ནང་དོན་གནད་བསྡུས། ཐོག་མར་ཤེས་པའམ་ཡིད་བློ་གསལ་རིག་ཡོད་པར་བསྒྲུབས་ཡོད་ཅིང་། ཡིད་བློ་གསལ་རིག་ཡོད་ན་དེ་ལ་རྒྱུ་ཡོད་མེད་གཉིས་ལས་རྒྱུ་ཡོད་པའི་འདུས་བྱས་སུ་བསྒྲུབས་པ་དང་། རྒྱུ་ཡོད་པའི་འདུས་བྱས་ལ་རྒྱུ་བེམ་རིག་གང་རུང་ཡིན་དགོས་པ་ལས་རྒྱུ་བེམ་པོ་ཡིན་པ་བཀག་ཡོད་ཅིང་། དེ་ཡང་བེམ་པོ་ཉིད་ཡིད་བློའི་བདག་རྐྱེན་དང་ཉེར་ལེན་གཉིས་ཀ་ཡིན་པ་བཀག་ནས་ཤེས་པའི་ཉེར་ལེན་ནམ་རྫས་རྒྱུན་ལ་ཤེས་པ་ཁོ་ན་ཡིན་དགོས་པར་བསྒྲུབས་ཡོད།
བརྡ་ཆད་གཙོ་བོ། སྐྱེ་བ་སྔ་ཕྱི། ཡིད་བློ། རྫས་རྒྱུན། རྣམ་འགྲེལ།
གླེང་སློང་བ།
དེ་ཡང་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཙནྡྲ་ར་ཧི་ལས་མཛད་པའི་རིན་པོ་ཆེའི་ཕྲེང་བ་ལས། དེ་ཉིད་ས་ཆུ་མེ་རླུང་བཞི། །ཤི་ནས་རྟེན་ལུས་ཞིག་པ་ན། །མར་མེ་ཤི་བ་འོད་མེད་བཞིན། །སེམས་ཀྱང་གཞན་དུ་སྐྱེ་མེད་འདོད། །སྐྱེ་བ་སྔ་ཕྱི་མེད་པས་ན། །སྒྲིབ་སྤངས་ཚོགས་བསགས་མེད་འཕགས་པའི། །སྐྱེ་བ་དུ་མས་བསྒྲུབས་པ་ཡི། །སངས་རྒྱས་མེད་ཅིང་དེས་གསུངས་པའི། །ཆོས་ཀྱང་མེད་ཅིང་དེ་སྒྲུབ་པའི། །དགེ་འདུན་མེད་ཅེས་རྒྱང་པན་ཟེར། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་དམ་མེད་པར་ཐལ། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་ལྟོས་དང་བཅས་ཕྱིར་རོ། །རྒྱུ་མེད་འབྲས་བུ་མི་འབྱུང་ཕྱིར། །སྐྱེ་བ་ཐོག་མ་མེད་པར་གྲུབ། །རིམ་དང་ཅིག་ཅར་མི་སྲིད་ཕྱིར། །རྟག་ལ་སྐྱེ་བ་མེད་ཕྱིར་དང་། །མི་མཐུན་ཉེར་ལེན་རྒྱུས་བསྐྱེད་ན། །ཀོ་ཏྲ་པ་ལས་འབྲས་སྐྱེར་ཐལ། །དེ་ཕྱིར་འབྱུང་ཆེན་ལ་སོགས་ལས། །སེམས་ཅན་སྐྱེ་བར་མི་བརྗོད་དོ། །ནུས་པ་ཐོགས་མེད་རྒྱུ་ལས་ནི། །མ་འོངས་པ་ཡི་འབྲས་བུ་འགྲུབ། །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །འབྱུང་རུང་མ་འོངས་སྒྲུབ་བྱེད་པའོ། །[1]ཞེས་པའི་ཚིགས་སུ་བཅད་པས་མཚམས་སྦྱར་སྟེ། དཔྱད་རྩོམ་འདིའི་བརྗོད་བྱའི་གོ་རིམ་ཡང་ཁོང་གིས་གསུངས་པའི་ཚིགས་སུ་བཅད་པ་འདི་དག་གི་རིམ་པ་དང་བསྟུན་ཏེ་འབྲི་བར་འདོད། དེ་ཡང་གྲུབ་མཐའ་དང་སྡེ་པ་ས་ཕྱོགས་མི་གཅིག་པའི་བདག་ཅག་གི་སྟོན་པའི་རྗེས་འབྲངས་པ་ཡོངས་ཀྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནས་ད་བར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་རིང་ལ་ཐུན་མོང་དུ་ཁས་ལེན་ཞིང་བརྒྱུད་འཛིན་བྱས་པའི་ནང་པའི་གཞི་ལམ་འབྲས་གསུམ་གྱི་གྲུབ་མཐའི་རྨང་འཛུགས་ས་ནི་སྐྱེ་བ་མང་པོར་རྒྱུན་མི་ཆད་པར་ཡོང་བར་གྲགས་པའི་སེམས་གསལ་རིག་འདི་ཉིད་ལ་ཐུག་ཡོད་ཅིང་། སྐྱེ་བ་མང་པོར་རྒྱུན་མི་ཆད་པར་ཡོང་བར་གྲགས་པའི་སེམས་གསལ་རིག་གམ་སྐྱེ་བ་སྔ་ཕྱི་འདི་ཉིད་ཡང་དག་པར་གྲུབ་ན་ནི་ནང་པའི་བསྟན་པ་རྩ་བ་སྨིན་པའི་སྡོང་པོ་བཞིན་དུ་བརྟན་པོར་གནས་ངེས་ལ། གལ་ཏེ་དོན་དངོས་སུ་སྐྱེ་བ་སྔ་ཕྱི་ཟེར་བ་ཞིག་མེད་པར་གོ་ན་ནི་གྱང་ཞིག་པའི་རི་མོ་བཞིན་ནང་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གཏན་ཡལ་དུ་འགྲོ་བས་འདི་ཉིད་དགོས་གལ་དུ་མཐོང་།
དེ་ཡང་སྤྱིར་སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་གླེང་སློང་འདི་ནི་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན་ལོ་སྟོང་ཕྲག་གཉིས་ལྷག་གི་ཡར་སྔོན་ཙམ་ནས་དུས་དེང་སང་བར་དུ་རྒྱུན་མ་ཆད་པར་དགག་སྒྲུབ་བྱས་ནས་ཡོང་བ་ཞིག་ཡིན། མ་གཞི་སྐྱེ་བ་སྔ་ཕྱི་ཡོད་དམ་མེད་ཅེས་པའི་དྲི་བ་འདི་ནི་མིའི་རིགས་ལ་ཆེས་གལ་ཆེ་བའི་དྲི་བ་ཞིག་ཡིན་ཡང་མི་རྣམས་ཀྱིས་ཤེས་དཀའ་བའི་ལྐོག་གྱུར་གྱི་གསང་བ་ཞིག་ཏུ་གྱུར་ཡོད། འདི་ལ་འཛམ་གླིང་ཤར་ནུབ་ཀྱི་ས་ཕྱོགས་མི་འདྲ་བ་དག་ལ་སྐྱེ་བ་སྔ་ཕྱི་ཡོད་མེད་ལ་འདོད་པ་མི་མཐུན་པ་ནི་སྔ་མོ་ནས་བྱུང་ཡོད་དེ། དཔེར་ན་ནུབ་ཕྱོགས་སུ་ལྷ་ཡོད་སྨྲ་བ་དང་ལྷ་མེད་སྨྲ་བ་ཟེར་བའི་ཕྱོགས་གཉིས་བྱུང་ཞིང་། དང་པོས་ནི་སྐྱེ་བ་སྔ་ཕྱི་ཙམ་ཁས་ལེན་པ་དང་། ཕྱི་མའི་རྗེས་འབྲངས་འགའ་རེས་ནི་སྐྱེ་བ་སྔ་ཕྱི་མི་བཞེད་པར་འདུག