ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་མདོ་སྔགས་དབུ་མའི་ལྟ་དགོངས་དང་རང་སྟོང་གཞན་སྟོང་གི་དབུ་མའི་ལྟ་དགོངས་གསལ་བའི་ཆེད་དུ། རྗེ་ཉིད་ཀྱི་ཐུགས་སྲས་དཔའ་བོ་གཙུག་ལག་ཕྲེང་བའི་མདོ་སྔགས་དབུ་མའི་ལྟ་དགོངས་དང་རང་སྟོང་གཞན་སྟོང་ལྟ་དགོངས་ཅི་འདྲ་ཞིག་ཡིན་པའི་སྐོར་གསལ་པོར་བཤད་ཡོད། དེ་ལ་མདོ་ཕྱོགས་ཀྱི་དབུ་མ་པ་ལ་ཐལ་རང་ལས་ལྷག་པ་མེད་ཚུལ་དང་། དེ་གཉིས་ལས་ཟབ་པའི་ཟབ་མོ་རྡོ་རྗེ་ཐེག་པའི་དབུ་མའི་ལྟ་དགོངས་བཞེད་པའི་ཁུངས་དང་། མདོ་སྔགས་ཕྱོགས་རེ་བའི་དབུ་མའི་ལྟ་དགོངས་དེ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་ཕྱོགས་རེ་བ་ཙམ་ཡིན་པས་ཕྱག་རྒྱ་ཆེན་པོའི་གོལ་སར་བཞེད་ཚུལ་རྣམས་བཤད་ནས་རང་རེའི་ལུགས་འདིར་དབུ་མའི་ལྟ་དགོངས་འཆད་པ་ལ་རིམ་གསུམ་གྱི་སྒོ་ནས་ངེས་པར་བྱ་དགོས་པའི་ཚུལ་གསལ་བར་བྱས་ཡོད་ལ། དེ་ཡང་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་གྲུབ་ཆེན་ཀརྨ་པཀྴི་དང་མཉམ་མེད་དྭགས་པོ་ལྷ་རྗེ་བཅས་ཀྱི་གཞུང་ཁུངས་དང་སྦྱར་ནས་བཤད་ཡོད་དོ། །
གནད་ཚིག །རབ་ཏུ་མི་གནས་པའི་དབུ་མ། རྡོ་རྗེ་ཐེག་པའི་དབུ་མ། རང་སྟོང་། གཞན་སྟོང་། གོལ་ས། ཕྱག་རྒྱ་ཆེན་པོ།
གཅིག །མཚན་ཉིད་ཐེག་པའི་དབུ་མ་ལ་ཐལ་རང་གི་དབུ་མ་ལས་ལྷག་པ་མི་བཞེད་པའི་ཚུལ།
དེ་ལས་སྤྱིར་ནང་པའི་ལྟ་གྲུབ་ཀུན་ལས་དབུ་མའི་ལྟ་གྲུབ་འདི་ཟབ་ཤོས་སུ་འཆད་པ་ཡིན་ཏེ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་སྔ་ནས། བྱེ་བྲག་སྨྲ་དང་མདོ་སྡེ་དང་། །རྣལ་འབྱོར་སྤྱོད་པའི་གཞུང་རྣམས་སུ། །ཅུང་ཟད་བདེན་དང་མི་བདེན་ཀྱང་། །ཐམས་ཅད་བདེན་པ་དབུ་མའི་ལུགས། །[1]ཞེས་འབྱུང་བ་ལྟར་རོ། །དེ་ལྟ་ནའང་རྟག་ཆད་གཉིས་ཀྱི་མཐའ་དང་བྲལ་བའི་དབུ་མ་ཞེས་པའི་ཚིག་དོན་ལ་འཆད་ཚུལ་མི་གཅིག་པས་ནང་པའི་གྲུབ་མཐའ་སྨྲ་བ་ཕན་ཚུན་གྱིས་སོ་སོའི་ལྟ་གྲུབ་དེ་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའི་ལྟ་གྲུབ་ཏུ་འཆད་དོ། །དེ་ལྟ་ནའང་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལམ་སྲོལ་ལས་གཞན་ཡོད་པ་མ་ཡིན་པའི་ཚུལ་སྔོན་གྱི་དབུ་མ་སྨྲ་བ་རྣམས་གཅིག་མཐུན་དུ་སྨྲ་བར་བྱེད་དེ། དེས་ན་ཀླུ་སྒྲུབ་མཆོག་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་བཤད་པ་སྟེ། ཆོས་བྱུང་མཁས་པའི་དགའ་སྟོན་ལས། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་བྱ་ཞིང་། [2]ཞེས་གསུངས། བཤད་སྲོལ་འདི་ཡང་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་གྲུབ་ཆེན་ཀརྨ་པཀྴིའི་བཤད་རྒྱུན་ཡིན་ཏེ། ཀུན་མཁྱེན་མི་བསྐྱོད་པའི་དབུ་མ་དྭགས་བརྒྱུད་གྲུབ་ཤིང་ལས། འོ་ན་དབུ་མའི་ལུགས་ཞེས་གྲགས་པ་དེ་གང་གིས་ཕྱེ་སྙམ་ན། ལུགས་དེ་འབྱེད་པར་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་ལེགས་པར་ཕྱེས་ནས། དེའི་སློབ་མ་འཕགས་པ་ལྷ་དང་། དཔའ་བོ་དང་། ཞི་བ་ལྷ་སོགས་སྔར་བྱོན་པ་ཐམས་ཅད་ཀྱིས་དབུ་མར་སྨྲ་བ་ལ་དབུ་མར་སྨྲ་བ་སུས་ཀྱང་མི་རྒོལ་བས་གཞུང་ཕྱི་མོའི་དབུ་མར་གྲགས་ལ། [3]ཞེས་དང་། གྲུབ་ཆེན་ཀརྨ་པཀྴིའི་ཞུས་ལན་རྒྱ་མཚོ་མཐའ་ཡས་ལས། དབུ་མ་ལ་གསུམ་སྟེ། མདོ་སྡེ་སྤྱོད་པའི་དབུ་མ། རྣལ་འབྱོར་སྤྱོད་པའི་དབུ་མ། གཞུང་ཕྱི་མའོ། །མདོ་སྡེ་སྤྱོད་པ་བ་ནི། ཀུན་རྫོབ་ཉན་ཐོས་ནས་མདོ་སྡེ་པ་ཡིས་དོན་དམ་པ་ལྟར་ལ་དོན་དམ་སྤྲོས་བྲལ་རྣལ་འབྱོར་སྤྱོད་པ་ནི་ཀུན་རྫོབ་སེམས་ཙམ་ལྟར་ལ་དོན་དམ་སྤྲོས་བྲལ། གཞུང་ཕྱི་མ་ནི་ཀུན་རྫོབ་རྒྱུ་མ་ལྟ་བུ་ལ་དོན་དམ་སྤྲོས་བྲལ་དུ་འདོད་པའོ། །[4]ཞེས་གསུངས། འོན་ཀྱང་དཔྱད་དགོས་པ་ཞིག་ཀརྨ་པཀྴིའི་གཞུང་དེར་གསལ་བ་ལྟར་ན་གཞུང་ཕྱི་མོའི་དབུ་མ་པ་ནི་དབུ་མ་ཐལ་འགྱུར་བ་ལ་གོ་དགོས་པ་ལྟར་སྣང་སྟེ། རང་རྒྱུད་པ་གཉིས་ལས་ཟུར་དུ་འདོད་པ་བརྗོད་པ་ན་ཐལ་འགྱུར་བའི་འདོད་པ་བརྗོད་འདུག་པའི་ཕྱིར། དེས་ན་འདི་ཡི་ཁུངས་ལའང་དཔྱད་དགོས་ཏེ། འདི་ཡི་ཁུངས་རྒྱ་གཞུང་གཞན་ན་མི་སྣང་ཞིང་ཇོ་བོས་མཛད་པའི་དབུ་མ་ཟ་མ་ཏོག་ཅེས་པའི་ནང་ན་ཡོད་མོད། དེར་ཐལ་འགྱུར་བ་རྣམས་ལ་ཕྱི་མོ་ཞེས་བཤད་འདུག་གོ། །དེ་ཡང་ཇོ་བོ་རྗེས་མཛད་པའི་དབུ་མ་རིན་པོ་ཆེ་ཟ་མ་ཏོག་ཁ་ཕྱེ་བ་ལས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་བ་དང་། སློབ་དཔོན་མ་ཏི་ཙི་ཏྲ་དང་། སློབ་དཔོན་ཀཾ་པ་ལ་དང་། སློབ་དཔོན་ཟླ་བ་གྲགས་པ་དང་། སློབ་དཔོན་ལྔ་པོ་མཛད་པའི་དབུ་མའི་གཞུང་དེ་དག་ནི་དབུ་མའི་གཞུང་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། །དབུ་མའི་གཞུང་ཐམས་ཅད་ཀྱི་རྩ་བ་ཡིན་པས་འགྲན་ཟླ་མེད་པ་ཡིན་ནོ། །[5]ཞེས་གསུངས།
དབུ་མ་ཞེས་པ་ལ་མཐའ་ལ་མི་གནས་པའི་དབུས་ན་གནས་པས་ན་དབུ་མ་ཞེས་བཤད་མཁན་གངས་ཅན་འདིར་ཤིན་ཏུ་མང་ལ། འོ་ན་མདོ་ཏིང་འཛིན་རྒྱལ་པོ་སོགས་ལས་དབུས་ལའང་གནས་པར་ཡོངས་མི་བྱེད་ཅེས་གསུངས་པའི་དགོངས་པ་ནི་དབུས་ཞེས་པའི་བདེན་གྲུབ་ཅིག་ལ་མི་གནས་པའི་དོན་ཡིན་ཞེས་འགྲེལ་བར་བྱེད་དོ། །དེ་ལ་ཆོས་རྗེ་དཔའ་བོ་གཙུག་ལག་ཕྲེང་བས་དགག་པ་ནན་ཏན་དུ་མཛད་ཡོད་དེ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གསང་བའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཟབ་མོ་རྣམ་འབྱེད་ལས། མཁས་པ་ཆེན་པོ་འགའ་ཞིག་ཡོད་མེད་ཀྱི་དབུས་ཁས་ལེན་དགོས་ཤིང་། དེ་ལ་གནས་པར་བྱ་སྟེ། དེ་ནི་གཞན་སྟོང་ཆེན་པོའོ་གསུངས་ཀྱང་། མདོ་རྒྱུད་དག་ལས་ནི། མཁས་པས་དབུས་ལ་ཡང་ནི་གནས་མི་བྱེད། །ཅེས་སོགས་གསུངས་པ་ཁོ་ན་མཐོང་ངོ་། །འགའ་ཞིག་གང་ལའང་གནས་པར་མི་བྱའོ་སྙམ་དུ་འཛིན་ན་ནི་ཁྱད་པར་ཅི་ཡོད་དེ་དངོས་འཛིན་དུ་མཉམ་པའི་ཕྱིར་རོ། །[6]ཞེས་གསུངས་པ་ལྟར་རོ། །སྟོང་པའི་མཐའ་དང་མི་སྟོང་པའི་མཐའ་གཉིས་དང་བྲལ་བའི་ཆོས་ཉིད་བདེན་གྲུབ་ཀྱི་དབུས་ན་གནས་པ་ཡིན་ཞེས་པའི་གནས་སའི་ཆོས་ཉིད་བདེན་གྲུབ་དང་དེ་ལ་རྩེ་གཅིག་ཏུ་གནས་པའི་ཡེ་ཤེས་ཡོད་པར་འདོད་པ་ནི་ཇི་སྐད་དྲངས་པའི་མདོ་ལུང་དེ་དག་གིས་ལེགས་པར་བཀག་པས་ཆོས་ཉིད་བདེན་གྲུབ་ཏུ་སྨྲ་བའི་གཞན་སྟོང་སྨྲ་བ་ཡིན་ཟེར་བ་ཀུན་དབུ་མའི་ཆོས་ཚུལ་མ་ཡིན་ཞེས་རྗེ་འདི་པས་བཞེད་པར་འདུག་གོ། །དེ་ཡང་གྲུབ་ཆེན་ཀརྨ་པཀྴིའི་གཞུང་དང་ཆོས་རྗེ་མི་བསྐྱོད་རྡོ་རྗེའི་གཞུང་ཁུངས་ཐུབ་རྣམས་ལས་དབུ་མ་ཐལ་འགྱུར་བ་ལས་ལྷག་པའི་མཚན་ཉིད་ཐེག་པའི་དབུ་མའི་ལྟ་གྲུབ་མ་གསུངས་པ་མ་ཟད་མེད་པར་གསུངས་ཤིང་། དེ་དང་མཐུན་པར་ཆོས་ཀྱི་དཔའ་བོ་གཙུག་ལག་ཕྲེང་བ་མཆོག་གིས་ཀྱང་མཚན་ཉིད་ཐེག་པའི་དབུ་མ་པ་ལ་ཐལ་རང་གཉིས་སུ་དབྱེ་བར་མཛད་ཅིང་གཞན་སྟོང་དབུ་མའི་ཚུལ་ལ་དགག་པ་ལན་དུ་མར་མཛད་པ་འདི་ཀརྨ་བཀའ་བརྒྱུད་ཀྱི་གཞུང་ལུགས་དྲི་མ་མེད་པ་རང་ལུགས་སྙིང་པོར་མཛད་པ་དག་གིས་ཅིས་ཀྱང་མཁྱེན་དགོས་ངེས་སུ་མཐོང་།
དེ་ཡང་གངས་རིའི་ལྗོངས་སུ་ཇོ་ཟི་མཁས་པ་རྣམས་ཀྱིས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་ལྟ་དགོངས་ལ་གཞན་སྟོང་དབུ་མའི་ལྟ་དགོངས་དང་ཟབ་མོ་ལྟ་བརྒྱུད་ཀྱི་ལྟ་དགོངས་ལ་རང་སྟོང་དབུ་མའི་ལྟ་དགོངས་ཞེས་འཆད་པར་སྣང་ལ། ཀརྨ་བཀའ་བརྒྱུད་ཀྱི་རྗེས་འཇུག་གི་ཁྲོད་དུའང་དེ་ཉིད་རང་ལུགས་འཛིན་མཁན་ཤིན་ཏུ་མང་ཞིང་ཁྱད་པར་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་ལྟ་དགོངས་དེ་ལྟར་ཡིན་པར་འདོད་མཁན་ཤིན་ཏུ་མང་མོད། དེའི་སྐོར་བདག་གིས་བྲིས་པའི་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་ལྟ་དགོངས་རྒྱས་པར་བཤད་པ་ཞེས་པའི་ནང་དུ་རྒྱས་ཙམ་གླེང་ཟིན་མོད། འདིར་སླར་ཡང་ཆོས་རྗེ་དེའི་ཐུགས་སྲས་དཔའ་བོ་གཙུག་ལག་ཕྲེང་བའི་དགོངས་པ་དང་བསྡུར་ནས་དཔྱད་དགོས་གལ་ཆེ་བར་སྣང་ངོ་། །ཆོས་ཀྱི་རྗེ་དཔའ་བོ་གཙུག་ལག་ཕྲེང་བས་ཚུལ་དེ་རང་ལུགས་ཀྱི་དགོངས་པ་མིན་པ་དང་ཁྱད་པར་ཀུན་མཁྱེན་བླ་མའི་དགོངས་པ་མིན་པར་བཞེད་པ་ཡིན་ཏེ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་རྒྱ་མཚོ་ལས། བོད་ཡུལ་འདི་ན་ཟབ་མོ་ལྟ་རྒྱུད་ཀྱི་དགོངས་པ་རིགས་པས་དཔྱད་པའི་ལྷག་མར་ཅི་ཡང་མེད་པའི་མེད་དགག་རང་སྟོང་དང་། རྒྱ་ཆེན་སྤྱོད་རྒྱུད་ཀྱི་དགོངས་པ་དོན་དམ་གཞན་སྟོང་ལྷག་མར་རྟག་བརྟན་དུ་ལུས་པའི་ཡོད་པ་ལ་འཆད་ཅིང་སོ་སོར་ཡང་དག་པའི་དོན་དུ་ཞེན་ནས་གཅིག་ཤོས་རྟག་ཆད་གང་རུང་གི་ལྟ་བར་འཕུལ་མོད་ཀྱི་ཡོད་མེད་གཉིས་ཀ་ཟབ་མོ་ལྟ་རྒྱུད་ཀྱི་དོན་དམ་ཡང་མ་ཡིན་ལ་རྒྱ་ཆེན་སྤྱོད་རྒྱུད་ཀྱི་དོན་དམ་ཡང་མ་ཡིན་ཏེ། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་བཞེད་ཅིང་། རྒྱ་ཆེན་སྤྱོད་རྒྱུད་དུ་ཡང་ཡོད་མེད་ནི་ཀུན་བཏགས་ཏེ་ནམ་མཁའི་མེ་ཏོག་ལྟར་གཏན་མེད་དུ་བཞེད་པའི་ཕྱིར། ཤིང་རྟའི་སྲོལ་འདི་གཉིས་ཀྱང་དགོངས་པ་གཅིག་སྟེ་སྔར་བཤད་པའི་བདེན་གཉིས་དེ་ཉིད་ཀྱི་ཀུན་རྫོབ་ལ་གཉིས་སུ་ཕྱེ་སྟེ་མིང་སོགས་སྒྲོ་བཏགས་ཁོ་ནར་ཟད་པ་ལ་ཀུན་བཏགས་དང་རྟེན་འབྲེལ་ཚོགས་པའི་རྫུན་སྣང་མེད་བཞིན་སྣང་བ་ལ་གཞན་དབང་དུ་བཏགས་ལ་དོན་དམ་བདེན་པ་ལ་ཡོངས་གྲུབ་ཏུ་གསུངས་པ་ཁོ་ནའི་ཕྱིར་དང་། དོན་དམ་སྤྲོས་པ་ཉེར་ཞིར་བསྟན་པར་གཉི་ག་མཚུངས་པའི་ཕྱིར་ཏེ། ནམ་མཁའ་ལ་སྐྲ་ཤད་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ལ་སྣང་དུས་དེ་ཉིད་ན་ཡང་མི་བདེན་པའི་དཔེས་ཀུན་རྫོབ་སྒྱུ་མ་ལྟ་བུར་གཉི་གས་བསྟན་པའི་ཕྱིར་དང་། ནམ་མཁའ་གང་དུའང་མ་གྲུབ་ལ་ཀུན་ཏུ་སོང་བ་ལྟར་དོན་དམ་པ་ཅི་ཡང་མ་ཡིན་ལ་ཆོས་ཐམས་ཅད་ལ་རྗེས་སུ་མ་སོང་བ་ཡང་མེད་པ་སྨྲ་བསམ་བརྗོད་བྲལ་གྱི་ངོ་བོ་ཉིད་དུ་གཉི་ག་མཐུན་པའི་ཕྱིར་རོ། །
དེས་ན་སྒྲོ་སྐུར་གྱི་མཐར་འཛིན་བསལ་བ་ལ་དེ་ཁོ་ན་ཉིད་རྟོགས་པའི་མིང་དུ་ཟབ་མོ་ལྟ་རྒྱུད་ལས་གསུངས་ལ། རབ་རིབ་ལོག་པས་སྐྲར་སྣང་ལོག་པ་ན་ནམ་མཁའ་ཇི་ལྟ་བ་བཞིན་མཐོང་བར་རྗོད་པ་ལྟར་ཀུན་བཏགས་ལོག་པས་གཞན་དབང་གི་མཚན་མའང་ལོག་པ་ལ་ཡོངས་གྲུབ་མཐོང་བའི་ཐ་སྙད་དུ་རྒྱ་ཆེན་སྤྱོད་པའི་གཞུང་ལས་གསུངས་པའི་ཕྱིར་འདི་གཉིས་ལ་ཁྱད་པར་ཕྲ་མོའང་མ་མཐོང་ངོ་། །[7]ཞེས་གསུངས་ལ། བཅོམ་ལྡན་འདས་དང་པོའི་སངས་རྒྱས་འགྲོ་བ་དང་མི་འགྲོ་བའི་འཇིག་རྟེན་ལ་དུས་བཞི་བགྲོད་ཚུལ་གྱི་འཁོར་ལོ་ཡིད་མཚོར་བཞད་གད་ཀྱི་འགྲེལ་ཆེན་ལས། གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་འཛམ་བུ་གླིང་འདིར་རྒྱལ་བའི་ལུང་བསྟན་དང་མཐུན་པར་སེམས་ཙམ་དང་དབུ་མའི་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱིས་བཀྲལ་བར་མཛད་པ་ལས། དབུ་སེམས་གཉིས་ཀས་ཤེར་ཕྱིན་གྱི་དོན་འགྲེལ་བ་ན་རང་གཞན་གྱི་ཆོས་གཉིས་ཀ་སྟོང་པར་འཆད་པ་ལས་སེམས་ཙམ་པས་གཞན་སྟོང་ཁོ་ནར་འཆད་པའང་མ་ཡིན་ཞིང་སེམས་ཙམ་པས་རང་གཞན་གྱི་སྟོང་ཚུལ་ལ་གཞན་དབང་རྣམ་རིག་གི་མཚན་ཉིད་རང་གི་ངོ་བོ་བདེན་གྲུབ་ལས་གཞན་པའི་ཀུན་བཏགས་ཀྱི་མཚན་ཉིད་རང་གི་ངོ་བོ་བདེན་པར་གྲུབ་པས་སྟོང་པའི་སྟོང་ཉིད་ལ་རང་དང་གཞན་གྱིས་སྟོང་པའི་སྟོང་ཉིད་དུ་བཞག་ལ། དབུ་མ་པས་ནི་ཤེས་བྱ་མཚན་ཉིད་གསུམ་ག་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་བདེན་པར་མ་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་བཞག་པ་དེ་ལ་དབུ་མ་པས་ཆོས་ཐམས་ཅད་ལ་གཞན་སྟོང་ལས་རང་མི་སྟོང་བར་སྨྲ་བ་དང་། རང་སྟོང་ལས་གཞན་མི་སྟོང་བར་སྨྲ་བའི་ལུགས་གཉིས་སྔོན་འཛམ་བུའི་གླིང་འདིར་མ་བྱུང་བ་ལ་ཁྱེད་ཅག་བྱུང་བ་སྐད་དུ་བཅོས་པས་ན་སྲིན་པོ་སྤྱང་ཀིའི་རྗེས་ལྟར་དབུ་མ་པ་ལས་གཞན་སྟོང་པ་དང་རང་སྟོང་པ་གཉིས་ཡོད་དོ་ཞེས་པ་ནི་རང་ཉིད་ཀྱི་འདོད་པ་དེ་ལ་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ལུགས་བཟང་པོས་གནོད་པར་མཐོང་ནས་རྟ་རྒན་རྒྱབ་ཆོད་ལ་སྒ་གཏད་པས་ཚ་འཕག་བྱེད་པ་ལྟ་བུ་ལས་རྣམ་གྲོལ་གྱི་དགོས་པ་ཡོད་པར་མ་མཐོང་ངོ་། །ཞེས་གསུངས་པ་ལྟར་རོ། །
མ་ཟད་རྗེ་འདིས་མཚན་ཉིད་ཐེག་པའི་དབུ་མ་པ་ལ་ཐལ་འགྱུར་དང་རང་རྒྱུད་པ་གཉིས་ལས་གཞན་སྟོང་པ་ཞེས་པ་མི་བཞེད་པར་གསལ་ཞིང་། ཚུལ་དེ་ཉིད་གྲུབ་ཆེན་ཀརྨ་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་དགོངས་པ་ཡང་ཡིན་པར་སྣང་སྟེ། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་དྲིས་ལན་དོན་མང་གསལ་བྱེད་ཅེས་བྱ་བ་ལས། དབུ་མ་ཉིད་ལའང་རང་རྒྱུད་ཀྱི་གཏན་ཚིགས་འགོད་ཅིང་སྟོང་ཉིད་སོགས་སུ་ཁས་[8]ལེན་པ་རང་རྒྱུད་པ། ཁས་ལེན་གྱི་སྤྲོས་པ་ཞི་བ་ཐལ་འགྱུར་བའོ། །[9]ཞེས་དང་། ཡང་ཆོས་བྱུང་མཁས་པའི་དགའ་སྟོན་ལས། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་བྱ་ཞིང་རྒྱུད་འཛིན་ལ་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་སོགས་ཐལ་འགྱུར་བ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དང་། ལེགས་ལྡན་འབྱེད་སོགས་རང་རྒྱུད་པ་དང་ཁྱད་པར་མདོ་སྡེ་སྤྱོད་པའི་དབུ་མ་པ་ཡེ་ཤེས་སྙིང་པོ་དཔལ་སྦས་ཞི་བ་འཚོ་པདྨའི་ངང་ཚུལ་སེང་གེ་བཟང་པོ་སོགས་རྣལ་འབྱོར་སྤྱོད་པའི་དབུ་མར་འཕགས་པ་ཡབ་སྲས་ཀྱི་དགོངས་པ་འཆད་དོ། །[10]ཞེས་གསུངས། དབྱེ་ཚུལ་དེ་ཉིད་གྲུབ་ཆེན་ཆོས་རྗེའི་དགོངས་པར་གནས་པ་ཡིན་ཏེ། གོང་དུ་དྲངས་པའི་ཞུས་ལན་རྒྱ་མཚོ་མཐའ་ཡས་ཀྱི་གཞུང་ལས་གྲུབ་པ་དང་། ཚད་མ་རྒྱ་མཚོ་མཐའ་ཡས་ལས། ད་ནི་ཐུབ་པ་ཆེན་པོའི་གསུང་གི་གསང་བ་མཆོག་ཏུ་ཟབ་པ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྨྲ་བ་དབུ་མ་པ་རྣམས་ཀྱི་ལུགས་བརྗོད་པར་བྱ་སྟེ། ཤེས་བྱ་གཞི་རྣམ་པ་ལྔ་ཡོད་ན་ཡང་བདེན་པ་རྣམ་པ་གཉིས་སུ་འདུས་པ་ལས། རང་རྒྱུད་དག་པའི་རྣམ་གཞག་དང་། ཐལ་འགྱུར་བའི་རྣམ་གཞག་གོ། །[11]ཞེས་གསུངས་པའི་ཕྱིར་དང་། དེ་ལས་གཞན་པའི་དབྱེ་ཚུལ་མ་བཤད་པའི་ཕྱིར་རོ། །ཁྱད་པར་དུ་མཚན་ཉིད་ཐེག་པའི་གནས་སྐབས་སུ་སྤྲོས་བྲལ་ལས་ལྷག་པའི་ལྟ་དགོོངས་མ་གསུངས་ཤིང་དེ་ཙམ་གྱིས་མཚན་ཉིད་སྡེ་གསུམ་གྱི་ལྟ་དགོངས་མཐར་ཕྱིན་པའི་ཚུལ་ཆོས་རྗེ་ཀརྨ་པཀྴི་དང་དྭགས་པོ་ལྷ་རྗེའི་ཞལ་སྔ་ནས་གསུངས་པའི་ཚུལ་རིམ་གྱིས་འཆད་ལ། དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་དེ་ལྟར་བཞེད་པ་ཡིན་ཏེ། གྲུབ་ཆེན་མར་པའི་ལུགས་ཀྱི་གནས་ལུགས་ཕྱག་ཆེན་གྱི་ཁྲིད་ཡིག་གནད་ཀྱི་ལྡེའུ་མིག་ལས། རང་ལྟ་མཆོག་ཏུ་འཛིན་པ་ནི་ཐེག་ཆེན་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་མཐར་ཐུག་པ་དབུ་མ་པ་དང་། ཐེག་ཆེན་གསང་སྔགས་ཀྱི་ལྟ་བ་གཉིས་སོ། །དབུ་མ་རབ་ཏུ་མི་གནས་པས་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་དོན་སྤྱིའི་རྟོགས་པ་ཙམ་གྱི་ལྟ་བ་དེ་ཡང་། [12]ཞེས་སོགས་ལས་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་མཐར་ཐུག་པ་དབུ་མ་རབ་ཏུ་མི་གནས་པ་ཐལ་འགྱུར་བ་ལ་ངོས་འཛིན་གནང་བར་ཤིན་ཏུ་གསལ་བ་དང་། ་ཉིད་ཀྱི་རང་རྣམ་ལས། མཐའ་བྲལ་དབུ་མའི་གཞུང་ལུགས་ཆེན་པོ་དང་། །རྡོ་རྗེ་ཐེག་པའི་ཟབ་ལམ་ཕྱག་རྒྱ་ཆེ། །བཀའ་བརྒྱུད་བྱིན་རླབས་ལམ་དུ་གཅིག་འདྲེས་པ། །བདེན་གཉིས་དབྱེར་མེད་གནད་གསང་ཅུང་ཟད་གོ། །[13]ཞེས་མདོ་སྔགས་ཟུང་འཇུག་ཏུ་ཤེས་བྱའི་མདོ་ཡི་མཐར་ཐུག་དེའང་མཐའ་བྲལ་དབུ་མ་ལ་བཤད་པས་མདོ་ཡི་མཐར་ཐུག་དེ་ཉིད་ཡིན་པར་གསལ།
མ་ཟད་ཆོས་བྱུང་མཁས་པའི་དགའ་སྟོན་ལས། ནཱ་ལེནྡྲར་བཞུགས་ཏེ་དེ་ན་པཎྜི་ཏ་ལྔ་བརྒྱ་པོ་ཐམས་ཅད་སེམས་ཙམ་པ་ཡིན། སློབ་དཔོན་གཅིག་པོ་དབུ་མ་ཐལ་འགྱུར་བ་ཡིན། ལན་གཅིག་ཁྱམས་སྟོད་ན་མར་བྱོན་པས་རྡོའི་ཀ་བ་ལ་དབུ་ཐུག་པས་ཁོང་རྣམས་ན་རེ། ཁྱོད་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ཟེར་བ་ཀ་བ་དང་མགོ་རང་བཞིན་མེད་པར་བྱ་མོད་ཟེར་བས་ཀ་བ་ག་རེ་གསུངས་ནས་ཕྱག་གཡུགས་པས་ཉི་ཞུར་ལ་བྱ་བ་བཞིན་དུ་སོང་། [14]ཞེས་དང་། བསྟན་བཅོས་ལོག་རྟོག་རྣམ་སྦྱོང་ལས་ཀྱང་། ནཱ་ལེནྡྲར་པཎྜི་ཏ་ལྔ་བརྒྱ་བཞུགས་པ་རྣམས་སེམས་ཙམ་པ་ཡིན་ལ། སློབ་དཔོན་ཟླ་གྲགས་གཅིག་པོ་དབུ་མ་ཐལ་འགྱུར་བ་ཡིན་པས། གཞན་ཐམས་ཅད་དྲིལ་ནས་རྩོད་པར་གྲགས་ཀྱང་། དེས་སློབ་དཔོན་ཟླ་གྲགས་ཀྱི་གྲུབ་པ་ཆོས་ལོག་ཏུ་མི་འགྱུར་བ་དང་། ཇོ་བོ་རྗེས་ངེད་རྒྱ་གར་ན་མི་བརྒྱ་ལ་གྲུབ་མཐའ་ལ་ཞུགས་པ་གཅིག །དེ་བཞིན་དུ་གྲུབ་མཐའ་ལ་ཞུགས་པ་དང་ནང་པ་དང་ཐེག་ཆེན་པ་རྣམས་སྔ་མ་བརྒྱ་ཚོའི་གསེབ་ནས་ཕྱི་མ་རེ་རེ་ལས་མི་ཡོང་ཞེས་གསུངས་པ་བཞིན་ནོ། །[15]ཞེས་གསུངས་ཤིང་། གལ་ཏེ་གཞན་སྟོང་དབུ་མའི་གྲུབ་མཐའ་རང་ལུགས་སུ་མཛད་ན་དེ་ལྟར་གསུངས་མི་སྲིད་པའི་ཕྱིར་རོ། །མ་ཟད་གཞན་སྟོང་དབུ་མར་གྲགས་པའི་ལྟ་དགོངས་དེ་ཉིད་མཚན་ཉིད་ཐེག་པའི་ལྟ་དགོངས་མཐར་ཐུག་ཁས་བླང་ཚེ་ཐལ་འགྱུར་བའི་ལྟ་དགོངས་འདི་ཉིད་མཚན་ཉིད་སྡེ་གསུམ་གྱི་དགོངས་པ་མཐར་ཕྱིན་པ་ཉིད་དུ་འདོད་མི་ནུས་ཤིང་། དེ་ལྟར་ན་གྲུབ་ཆེན་ཆོས་རྗེའི་གསུང་དང་ཆོས་རྗེ་དྭགས་པོའི་གསུང་རྣམས་ཁུངས་མེད་ལྟ་བུར་འགྱུར་ཉེན་ཆེའོ། །ཅིའི་ཕྱིར་ཞེ་ན། གྲུབ་ཆེན་ཆོས་རྗེའི་ལུང་རིགས་རྒྱ་མཚོ་མཐའ་ཡས་ལས། རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །ཞེས་གསུངས་པ་ཡང་དོན་འདི་ལ་དགོངས་པ་ཡིན། གཏན་ཚིགས་ཅིའི་ཕྱིར་ན། མཚན་ཉིད་སྡེ་གསུམ་གྱི་དགོངས་པ་མཐར་ཕྱིན་ན་ཡང་། རྡུལ་དང་བྲལ་བའི་ཏིང་ངེ་འཛིན་ཙམ་ཡིན་ཏེ། [16]ཞེས་ཐལ་འགྱུར་བའི་སྤྲོས་བྲལ་གྱི་ལྟ་དགོངས་ནི་མཚན་ཉིད་སྡེ་གསུམ་གྱི་དགོངས་པ་མཐར་ཕྱིན་པ་ཡིན་པའི་ཚུལ་གསལ་པོར་གསུངས་པ་དང་། དེ་བཞིན་བཤད་པ་ཕུན་སུམ་ཚོགས་པ་རྒྱ་མཚོ་མཐའ་ཡས་སོགས་སུ་ལན་དུ་མར་བཤད་ཀྱང་འདིར་མི་དྲང་ངོ་། །དེ་བཞིན་དྭགས་པོ་ལྷ་རྗེའི་གསུང་དུ་སྤྲོས་བྲལ་ཆོས་སྐུའི་དགོངས་པ་མཐར་ཕྱིན་ནས་འབྲས་བུ་ལྷུན་གྲུབ་ཏུ་ངོ་སྤྲོད་པའི་མདོ་སྔགས་ཟུང་འཇུག་གི་དགོངས་པ་དང་མི་མཐུན་པར་འགྱུར་བ་སོགས་མང་ཡང་བརྗོད་ཀྱིས་མི་ལངས་སོ། །
དེ་བས་གནད་དེ་དག་ལ་དགོངས་ནས་དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་ཐལ་འགྱུར་བའི་ལྟ་དགོངས་ལས་ལྷག་པའི་དབུ་མ་གཞན་སྟོང་ཞེས་པའི་ལྟ་དགོངས་མེད་པར་གསུངས་ཏེ། སྤྱོད་འཇུག་གི་འགྲེལ་པ་ལས། ཁ་ཅིག་འཁོར་ལོ་བར་པར་བཤད་པའི་དབུ་མ་ནི་རང་སྟོང་དང་འཁོར་ལོ་ཐ་མར་བཤད་པའི་དབུ་མ་ནི་གཞན་སྟོང་ངོ་ཟེར་ཡང་འཁོར་ལོ་བར་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་ཟིན་པས་འཁོར་ལོ་ཐ་མ་དེ་ཤེར་ཕྱིན་མ་ཡིན་པར་དོན་གྱིས་ཁས་བླངས་ལ་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་པོ་གང་རུང་དུ་ཡང་མི་འདུ་བའི་ཕྱིར་ཐེག་ཆེན་མ་ཡིན་པར་འགྱུར་རོ། །གལ་ཏེ་བསམ་གཏན་ནོ་ཞེ་ན་དེའི་དངོས་འབྲས་རང་སྟོང་དུ་འགྱུར་བས་ལྟ་བའི་མཐར་ཐུག་ཏུ་འདོད་པ་དང་འགལ་ལོ། །[17]ཞེས་དང་། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ལས། སེམས་ཙམ་པ་ནི་གཞན་དབང་གི་ཤེས་པ་ནི་སྒྱུ་མའི་སྤྲུལ་གཞི་རྡེའུ་ཤིང་བུ་ལྟ་བུ་ཡིན་ལ་མ་རིག་པ་སྔགས་ལྟ་བུས་བསླད་པའི་གཟུང་བ་དང་འཛིན་པ་རྟ་གླང་དུ་སྣང་བ་ལྟ་བུའི་ཀུན་བཏགས་ནི་ཀུན་རྫོབ་དང་ཀུན་བཏགས་དེས་སྟོང་པའི་གཞན་དབང་གི་ཤེས་པ་རང་རིག་རང་གསལ་བ་ནི་དོན་དམ་པའི་བདེན་པར་འདོད་ལ། སྟོང་གཞི་ཆོས་ཉིད་དེ་བཞིན་ཉིད་སྟོང་བྱ་བློ་བུར་གྱི་དྲི་མས་སྟོང་པ་ལ་དོན་དམ་གཞན་སྟོང་ཆེན་པོར་འདོད་པ་དང་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པའི་བདེན་པར་གྲུབ་པར་འདོད་པ་ཕྱི་དུས་བོད་ཡུལ་ན་མང་དུ་ཡོད་པའང་རྣམ་རིག་པའི་བདེན་གཉིས་འཇོག་མཚམས་དེ་ཁོ་ན་ལ་མིང་བཟང་པོས་ཁྱད་པར་དུ་བྱས་པ་ཁོ་ནའོ། །[18]ཞེས་གསུངས་སོ། །
དེ་ལྟར་ན་མཚན་ཉིད་སྡེ་གསུམ་གྱི་ལྟ་དགོངས་མཐར་ཐུག་པའམ་མཚན་ཉིད་ཐེག་པའི་ལྟ་དགོངས་མཐར་ཐུག་པ་ནི་དབུ་མ་ཐལ་འགྱུར་བའི་བཞེད་པའི་ལྟ་དགོངས་འདི་ཁོ་ན་སྟེ། རྗེ་བཙུན་མི་བསྐྱོད་རྡོ་རྗེས་མཛད་པའི་སྡོམ་པའི་སྦྱོར་དྲུག་གི་རྣམ་བཤད་ལས། དྭགས་པོ་བཀའ་བརྒྱུད་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་སྟོང་གཟུགས་དང་རྟག་སྣང་སྔ་མ་དེ་རང་སྟོང་དུ་ངོ་སྤྲོད་ནས་ཕྱག་རྒྱ་ཆེན་པོའི་སྟོང་ཉིད་མཚན་ཉིད་པ་མིན་པས་ཀྱང་རྒྱུའི་ཐེག་པར་བཤད་པའི་ཆོས་གང་དང་གང་ཡིན་པ་ཐམས་ཅད་རང་བཞིན་གྱི་མ་གྲུབ་པར་ཐོས་བསམ་གྱི་རིག་པས་རྟོགས་པ་དེ་གསང་སྔགས་ཀྱི་རྩ་རླུང་གི་ཐབས་ཀྱི་ཁྱད་པར་དུ་བྱས་པ་ན་ཆོས་ཐམས་ཅད་ཀྱི་སྟོང་ཉིད་མངོན་སུམ་དུ་རྣམ་མེད་རྗེན་ཆར་དུ་མཐོང་བ་ནི་ཕར་ཕྱིན་ཐེག་པའི་ཟབ་མོ་དབུ་མའི་ལྟ་བ་གསང་སྔགས་ཀྱི་ཐབས་ཀྱི་ཁྱད་པར་དུ་བྱས་པའི་སྟོབས་ལས་མངོན་དུ་བྱས་པ་ཡིན་མོད། ཅེས་མདོ་ཕྱོགས་ཀྱི་ལྟ་བ་མཐར་ཐུག་རང་སྟོང་དུ་བྱས་ནས་དེ་ཉིད་སྔགས་ཀྱི་རྩ་རླུང་གི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་ལས་སླ་མོར་རྟོགས་ནུས་ཚུལ་གསུངས་ཤིང་། དེའི་འོག་ཏུ་སྔགས་ཀྱི་མཐར་ཐུག་གཞན་སྟོང་དུ་མཛད་ནས་གསུངས་འདུག་སྟེ། སྟོང་གཟུགས་དང་རྟགས་སྣང་ཕྱི་མ་དེ་གཞན་སྟོང་དུ་ངོ་སྤྲད་ནས་གསང་སྔགས་ནས་བཤད་པ་རྒྱུར་བྱ་ཡུལ་གྱི་དབུ་མ་ཕྱག་རྒྱ་ཆེན་པོའི་སྟོང་ཉིད་མཚན་ཉིད་པ་རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་དྲོད་ཐོབ་པ་ཡན་ལ་མངོན་སུམ་དུ་དམིགས་སུ་རུང་བའི་གནས་ཚུལ་ལ་ཞུགས་པའི་དོན་དམ་བདེན་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་བཅོས་སུ་མེད་པ་ཡེ་ཤེས་རྟག་བརྟན་གྱི་ངོར་སྣང་གྲགས་རིག་བདེ་བཞི་པོ་སྐུ་བཞིར་ལྷུན་གྱིས་གྲུབ་པས་མི་འདོར་བར་དགོངས་ཏེ། དོན་འདི་ལ་རྗེ་བཙུན་སྒམ་པོ་པའི་བསྟོད་པར། ཞེས་སོགས་གསུངས་འདུག་པའི་ཕྱིར། དེ་དང་མཐུན་པར་སྐུ་ཚེ་སྨད་ཀྱི་གཞུང་དུ་མ་ལས་མདོ་ཕྱོགས་ཀྱི་ཆོས་དབྱིངས་སྟོང་རྐྱང་ལས་ལྷག་པའི་སྔགས་བླ་མེད་ཀྱི་ལྟ་བ་ཡོད་པའི་ཚུལ་གསུངས་ཏེ། སྦྱོར་བ་ཡན་ལག་དྲུག་གི་སྙིང་པོ་བསྡུས་པ་ལས། དེ་ཉིད་ཀྱི་ཕྱིར་ན་རྒྱུའི་ཐེག་པའི་སངས་རྒྱས་ནི་ཆོས་དབྱིངས་སྟོང་པ་ཉིད་ཀྱི་རྒྱུད་དང་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་རྐྱེན་ལས་འཁྲུངས་པའི་གཞན་རྐྱེན་གྱིས་བཅོས་པའི་ཉི་ཚེ་བའི་སངས་རྒྱས་གཙང་རྟག་བདག་བདེའི་ཕྱོགས་རེ་ཙམ་དང་ལྡན་པ་ལས་གཙང་རྟག་བདག་བདེའི་ཕྱོགས་ཐམས་ཅད་དག་པར་རྫོགས་པའི་སངས་རྒྱས་སུ་ནི་མི་འགྲུབ་ལ། འབྲས་བུའི་ཐེག་པའི་སངས་རྒྱས་ནི་ཆོས་དབྱིངས་སྟོང་རྐྱང་ཙམ་མིན་པའི་ཆོས་དབྱིངས་རང་བཞིན་ལྷུན་གྲུབ་ཀྱི་ཐོག་མ་མེད་པའི་བྱང་ཆུབ་ཀྱི་སེམས་གདོད་མའམ་དང་པོའི་སངས་རྒྱས་སམ་རྒྱུ་དུས་ཀྱི་རྡོ་རྗེ་འཛིན་པ་ཉིད་དང་རྒྱུད་དང་དང་པོའི་སངས་རྒྱས་དེ་ཉིད་སླར་ལམ་དང་འབྲས་བུའི་སངས་རྒྱས་སུ་འཚོ་ཞིང་བཞེངས་པར་བཞེངས་ནས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་ལོངས་སྤྱོད་པའི་ཆེད་དུ་རང་འོད་ཀྱི་རིག་མ་གཟུགས་རྡོ་རྗེ་མ་སོགས་དང་ལྷན་ཅིག་སྙོམས་པར་འཇུག་པའི་བདེ་སྟོང་གི་དགེ་ཚོགས་བསགས་ཤིང་སྒྲིབ་པ་སྤངས་པའི་རྐྱེན་ལས་ལེགས་པར་འཁྲུངས་པ་ཉིད་ཀྱི་ཕྱིར་གཞན་རྐྱེན་གྱིས་བཅོས་པ་ལ་མ་ལྟོས་པར་རང་རྒྱུད་ཚོགས་པའི་རྐྱེན་ལས་འཁྲུངས་པའི་སངས་རྒྱས་གཙང་རྟག་བདག་བདེའི་ཕྱོགས་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཁྱད་པར་ཤེས་དགོས་སོ། །ཞེས་གསུངས་པ་འདིས་ཧ་ཅང་གསལ་པོར་བསྟན་ཏོ། །
དེས་ན་མདོ་ཕྱོགས་ཀྱི་དགོངས་པ་གཞན་སྟོང་ལྟར་འཆད་པའི་གཞུང་ཀུན་དྲང་དོན་དགོངས་པ་ཅན་དུ་འཆད་པར་མཛད་པ་ཡིན་ཏེ། དེ་ལ་སྤྱོད་འཇུག་གི་རྣམ་བཤད་ལས། ཁ་ཅིག་དོན་དམ་གཞན་སྟོང་ནི་ཡོད་མེད་ལས་འདས་པའི་ཡོད་པའོ་ཞེས་ཟེར་བ་སོགས་ནི་གཡོའི་ཚིག་སྟེ། འོ་ན་ཁོ་བོས་དེ་ཡོད་མེད་ལས་འདས་པའི་མེད་པར་ཁས་བླངས་ན་སྐྱོན་ཅི། ཡང་ཡོད་མེད་ལས་འདས་པའི་ཡོད་པ་ལས་ཀྱང་འདས་པའི་མེད་པར་ཁས་བླངས་ན་ཡང་ཅིས་འགོག །དེས་ན་སངས་རྒྱས་ཀྱི་བསྟན་པ་ལ་མ་གྲགས་པའི་ཐ་སྙད་སངས་རྒྱས་ཀྱི་བསྟན་པའི་གསེབ་ཏུ་མ་གཞུག་ཅིག །དེས་ན་སེམས་ཙམ་ཕྱོགས་གཅིག་སྨྲ་བ་རྣམས་ཀྱིས་གཞན་དབང་ཀུན་བཏགས་ཀྱིས་སྟོང་པ་ཡོངས་གྲུབ་ཏུ་སྨྲ་བ་ནི་རྒྱ་ཆེན་སྤྱོད་གཞུང་གི་དགོངས་པ་མ་ཤེས་པར་རང་བློས་བཞག་པ་སྟེ་ཀུན་བཏགས་རབ་རིབ་ཀྱི་ནད་དང་གཞན་དབང་དེས་བསྐྱེད་པའི་སྐྲར་སྣང་དང་། ཡོངས་གྲུབ་རབ་རིབ་དག་པ་ལྟ་བུར་གསུངས་པས་རབ་རིབ་ཀྱི་ནད་དག་པ་ན་སྐྲ་ཤད་དུ་སྣང་བ་ལྡོག་པའི་ཕྱིར་གཞན་དབང་གི་མཚན་མ་ཡང་དག་པར་ལོག་པའི་ཚེ་དེ་ལ་དམིགས་ནས་བསྐྱེད་པའི་ཀུན་བཏགས་ཀྱང་གནས་པ་མ་ཡིན་ནོ། །ཁ་ཅིག་ཟབ་མོ་ལྟ་བའི་གཞུང་དུ་སྐྱེ་བ་མེད་པ་སོགས་སྒྲ་ཇི་བཞིན་པར་བཤད་ཅིང་རྒྱ་ཆེན་སྤྱོད་གཞུང་དུ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས་གསུངས་པར་བཤད་པས་སྒྲ་ཇི་བཞིན་པ་མ་ཡིན་པར་བཤད་དོ་སྙམ་ན། ཟབ་མོ་ལྟ་རྒྱུད་དུ་ཡང་སྐྱེ་མེད་སོགས་མཐར་ཐུག་ཏུ་སྒྲ་ཇི་བཞིན་པ་མ་ཡིན་ཏེ་སྐྱེ་བ་ཡོད་ན་དེ་མེད་པ་མི་འགྲུབ་ཅིང་སྐྱེ་བ་མེད་ན་ཡང་དེ་ལ་བལྟོས་པའི་སྐྱེ་མེད་མི་འགྲུབ་པའི་ཕྱིར་ན་རེ་ཞིག་ལས་དང་པོ་པའི་སྐྱེ་འགག་ཏུ་འཛིན་པ་ལྡོག་པའི་ཕྱིར་སྐྱེ་མེད་བསྟན་པར་ཟད་པས་དགོངས་པ་ཅན་དུ་འགྱུར་བའི་ཕྱིར་རོ། །[19]ཞེས་དང་། འདི་ལ་ཡང་ཁ་ཅིག་དོན་དམ་པའི་དམྱལ་བ་ལ་སོགས་པ་ཐམས་ཅད་ཀྱི་རྣམ་པ་དང་ལྡན་པར་འཆད་ཀྱང་དེ་ལྟ་ན་འཁོར་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་འགྱུར་ལ་དོན་དམ་པའི་དམྱལ་བ་ཡོད་ན་སངས་རྒྱས་དང་དམྱལ་བའི་གཞི་མཐུན་ཁས་ལེན་དགོས་སོ། །དེས་ན། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཅེས་ཕ་རོལ་ཏུ་ཕྱིན་པ་སོགས་གཉེན་པོའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ། སྟོང་ཉིད་ཀྱང་ཡིན་ལ་བླ་ན་མེད་པའི་བྱང་ཆུབ་ཀྱང་འཐོབ་པར་བྱེད་པའོ། །འདི་ཡང་ཤེར་ཕྱིན་གྱི་མདོ་སོགས་ལས་བཤད་པའི་སྟོང་པ་ཉིད་ཀླུའི་ཞབས་ཀྱིས་རྩ་ཤེར་ལ་སོགས་པར་གང་བཀྲལ་བའི་སྟོང་ཉིད་དེ་ཁོ་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་ཏེ། སྤྲོས་མཚན་གྱི་དམིགས་པ་རབ་རིབ་(༡༥༦ན)ལྟ་བུ་ཉེ་བར་ཟློག་ནས་ས་དང་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ལ་ཉེ་བར་སྦྱོར་བའི་ཕྱིར། དེས་ན། སྟོང་གཟུགས་ཕྲ་མོ་ལ་སོགས་པ་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་ཞེན་ནས་དབུ་མའི་ལྟ་བ་ལ་སྨོད་པ་ནི་ལེགས་པ་མ་ཡིན་ནོ། །ཞེས་དང་། འདིའི་བདུན་པ་ནི་དེང་སང་གཞན་སྟོང་དུ་གྲགས་པ་འདི་ལྟ་བུ་སྟེ། དེ་ཉིད་ལས། གཅིག་གིས་གཅིག་སྟོང་པ་གང་ཞེ་ན་(༡༥༦བ)འདི་ལྟ་སྟེ་གང་ལ་ཅི་མེད་པ་དེ་ནི་དེས་སྟོང་པ་ཞེས་བྱའོ་དཔེར་ན་རི་དྭགས་འཛིན་གྱི་མའི་ཁང་བཟང་ན་རྟ་གླང་དང་ར་ལུག་སོགས་ཀྱིས་སྟོང་ཡང་དགེ་སློང་དང་དགེ་སློང་མས་སྟོང་པ་མ་ཡིན་པ་ལྟ་བུ་སྟེ་གཅིག་གིས་གཅིག་སྟོང་པ་འདི་ནི་ཐ་ཤལ་ཏེ་ཁྱོད་ཀྱིས་ཡོངས་སུ་སྤང་བར་བྱའོ་ཞེས་སོ། །དེས་ན་ཀ་བ་བུམ་པས་སྟོང་པ་སྣམ་བུའི་སྟོང་ཉིད་དུ་སྨྲ་བ་ལྟ་བུ་འདི་དེང་སང་མཆོག་ཏུ་བྱེད་པ་མང་མོད་ཀྱི་རྒྱལ་བའི་དགོངས་པར་མ་མཐོང་ངོ་། །ཞེས་དང་། དེས་ན་རང་སྟོང་པར་འདོད་པ་ཁ་ཅིག་སངས་རྒྱས་ཅང་མེད་དུ་འདོད་པ་དང་གཞན་སྟོང་བར་འདོད་པ་ཁ་ཅིག་སངས་རྒྱས་རྟག་རྫས་སུ་ཁས་ལེན་པ་ནི་སངས་རྒྱས་ཀྱི་བསྟན་པ་རྣམ་པར་གཞིག་པ་ཡིན་ཏེ་རྫོགས་པའི་སངས་རྒྱས་ལ་ཡང་རྟག་ཆད་གང་རུང་དུ་སྨྲ་བ་དེས་རྟག་ཆད་ཀྱི་མཐར་མི་སྨྲ་བའི་ཆོས་གཞན་ཅི་ཞིག་ཡོད་ལ། གང་རྟག་ཆད་ཀྱི་མཐར་སྨྲ་བ་ནི་ངའི་རྗེས་འབྲང་མ་ཡིན་ང་ཡང་དེའི་སྟོན་པ་མ་ཡིན་ནོ་ཞེས་ཡང་ཡང་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །
དེས་ན་ཀརྨ་པ་བདུན་པ་དང་བརྒྱད་པའི་གཞུང་ན་གཞན་སྟོང་ལྟར་བཀྲལ་བའི་དགོངས་པ་རྣམས་གཞན་དུ་འཆད་པར་མཛད་པའང་ཡིན་ཏེ། ཆོས་བྱུང་མཁས་པའི་དགའ་སྟོན་ལས། ཕར་ཚད་འདི་གཉི་ག་ལྟ་བ་གཞན་སྟོང་གཙོ་ཆེར་བཀྲལ་མོད་ཀྱང་སེམས་ཙམ་གྱི་ལྟ་བ་ལ་གཞན་སྟོང་དུ་མིང་བཏགས་པ་བོད་ཁ་གཅིག་གི་འདོད་པ་ལྟར་བཀྲལ་བ་ནི་མ་ཡིན་ལ། སྤྱིར་རྗེ་འདི་སེམས་ཀྱི་གཤིས་སྟོང་ཉིད་གཙོ་བོར་སྟོན་པ་ཟབ་མོ་ལྟ་རྒྱུད། རང་བཞིན་འོད་གསལ་གཙོ་བོར་སྟོན་པ་རྒྱ་ཆེན་སྤྱོད་རྒྱུད་དེ་སེམས་ཀྱི་ཟབ་པ་དང་གསལ་བ་ནི་གཉིས་སུ་མི་ཕྱེད་པས་ན་ཤིང་རྟའི་སྲོལ་གཉིས་དགོངས་པ་གཅིག་ཏུ་བཞེད་པ་ཡིན་ནོ། །གཞན་ཡང་འདུལ་བ་ལ་གཞི་གསུམ་གྱི་ཆོ་ག །གསང་བ་འདུས་པ་མི་བསྐྱོད་པའི་མངོན་རྟོགས་ལ་སོགས་པ་བསྟན་བཅོས་ཁྱད་པར་བ་མང་དུ་མཛད་ཅིང་། དྲིས་ལན་ཁྱད་པར་ཅན་མང་དུ་བཞུགས་པ་རྣམས་ཀྱིས་སྙིགས་དུས་ཀྱི་གདུལ་བྱ་ཕྱོགས་གར་འགྲོའི་གཏོལ་མེད་པ་རྣམས་ལ་ལོང་བ་ལ་དམིགས་བུ་བྱིན་པ་ལྟར་གྱུར་ཏོ། །[20]ཞེས་དང་། ཡང་དེ་ཉིད་ལས། ཕྱིས་རྣམ་ཐོས་ཀྱི་རི་བོར་བསྙེན་པར་རྫོགས་པའི་ཚེ་མཁན་པོ་ལས་ཚེ་དཔག་མེད་གྲུབ་རྒྱལ་ལྷ་མང་གི་ཚེ་དབང་དང་རྣམ་སྲས་མདུང་དམར་ཅན་ཆོས་སྐྱོང་དུ་ཕུལ་ཞིང་གཞན་སྟོང་གི་བཤད་ཆེན་དུ་མ་མཛད་ནས་ལྟ་བ་འཛིན་དགོས་པར་ཞུས་པ་ལས་ཕྱིས་ཕར་ཕྱིན་ཇོ་ཟིའི་ལུགས་སུ་འགྲེལ་བར་མཛད། [21]ཅེས་གསུངས་སོ། །དེ་དང་མཐུན་པར་གཞུང་གཞན་ལས་ཀྱང་གསུངས་ཏེ། སྤྱོད་འཇུག་གི་རྣམ་བཤད་ལས། ཅི་སྣང་ཚུལ་གྱི་སྐུ་གདུལ་བྱའི་མིག་ཤེས་སུ་བཤད་པ་འདི་རྗེ་བཙུན་ངལ་གསོར་ཡང་བཞེད་པ་མ་ཡིན་ནམ་ཞེ་ན་དེ་ནི་རྗེ་ཉིད་ཀྱི་མཁན་པོ་དཔལ་ཆོས་གྲུབ་སེང་གེའི་བཀས་གཞན་སྟོང་གི་གྲུབ་པ་ཟུངས་ཤིག་ཅེས་བཀའ་བསྩལ་པ་སྒྲུབ་ཕྱིར་ཡུམ་དོན་ཇོ་ཟིའི་ལུགས་སུ་བཀྲལ་བ་ཡིན་གྱི་ངེས་པའི་དོན་མ་ཡིན་ནོ་ཞེས་ཡང་ཡང་བཀའ་བསྩལ་ཞིང་ཞིབ་མོར་ཕྱེ་ན་རྗེ་བཙུན་གྱི་རྩ་བ་གཞན་སྟོང་དང་སློབ་དཔོན་གྱི་འགྲེལ་པ་རང་སྟོང་དུ་འགྲེལ་བར་མཛད་པས་དོན་གྱིས་ན་གཉི་ག་ལ་ཞེན་བྱ་མིན་པར་བསྟན་པ་ཡིན་ནོ། །[22]ཞེས་གསུངས་སོ། །
གཉིས། མཚན་ཉིད་ཐེག་པའི་དབུ་མ་ལས་ལྷག་པའི་རྡོ་རྗེ་ཐེག་པའི་དབུ་མ་བཞེད་པའི་ཚུལ།
དེ་ལྟར་གོང་དུ་མཚན་ཉིད་སྡེ་གསུམ་གྱི་ལྟ་དགོངས་མཐར་ཕྱིན་པ་མདོ་ཡི་དབུ་མ་ལ་ཐལ་འགྱུར་བའི་སྤྲོས་བྲལ་ལས་ལྷག་པ་མེད་པར་བཤད་ཟིན་མོད། འདི་ཙམ་ལ་རྡོ་རྗེ་ཐེག་པ་བླ་ན་མེད་པའི་ལྟ་བ་ཡིན་ཞེས་ཟེར་བ་དང་། ཕྱག་རྒྱ་ཆེན་པོའི་ལྟ་དགོངས་ཞེས་སྨྲ་བའི་རང་རེའི་རྗེས་འཇུག་ཤིན་ཏུ་མང་། དེ་དག་ཀྱང་མཐོང་ཐོས་ཀྱི་རྒྱ་ཆུང་བའི་སྐྱོན་ཡོད་ཅིང་། ཁྱད་པར་དུ་མདོ་ཡི་ཟབ་དོན་མཐར་ཐུག་གཞན་སྟོང་ཡིན་ཟེར་ནས་དེ་ཉིད་རྡོ་རྗེ་ཐེག་པ་བླ་ན་མེད་པའི་ལྟ་དགོངས་ཡིན་ཟེར་མཁན་ཤིན་ཏུ་མང་ནའང་། མདོ་སྔགས་གཉིས་ཀྱི་བདེ་གཤེགས་སྙིང་པོ་བཤད་པ་མཛད་སྐབས་གདགས་གཞི་ཀུན་གཞི་རྣམ་ཤེས་ལ་བཤད་པ་དང་ཆོས་ཐམས་ཅད་ཀྱི་རང་ས་རང་གྲོལ་ལ་བཤད་པ་བཅས་མི་འདྲ་སའི་ཟབ་ཁྱད་མང་པོ་དག་མ་མཐོང་བའམ་མཐོང་ཀྱང་མ་མཐོང་ཁུལ་བྱས་པ་ཁོ་ན་ལས་གཞན་མེད་པས། མདོ་སྔགས་ཟུང་འཇུག་གི་ལྟ་དགོངས་ཞེས་མདོ་ཡི་མཐར་ཐུག་སྤྲོས་བྲལ་དང་སྔགས་ཀྱི་མཐར་ཐུག་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཏེ་དེ་གཉིས་ཟུང་འཇུག་ཏུ་གོ་བ་ལས་གསལ་སྟོང་ཟུང་འཇུག་གི་ལྟ་བ་ཟབ་མོ་ཁོང་དུ་ཆུད་པའི་ཚུལ་དེ་ཁྱེད་ཅག་གིས་མི་ཤེས་པ་ཁོ་ནར་ཟད་པའི་ཕྱིར། དེས་ན་རང་རེའི་ལུགས་འདིར་སྤྲོས་བྲལ་ཙམ་ནི་མདོ་ཡི་དགོངས་པ་མཐར་ཐུག་པ་ཡིན་ཞིང་དེ་ལས་ལྷག་པའི་མཚན་ཉིད་སྡེ་གསུམ་གྱི་ལྟ་དགོངས་མེད་ལ་དེ་ཙམ་ལ་ལྟ་བའི་མཐར་ཐུག་ཏུ་ཞེན་ན་གོལ་ས་ཡིན་ཞིང་དེ་ལས་ཟབ་པའི་རྡོ་རྗེ་ཐེག་པ་བླ་ན་མེད་པའི་ལྟ་དགོངས་དང་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་ཡོད་པར་བཞེད་དགོས་པ་ཡིན། ཚུལ་དེ་དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་གསུངས་པ་ཡིན་ཏེ། ལོག་རྟོག་རྣམ་སྦྱོང་ལས། ཐལ་རང་དབུ་མར་རིགས་པ་ཡིས། །དཔྱད་ནས་སྤྲོས་པ་ལྷག་མེད་བཀག །ལྷག་མར་ཅི་ཡང་མ་ལུས་པ། །རང་རྒྱུད་པ་ཡི་སྤྲོས་བྲལ་དང་། །ལྷག་མེད་དུ་ཡང་མི་འཛིན་པ། །ཐལ་འགྱུར་བ་ཡི་སྤྲོས་བྲལ་ཡིན། །གཉིས་ཀ་རང་བློས་དཔྱད་པ་སྟེ། །རྗེས་དཔག་ཡིན་གྱི་མངོན་སུམ་མིན། །རྡོ་རྗེ་ཐེག་པའི་ལྟ་བ་མཆོག །སོ་སོ་རང་རིག་ཡེ་ཤེས་ཀྱིས། །རྣལ་འབྱོར་མངོན་སུམ་ཉིད་རྟོགས་ཀྱི། །རྒྱས་འདེབས་བློ་ཡི་གོ་སྐམ་ལ། །སྔགས་ཀྱི་ལྟ་བར་རེ་བ་རྣམས། །རྡོ་རྗེ་ཐེག་པའི་འོ་མའི་ཤུལ། །བཤལ་ཆུ་འཐུངས་པའི་ཆོས་སྐད་ཡིན། །ཞེས་དང་། མདོ་སྔགས་གཉིས་ཀྱི་ལྟ་བ་དང་འབྲས་བུ་ལ་ཟབ་ཁྱད་ཡོད་ཚུལ་ཞིབ་རྒྱས་སུ་རྗེ་ཉིད་ཀྱིས་ཟིན་བྲིས་སུ་མཛད་པའི་དགོངས་གཅིག་ཚོམས་བདུན་པའི་ཟིན་བྲིས་རྒྱལ་བའི་དབང་པོའི་གསུང་ངག་ལས་བྱུང་བ་ཞེས་པའི་ནང་དུ་ཤིན་ཏུ་གསལ་བས་འདིར་གཟིགས་པས་འཐུས། ཚུལ་འདི་ནི་མཉམ་མེད་དྭགས་པོ་ལྷ་རྗེའི་གསུང་གྲུབ་མཐའ་ཆ་མཐུན་ཁྱད་འཕགས་དང་ལྟ་བ་ཆ་མཐུན་ཁྱད་འཕགས་ཀྱི་དགོངས་པ་ཡིན་པས་ནན་ཏན་དུ་མཛད་དགོས་པ་ཞིག་གོ། །
དེ་བས་དཔའ་བོ་གཙུག་ལག་རྒྱ་མཚོ་མཆོག་གིས་ཀྱང་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་རིམ་ངེས་དོན་རྣམ་ངེས་སུ་མདོ་སྔགས་གཉིས་ལ་གཞི་ལམ་འབྲས་གསུམ་ཀར་ཟབ་ཁྱད་ཡོད་པའི་བཤད་སྲོལ་ཉིད་རྩལ་དུ་བཏོན་ནས་བཤད་པ་མཛད་དོ། །ཇི་སྐད་བཤད་པའི་གནས་ཚུལ་དེ་དང་མཐུན་པར་རྗེ་བཙུན་ཆེན་པོ་མི་བསྐྱོད་རྡོ་རྗེའི་རླུང་སེམས་དབྱེར་མེད་ལས། ཅི་དེ་ལྟར་མིན་པར་གཉིད་འོག་ཏུ་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་རྒྱུ་ཡོད་པ་དང་། དེ་ཁར་བདག་མེད་གཉིས་རྟོགས་པའི་ཤེས་རབ་ལ་མཉམ་པར་འཇོག་རྒྱུ་ཡོད་པ་ནི་ཕར་ཕྱིན་ཐེག་པའི་རྣལ་འབྱོར་པ་ལའང་ཡོད་མོད་ཀྱི། ལུགས་འདིར་བཤད་པའི་འོད་གསལ་གྱི་དྲི་ཙམ་ཡང་བྲོ་བ་མ་ཡིན་ཏེ། ཕར་ཕྱིན་ཐེག་པར་ཟབ་མོ་ཆོས་ཀྱི་བདག་མེད་ཐུན་མོང་དུ་རྟོགས་པའི་ཤེས་རབ་དེས་འདིའི་སྣང་གསུམ་གྱི་སྣང་བ་རྣམས་དང་སྦྱར་ཏེ་བསྒོམ་པ་ན། རང་བཞིན་གྱི་རྟོག་པ་རྣམས་འགག་སྟོབས་ཀྱིས་མདོ་ལུགས་ནས་བཤད་པའི་ཡུལ་ཡུལ་ཅན་གྱི་སྟོང་པ་ཉིད་སྤྲོས་མཚན་ཐམས་ཅད་ཀྱིས་དབེན་པའམ། སྟོང་པའི་མེད་དགག་ཏུ་བརྗོད་པའི་དོན་དམ་བདེན་པ་ལ་དམིགས་པ་ཙམ་དུ་འགྱུར་གྱི། འདིར་བཤད་པའི་དོན་དམ་བདེན་པ་འོད་གསལ་བའི་སྟོང་པ་ཉིད་ཉམས་སུ་མྱོང་བྱར་ཡོད་པ་ལྟ་བུ་ནི་ཚུལ་དེས་མི་འགྲུབ་མོད། འོན་ཏེ་འདིར་བཤད་པའི་ཉམས་མྱོང་གི་འོད་གསལ་དེ་རྒྱུད་ལ་འདྲེན་པ་ན་ཤེས་རབ་ཀྱིས་སྒྲོ་སྐུར་བཅད་པའི་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་གསུམ་ལ་རྒྱས་བཏབ་པ་དང་མ་བྲལ་བར་འདིར་བཤད་ཀྱི་དོན་དམ་བདེན་པའི་འོད་གསལ་ཉམས་སུ་མྱོང་བར་མི་བྱེད་པ་མ་ཡིན་ཏེ། ཞེས་སོགས་གསུངས། ཡང་རྡོ་རྗེ་གསུམ་གྱི་མན་ངག་གི་མཆན་བུ་ལས། འདིར་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་པར་བྱེད་པ་ལ། ཐོས་བསམ་གྱི་ཤེས་རབ་ཀྱིས་དོན་ཅི་ཙམ་ཞིག་འཇལ་ཏེ། རྗེས་དཔག་ཚད་མ་ཙམ་དུ་འགྲོ་བ་ཡོད། ཕར་ཕྱིན་ཐེག་པར། སྟོང་ཉིད་རྟོགས་པའི་ཤེས་རབ་སྒོམ་བྱུང་མངོན་གསུམ་ཚད་མ་ཡོད་ཟེར་ཀྱང་ཡུལ་ཡུལ་ཅན་གཉིས་ཀར་སྣང་བ་མེད་ཅིག་འབྱུང་བ། གསང་སྔགས་རྡོ་རྗེ་ཐེག་པར་ནི། ཡོད་མེད་སོགས་སྤྲོས་པའི་མཐའ་བཞི་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཡུལ་ཁྱད་པར་མངོན་སུམ་གྱི་ཡུལ་དུ་སྣང་བ་ན། ཡུལ་ཅན་སྟོང་པ་ཉིད་རྟོགས་པའི་ཤེས་རབ་སྒྲིབ་བྲལ་སོ་སོ་རང་རིག་པའི་ཡེ་ཤེས་ཉམས་སུ་མྱོང་བྱར་ཡོད་པ་འདི་ནི། སྔགས་གཞུང་མཐར་ཐུག་པའི་དགོངས་པ་ཡིན་ཏེ། དཔལ་ལྡན་ཟླ་བའི་སྔགས་གཞུང་ཀུན་ཏུ་རང་རིག་ཞལ་གྱི་མི་བཞེས་ཟེར་བ་པོ་ཡོད་ཀྱང༌། འབྲེལ་པ་སྒྲོན་གསལ་ན། སྟོང་པ་ཉིད་ཀྱི་ཡུལ་ཁྱད་པར་ཅན་ཉམས་སུ་མྱོང་བའི་ཡེ་ཤེས་ཡོད་པར་བཤད་འདུག་ཅིང༌། ཐར་པ་ནོར་པ་ཟད་ཙམ་ཡིན་ལ་ནོར་པ་ནི་སྟོང་པ་ཉིད་ཀྱི་མི་མཐུན་ཕྱོགས་ཡིན་ལ། སྟོང་ཉིད་མིན་པའི་འཁྲུལ་པ་དང་ནོར་པ་ཟད་པའི་ཐར་པ་ཞིག་ན། དེ་རྒྱུད་ཁྱད་པར་བ་ཞིག་གི་ཐོབ་དགོས་ལ། དེ་ཐོབ་ན་ཤེས་པ་དེའི་ཡུལ་དུ་བྱེད་དགོས་ལ། དེ་བྱེད་པ་མེད་ན་ནི། ཐར་པ་ཡང་མིང་ཙམ་དུ་ཟད་དེ། གང་ཐར་པ་དེ་སུས་ཀྱང་ཐོབ་པ་མེད་པའི་ཕྱིར། ཐོབ་པ་མེད་པར་འདོད་པ་ནི། མི་གནས་པའི་མྱང་འདས་ཀྱང་ཆད་མཐར་ལྷུང་ལ། དེ་ལྷུང་ན། ཞི་བའི་མཐའ་ལས་མ་འཕགས་པས་མྱང་འདས་ཆེན་པོ་མྱང་འདས་ཆུང་ངུར་འགྱུར་རོ། །ཞེས་སོགས་གསུངས། ཡང་ཕྱག་ཆེན་སྒྲོས་འབུམ་ལས། ཡང་བཀའ་གདམས་པ་ཞེས་གང་ཟག་གི་ཆ་ནས་བོས་ཏེ་རྒྱུ་ལམ་བྱེད་པའི་ཐེག་པ་ལ་བསྟེན་པའི་སྟོང་པ་ཉིད་ལྟ་སྒོམ་དུ་བྱེད་པ་དག་གིས་གཟུང་འཛིན་གཉིས་ཀ་དཔྱད་བཟོད་དུ་མ་གྲུབ་པའི་སྐྱེ་མེད་སྟོང་ཉིད་དུ་ནམ་མཁའི་དབྱིངས་ལྟར་འགའ་ཡང་མ་མཐོང་བས་མེད་པར་དགག་པ་ཉིད་དུ་རྟོག་པ་དང་ཐ་མལ་གྱི་ཤེས་པ་མངོན་དུ་གྱུར་པ་གཉིས་ཀྱང་གང་དགའ་ཞེ་ན། ཐ་མལ་གྱི་ཤེས་པ་མངོན་དུ་གྱུར་པ་དགའ་སྟེ། དེ་ལྟའི་སྟོང་པ་ཉིད་ཀྱི་རྟོགས་པ་དེ་ནི་སྤྲོས་མཐའ་རྩ་བ་ནས་དྲུངས་འབྱིན་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལ་ཞུགས་པའི་ལྟ་སྒོམ་ཡང་དག་པ་དེ་མ་ཡིན་པའི་ཕྱིར་ཏེ། ཞེས་སོགས་མང་ངོ་། །
མདོར་ན། ཡན་ལག་དྲུག་གི་རྒྱས་འགྲེལ་ལས། དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་སྟོང་ཉིད་ལ་དཔྱོད་ལུགས་འདི་བས་བཟང་བ་མེད་ཀྱང་འདི་ནི་ཅི་ལྟར་བསྒོམས་ཀྱང་རྟོག་པ་ཡིན་པའི་ཕྱིར། སྟོང་ཉིད་ལ་གསལ་སྣང་ཐོབ་མི་སྲིད་ཅིང༌། འདི་ལྟ་བུ་ཡང་བསམ་བྱུང་གི་ཤེས་རབ་ཀྱི་སྐབས་སུ་མཆོག་ཡིན་མོད། ཕར་ཕྱིན་ཐེག་པར་ཡང་སྒོམ་བྱུང་གི་ཤེས་རབ་ཀྱི་ངོ་བོ་ནི་མི་སྲིད་དོ། །ཞེས་མདོ་ཕྱོགས་སུ་དབུ་མ་ཐལ་འགྱུར་བ་ལས་བཟང་བ་མེད་ཀྱང་གསང་སྔགས་དང་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་དེ་མདོ་ཕྱོགས་ཀྱི་དབུ་མ་ཐལ་འགྱུར་བའི་ལྟ་དགོངས་ཙམ་ལ་མི་འཇོག་པར་ཧ་ཅང་གསལ་པོར་གསུངས་པར་མཛད་དོ། །གནད་འདི་དང་མཐུན་པར་གྲུབ་ཆེན་ཀརྨ་པཀྴིས་ལུང་རིགས་རྒྱ་མཚོ་མཐའ་ཡས་དང་བཤད་པ་ཕུན་ཚོགས་རྒྱ་མཚོ་མཐའ་ཡས་བཅས་ལས་ཐལ་འགྱུར་བའི་ལྟ་བ་ནི་རྡུལ་བྲལ་གྱི་ལྟ་བ་མཐར་ཐུག་དང་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ཡོངས་སུ་རྫོགས་ཀྱང་ཕྱག་རྒྱ་ཆེན་པོའི་གོལ་ས་ཡིན་པར་གསུངས་པས། གོལ་ས་འདི་ཀ་ཕྱག་རྒྱ་ཆེན་པོའི་ལྟ་བ་ཡིན་ནོ་ཞེས་སྨྲ་བའི་དེང་གི་ཀར་བསྟན་འཛིན་པའང་ཤིན་ཏུ་མང་བར་སྣང་ངོ་། །དེ་ཡང་སི་ཏུ་པཎ་ཆེན་གྱི་སློབ་མ་འབཻ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་བཀའ་བརྒྱུད་གསེར་ཕྲེང་ནང་གི་མི་བསྐྱོད་རྡོ་རྗེའི་རྣམ་ཐར་ལས། ཞང་གཡུ་བྲག་པས་བྱིན་གྱིས་བརླབས་པའི་སྣང་བ་བྱུང་སྟེ་མཐར་ཐུག་དབུ་མའི་འཇོག་མཚམས་ཐལ་འགྱུར་འཐད་པའི་ལུགས་སུ་བཞེད་ནས་འཇུག་པའི་ཊཱིཀ་ཆེན་བརྩམས་པར་མཛད་ཅིང་། ཐལ་འགྱུར་པའི་གཞུང་འཛུགས་པར་གནང་ནའང་། གཙོ་བོར་ནི་རྗེ་རང་བྱུང་ཞབས་ཀྱི་དགོངས་པ་གཞན་སྟོང་གཙོ་བོར་མཛད་པའོ། །ཞེས་པ་ནི་ཤིན་ཏུ་བདེན་པའི་གཏམ་དུ་མཐོང་ངོ་། །རང་སྟོང་གཞན་སྟོང་གི་ཟུང་གི་གནད་དངོས་མདོ་སྔགས་ཟུང་འཇུག་གི་ལྟ་དགོངས་ཉིད་ཡིན་ཚུལ་འོག་ཏུ་འཆད་པར་འགྱུར་བས་དེར་གཟིགས་པར་ཞུའོ། །རང་བྱུང་བའི་རང་སྟོང་གཞན་སྟོང་ཟུང་འཇུག་དང་དྭགས་པོ་བའི་མདོ་སྔགས་ཟུང་འཇུག་གནད་གཅིག་པས། ཀུན་མཁྱེན་མི་བསྐྱོད་པས་མདོའི་མཐར་ཐུག་རང་སྟོང་སྤྲོས་བྲལ་དང་སྔགས་ཀྱི་མཐར་ཐུག་ཡེ་ཤེས་ཟབ་མོ་གཉིས་ཟུང་དུ་འཇུག་པའི་ལྷན་ཅིག་སྐྱེས་སྦྱོར་གྱི་ལྟ་དགོངས་ཞལ་བཞེས་གནང་བ་ཤེས་དགོས་སོ། །དེ་བས་རྗེ་ཉིད་ཀྱི་རང་རྣམ་ལས། མཐའ་བྲལ་དབུ་མའི་གཞུང་ལུགས་ཆེན་པོ་དང་། །རྡོ་རྗེ་ཐེག་པའི་ཟབ་ལམ་ཕྱག་རྒྱ་ཆེ། །བཀའ་བརྒྱུད་བྱིན་རླབས་ལམ་དུ་གཅིག་འདྲེས་པ། །བདེན་གཉིས་དབྱེར་མེད་གནད་གསང་ཅུང་ཟད་གོ། །ཞེས་གསུངས་སོ། །
ཀུན་མཁྱེན་མི་བསྐྱོད་པའི་བཞེད་དགོངས་མཐར་ཐུག་པ་ནི་གསང་སྔགས་བླ་ན་མེད་པ་དང་ཕྱག་རྒྱ་ཆེན་པོ་ཉིད་ཡིན་པར་སྐུ་གསུམ་ངོ་སྤྲོད་དང་། བྱ་རྒྱུད་ཀྱི་འགྲེལ་ཆེན་དང་། དགོངས་གཅིག་འགྲེལ་ཆེན། རླུང་སེམས་གཉིས་མེད། ཕྱག་ཆེན་སྒྲོས་འབུམ། ཁྲིད་ཐུང་བརྒྱ་རྩ། སྦྱོར་བ་ཡན་ལག་དྲུག་གི་སྙིང་པོ་བསྡུས་པ། འཁོར་ལོ་སྡོམ་པའི་སྦྱོར་དྲུག་གི་རྣམ་བཤད། དུས་ཀྱི་འཁོར་ལོའི་ཡེ་ཤེས་བཙན་ཐབས་སུ་དབབ་པའི་མན་ངག་སོགས་ལས་རྒྱ་ཆེར་གསལ་བས་དེ་ལྟར་དུ་འདོད་དགོས་པ་ཡིན་ནོ། །དེ་ལྟར་ན་མདོ་ཕྱོགས་ཀྱི་འཁོར་ལོ་ཐ་མའི་གསལ་ཕྱོགས་ཀྱི་ལྟ་བ་ནི་རྣམ་ཤེས་ཀྱི་ས་པ་ལས་མ་འདས་ཤིང་སྔགས་ཀྱི་ཐེག་པར་ནི་རྣམ་ཤེས་ཀྱི་ས་པ་ལས་ཡོངས་སུ་འདས་པའི་ཡེ་ཤེས་ཀྱི་ས་པས་བསྡུས་པའི་གཞིའི་ལྟ་བ་བསྟན་ལ། མདོ་ཕྱོགས་ཀྱི་འཁོར་ལོ་བར་པའི་ལྟ་བ་ནི་ཆོས་དབྱིངས་སྟོང་རྐྱང་ཙམ་དང་འབྲས་བུ་སྔགས་ཀྱི་ཐེག་པར་ནི་ཆོས་དབྱིངས་སྟོང་རྐྱང་ཙམ་མིན་པའི་ཆོས་དབྱིངས་རང་བཞིན་ལྷུན་གྲུབ་ཀྱི་ཐོག་མ་མེད་པའི་བྱང་ཆུབ་ཀྱི་སེམས་གདོད་མའམ་དང་པོའི་སངས་རྒྱས་སམ་རྒྱུ་དུས་ཀྱི་རྡོ་རྗེ་འཛིན་པ་ཉིད་དང་རྒྱུད་དང་དང་པོའི་སངས་རྒྱས་དེ་ཉིད་སླར་ལམ་དང་འབྲས་བུའི་སངས་རྒྱས་སུ་འཚོ་ཞིང་བཞེངས་པར་བཞེད་པ་ཡིན་པས། མདོ་སྔགས་གཉིས་ལ་གཞི་ལྟ་བར་ཟབ་ཁྱད་ཡོད་པར་ལན་གཅིག་མིན་པར་དུ་མར་བཀའ་བསྩལ་པའི་གནད་འདི་ཤེས་དགོས་པ་ཡིན་ནོ། །སྔགས་ཀྱི་སྐབས་སུ་འཁོར་ལོ་བར་པའི་ཆོས་དབྱིངས་སྟོང་རྐྱང་ཙམ་ལས་ལྷག་པའི་ཡེ་ཤེས་ས་པའི་ལྟ་བ་ཡང་ནས་ཡང་དུ་གསུངས་ཤིང་རང་སྟོང་ལས་ལྷག་པའི་སྔགས་ཀྱི་ལྟ་བའི་རྣམ་བཞག་རྒྱ་ཆེར་བཤད་པས་མཐར་ཐུག་གི་དགོངས་པ་རང་སྟོང་ཐལ་འགྱུར་བའི་ལྟ་བ་ཙམ་མིན་པར་ཡང་ཤེས་ནུས་སོ། །
