ་མཚོ་ཊཱིཀ་གི་གཞུང་ཡིན་པའི་ཕྱིར།

༤ མཚོ་ཊཱིཀ་བར་ཆ་ལས།  མཚན་མོ་གཉིས་ཉལ་ན་ནུབ་ལྷག་གི་ལྟུང་བ་བསྐྱེད་པར་ཐལ། ཞག་གསུམ་པའི་སྐྱ་རེངས་ཤར་བའི་ཕྱིར་རོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། མཚན་མོ་གསུམ་པར་ཉལ་ནས་སྐྱ་རེངས་ཤར་ན་ལྟུང་བྱེད་དུ་གསུངས་ཀྱི། ཞག་གསུམ་པའི་སྐྱ་རེངས་ཤར་ན་ཞེས་པ་ནི་གཞུང་གང་ལས་ཀྱང་མ་བཤད་དོ། །ཞེས་པའི་ཐད་ཀྱི་མཆན་བུ་ལས། རྩོད་པ་འདི་ནི་རང་གིས་དོགས་པ་བསུ་བའོ། །[46]ཞེས་གསུངས་པ་འདིས་ཀྱང་མཛད་པ་པོ་གཅིག་ཡིན་པ་གོ་ནུས་ཏེ། དོགས་པའི་གཞུང་ནི་མཚོ་ཊཱིཀ་གི་གཞུང་ཡིན་ཞིང་། མཆན་བུ་ལས་རྩོད་པ་འདི་ནི་རང་གིས་དོགས་པ་བསུ་བའོ། །[47]ཞེས་པའི་རང་ནི་མཆན་འདེབས་པ་པོ་ལ་གོ་དགོས་པ་སྐབས་དོན་ཡིན་པའི་ཕྱིར།

༥ མཚོ་ཊཱིཀ་བར་ཆའི་མཆན་བུ་ལས།  སྔར་གྱི་བཅུ་གཉིས་པོ་དེ་དག་ལ་གསོག་འཇོག་བྱེད། བྱེ་བྲག་ཏུ་བཤད་ན། རྒྱ་ནི་དངོས་པོ་གཞན་གྱི་ཡིན་ན་གསོག་འཇོག་ཉེས་མེད་ཅེས་འཆད་ཅིང་། ཤ་མི་ལ་སོགས་པ་རྣམས་ནི། དེ་ལ་ཉེས་བྱས་སུ་འགྱུར་ཞེས་འཆད་ཀྱང་། ཁོ་བོ་གཞན་གྱི་ལ་གཉིས་སུ་ཕྱེ་ནས་འཆད་དེ་འདི་ལྟར། ཞེས་དེ་མ་ཐག་ཏུ་མཚོ་ཊཱིཀ་གི་དབུ་བཟུང་བ་འདིས་ཀྱང་མཛད་པ་པོ་གཅིག་ཡིན་པ་གོ་ནུས་ཏེ། མཆན་བུ་ལས་བྱུང་བའི་ཁོ་བོ་ནི་མཆན་འདེབས་པ་པོ་ལ་གོ་དགོས་པ་སྐབས་དོན་ཡིན་པའི་ཕྱིར།

༦ མཚོ་ཊཱིཀ་བར་ཆའི་མཆན་བུ་ལས།  ཉེ་འཁོར་འདོམ་གང་ཚུན་དུ་གདབ་པ་ལ། །ནུབ་ལྷག་དངོས་གཞིའི་ས་ཐག་འདོམ་གང་ཞེས། །མས་དར་འདུལ་འཛིན་ཕལ་ཆེར་འཁྲུལ་མོད་ཀྱང་། །སྐབས་འདིར་ཡང་དག་ངེས་པ་ཁོ་བོས་རྙེད། ། ཅེས་གསུངས་པ་འདིས་ཀྱང་མཛད་པ་པོ་གཅིག་ཡིན་པ་གོ་ནུས་ཏེ། སྐབས་འདིར་ཡང་དག་ངེས་པ་ཁོ་བོས་རྙེད། །[48] ཅེས་པའི་ཁོ་བོ་ནི་མཆན་འདེབས་པ་པོ་ལ་གོ་དགོས་པ་སྐབས་དོན་ཡིན་ཞིང་། རྙེད་བྱའི་ཡང་དག་ངེས་པ་ནི་མཚོ་ཊཱིཀ་ལས་བྱུང་བའི་རྣམ་གཞག་དེ་རང་ལ་འཇོག་དགོས་པའི་ཕྱིར་།

༧ མཚོ་ཊཱིཀ་སྨད་ཆའི་མཆན་བུ་ལས།  གཞོག་སྟེགས། འཕྱར་གཡེང་ཙབ་ཧྲལ་དང་གསུམ་གྱི་འབྲུ་སྣོན་ནི་གཞུང་གི་མཆན་ཡིག་ཏུ་གསལ་པོ་བཀོད་པས་དེར་བལྟའོ། །[49]ཞེས་གསུངས་པ་འདིས་ཀྱང་མཆན་བུ་འགོད་པ་པོ་ཀུན་མཁྱེན་མཚོ་སྣ་བ་ཡིན་པ་གོ་ནུས་ཏེ། འདིའི་ཐད་ཀྱི་མཆན་ཡིག་མཐོང་བ་དོན་འགྲུབ་ལས།  གཞོག་སྟེགས་ནི་ཧ་ཅང་བརྟད་པར་མི་འཇུག་ཅིང་བཙུན་སྤུ་མ་ཉམས་པར་ཀུན་ཏུ་རྩེ་བ་སོགས་པའི་ལུས་དང་ངག་གི་ལས་སོ་[50]ཞེས་ཊཱི་ཀ་ལས་བཤད་པས་གཞོག་སྟེགས་ནི་ཆགས་སེམས་ཆུང་ངུ་ལས་གྱུར་པའི་ལུས་ངག་གི་རྣམ་འགྱུར་ཏེ། ཞེས་དང་། ཆགས་སེམས་འབྲིང་ལས་གྱུར་པ་འཕྱར་གཡེང་ངོ་། །ཞེས་དང་། ཆགས་སེམས་ཆེན་པོ་ལས་གྱུར་པ་ཙབ་ཧྲལ་ལོ། །ཞེས་གསུངས་པ་གཉིས་མ་བསྒྲིགས་རང་འགྲིག་ཏུ་སོང་བའི་ཕྱིར།

༨ མཚོ་ཊཱིཀ་སྨད་ཆའི་མཆན་བུ་ལས།  མཁས་པ་དབྱིག་གཉེན་ཡང་མདོ་སྡེ་པའི་རྗེས་སུ་འབྲངས་ཏེ་འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས་པར་བཞེད་ཀྱང་མཁས་པ་དབྱིག་གཉེན་ད་ལྟར་བཞུགས་ནའང་ང་ལ་ཆོས་ཀྱི་སྐྱེས་འདི་ཡོད་དེ། ཞེས་པའི་མཆན་དེ་མ་ཐག་ནས་མཚོ་ཊཱིཀ་གི་དབུ་བཟུང་སྟེ། ལུང་རྣམ་འབྱེད་ལས་སྐྱོང་མས་ཆོམ་རྐུན་དྲུག་ཅུ་འཆི་བར་བྱས་ཏེ། འཆབ་སེམས་གཏན་ནས་མེད་ཀྱང་སྐྱོང་མ་ཕམ་པར་གྱུར་ཏོ་ཞེས་གསུངས་པ་དང་འགལ་ལོ། ། ཞེས་གསུངས་པ་འདིས་ཀྱང་མཛད་པ་པོ་གཅིག་ཡིན་པ་གོ་ནུས་ཏེ། མཆན་བུ་ལས་ང་ལ་ཆོས་ཀྱི་སྐྱེས་འདི་ཡོད་དེ།[51] ཞེས་པའི་ང་ནི་མཆན་བུ་འདེབས་པ་པོ་ལ་གོ་དགོས་པ་སྐབས་དོན་ཡིན་ཞིང་། ཆོས་ཀྱི་སྐྱེས་དངོས་ནི་མཚོ་ཊཱིཀ་ལས་གསུངས་པའི་ཕྱིར།

༩ མཚོ་ཊཱིཀ་སྨད་ཆ་ལས།  ཕམ་དང་པོ་བྱེ་བྲག་ལ་དངོས་པོ་གཙོ་མོད་སྤྱི་ལ་འདུ་ཤེས་གཙོ་སྟེ་གཞན་དུ་ན་ལུང་ཞུ་བ་ལས་མ་དཀྲིས་པ་ལ་དཀྲིས་པར་འདུ་ཤེས་ཏེ་བཅུག་ན་ཅིར་འགྱུར། སྦོམ་པོ་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི། ཞེས་པའི་ཐད་ཀྱི་མཆན་བུ་ལས། ལུང་ཡི་གེ་མ་ནོར་བར་ངེས་དོན་དུ་ཚུལ་ཁྲིམས་བླ་མ་བཞེད་ཀྱང་ཁོ་བོ་ནི། ཞེས་དེ་མ་ཐག་ཏུ་མཚོ་ཊཱིཀ་ལས་ལུང་ཡི་གེ་ནོར་བར་སེམས་ཏེ། ཞེས་གསུངས་པ་འདིས་ཀྱང་མཛད་པ་པོ་གཅིག་ཡིན་པ་གོ་ནུས་ཏེ། མཆན་བུ་ལས་བྱུང་བའི་ཁོ་བོ་ནི་མཆན་བུ་འདེབས་པ་པོ་ལ་གོ་དགོས་པ་སྐབས་དོན་ཡིན་ཞིང་། ལུང་ཡི་གེ་ནོར་བར་སེམས་ཏེ། [52]ཞེས་པའི་ཚིག་འདི་མཚོ་ཊཱིཀ་གི་གཞུང་ཚིག་ཡིན་པའི་ཕྱིར།

༡༠ མཚོ་ཊཱིཀ་སྨད་ཆ་ལས།  བུད་མེད་གཉིད་ལོག་པ་དང་ར་རོ་བ་དང་རྫས་ཀྱིས་མྱོས་པ་དང་སྙོམས་པར་ཞུགས་པ་མོ་ལ་རེག་ན་ནི་དགེ་འདུན་ལྷག་མར་འགྱུར། ཞེས་པའི་ཐད་ཀྱི་མཆན་བུ་ལས། ལུང་མཆན་དུ་བྲི།[53]ཞེས་གསུངས་པ་འདིས་ཀྱང་མཆན་བུ་འགོད་པ་པོ་ཀུན་མཁྱེན་མཚོ་སྣ་བ་ཡིན་པ་གོ་ནུས་ཏེ། འདིའི་ཐད་ཀྱི་མཆན་ཡིག་མཐོང་བ་དོན་འགྲུབ་ལས། གཉིད་ལོག་སྙོམས་ཞུགས་ལ་སོགས་པ་དོན་མི་གོ་བ་དང་སྨྲ་མི་ཤེས་ལ་རེག་པ་ལ་ནི་ལྟུང་བ་རྫོགས་པ་བསྐྱེད་དོ། །དོན་དེ་རྣམས་ནི་རེག་ཕམ་ལ་ཡང་སྦྱར་རོ། །[54]ཞེས་གསུངས་པ་གཉིས་མ་བསྒྲིགས་པར་ཐོ་ཐུག་པའི་ཕྱིར་རོ། །

དེ་ལྟར་གཟུ་བོར་གནས་པའི་གང་ཟག་དང་རིག་པ་རྣལ་དུ་སོན་པའི་གང་ཟག་ཅིག་ཡིན་ཚེ་སྒྲུབ་བྱེད་དེ་དག་གི་ནང་ནས་གཅིག་ཙམ་གྱིས་ཀྱང་ཡིད་རྟོན་འཕེལ་བ་ཞིག་འདུག་མོད། སུན་ཅི་ཕྱིན་ཏུ་རྒོལ་བའི་གང་ཟག་ལ་ནི་མངོན་སུམ་དུ་བསྟན་ཀྱང་བརྡ་མི་འཕྲོད་པ་ཡོང་ངེས་པས། དེ་དག་ནི་ཁོ་བོའི་ཞིབ་འཇུག་གི་འབྲས་བུ་འདིའི་ཁ་གཏད་ཡུལ་མ་ཡིན་ནོ། །

མདོར་ན། མཚོ་མཆན་མཚོ་སྣ་བས་མཛད་པར་བསྒྲུབས་ཟིན་རྗེས། རྗེ་ཙོང་ཁ་བས་མ་བྱས་པའི་སྐོར་ནས་དམིགས་སུ་བསྒྲུབ་དགོས་དོན་མེད་ལ། མ་གཞི་ནས་མཚོ་མཆན་རྗེ་ཙོང་ཁ་པས་བྱས་པར་བཤད་པ་དེ་ནི་ཁུངས་སྣེ་གང་ཡང་མེད་པའི་བཤད་ཡམས་ཙམ་ཡིན་པ་དགེ་ཕྱོགས་པས་ཀྱང་ཁས་ལེན་བཞིན་འདུག་གོ །

དགུ།  མཚོ་ཊཱིཀ་གི་མཆན་བུ་ལས་བྱུང་བའི་དོགས་སེལ།

ང་ཚོས་མཚོ་ཊཱིཀ་གི་མཆན་བུ་འདི་ཉིད་མཚོ་སྣ་བས་བརྩམས་པར་བསྒྲུབས་པའི་ཤུལ་ནས། མཆན་བུ་འདི་ཉིད་ལས་བྱུང་བའི་གནད་དོན་གཉིས་ལ་གཡོལ་མི་རུང་སྟེ། གཅིག་ནི་མཚོ་ཊཱིཀ་སྨད་ཆ་ལས།  འོ་ན་དེ་གཉིས་གང་འཐད་ཅེ་ན། སྔ་མ་ནི་མི་འཐད་དེ། དེ་ལྟར་ན་ལྟ་བ་མཐུན་པ་མི་སྲིད་པར་ཐལ། ལྟུང་བ་བསྐྱེད་པའི་གཞིའི་ཡན་ལག་ནི་དཔག་ཏུ་མེད་ལ། གང་ཟག་གི་རྟོག་པ་ཐ་དད་ཀྱིས་གཞི་དཔག་མེད་དེ་རྣམས་ལ་འདོད་པ་མཐུན་པ་མི་སྲིད་པའི་ཕྱིར་རོ། །[55]ཞེས་དང་། འོ་ན་གང་ཞེ་ན། ལྟ་བ་མཐུན་པའི་ཕྱི་མ་ལྟར་ཡིན་ཏེ། ཞེས་གསུངས་པ་ལ། དེའི་ཐད་ཀྱི་མཆན་བུ་ལས། ལུགས་ཕྱི་མ་ལའང་གཞན་ལ་བརྗོད་པའི་སྐྱོན་འཇུག་སྟེ། བསླབ་པའི་བར་དུ་གཅོད་པའི་གཞི་དཔག་ཏུ་མེད་པས་དེ་རྣམས་ལ་གང་ཟག་གི་རྟོག་པ་ཐ་དད་པ་རྣམས་འདོད་པ་མཐུན་པ་མི་སྲིད་པའི་ཕྱིར་རོ། །གསུམ་ཁས་བླངས་སོ། །[56]ཞེས་པའི་ཚིག་འདི་ཡིན་ཞིང་། གལ་ཏེ་མཆན་བུ་འདི་ཉིད་འདེབས་པ་པོ་ཀུན་མཁྱེན་མཚོ་སྣ་བ་ཡིན་ན། མཁས་པ་ཆེན་པོ་དེ་འདྲ་ཞིག་གིས་གཞན་གྱི་ལུགས་བཀག་ནས་རང་ལུགས་བཞག་པའི་རྗེས་སུ་ཡང་རང་གི་ལུགས་ལའང་སྔར་གཞན་ལ་བརྗོད་པའི་སྐྱོན་དེ་འཇུག་ངེས་སྨྲ་མི་སྲིད་ལ། དེ་ལྟར་ན་དོན་ངོ་མར་མཆན་བུ་འདི་ཉིད་འདེབས་པ་པོ་ཀུན་མཁྱེན་མཚོ་སྣ་བ་ཡིན་ནམ་སྙམ་དུ་དོགས་པ་བྱུང་བ་ཡིན་ནོ། །