གསུམ། མདོ་སྔགས་ཕྱོགས་རེ་བའི་ལྟ་དགོངས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གོལ་སར་བཞེད་པའི་ཚུལ།
གོང་དུ་བཤད་པ་དེ་ལྟར་ན་་རྗེ་མི་བསྐྱོད་པའི་སྡོམ་པའི་སྦྱོར་དྲུག་གི་ཁྲིད་ཡིག་ལས་གསུངས་པ་ལྟར་སྔགས་ཀྱི་གཞན་སྟོང་དང་མདོའི་རང་སྟོང་གཉིས་ནི་མདོ་སྔགས་གཉིས་ཀའི་ཟབ་དོན་མཐར་ཐུག་པ་ཡིན་ཞིང་དེ་གཉིས་འགལ་མེད་ཟུང་དུ་འཇུག་པའི་ལྟ་དགོངས་ལ། མཉམ་མེད་དྭགས་པོའི་ལུགས་ཀྱི་མདོ་སྔགས་ཟུང་འཇུག་གི་ལྟ་དགོངས་སམ། རྗེ་རང་བྱུང་བ་དང་ཆོས་གྲགས་རྒྱ་མཚོའི་ལུགས་ཀྱི་རང་སྟོང་གཞན་སྟོང་ཟུང་འཇུག་གི་ལྟ་དགོངས་དངོས་ནི་དེ་ཡིན། སྐུ་གསུམ་ངོ་སྤྲོད་ལས་འབྱུང་བ་ལྟར་འཁོར་ལོ་ཐ་མའི་གཞན་སྟོང་གི་ལྟ་དགོངས་ནི་རྣམ་ཤེས་ཀྱི་ས་པའི་འོད་གསལ་ཙམ་ལས་མ་འདས་ཤིང་། ཡེ་ཤེས་ཀྱི་ས་པའི་འོད་གསལ་མཚན་ཉིད་པ་ནི་སྔགས་བླ་མེད་ཀྱི་གཞན་སྟོང་གི་ལྟ་བ་ཉིད་ཡིན་པས་དེ་དང་མདོའི་ལྟ་བ་མཐར་ཐུག་པ་རང་སྟོང་སྤྲོས་བྲལ་གྱི་ལྟ་བ་གཉིས་ཟུང་དུ་འཇུག་པའི་ལྟ་དགོངས་ལ་ཀར་ལུགས་པའི་རང་སྟོང་གཞན་སྟོང་ཟུང་འཇུག་གི་དགོངས་བཞེད་མཐར་ཐུག་པ་ཡིན། རྗེ་མི་བསྐྱོད་པའི་རྡོ་རྗེའི་མགུར་ལས། དེ་གཉིས་བཀའ་བབས་གཅིག་བསྡུས་དྭགས་པོ་སྟེ། །ཁྱོད་ཀྱིས་བསྟན་པའི་ལྷན་ཅིག་སྐྱེས་སྦྱོར་འདི། །ཁྲིད་ཚུལ་དབུ་མའི་ལྟ་ཁྲིད་ཡིན་ན་ཡང༌། །མྱོང་བ་གསང་སྔགས་བླ་མེད་ཕྱག་རྒྱ་ཆེ། །འཆར་བའི་རྒྱུ་འབྲས་འདི་ནི་ཤིན་ཏུ་མཚར། །ཞེས་གསུངས་པ་ལྟར་རོ། །
དེ་ལྟ་ནའང་མདོ་ཕྱོགས་ཀྱི་ཐལ་འགྱུར་བའི་ལྟ་དགོངས་སྤྲོས་བྲལ་ཙམ་ལ་མཐར་ཐུག་ཏུ་ཞེན་པའང་མི་རུང་སྟེ། དེ་ནི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་གོལ་ས་དང་ལྟ་བའི་ཕྱོགས་རེ་བ་ཙམ་ཡིན་པའི་ཕྱིར་ཏེ། གནད་འདི་རྗེ་བཙུན་ཀརྨ་པ་ཡབ་སྲས་དང་བཅས་པས་བཞེད་པའི་ཕྱིར། དེས་ན་དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་གནས་ལུགས་ཕྱག་རྒྱ་ཆེན་པོའི་ཆོས་ཚུལ་འཆད་པ་ན་འདི་དག་ཕལ་པའི་ཚུལ་དུ་འཆད་པར་མཛད་པ་སྟེ། རྣམ་རྟོག་ཆོས་སྐུའི་དོན་ཡང་དག་པར་བརྗོད་པ་ལས། དབུ་མ་པ་ཡིས་ལྟོས་ནས་འབྱུང་བ་ལྟར། །སྣང་བས་སྒྱུ་མ་ཙམ་གྱིས་རྟེན་འབྲེལ་ཏེ། །རྟག་ཆད་ཡོད་མེད་མ་ཡིན་སྟོང་པ་ཉིད། །སྤྲོས་དང་བྲལ་བ་མཚན་མས་སྟོང་པར་ཤེས། །འདི་ནི་བླ་མའི་གདམས་པས་མ་བརྒྱན་ཕྱིར། །དབུ་མ་འབྲིང་པོ་ཡིན་ཞེས་མཻ་ཏྲིར་བཞེད། །བསྐྱེད་རིམ་ལམ་པས་ལྷ་སྔགས་ཉིད་དུ་བལྟ། །ཞུ་བདེའི་ལམ་པས་བདེ་བར་རྒྱས་འདེབས་བྱེད། །ཟུང་འཇུག་རབ་ཏུ་མི་གནས་དབུ་མ་ཆེ། །ཕྱག་ཆེན་གྲུབ་པ་ཆོས་འདིའི་རྣལ་འབྱོར་པས། །མཆོག་ཏུ་མི་འགྱུར་བདེ་ཆེན་ཆོས་ཉིད་སྐུ། །ལྷན་སྐྱེས་ཉིད་དུ་གཟོད་ནས་གནས་པར་མཐོང་། །[23]ཞེས་གསུངས། དེའི་ཚེ་དབུ་མ་འབྲིང་པོ་ཞེས་པ་མདོ་ཕྱོགས་ཀྱི་དབུ་མ་ལ་འཆད་ཅིང་དབུ་མ་ཆེན་པོ་ཞེས་རྡོ་རྗེ་ཐེག་པའི་མཐར་ཐུག་ཕྱག་རྒྱ་ཆེན་པོ་ལ་འཆད་པ་མན་ངག་གི་བཤད་སྲོལ་ཡིན་ཏེ། པཎྜི་ཏ་ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པའི་སྡེ་སྣོད་འཛིན་པ་ཀུན་དགའ་དཔལ་འབྱོར་གྱི་དྲིས་ལན་ལས། བླ་མའི་མན་ངག་ནི་ས་ར་ཧ་པ་སོགས་ཀྱི་གདམས་པར་བཞེད་ཅིང་། དེ་དང་མི་ལྡན་ན་སློབ་དཔོན་ཟླ་བ་གྲགས་པ་སོགས་ཀྱིས་བསྟན་པའི་དབུ་མའང་སྔ་མ་དང་མཚུངས་པར་བཞེད་དེ། དེ་ཁོ་ན་ཉིད་བཅུ་པ་ལས། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། །ཁྲིད་ཐུང་བརྒྱ་རྩ་ལས། མཻ་ཏྲི་པས། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་དབུ་མ་ཆེན་པོ་ནི་ཕྱག་ཆེན་ལ་བཤད་དོ། །ཞེས་གསུངས་ཡོད།
རང་ལུགས་ལ་དེ་ལྟར་བཤད་དགོས་པར་སྔགས་གྲྭ་སློབ་དཔོན་གྱིས་ཀྱང་གསལ་བར་གསུངས། དེ་བཞིན་འཁོར་ལོ་བར་པའི་དབུ་མ་དང་འཁོར་ལོ་ཐ་མ་ཕྱོགས་ཡོད་ཚད་ཕྱག་ཆེན་ཕྱོགས་གཅིག་ཙམ་ལ་མཐུན་པ་ལས་ཕྱག་ཆེན་དངོས་མ་ཡིན་པ་དང་ཕྱོགས་རེ་བས་ཕྱག་རྒྱ་ཆེན་པོའི་དོན་ཡོངས་སུ་མི་རྫོགས་ཞེས་ཀུན་མཁྱེན་བདུན་པའི་གསུང་ན་ལན་དུ་མར་གསལ་ལོ། །དེས་ན་དཔའ་བོ་གཙུག་ལག་ཕྲེང་བའི་རྡོ་རྗེའི་མགུར་གླུ་ལས། གཅིག་དུ་བྲལ་ལ་སོགས་རྟགས་ཆེན་གྱིས། །སྤྲོས་པ་ཆེད་དུ་མི་འགོག་ཅིང་། །སྐྱེ་མེད་སོགས་ཆེད་དུ་མི་སྒྲུབ་པར། །གང་སྣང་གི་རང་ཐོག་ཏུ་གློད་པས། །སྤྲོས་པ་དང་སྤྲོས་མེད་གཉིས་ཀ་དག །སྐྱེ་བ་དང་སྐྱེ་མེད་ཀྱིས་མ་གོས། །བྱར་མེད་ཀྱི་ཆོས་ཉིད་སོ་ཚུགས་པ། །འདི་དྭགས་པོ་བརྒྱུད་པའི་སྤྲོས་བྲལ་ཡིན། །ནང་མིག་དབང་གི་རབ་རིབ་མི་སེལ་བ། །ཕྱི་སྐྲ་ཤད་ཏུ་སྣང་བ་འགོག་པ་ལྟར། །རྟགས་གཏན་ཚིགས་ཙམ་གྱིས་སྤྲོས་པ་འགོག །སྤྲོས་པ་བཀག་ཙམ་གྱི་ཤེས་པ་ལ། །སྤྲོས་བྲལ་དུ་རློམ་པར་བྱེད་པ་ཡི། །ཐལ་རང་བར་རློམ་པའི་དབུ་མ་ལ། །ཡོད་ན་ཡང་ལམ་འདིར་ཞུགས་ན་ལེགས། །སྟོང་ཉིད་ཆེད་དུ་མི་སྒོམ་ཞིང་། །དངོས་འཛིན་ཆེད་དུ་མི་སྤོང་བར། །གང་སྣང་གི་རང་སོར་རང་གློད་པས། །སྟོང་མི་སྟོང་གཉིས་ཀའི་བརྫུན་སྣང་དག །གཞི་རྩ་དང་བྲལ་བའི་གཉུག་མ་ལ། །སྟོབས་སོགས་ཀྱི་ཡོན་ཏན་མ་ལུས་རྣམས། །གཟོད་མ་ནས་རྣམ་ཀུན་མཆོག་ལྡན་པ། །འདི་དྭགས་པོ་བརྒྱུད་པའི་སྟོང་ཉིད་ཡིན། །སྟོང་གཞི་ཞིག་སྟོང་བྱས་སྟོང་པ་ལ། །ཡོངས་གྲུབ་ཀྱི་ཆོས་ཉིད་དུ་རློམ་དང་། །ཡོད་པ་བཀག་ཙམ་གྱི་མེད་པ་ལ། །སྟོང་ཉིད་དུ་འཛིན་པའི་མཁས་པ་འགའ། །ཡོད་ན་ཡང་ལམ་འདིར་ཞུགས་ན་ལེགས། །[24]ཞེས་མན་ངག་ཕྱག་རྒྱ་ཆེན་པོོ་རྩལ་དུ་འདོན་སྐབས་གཞན་དག་རྣམས་ཕལ་པའི་ཚུལ་དུ་གསུངས་པར་མཛད་དོ། །
རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས་ཀྱི་ཨ་ཞང་བཀྲ་ཤིས་བཟང་པོར་རྣམ་ཐོས་རི་བོར་མཛད་པའི་གསུང་ཞིག་ལས། དབུ་མ་རྣམས་ཀྱིས་ཆོས་ཐམས་ཅད་བདེན་པར་རང་བཞིན་རྣམས། དོན་དམ་པར་སྟོང་པ་ཉིད་སྤྲོས་པའི་མཐའ་དང་བྲལ་བ་ཤེས་པ་ནི་ལྟ་བ་ཡིན་ལ། དེ་ཡང་སྤྲོས་པའི་བདེན་པ་གྲུབ་པ་སོགས་ཀྱི་སྟོང་པ་ཡང་ཕྱག་ཆེན་གྱི་ཕྱོགས་གཅིག་ཙམ་བསྟན་ཏེ། འདི་ཡང་ཕྱག་ཆེན་གྱི་རྒྱ་ལས་མ་འདས་སོ། །དགོངས་པ་ངེས་འགྲེལ་སོགས་ལ་ཤེར་ཕྱིན་གྱི་མདོ་ལས་སྟོང་ཉིད་དུ་བཤད་པའི་དོན་ལ་ཆད་ལྟ་སྐྱེས་པ་ཡང་། སྐྲག་པ་སྐྱེས་པ་རྣམས་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་ནི། ཀུན་བཏགས་ཀྱིས་བཏགས་པར་བསྟན་པ་ཡིན་ལ། གཞན་དབང་དང་ཡོངས་གྲུབ་ཡོད་པ་ཡིན་ལ། ཡོད་མེད་སོ་སོར་ཕྱེས་ནས་བསྟན་པ་ཡང་། ཀུན་བཏགས་མིང་དང་བརྡས་བཞག་པ་ཡིན་པས། རང་གི་མཚན་ཉིད་ཀྱིས་མ་གྲུབ་གཞན་དབང་བཏགས་པའི་གཞི་དང་། དེ་ལ་བདག་ཉིད་དུ་བཏགས་པའི་ཀུན་བཏགས་ཀྱིས་སྟོང་ཉིད་ཡོངས་གྲུབ་མེད་པ་མ་ཡིན་པས། འདིས་ཀྱང་ཕྱག་ཆེན་ཕྱོགས་གཅིག་བསྟན་པས། ཕྱག་ཆེན་གྱི་རྒྱ་ལས་མ་འདས་སོ། །བདེར་གཤེགས་སྙིང་པོ་བསྟན་པའི་མདོ་ལས། དབྱེ་བ་དང་བཅས་པ་འབྲལ་ཤེས་པ་དྲི་མ་གློ་བུར་བ་ཐམས་ཅད་རང་གི་སྟོང་ཞིང་། ཡོན་ཏན་ཐམས་ཅད་དབྱེ་བ་མེད་པས་འབྲལ་མི་ཤེས་པ་ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་མི་སྟོང་ཞེས་པ་ཡང་། དྲི་མའི་ཆ་འབྲལ་དུ་རུང་བ་མི་བདེན་པའི་སྟོང་པ་དང་། ཆོས་ཉིད་ཡོན་ཏན་ཐམས་ཅད་དབྱེར་མེད་པས་མི་སྟོང་ཡང་། ཕྱག་ཆེན་གྱི་ཕྱོགས་གཅིག་ཙམ་ཡིན་པས། འདི་ཡང་ཕྱག་ཆེན་གྱི་རྒྱ་ལས་མ་འདས་སོ། །[25]ཞེས་སོགས་ནས། དེ་བས་ན་ཕྱོགས་རེ་བ་འདི་རྣམས་ཀྱིས་ཕྱག་ཆེན་ཡོངས་རྫོགས་ཀྱི་དོན་མིན་པས། ཞེས་གསུངས་པའི་ཕྱིར་ན། དེ་བཞིན་རྫ་ཡིག་པའི་དྲིས་ལན་སོགས་དྲིས་ལན་ཤིན་ཏུ་མང་པོའི་ནང་དུ་འཁོར་ལོ་བར་མཐའི་དོན་རྣམས་ཕྱག་ཆེན་གྱི་ཕྱོགས་རེ་ཙམ་སྟོན་པ་ཡིན་པས་ཟབ་དོན་མཐར་ཐུག་པ་མིན་ཞེས་ཡང་ནས་ཡང་དུ་གསུངས་པ་དང་། གྲུབ་ཆེན་ཀརྨ་པཀྴིས་ཀྱང་མདོ་སྡེ་རྒྱ་མཚོ་མཐའ་ཡས་དང་བཤད་པ་ཕུན་ཚོགས་རྒྱ་མཐའ་ཡས་རྣམས་སུ་དབུ་སེམས་གཉིས་ཀས་ལྟ་བ་ཕྱོགས་རེ་རེ་བ་ཙམ་སྟོན་པ་ཡིན་ཞེས་རྒྱ་ཆེར་གསུངས་ཡོད་པ་ཡིན་ནོ། །
དེས་ན་རང་རེའི་ལུགས་འདིར་མདོ་སྔགས་ཕྱོགས་རེ་བ་དེ་དག་གི་སྐབས་སུ་ཕྱག་རྒྱ་ཆེན་པོའི་དོན་ཕྱོགས་ཙམ་ལས་ཡོངས་སུ་རྫོགས་པར་མ་བསྟན་པས། ཕྱག་རྒྱ་ཆེན་པོའི་དགོངས་པ་ཡོངས་སུ་རྫོགས་པ་ནི་མདོ་ཕྱོགས་ཀྱི་རང་སྟོང་དང་གཞན་སྟོང་གི་ལྟ་བ་ཉི་ཚེ་བའི་ཕྱོགས་ཙམ་དུ་གཟུང་མི་རུང་ངོ་། །དེས་ན་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་གྲུབ་ཆེན་མར་པའི་ལུགས་ཀྱི་གནས་ལུགས་ཕྱག་ཆེན་གྱི་ཁྲིད་ཡིག་གནད་ཀྱི་ལྡེའུ་མིག་ལས། རང་ལྟ་མཆོག་ཏུ་འཛིན་པ་ནི་ཐེག་ཆེན་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་མཐར་ཐུག་པ་དབུ་མ་པ་དང་། ཐེག་ཆེན་གསང་སྔགས་ཀྱི་ལྟ་བ་གཉིས་སོ། །དབུ་མ་རབ་ཏུ་མི་གནས་པས་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་དོན་སྤྱིའི་རྟོགས་པ་ཙམ་གྱི་ལྟ་བ་དེ་ཡང་རྣལ་འབྱོར་པས་ཉམས་སུ་མྱོང་བའི་ལྟ་བ་དང་གཉིས་ཀ་རྒྱབ་འགལ་དུ་ཡོད་པས་ཤེས་བྱ་གཤིས་ཀྱི་གོལ་ས་ཆེན་པོ་ཡིན་ཅིང་། ཁྱད་པར་དུ་དེ་ཙམ་ལ་མཆོག་འཛིན་དང་རློམ་སེམས་སུ་བྱེད་ན་ཤེར་ཕྱིན་གྱི་གཟུགས་བརྙན་ཙམ་མོ། །དེ་དག་ལས་སེམས་ཙམ་མན་ཆད་ནི་དངོས་སྨྲའི་གྲུབ་མཐའ་ཡིན་ཞིང་དབུ་མ་ཆེན་པོའང་སྟོང་པ་ཕྱོགས་གཅིག་ཏུ་ཞེན་པས་ཕྱག་རྒྱ་ཆེན་པོའི་གོལ་ས་ཡིན། བྱ་སྤྱོད་རྣལ་འབྱོར་གསུམ་གྱི་ལྟ་བ་རེ་དོགས་དགག་སྒྲུབ་གཟུང་འཛིན་གྱི་རྣམ་རྟོག་ལས་མ་འདས་པས་དེ་རྣམས་ལ་མཆོག་ཏུ་ཞེན་ན་གནས་ལུགས་སྤྲོས་བྲལ་ཆེན་པོའི་གོལ་ས་ཡིན། རྣལ་འབྱོར་བླ་མེད་རྒྱུད་ཀྱི་ལྟ་བ་དོན་དམ་ཆོས་དབྱིངས་སྤྲོས་བྲལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་སྤྲོས་བྲལ་དུ་གནས་པ་དེ་ཉིད་ཐབས་ཐུགས་རྗེ་འགགས་པ་མེད་པའི་རྟགས་སུ་རྒྱལ་བ་རིགས་དྲུག་གམ་རིགས་བརྒྱའི་དཀྱིལ་འཁོར་དུ་སྣང་སྟེ། དེ་ཡང་ལྷ་ཡེ་ཤེས་སེམས་དཔའ་དང་བདག་དམ་ཚིག་སེམས་དཔའ་གཉིས་སུ་མེད་པའི་བསྐྱེད་རྫོགས་ཟུང་འཇུག་ཏུ་སྒོམ་པས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་འདོད་པ་དེ་ཡང་བློས་བྱས་ཡིད་ལ་བྱེད་པའི་ལྟ་སྒོམ་ལས་མ་འདས་པས་དེ་ཉིད་ལ་མཆོག་ཏུ་འཛིན་ཅིང་དམ་པར་ལྟ་ན། གནས་ལུགས་ཕྱག་རྒྱ་ཆེན་པོ་བློ་འདས་ཡིད་ལ་བྱར་མེད་པའི་གོལ་སའོ། །[26]ཞེས་བཀའ་བསྩལ་ཏོ། །དཔའ་བོའི་གསུང་འདི་ལས་འབྱུང་བ་ལྟར་རྗེ་ཆོས་གྲགས་རྒྱ་མཚོས་མཛད་པའི་ཕྱག་རྒྱ་ཆེན་པོའི་ཞལ་གདམས་རྣམས་དང་ཕྱག་ཆེན་དང་འབྲེལ་བའི་དྲིས་ལན་རྣམས་སུ་གསལ་བར་གསུངས་པ་རྣམས་ཀྱང་ཤེས་དགོས་སོ། །
གསུང་འདི་ནི། གྲུབ་ཆེན་ཀརྨ་པཀྴིས། སྟོང་ཆེན་རབ་ཏུ་མི་གནས་པ་ཐལ་འགྱུར་གྱི་ལྟ་བ། ཕྱག་རྒྱ་ཆེན་པོ་ཀུན་ཏུ་མཁྱེན་པ་ཐོགས་པ་མེད་པ་མ་ཡིན་པར་དམ་བཅའ། གཏན་ཚིགས་ཅིའི་ཕྱིར་ན། གར་ཡང་མི་གནས་ཤིང་ཅི་ལ་ཡང་མི་བརྟེན་པར་འདོད་པའི་ཕྱིར་རོ། །དེའི་ཕྱིར་ན་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་གྱི་འཇུག་སྒོ་དང་། ལྟ་སྤྱོད་སྒོམ་གསུམ་འབྲས་བུ་ལ་སོགས་པ། ཕྱག་རྒྱ་ཆེན་པོར་མ་རྫོགས་ཤིང་མ་རྟོགས་པ་གང་ཡང་མེད་པའི་ཕྱིར་རོ། །གཏན་ཚིགས་ཅིའི་ཕྱིར་ན། ཕྱག་རྒྱ་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་མཛོད་ལ་ཟད་པ་མེད་ཅིང་དབྲི་བ་མེད་པ་ཆོས་ཅན། དབང་པོ་རབ་འབྲིང་ཐ་མའི་སྒོ་ནས། མཚན་ཉིད་ཀྱི་ཐེག་པ་གསུམ་པོ་ངར་འཛིན་གྱི་ལྟ་བ་ཐ་དད་པ་དང་བཅས་པ་ཕྱག་རྒྱ་ཆེན་པོ་ལ་མ་སླེབ་པར་དམ་བཅའ། གཏན་ཚིགས་ཅིའི་ཕྱིར་ན། སྤང་བླང་རེ་དོགས་དུ་མ་ཡོད་པའི་ཕྱིར་རོ། །ཞེས་དང་། ཡང་རྗེ་དེ་ཉིད་ཀྱི་བསྟན་པ་རྒྱ་མཚོ་མཐའ་ཡས་ལས། ཕྱག་རྒྱ་ཆེན་པོ་རང་བྱུང་ཡེ་ཤེས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྟོགས་པ་རབ་འབྱམས་ཆོས་ཅན། ཉོན་མོངས་པ་སྤང་བྱ་དང་གཉེན་པོ་ཡེ་ཤེས་སོ་སོར་འདོད་པ་ཕྱག་རྒྱ་ཆེན་པོ་མ་ཡིན་པར་དམ་བཅའ། ཞེས་དང་། གྲུབ་ཆེན་ཀརྨ་པཀྴིས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པའི་ཕྱིར་ན་སྟོང་པ་དང་མི་སྟོང་པའི་ས་མཚམས་སྤུ་ཙམ་ཡང་མེད་པ་ཡིན། གཏན་ཚིགས་ཅིའི་ཕྱིར་ན། གང་ཞིག་ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་དུ་འདོད་ཅིང་། མཚན་མ་མེད་པར་ཡིད་ལ་བྱེད་ན། ཕྱག་རྒྱ་ཆེན་པོ་མ་ཡིན་ཞིང་ཕྱག་རྒྱ་ཆེན་པོ་སྟོང་ཉིད་ཕྱམ་ཆད་དུ་ཐལ་ལོ། །ཞེས་གསུངས་པ་རྣམས་དང་མཐུན་པར་མ་ཟད། ཆོས་རྗེ་སྒམ་པ་པའི་ཞལ་སྔ་ནས། ཐེག་ཆེན་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་གཉིས་ལས། ཕ་རོལ་ཏུ་ཕྱིན་པ་ནི་རྟེན་འབྲེལ་ལ་སོགས་པའི་ལུང་རིགཔའི་སྒོ་ནས་སྣང་བ་རང་བཞིན་མེད་པར་གཏན་ལ་ཕབ་ནས། མོས་པའི་སྟོང་ཉིད་དུ་སྒོམ་པ་ཡིན་ཏེ། དེ་ནི་དབུ་མའི་སྒོམ་ལུགས་སོ། །དེ་རང་ཡང་བསྒོམ་བྱ་བསྒོམ་བྱེད་དང་བཅས་པའི་གཉིས་འཛིན་གྱི་བློར་འདུག །དེས་ལྟ་བ་མ་རྟོགས། དངོས་པོ་ལ་གནོད་པ་ཅུང་ཟད་བསྐྱལ་བས་སྒྲིབ་པ་དཔག་ཏུ་མེད་པ་འཛད་དེ། སངས་རྒྱ་མི་ནུས་གསུང་། བཀའ་གདམས་པ་དང་མཚན་ཉིད་པ་ཐམས་ཅད་དེ་སྒོམ་པ་ཡིན་གསུང་། བླ་མ་མི་ལ་རས་པའི་ལུགས་ཀྱི་གསང་སྔགས་ལ་ཕྱག་རྒྱ་ཆེན་པོའི་བཞེད་ཀྱིས་འདི་སྐད་གསུངས། ཞེས་སོགས་གསུངས་པ་རྣམས་དང་མཐུན་ནོ། །
མདོར་ན། ཡན་ལག་དྲུག་གི་རྒྱས་འགྲེལ་ལས། དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་སྟོང་ཉིད་ལ་དཔྱོད་ལུགས་འདི་བས་བཟང་བ་མེད་ཀྱང་འདི་ནི་ཅི་ལྟར་བསྒོམས་ཀྱང་རྟོག་པ་ཡིན་པའི་ཕྱིར། སྟོང་ཉིད་ལ་གསལ་སྣང་ཐོབ་མི་སྲིད་ཅིང༌། འདི་ལྟ་བུ་ཡང་བསམ་བྱུང་གི་ཤེས་རབ་ཀྱི་སྐབས་སུ་མཆོག་ཡིན་མོད། ཕར་ཕྱིན་ཐེག་པར་ཡང་སྒོམ་བྱུང་གི་ཤེས་རབ་ཀྱི་ངོ་བོ་ནི་མི་སྲིད་དོ། །ཞེས་མདོ་ཕྱོགས་སུ་དབུ་མ་ཐལ་འགྱུར་བ་ལས་བཟང་བ་མེད་ཀྱང་གསང་སྔགས་དང་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་དེ་མདོ་ཕྱོགས་ཀྱི་དབུ་མ་ཐལ་འགྱུར་བའི་ལྟ་དགོངས་ཙམ་ལ་མི་འཇོག་པར་ཧ་ཅང་གསལ་པོར་གསུངས་པར་མཛད་དོ། །གནད་འདི་དང་མཐུན་པར་གྲུབ་ཆེན་ཀརྨ་པཀྴིས་ལུང་རིགས་རྒྱ་མཚོ་མཐའ་ཡས་དང་བཤད་པ་ཕུན་ཚོགས་རྒྱ་མཚོ་མཐའ་ཡས་བཅས་ལས་ཐལ་འགྱུར་བའི་ལྟ་བ་ནི་རྡུལ་བྲལ་གྱི་ལྟ་བ་མཐར་ཐུག་དང་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ཡོངས་སུ་རྫོགས་ཀྱང་ཕྱག་རྒྱ་ཆེན་པོའི་གོལ་ས་ཡིན་པར་གསུངས་པས། གོལ་ས་འདི་ཀ་ཕྱག་རྒྱ་ཆེན་པོའི་ལྟ་བ་ཡིན་ནོ་ཞེས་སྨྲ་བའི་དེང་གི་ཀར་བསྟན་འཛིན་པའང་ཤིན་ཏུ་མང་བར་སྣང་ངོ་། །འོ་ན་གོང་དེར་མདོ་སྔགས་གཉིས་ཀའི་ལྟ་དགོངས་ཕྱོགས་རེ་བ་རྣམས་ཕྱག་རྒྱ་ཆེན་པོའི་གོལ་སར་བཤད་ན་འོ་ན་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་དེ་ཇི་ལྟ་ཞིག་ཡིན་སྙམ་ན། ཤིན་ཏུ་ཟབ་པ་སྟེ། གསང་བའི་བཀའ་རྒྱ་མཛད་དོ། །
བརྗོད་ཚུལ་ཙམ་དུ། དཔའ་བོ་གཙུག་ལག་ཕྲེང་བའི་དྲིས་ལན་དུ། [27]རྗེ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་དབུ་མའི་ལྟ་བ་ཇི་ལྟར་བཞེད། ཉམས་རྟོགས་ཀྱི་འོད་གསལ་ནི་ཅི་ཞེས་སོགས་ཀྱི་ལན་ནི། སྤྱིར་ལྟ་བ་ནི་བློའི་འཛིན་སྟངས་ཙམ་ཡིན། གྲུབ་མཐའ་ནི་དེ་བདེན་ཞེན་གྱིས་ནན་ཏན་དུ་འགོད་པ་ཡིན། དེས་ན་ལྟ་བ་དང་གྲུབ་མཐའ་ནི་སོ་སོ་སྐྱེ་བོ་ལ་ཡིན་གྱི། འཕགས་པ་རྣམས་ནི་བཀའ་བརྒྱུད་རིན་པོ་ཆེ་དག་གི་གསུང་གིས་ལྟ་བ་དོར། གྲུབ་མཐའ་ཞིག་ཅེས་དང་། ཉམས་རྟོགས་པ་ཞིག་ཡོད་པ་རྨང་ནས་བསྒྱེལ། །ཆོས་མཁས་པ་ཞིག་ཤེས་པ་རྫུན་དུ་བཏང་། །ཞེས་གསུངས་པ་ལྟར་ཡིན་པས། བྱང་སེམས་འཕགས་པ་རྣམས་ལ་ཡང་ལྟ་གྲུབ་མེད་ན་སངས་རྒྱས་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེས་སོགས་ནས། ཡོད་མེད་གཉིས་ཀས་སྟོང་པས་ཐམས་ཅད་སྟོང་ཉིད་དུ་གསུངས་ཤིང་། སྟོང་པ་དེ་ཡང་སྟོང་པར་བློས་བཟུང་བ་ཙམ་ལ་མི་ཟེར་ཏེ། སྟོང་པར་འཛིན་པ་དང་མི་སྟོང་པར་འཛིན་པ་ཡང་མཐར་འཛིན་དུ་མཚུངས་ཤིང་། མཐར་འཛིན་པ་ན་ལྟ་བའི་དུག་ཡིན་པའི་ཕྱིར། དེས་ན་རང་སྟོང་གཞན་སྟོང་ཞེས་བྱ་བའི་ཕྱོགས་སུ་ལྷུང་བ་མེད་དེ། རང་གཞན་གདོད་ནས་མ་དམིགས་ཤིང་སྟོང་མི་སྟོང་གི་སྤྲོས་པ་གཟོད་མ་ནས་ཞི་བ་ལ་སྟོང་པ་ཉིད་ཀྱི་ཐ་སྙད་དུ་མཛད་ལ། དེ་ལྟར་ལྟ་བྱེད་ཀྱི་དམིགས་པ་ཞི་བ་ལ་དབུ་མའི་ལྟ་བ་ཞེས་མིང་ཙམ་དུ་བཏགས་སོ། །[28]ཞེས་པའི་བར་དུ་གསུངས་སོ། །