གཉིས་པ་ནི་མཚོ་ཊཱིཀ་སྨད་ཆ་ལས།  དེ་ཡང་གཏམ་གྱི་གཞི་ལས། དགེ་སློང་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་བཞི་པོ་བྱུང་བའམ་དགེ་སློང་མ་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་ལྔ་པོ་བྱུང་བ་དེ་མཚན་གྱུར་ན་ལྟུང་བ་དེ་དག་ལས་བྱུང་བར་བརྗོད་པར་བྱའོ་ཞེས་གསུངས་སོ། །ཞེས་པའི་ཐད་ཀྱི་མཆན་བུ་ལས། སྡེ་ལྔ་ཞེས་མ་གསུངས་པ་ནི་དགེ་སློང་གི་ཉེས་བྱས་ཀྱི་སྡེ་ལ་ཐུན་མོང་མིན་པ་མེད་པའི་ཕྱིར་རོ། །[57]ཞེས་དགེ་སློང་ཕའི་ཉེས་བྱས་ཀྱི་སྡེ་ལ་ཐུན་མོང་མ་ཡིན་པ་མེད་པར་གསུངས་མོད། མཚོ་ཊཱིཀ་བར་ཆ་ལས། ཁྱིམ་དུ་མ་བསྒོ་བར་སྟན་ལ་འདུག་པ་དང་། རྩྭ་སྔོན་མི་གཙང་འདོར་བ་གཉིས་ནི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་བས་དེ་གཉིས་འདིར་མི་བགྲང་ངོ་། །[58]ཞེས་རྩ་སྔོན་མི་གཙང་འདོར་བའི་ཉེས་བྱས་དེ་དགེ་སློང་མ་ལ་ལྟུང་བྱེད་དུ་གསུངས་པས། དེ་དགེ་སློང་ཕའི་ཐུན་མིན་གྱི་ཉེས་བྱས་ལས་འོས་མེད་པས། དེ་ལྟར་ན་ཀུན་མཁྱེན་མཚོ་སྣ་བ་ལྟ་བུའི་མཁས་པ་ཆེན་པོ་ཞིག་ལ། མཆན་བུ་ལས་དགེ་སློང་ཕ་ལ་ཐུན་མིན་གྱི་ཉེས་བྱས་མེད་པར་གསུངས་པ་དང་། མཚོ་ཊཱིཀ་ལས་ཡོད་པར་གསུངས་པའི་འགལ་བ་རགས་པ་འདི་འདྲ་འབྱུང་མི་སྲིད་པས། མཆན་བུ་འདི་འདེབས་པ་པོ་མཚོ་སྣ་བ་ཡིན་ནམ་སྙམ་དུ་དོགས་པ་བྱུང་བ་ཡིན་ནོ། །

དེ་ལ་རེ་ཞིག་ཁོ་བོས་འདི་ལྟར་སེམས་ཏེ། ལུང་སྔ་མའི་དོན་ནི། དགེ་ལྡན་པའི་གྲྭ་སར་ཞལ་རྒྱུན་དུ་གྲགས་པ་ཞིག་ལ། མཆིམས་མཛོད་དང་མཚོ་ཊཱིཀ་གི་མཆན་བུ་ཕལ་ཆེར་ཁོང་རྣམ་པ་གཉིས་ཀྱིས་བཏབ་པ་ཡིན་ན་ཡང་། དེའི་ནང་དུ་ཐད་ཀར་དུ་མཆིམས་མཛོད་དང་འགལ་བར་སོང་བ་དང་། མཚོ་ཊཱིཀ་དང་འགལ་བར་སོང་བའི་མཆན་བུ་རེ་ཟུང་ཡོད་པ་དག་ནི་མཆིམས་འཇམ་དཔལ་དབྱངས་དང་མཚོ་སྣ་བ་གཉིས་ཀྱིས་བཏབ་པ་མིན་པར་ཕྱིས་སུ་གཞན་གྱིས་མཆན་བཏབ་པ་ཡིན་ཞེས་གསུང་སྲོལ་འདུག་པ་ལྟར། འདི་ཡང་དེ་འདྲ་ཞིག་ཡིན་ཤས་ཆེའམ་སྙམ་ལ། གཞན་དུ་ན་འདི་ལ་ཐད་ཀར་འགལ་སྤོང་བྱེད་དགོས་ན་ཅུང་ཙམ་དཀའ་བར་མཐོང་བས་རེ་ཞིག་བཞག་གོ །

ལུང་ཕྱི་མའི་དོན་ནི་རྩ་སྔོན་མི་གཙང་བ་འདོར་བ་དེ་དགེ་སློང་ཕ་ལ་སྡེ་ལྔའི་ནང་ཚན་དུ་གྱུར་བའི་ཐུན་མོང་མ་ཡིན་པའི་ཉེས་བྱས་མིན་ཞེས་པའི་དོན་མིན་པར། སྤྱིར་ཉེས་བྱས་ཐུན་མོང་མ་ཡིན་པ་མིན་པའི་དོན་དུ་འགྲེལ་དགོས་པར་སེམས་ཏེ། ཉེས་བྱས་ཙམ་གྱི་ངོས་ནས་བསམས་ན། རྩ་སྔོན་མི་གཙང་བ་འདོར་བ་དེ་དགེ་སློང་མ་ལ་ཡང་ཉེས་བྱས་ཡིན་པའི་ཕྱིར་རོ། ། འོན་ཀྱང་སྡེ་ལྔའི་ནང་ཚན་དུ་གྱུར་བའི་ཉེས་བྱས་མིན་པའི་ཞིབ་ཆ་ཕྱེ་དགོས་སོ། །

ཁོ་བོས་ཡུན་རིང་ལ་ཞིབ་མོའི་ལུགས་ཀྱིས་དཔྱད་པ་བཏང་མཐར། འདི་གཉིས་ལས་གཞན་མཆན་བུ་འདེབས་པ་པོ་ཀུན་མཁྱེན་མཚོ་སྣ་བ་ཡིན་མིན་ལ་དོགས་པ་ཟ་དགོས་པའི་གཞི་གཅིག་ཀྱང་མི་འདུག་ལ། ཚིག་གི་དངོས་བསྟན་ལ་ཕྲན་བུ་རེ་འདུག་བསམ་པ་དག་ནི་གཞུང་གི་གཏིང་ལ་ཞུགས་ཚེ་དོགས་པ་གཞི་མེད་དུ་འགྲོ་བཞིན་འདུག་པས། དེ་དག་གི་རིགས་ནི་འདིར་སྨོས་མེད་དོ། །

དཔྱད་འབྲས་དང་འབྲེལ་བའི་མཇུག་སྡོམ།

དེ་ལྟར་ཚན་པ་དགུའི་ལམ་ནས་འགྲེལ་ཆེན་གསུམ་དང་མཚོ་མཆན་གྱི་མཛད་པ་པོའི་སྐོར་ནས་དཔྱད་པ་རགས་ཙམ་བྱས་ཟིན་པ་ཡིན་ལ། འདིར་མ་བཀོད་པའི་དཔྱད་གཞིའི་རྒྱུ་ཆ་གཞན་ཡང་ཁ་ཤས་ཡོད་ཅིང་། དེ་ལས་གཞན་པའི་དཔྱད་གཞིའི་རྒྱུ་ཆ་རེ་འཚོལ་ན་ཡང་རྙེད་དུ་ཡོད་སྲིད་མོད། རེ་ཞིག་འདིར་སྤྲོས་པས་འཇིགས་ནས་མ་བྲིས་པ་ཡིན་ལ། རྗེས་མར་དུས་ཚོད་ཀྱི་གོ་སྐབས་བྱུང་ཚེ་འདིའི་ལྷན་ཐབས་སུ་བྱས་ནས་བྲི་རྒྱུ་ཡིན་ནོ། །

ལས་ཕྲན་ཙམ་པ་འདིས་ཀྱང་འདུལ་བའི་བསྟན་པ་བསྐལ་བའི་མཐར་ཡང་བསྲིང་གྱུར་ཅིག །

དཔྱད་གཞིའི་ཡིག་ཆ།

[1] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྨད་ཆ། ཤོག་ངོས།  431

[2] འདུལ་བ་མདོའི་རྣམ་པར་འབྱེད་པ་འདུལ་བ་རྒྱ་མཚོའི་སྙིང་པོ་རབ་ཏུ་གསལ་བ། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 558

[3] འདུལ་བ་མདོའི་དཀའ་བའི་གནས་རྣམ་པར་བཤད་པ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས།  4

[4] བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015 ལོར་དཔར་དུ་བསྐྲུན།  ཤོག་ངོས།335

[5] འདུལ་བ་སྤྱིའི་རྣམ་པར་བཞག་པ་འདུལ་བ་རིན་པོ་ཆེའི་མཛེས་རྒྱན། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 426

[6] འདུལ་བའི་སྤྱི་དོན་རིན་པོ་ཆེ་ནོར་བུའི་འཕྲེང་བ། གྲུབ་པའི་དབང་ཕྱུག་ལེགས་པ་དོན་གྲུབ་ཀྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2005 ལོར་དཔར་དུ་བསྐྲུན། ཤོག་ངོས། 11