དེ་བས་བརྗོད་ཚུལ་ཙམ་དུ་མདོ་སྔགས་གཉིས་ཀྱི་སྤྲོས་བཅས་ཀྱི་ལམ་ལ་མ་ལྟོས་པའི་སྙིང་པོའི་གསང་ལམ་ཞེས་ཀྱང་འཆད་པར་མཛད་པ་ནི་བཀའ་བརྒྱུད་འདི་པའི་ལམ་སྲོལ་འཁྲུལ་མེད་ཡིན་ཏེ། རྗེ་བཙུན་མི་བསྐྱོད་རྡོ་རྗེས། ཀུན་ཁྱབ་མོས་གུས་ཕྱག་ཆེན་བྱ་བའི་བཅོས་མིན་གྱི་དད་པ་སྐྱེས་ནས་མཁའ་མཉམ་གྱི་མ་རྒན་བླ་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཆེད་དུ་བདག་རྟོགས་ལྡན་གྱི་བླ་མ་འདི་དང་སྐད་ཅིག་གཅིག་ལ་སྐུ་གསུང་ཐུགས་རོ་མཉམ་པར་གྱུར་ཅིག་སྙམ་པའི་དད་མོས་བྱང་ཆུབ་ཀྱི་སེམས་ཚད་མེད་པ་ཞིག་སྐྱེས་པ་ན་རྐྱེན་དེ་ཉིད་ཀྱི་དགེ་བས་བསོད་ཚོགས་གཞལ་དུ་མེད་པར་རྫོགས་ནས་སྔགས་ཀྱི་ཆོ་གའི་ཕྱིའི་རིག་མ་དང་ནང་གི་གཏུམ་མོ་སོགས་ཀྱི་རྟེན་འབྲེལ་གྱི་ཐབས་ལམ་དུ་མ་མ་བསྒྲིགས་ཀྱང་། བྱང་ཆུབ་སེམས་ཀྱི་མོས་གུས་དེ་ཉིད་ཀྱིས་གསང་སྔགས་ཐབས་ལམ་གྱི་རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་སོང་ནས་ཡེ་ཤེས་ཀྱི་ཚོགས་ཐུགས་རྡོ་རྗེ་འདི་ཉིད་མངོན་དུ་མཛད་པ་ཡིན་ལ། འདི་ལྟར་མངོན་དུ་མཛད་པ་མདོ་དང་སྔགས་ཀྱི་གསུང་རབ་ཀྱི་གཞུང་ལུགས་ནས་འབྱུང་བའི་མཐོང་ལམ་ཐོབ་པ་དང་གནད་གཅིག་ཏུ་འདུའམ་སྙམ་ན། མདོ་སྔགས་ནས་བཤད་པའི་མཐོང་ལམ་དེ་དང་འདི་དོད་མཚུངས་སྦྱར་ན་དོད་མཚུངས་པ་ཙམ་སྦྱོར་དུ་རུང་ཡང་དོད་ཐུབ་པ་ནི་མ་ཡིན་ཏེ། མདོ་སྔགས་ཀྱི་གསུང་རབ་ནས་བྱུང་བའི་མཐོང་ལམ་དེ་ལས་འདིའི་རྟོགས་པ་འདི་རྟོགས་བྱ་ལྟ་བ་དང་རྟོགས་བྱེད་ཀྱི་ཐབས་ཐམས་ཅད་དེ་དག་ནས་བྱུང་བའི་བསྒྲུབ་བྱ་སྒྲུབ་བྱེད་རྣམས་ལས་ལྷག་པའི་ཕྱིར། ཞེས་བཀའ་བསྩལ་ཏོ། །ཞེས་དང་། དབང་པོ་ཡང་རབ་ལ་ཐ་མལ་གྱི་ཤེས་པ་མངོན་དུ་བྱེད་པ་ལ་མདོ་སྔགས་ཀྱི་ཆོ་ག་ལ་མ་ལྟོས་པའི་མོས་གུས་ལམ་བྱེད་ཀྱི་ཚུལ་འདི་ནི་རྡོ་རྗེ་འཆང་ནས་ཏཻ་ལོ་ནཱ་རོ་ལ་བརྒྱུད་པས་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་ནས་ཐུགས་སུ་བརྒྱུད་པའི་མདོ་སྔགས་མཐའ་དག་གི་ཆོས་ཀྱི་བསྟན་དོན་གྱི་སྙིང་པོ་དང་ཉིང་ཁུ་མཐར་ཐུག་པ་ཡིན་པས། མདོ་སྔགས་ཕྱོགས་རེའི་ཆོས་ཚུལ་གྱིས་ལམ་སྒྲུབ་པའི་ཆོ་ག་ཐ་མལ་གྱི་ཤེས་པ་མངོན་དུ་བྱེད་པའི་རིང་ལུགས་འདི་ལ་མ་ཚང་བས་རྡོ་རྗེ་འཆང་གི་མདོ་སྔགས་ཀྱི་དགོངས་དོན་དང་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་གྱི་སྲོག་གནད་ཡིན་པ་ལ་གནོད་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་ནའང་དྭགས་པོ་བཀའ་བརྒྱུད་ཀྱི་བཞེད་པ་ཐུན་མོང་མིན་པ་ནི་ཐ་མལ་གྱི་ཤེས་པ་ཞེས་བྱ་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་རང་གི་ངོ་བོ་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟ་བུ་དེ་མངོན་དུ་བྱས་པ་ན་ས་དང་པོའི་བདེན་པ་མཐོང་བར་འཇོག་པ་ཡིན་ནོ། །དེས་ན་ཕར་ཕྱིན་ཐེག་པའི་ལུགས་ཀྱི་ས་དང་པོ་དང་། གསང་སྔགས་བླ་མེད་སྤྱི་པས་འདོད་པའི་ས་དང་པོ་དང་། བཀའ་བརྒྱུད་དྭགས་པོ་ལྷ་རྗེའི་བཞེད་པའི་ས་དང་པོ་གསུམ་ནི་གླང་ཆེན་རི་མོར་བྲིས་པ་དང་། ཕྲུ་གུ་མངལ་དུ་ཡོད་པ་དང་། གླང་ཆེན་ཐལ་དཀར་དངོས་སུ་སྟོན་པ་དང་འདྲ་བ་གསུམ་ཡིན་པས་དྭགས་སྐོར་བའི་མཐོང་ལམ་ཐོབ་པ་དེ་ནི་མདོ་སྔགས་གཉིས་སོ་སོའི་འདོད་པའི་བདེན་པ་མཐོང་བ་ལས་ཁྱད་ཞུགས་པས་མཐོང་ལམ་ཐོབ་པའི་རྣལ་འབྱོར་པས་མདོ་སྔགས་གཉིས་སོ་སོའི་འདོད་པའི་བདེན་པ་མཐོང་བའི་རྣལ་འབྱོར་པ་མཐུ་རྫུ་འཕྲུལ་གྱི་ཟིལ་གྱིས་གནོན་ནུས་པ་ཡིན་ནོ། །འདི་ལ་དགོངས་ནས་གྲུབ་ཆེན་ཀརྨ་པཀྴིས། མཐོང་ལམ་ལ་དང་པོ་གཉིས་པ་གསུམ་པ་གསུམ་དུ་དབྱེ་བར་མཛད་དོ། །ཞེས་སོགས་གསུངས་སོ། །
དེ་ལྟར་གསུངས་པ་ཡང་དྭགས་པོ་རིན་པོ་ཆེའི་གསུང་བསྒོམ་ཚུལ་གྱི་ཞུས་ལན་ལས། ལྟ་བ་ཆ་མཐུན་ཁྱད་འཕགས་ཅིག་ཞུ་ཞུས་པས། སེམས་ཙམ་དང་ཐམས་ཅད་སེམས་སུ་འདུས་པས་མཐུན། སེམས་ཙམ་ནི་སེམས་དོན་དམ་དུ་འདོད་ལ། ངོ་བོ་ནི་སེམས་སྐྱེ་བ་མེད་པས་འཕགས། དབུ་མ་དང་སྤྲོས་བྲལ་དུ་མཐུན་ཏེ། ཡེ་ཤེས་ཀྱིས་ཁྱད་པར་འཕགས། སྔགས་ཀྱི་ཐེག་པ་ཚོ་ནི་རྣམ་བདེན་དུ་མི་འདོད། རྣམ་པར་གྲོལ་བའི་ལམ་དང་མཐུན་ཏེ། མ་རྒྱུད་པ་བདེ་བ་ཡུལ་དུ་བྱས་ནས་བསྒོམ། རྫོགས་ཆེན་སྟོང་པ་ཡུལ་དུ་བྱས་ནས་བསྒོམ། ཕྱག་རྒྱ་ཆེན་པོ་བ་བཏང་སྙོམས་ཡུལ་དུ་བྱས་ནས་བསྒོམ། དེ་ཚོ་བློས་བྱས་ཡིན། བློས་མ་བྱས་པའི་ངོ་བོ་གནས་ལུགས་བསྒོམས་པས་ངོ་བོ་འཕགས། ཞེས་སོགས་གསུངས་པའི་དགོངས་པའོ། །དེ་ལྟའི་སེམས་ངོ་རྐྱང་དེད་ཀྱི་ལམ་སྲོལ་འདིས་མཆོག་གི་དངོས་གྲུབ་ཐོབ་པའི་དུས་ཚད་ནི་ཤིན་ཏུ་མྱུར་བ་སྟེ། ཀུན་མཁྱེན་མི་བསྐྱོད་པའི་མཉན་པ་སངས་རྒྱས་ཀྱི་དག་སྣང་ཞང་བཀའ་རྒྱ་མའི་དབང་བསྐུར་ལས། འདི་ཁོ་ན་ཇི་ལྟར་འགོར་ཡང་ལོ་བཅུ་གཉིས་སུ་དྲིལ་ཏེ་བསྒོམ་ན་མཆོག་གི་དངོས་གྲུབ་ཐོབ་པར་ཐག་ཆོད་པས། མ་མཐའ་ཡང་འདི་ཁོ་ན་ལ་ལོ་བཅུ་གཉིས་བར་སྒྲུབ་པར་བྱེད་པ་མ་གཏོགས་པ་ལ་སྦྱིན་ན་དམ་ལས་འདས་སོ། །ཅིག་ཅར་བའི་རྟོགས་ལྡན་ཆེན་པོ་ས་ར་ཧ་ལྟ་བུ་ཡིན་ཡང་ཟླ་བ་དགུར་མཚམས་མི་གཅད་པ་ལ་སྦྱིན་པར་མི་བྱའོ། །ཞེས་གསུངས་པ་ལྟར་རོ། །
མཇུག་བསྡུ།
དེ་ལྟར་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ད་བཞུགས་ཀྱི་གཞུང་ཡོངས་རྫོགས་ལ་ཞིབ་མཇལ་བྱས་ཏེ་རྗེ་དེ་ཉིད་ཀྱི་མདོ་སྔགས་དབུ་མའི་ལྟ་དགོངས་བཞེད་པ་ཅི་འདྲ་ཞིག་ཡོད་པའི་སྐོར་བཤད་ཅིང་། དེ་ཡང་རྗེ་མི་བསྐྱོད་རྡོ་རྗེ་དང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་ཀརྨ་པཀྴི་དང་ཆོས་རྗེ་དྭགས་པོ་ལྷ་རྗེ་བཅས་ཀྱི་གཞུང་དང་སྦྱར་ནས་ཞིབ་ཏུ་བཤད་པས་རང་ལུགས་ཀྱི་མདོ་སྔགས་དབུ་མའི་ལྟ་དགོངས་བཤད་སྲོལ་དྲི་མ་མེད་པ་ཉིད་གསལ་བར་བྱས་པ་སྟེ། མདོ་ཕྱོགས་ཀྱི་དབུ་མའི་ལྟ་དགོངས་མཐར་ཐུག་པ་རང་སྟོང་ཐལ་འགྱུར་བའི་ལྟ་དགོངས་དང་། རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལྟ་དགོངས་མཐར་ཐུག་པ་ལྷན་ཅིག་སྐྱེས་པ་ཡེ་ཤེས་ཀྱི་ལྟ་དགོངས་དང་། དེ་གཉིས་ཟུང་འཇུག་ལས་མདོ་སྔགས་ཟུང་འཇུག་གམ་རང་སྟོང་གཞན་སྟོང་ཟུང་འཇུག་གི་ལྟ་དགོངས་གོ་དགོས་པའི་ཚུལ་བཅས་བཤད། སླར་མདོ་སྔགས་ཕྱོགས་རེ་བའི་ལྟ་དགོངས་ཀུན་ལས་ལྷག་པའི་སྣང་སྲིད་རང་གྲོལ་རིས་མེད་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་ཞེས་དེ་ལྟར་རིམ་པ་གསུམ་གྱི་སྟེང་ནས་ངེས་པར་བྱ་དགོས་པའི་ཚུལ་གསལ་བར་བྱས་སོ། །དེ་ལྟར་དཔའ་བོ་གཙུག་ལག་ཕྲེང་བའི་གཞུང་ལས་བྱུང་བའི་ཚུལ་དང་དེ་ཉིད་ཀརྨ་པ་གོང་འོག་རྣམས་ཀྱི་གསུང་དང་སྦྱར་ནས་བཤད་པས་རང་ལུགས་དྲི་མ་མེད་པའི་ལྟ་དགོངས་ཁོང་དུ་ཆུབ་པའི་ཡན་ལག་ཏུ་འགྱུར་ངེས་སོ་སྙམ་མོ། །
དཔྱད་ཡིག་དང་ཞབས་མཆན།
[1] བཀའ་བསྟན་དུ་འདི་ཡི་ལུང་ཁུངས་གསལ་པོར་མ་རྙེད་ཀྱང་། དབུ་མ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད། དཔལ་སྤུངས་པར་མ། ལྡེབ། ༤
[2] མ་ཕྱི་དཔེ་རྙིང་། ཤོག་གྲངས། (༡༦བ)
[3] དབུ་མ་དྭགས་བརྒྱུད་གྲུབ་ཤིང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་མཛད། དཔལ་སྤུངས་པར་མ། ཤོག་གྲངས། ༣
[4] བྲིས་མ་སྣ་རིང་། ཤོག་གྲངས། (༣༦ན)
[5] སྡེ་དགེའི་བསྟན་འགྱུར། དབུ་མ། པོད། ཀི། ཤོག་གྲངས། ༡༡༣
[6] དཔལ་སྤུངས་པར་མ། (༢༧༢བ)
[7] སྡེ་དགེའི་པར་མ། (༡༤༧བ) (༡༤༨ན)
[8] ༼མ་དཔེར་ལྡེབ་བཞི་བཅུའི་རྒྱབ་ཤོག་དང་། ཞེ་གཅིག་གི་མདུན་ཤོག་མི་ཚང་བས་དཔེ་གཞན་ནས་གསབ་ཡོད།༽
[9] མ་དཔེ་བྲིས་མ། ཤོག་གྲངས། (༤༠བ)
[10] མ་ཕྱི་དཔེ་རྙིང་ཤོག་གྲངས། (༡༦བ)
[11] མ་དཔེ་བྲིས་མ་སྣ་རིང་། ཤོག་གྲངས། (༣༦བ)
[12] མ་དཔེ་བྲིས་མ། ཤོག་གྲངས། (༡༠ན)
[13] མ་དཔེ་བྲིས་མ། ཤོག་གྲངས། (༢༡ན)
[14] མ་ཕྱི་དཔེ་རྙིང་། ཤོག་གྲངས། (༡༣བ)
[15] མ་དཔེ་བྲིས་མ། ཤོག་གྲངས། (༡༩ན)
[16] མ་དཔེ་བྲིས་མ་སྣ་རིང་། ཤོག་གྲངས། (༦༠ན)
[17] མ་དཔེ་དཔེ་རྙིང་། ཤོག་གྲངས། (༡༥༦ན)
[18] མ་དཔེ་དཔེ་རྙིང་། (༡༣༠ན)
[19] མ་དཔེ་དཔེ་རྙིང་། ཤོག་གྲངས། (༡༤༨ན) (༡༤༨བ)
[20] མ་དཔེ་དཔེ་རྙིང་། ཤོག་གྲངས། (༡༣༣ན) (༡༣༣བ)
[21] མ་དཔེ་དཔེ་རྙིང་། ཤོག་གྲངས། (༢༠༢ན)
[22] མ་དཔེ་དཔེ་རྙིང་། ཤོག་གྲངས། (༣༥༣ན)
[23] དཔེ་རྙིང་བྲིས་མ། ཤོག་གྲངས། (༤བ)
[24] དཔེ་རྙིང་བྲིས་མ། ཤོག་གྲངས། (༡༨ན) (༡༨བ)
[25] མ་དཔེ་བྲིས་མ། (༣༢༡ན)(༣༢༡བ)
[26] མ་དཔེ་བྲིས་མ། ཤོག་གྲངས། (༡༠ན)
[27] འདི་བྱང་སྟག་ལུང་པ་དགེ་སློང་བཀྲས་རྒྱམ་གྱི་དྲིས་ལན་ནས་ཕྱུང་བར་འདུག་ལ་དྲིས་ལན་ཆེ་བ་དངོས་སླར་བཙལ་བར་བྱའོ། །
[28] མ་དཔེ་དཔེ་རྙིང་བྲིས་མ། ཤོག་གྲངས། (༨བ) (༩ན)
– – – – –
![]()