[7] འདུལ་བའི་སྡེ་སྣོད་མཐའ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བར་བྱེད་པའི་ལེགས་བཤད་སྐལ་བཟང་ནོར་བུའི་ཕྲེང་བ། པཎ་ཆེན་བདེ་ལེགས་ཉི་མས་མཛད། སེར་བྱེས་མཁས་སྙན་གྲྭ་ཚང་གིས་བསྒྲིགས། 2007ལོར་དཔར་དུ་བསྐྲུན། ཤོག་ངོས། 21

[8] འདུལ་བའི་སྡོམ་ཚིག་གནད་བསྡུས་སྙིང་པོ་ཚིག་དོན་བརྗེད་བྱང་། སེར་བྱེས་ཧར་གདོང་བྱམས་པ་སྐལ་བཟང་ངམ་མགོན་དཀར་སྐྱབས་ཀྱིས་མཛད། སེར་སྨད་དཔེ་མཛོད་ཁང་། 2017 ལོར་དཔར་དུ་བསྐྲུན། ཤོག་ངོས། 91

[9] དམ་ཆོས་འདུལ་བའི་གཞུང་ལུགས་ཀུན་གྱི་སྙིང་པོ་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ། ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་མཛད། སེར་སྨད་དཔེ་མཛོད་ཁང་། 2017 ལོར་དཔར་དུ་བསྐྲུན། ཤོག་ངོས། 11

[10] འདུལ་བའི་མཐའ་དཔྱོད། ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། 2015 ལོར་དཔར་དུ་བསྐྲུན། ཤོག་ངོས། 8

[11] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྨད་ཆ། ཤོག་ངོས། 431

[12] འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ་ཚིག་དོན་རབ་ཏུ་གསལ་བའི་ཉི་འོད། རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 458

[13] རྒྱུད་སྡེ་སྤྱི་རྣམ། མཁས་གྲུབ་རྗེས་མཛད། དགའ་ཤར་དཔེ་མཛོད་ཁང་། 2022 ལོར་དཔར་དུ་བསྐྲུན། ཤོག་ངོས། 495

[14] འདུལ་བ་ལུང་རིགས་གཏེར་མཛོད། འཇམ་དབྱངས་ཀུན་དགའ་ཆོས་བཟང་གིས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། དཔར་ལོ་མི་གསལ། ཤོག་ངོས།  53

[15] འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་ཉི་མའི་དཀྱིལ་འཁོར། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད། སྡེ་དགེ་དཔར་མ། ལྡེབ་གཟུགས། ཤོག་ངོས། 9

[16] བསྟན་འགྱུར་དཀར་ཆག  ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད། སྡེ་དགེ་དཔར་མ། ཤོག་ངོས། 390

[17] འདུལ་བ་མདོའི་དཀའ་བའི་གནས་རྣམ་པར་བཤད་པ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 4

[18] འདུལ་མདོ་རྩ་བའི་སྤྱི་དོན་ལེགས་བཤད་འོད་ཀྱི་སྣང་བ། དབང་ཕྱུག་ཐུགས་རྗེ་དཔལ་བཟང་གིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 6

[19] འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཆོས་བཤེས་ཀྱིས་མཛད། དཔེ་སྐྲུན་ཁང་དང་དཔར་ལོ་མི་གསལ། ཤོག་ངོས། 344

[20] བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015 ལོར་དཔར་དུ་བསྐྲུན། ཤོག་ངོས། 250

[21] འདུལ་བ་མདོའི་འགྲེལ་བ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད། ཤེས་རབ་དཔེ་དེབ་རྩོམ་སྒྲིག་ཁང་གིས་བསྒྲིགས། དཔར་ལོ་མི་གསལ། ཤོག་ངོས། 335

[22] འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཆོས་བཤེས་ཀྱིས་མཛད། དཔེ་སྐྲུན་ཁང་དང་དཔར་ལོ་མི་གསལ། ཤོག་ངོས། 610

[23] འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཆོས་བཤེས་ཀྱིས་མཛད། དཔེ་སྐྲུན་ཁང་དང་དཔར་ལོ་མི་གསལ། ཤོག་ངོས། 610-262

[24] འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་ཉི་མའི་དཀྱིལ་འཁོར། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད། སྡེ་དགེ་དཔར་མ། ལྡེབ་གཟུགས། ཤོག་ངོས། 352

[25] འཆི་བ་མེད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་འདོད་འཇོའི་བ་མོ། སློབ་དཔོན་རབ་འབྱོར་ཟླ་བས་མཛད། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར། སྡེ་དགེ་དཔར་མ། ཤོག་ངོས། 318

[26] འདུལ་བ་མདོའི་འགྲེལ་བ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པར་གྲགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 242

[27] འདུལ་བ་མདོའི་འགྲེལ་བ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པར་གྲགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 317

[28] འདུལ་བ་མདོའི་འགྲེལ་བ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པར་གྲགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 298

[29] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། བར་ཆ། ཤོག་ངོས། 246

[30] འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་ཉི་མའི་དཀྱིལ་འཁོར། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད། སྡེ་དགེ་དཔར་མ། ལྡེབ་གཟུགས། ཤོག་ངོས། 70

[31] འདུལ་བ་སྤྱིའི་རྣམ་པར་བཞག་པ་འདུལ་བ་རིན་པོ་ཆེའི་མཛེས་རྒྱན། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 427

[32] འདུལ་བ་མདོའི་འགྲེལ་བ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པར་གྲགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས།222

[33] འདུལ་བ་མདོའི་འགྲེལ་བ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པར་གྲགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 105

[34] འདུལ་བ་མདོའི་ཚིག་དོན་གསལ་བར་བྱེད་པ་མདོའི་ཉི་མ། དམར་སྟོན་དཔལ་ལྡན་རིན་ཆེན་གྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 250

[35] འདུལ་བ་ལུང་རིགས་གཏེར་མཛོད། འཇམ་དབྱངས་ཀུན་དགའ་ཆོས་བཟང་གིས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། དཔར་ལོ་མི་གསལ། ཤོག་ངོས། 252

[36] འདུལ་བའི་སྤྱི་དོན་རིན་པོ་ཆེ་ནོར་བུའི་འཕྲེང་བ། གྲུབ་པའི་དབང་ཕྱུག་ལེགས་པ་དོན་གྲུབ་ཀྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2005 ལོར་དཔར་དུ་བསྐྲུན། ཤོག་ངོས། 11

[37] ཆོས་འདུལ་བ་རྒྱ་མཚོའི་སྙིང་པོ། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 372

[38] འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་ཉི་མའི་དཀྱིལ་འཁོར། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད། སྡེ་དགེ་དཔར་མ། ལྡེབ་གཟུགས། ཤོག་ངོས། 131

[39] འདུལ་བ་མདོའི་འགྲེལ་བ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པར་གྲགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 745

[40] རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར། ཡོངས་འཛིན་ཕུར་ལྕོག་བྱམས་པས་མཛད། ཀུན་གསལ་མེ་ལོང་།  ཤོག་ངོས། [90

[41] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྟོད་ཆ། ཤོག་ངོས། 423

[42] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྟོད་ཆ། ཤོག་ངོས། 478

[43] འདུལ་བ་མདོ་རྩ་བའི་མཆན་འགྲེལ་མཐོང་བ་དོན་འགྲུབ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས།132

[44] འདུལ་བ་མདོ་རྩ་བའི་མཆན་འགྲེལ་མཐོང་བ་དོན་འགྲུབ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 48

[45] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྟོད་ཆ། ཤོག་ངོས།545

[46] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། བར་ཆ། ཤོག་ངོས། 14

[47] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། བར་ཆ། ཤོག་ངོས། 29

[48] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། བར་ཆ། ཤོག་ངོས། 315

[49] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྨད་ཆ། ཤོག་ངོས། 399

[50] འདུལ་བ་མདོ་རྩ་བའི་མཆན་འགྲེལ་མཐོང་བ་དོན་འགྲུབ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས།3

[51] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྨད་ཆ། ཤོག་ངོས།11

[52] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྨད་ཆ། ཤོག་ངོས།82

[53] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྨད་ཆ། ཤོག་ངོས། 103

[54] འདུལ་བ་མདོ་རྩ་བའི་མཆན་འགྲེལ་མཐོང་བ་དོན་འགྲུབ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། ཤོག་ངོས། 45

[55] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྨད་ཆ། ཤོག་ངོས།109

[56] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྨད་ཆ། ཤོག་ངོས།110

[57] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། སྨད་ཆ། ཤོག་ངོས།58

[58] མཚོ་ཊཱིཀ་ཉི་མའི་འོད་ཟེར། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018 ལོར་དཔར་དུ་བསྐྲུན། བར་ཆ། ཤོག་ངོས། 487

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།