དེ་བཞིན་དུ་ཤར་ཕྱོགས་སུ་ཡང་སངས་རྒྱས་མ་བྱོན་པའི་སྔ་རོལ་ཙམ་ནས་རྒྱ་གར་དུ་དར་ཁྱབ་ཆེ་བའི་གྲངས་ཅན་པའི་གྲུབ་མཐའ་སོགས་ཆོས་ལུགས་མང་པོ་ཞིག་གིས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱིན་ཡོད་ལ། རྒྱང་འཕེན་པ་སོགས་ཁས་མི་ལེན་པ་ཡང་མང་པོ་འདུག འོ་ན་ང་ཚོས་ཤེས་དགོས་པ་ཞིག་ལ་སྐྱེ་བ་སྔ་ཕྱི་ཁས་ལེན་མིན་དེ་ངེས་པར་ཆོས་ལུགས་དང་འབྲེལ་བ་ཡོད་དམ་མེད་ཅེ་ན། ཆོས་ལུགས་མང་ཆེ་ཤོས་ཀྱིས་སྐྱེ་བ་སྔ་ཕྱི་ཁས་ལེན་པ་བདེན་ཡང་མཐའ་གཅིག་ཏུ་ངེས་པ་མི་སྣང་སྟེ། དཔེར་ན་དུས་རབས་དྲུག་པའི་སྔོན་དུ་ཡོད་པའི་བཙན་པོའི་རྒྱལ་རབས་ཀྱི་མཆོད་གནས་བོན་རྙིང་པ་ཡང་ལྷ་ཀླུ་གཉན་གསུམ་མཆོད་པའི་ཆོ་ག་ཆ་ཚང་བའི་ཆོས་ལུགས་ཤིག་ཡིན་ཡང་། ད་བར་ལག་སོན་བྱུང་བའི་དཔྱད་གཞི་ཡིག་ཆ་འགའ་རེ་ལྟར་ན་སྐྱེ་བ་སྔ་ཕྱི་ཟེར་བ་ཞིག་ཁས་ལེན་པའི་བདེན་དཔང་མ་རྙེད། དེ་བཞིན་དུ་བཤད་རྒྱུན་ལྟར་ན་རྒྱང་འཕེན་པ་ཡང་ལྷ་ཡུལ་ནས་མི་ཡུལ་དུ་དར་བའི་ཆོས་ལུགས་ཤིག་ཡིན་པར་གྲགས་ཀྱང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་གྲུབ་མཐའ་འཛིན་པར་ཡོངས་སུ་གྲགས། གཞན་ཡང་ནུབ་ཕྱོགས་སུ་གནའ་བོའི་དུས་ན་ཆོས་ལུགས་དང་མ་འབྲེལ་བར་མཚན་ཉིད་རིག་པའི་དཔྱད་ཐབས་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཡོད་པར་ཐོས་ལ། དེང་སང་ཡང་ཆོས་ལུགས་གཏན་ནས་ཁས་མི་ལེན་ཡང་ཚན་རིག་གི་ཞིབ་འཇུག་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་ཚན་རིག་པ་ཡོད་པར་གྲགས། དེ་བས་ཆོས་ལུགས་ཁས་བླངས་ན་སྐྱེ་བ་སྔ་ཕྱི་ཁས་ལེན་དགོས་པ་དང་ཆོས་ལུགས་ཁས་མ་བླངས་ན་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་ངེས་པ་གཉིས་ཀ་མེད་པས་ན། སྐྱེ་བ་སྔ་ཕྱི་ཁས་ལེན་མིན་ནི་ཆོས་ལུགས་དང་ངེས་པར་འབྲེལ་དགོས་པ་ཞིག་མིན་པར་མིའི་རིགས་ཀྱི་ཤེས་བྱ་དག་ལས་ཆེས་གལ་ཆེ་བའི་ཚེ་སྲོག་གི་ཆོས་ཉིད་ལ་ངོས་འཛིན་སྟངས་མི་འདྲ་བ་ཙམ་དུ་སྣང་། ཡང་འགའ་ཞིག་གིས་བསམ་ན་སྐྱེ་བ་སྔ་ཕྱི་གླེང་བ་ནི་རིག་གནས་རྙིང་པ་བསྐྱར་ཟློས་བྱས་པ་དང་ཡང་ན་རིན་ཐང་མེད་པའི་ཤེས་བྱ་ཞིག་ལ་གླེང་སློང་བྱས་པར་ངོས་འཛིན་བྱེད་སྲིད་ཀྱང་། དོན་དུ་སྐྱེ་བ་སྔ་ཕྱི་ལ་གླེང་སློང་བྱེད་པ་ནི་མིའི་རིགས་ཀྱི་ཤེས་བྱ་དག་ལས་ཚེ་སྲོག་གི་ངོ་བོ་ལ་དཔྱད་ཞིབ་བྱེད་སྟངས་ཤིག་ཡིན་པས་གལ་འགང་ཆེ་བར་མཐོང་སྟེ། ཨ་རིའི་མྱོང་རྟོགས་དབང་རྩའི་ཚན་རིག་པའི་ཕ་ཡབ་ཏུ་གྲགས་པའི་ཀ་ཟ་ནིས་ཀས་བརྩམས་པའི། ཀླད་པ་ཟུང་གི་ཟིན་ཐོ། Tale both sides of the Brain: Alife in Neurosciencel ཞེས་པ་ལས། མིའི་རིགས་ཀྱི་ལོ་རྒྱུས་ལས་ཅི་ནུས་ཀྱིས་གཏིང་ཟབ་མོར་སྔོག་འདོན་བྱས་པ་ན། བསམ་པའི་སྐོར་གྱི་ཟིན་བྲིས་ཤིག་ཡིན་ཕྱིན། མིའི་རིགས་ཀྱིས་ཚེ་སྲོག་གི་ངོ་བོ་ལ་བསམ་གཞིག་བྱས་པའི་ཟིན་བྲིས་དག་འབྱུང་བར་འགྱུར་རོ། །[2]ཞེས་གསུངས་པ་བཞིན་ནོ། །
གཅིག །སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས།
འོ་ན་སྐྱེ་བ་སྔ་ཕྱི་ཡོད་པར་སྨྲ་མཁན་དག་གིས་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཁས་ལེན་ཞེ་ན། ཆོས་ལུགས་དང་འབྲེལ་མ་འབྲེལ་མ་འབྲེལ་ཅི་རིགས་པའི་བརྟག་ཐབས་མང་པོ་ཞིག་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་སྒྲུབ་ཀྱིན་ཡོད་ལ། དེ་ལས་ཀྱང་ཆོས་ལུགས་མང་ཤོས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པས་ཆོས་ལུགས་རང་རང་ལ་ལྟོས་པའི་རྒྱུ་མཚན་མང་ཙམ་བཤད་དུ་ཡོད་པར་མངོན།
དེ་དག་ལས་ང་ཚོས་གོ་ཐོས་སུ་ཡོད་པའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་དག་གནད་བསྡུས་ན་བདུན་དུ་འདུ་སྟེ། ནང་པའི་གཞུང་ནས་བཤད་པའི། ༡ རིགས་འདྲ་སྔོན་སོང་དང་། ༢ ཉེར་ལེན་སྔོན་སོང་། ༣ གོམས་པ་སྔོན་སོང་། ༤ དྲན་པའི་རྟགས་ཀྱིས་བསྒྲུབ་པ་བཞི་དང་། གཞན་ཡང་། ༥ གཉིད་དང་རྨི་ལམ་གྱི་གནད་ལ་བརྟེན་ནས་སྲིད་པ་ཕྱིར་ཟློག་གིས་སྐྱེ་བ་སྔ་མ་སྒྲུབ་པ། འདིའི་དོན་ནི་གཉིད་འབེབས་བྱེད་པ་པོས་གཉིད་འབེབས་བྱ་ས་གཉིད་སྲབ་མོ་ཞིག་གི་ངང་དུ་གནས་སུ་བཅུག་ནས་སྐྱེ་བ་སྔ་མ་དང་འབྲེལ་བའི་དྲི་བ་སྣ་ཚོགས་དྲིས་པ་ལ་ལན་བཏབ་པ་རྣམས་དོན་དངོས་དང་མཐུན་མིན་ཞིབ་དཔྱད་བྱས་ནས་ར་འཕྲོད་པའི་ཞིག་ལ་ཟེར། ༦ ལུས་གཅིག་ལ་རྣམ་ཤེས་དུ་མས་བླང་དོར་བྱེད་པ་དང་། རྣམ་ཤེས་གཅིག་གིས་ལུས་དུ་མ་ལ་འཇུག་ལྡོག་བྱེད་པས་བསྒྲུབ་པ། འདི་ནི་ཚེ་སྲོག་ཅེས་པ་ད་ལྟའི་ལུས་འདི་ཙམ་མ་ཡིན་པར་འདི་ལ་བརྟེན་པའི་རྣམ་ཤེས་ཤིག་ལ་འདོད་དགོས་པ་དང་། རྣམ་ཤེས་ནི་ད་ལྟའི་ལུས་ལས་ཐ་དད་ཡིན་པར་ར་སྤྲོད་བྱས་ཡོད།
༧ རྣམ་ཤེས་ལུས་དང་གྱེས་ཏེ་ཕྱི་རོལ་དུ་རང་རྐྱ་ཐུབ་པར་གནས་པའི་ཚུལ་གྱིས་བསྒྲུབ་པ། སྐྱེ་བ་སྔ་མ་དྲན་མཁན་མང་ཤོས་ཀྱིས་རང་ཉིད་འཆི་བའི་ཚེ་རང་གི་ལུས་མཐོང་ཚུལ་སྨྲས་པས། འདི་ནི་ལུས་ལས་རྣམ་ཤེས་ཐ་དད་དུ་ཡོད་པའི་དན་དཔང་སྟོབས་ལྡན་ཞིག་ཡིན་འདུག
འདི་དག་ནི་ང་ཚོས་མཐོང་ཐོས་སུ་ཡོད་ཅིང་ཁྱབ་རྒྱ་ཅུང་ཆེ་བའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་དག་ཡིན་ལ། དེ་ལས་གཞན་ཡང་ང་ཚོར་ཆ་རྒྱུས་ཆུང་བའི་ནུབ་ཕྱོགས་ཀྱི་ཆོས་ལུགས་དང་མཚན་ཉིད་རིག་པའི་གཞུང་ལུགས་དག་ལས་ཀྱང་རྒྱུ་མཚན་འགའ་རེ་བཤད་ཡོད་པར་གྲགས།
འདིར་ཚད་མ་རྣམ་འགྲེལ་ལས་འབྱུང་བའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་དག་གནད་འདུས་ཞིང་དོན་གསལ་ལ་སྟབས་བདེ་བའི་སྒོ་ནས་ཅུང་ཙམ་འགོད་པར་འདོད་པས། དེ་ཡང་རྣམ་འགྲེལ་ལེའུ་གཉིས་པར་ལུགས་འབྱུང་གི་སྐབས་སུ། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །[3]ཞེས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བྱེད་ཀྱི་རྒྱུ་ནི་བརྩེ་བ་སྙིང་རྗེ་ཆེན་པོ་སྐྱེ་བ་དུ་མར་གོམས་པ་ཉིད་ཡིན་ཞེས་སྨྲས་པས་དེ་ལ་སྐྱེ་བ་དུ་མ་མེད་པས་སྐྱེ་བ་དུ་མར་གོམས་པ་མི་འཐད་ཅེས་རྩོད་པ་ལ་ལན་གྱི་ཚུལ་གྱིས་སྐྱེ་བ་དུ་མར་གོམས་པ་མི་འཐད་པའི་རྩོད་སྤོང་བྱས་ཏེ་སྐྱེ་བ་སྔ་ཕྱིའི་རྣམ་བཞག་བསྟན་ཡོད། ཡང་ལུགས་ལྡོག་གི་སྐབས་སུ་སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །[4]ཞེས་སྡུག་བསྔལ་བདེན་པ་འཆད་པ་ན་སྐྱེ་བ་སྔ་མ་ནས་འདི་དང་འདི་ནས་ཕྱི་མར་འགྲོ་བའི་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་དེ་ཉིད་སྡུག་བདེན་དུ་བཤད་པ་ལ། སྐྱེ་བ་སྔ་མ་ནས་འདི་དང་འདི་ནས་ཕྱི་མར་འགྲོ་བའི་ཉེ་བར་ལེན་པའི་ཕུང་པོ་མེད་དེ་སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་ཞེས་པ་ལས་འཕྲོས་ནས་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་བསྟན་ཡོད། དེ་ཡང་ལུགས་འབྱུང་གི་སྐབས་སུ་འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེས་མིན། །ཧ་ཅང་ཐལ་ཕྱིར།[5]ཞེས་སོགས་རིགས་འདྲ་སྔོན་སོང་གིས་བསྒྲུབས་ཡོད་ལ། རྣམ་འགྲེལ་གྱི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་གཙོ་བོ་ཡང་འདི་ཉིད་ཡིན་ནོ། །
ལུགས་ཟློག་གི་སྐབས་སུ། གོམས་ལས་འདོད་ཆགས་སོགས་གསལ་བ། །མཐོང་ཕྱིར།[6]ཞེས་སོགས་གསུངས་སྟེ། དང་པོ་ཅིའང་མི་ཤེས་པའི་གང་ཟག་བླུན་པོ་ཞིག་ཡིན་ཡང་ཚེ་འདིའི་རྣམ་ཤེས་ལ་ཐོས་བསམ་གྱི་ཤེས་རབ་ཡང་ཡང་གོམས་ན་ཤེས་རབ་ཅན་དང་མཁས་པར་འགྱུར་བ་མངོན་སུམ་གྱིས་གྲུབ་པས། སྐྱེས་མ་ཐག་པའི་ཤེས་རབ་ཅན་ཡང་སྐྱེ་བ་སྔ་མར་ཤེས་རབ་ལ་གོམས་པ་ལས་བྱུང་བ་ཡིན་པས་སྐྱེ་བ་སྔ་མ་གྲུབ་ཅེས་གོམས་པ་སྔོན་སོང་གིས་བསྒྲུབས་པ་དང་། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །[7]ཞེས་རྣམ་ཤེས་ཀྱི་ཉེར་ལེན་རྣམ་ཤེས་ཀྱིས་བྱེད་པ་མངོན་སུམ་གྱིས་གྲུབ་ལ། རྣམ་ཤེས་མིན་པ་ཞིག་གིས་རྣམ་ཤེས་ཀྱི་ཉེར་ལེན་བྱེད་པ་ཚད་མ་གང་གིས་ཀྱང་མི་འགྲུབ་ཅེས་ཉེར་ལེན་སྔོན་སོང་གིས་བསྒྲུབས་པ་དང་། གཞན་ཡང་། ཇི་སྲིད་ལུས་ནི་འགྱུར་བར་དུ། །གཟུགས་སོགས་བཞིན་དུ་ཡིད་ངོ་བོ། །མཚུངས་གྱུར། །[8]ཞེས་རྣམ་ཤེས་ལུས་རྡུལ་ཡིན་ན་ལུས་རྡུལ་གཞན་པ་དང་འདྲ་བའམ་རྣམ་པ་མཚུངས་པའི་ཆ་ཡོད་དགོས་ཞེས་ལུས་དང་རྣམ་པ་མི་མཚུངས་པའི་རྟགས་ཀྱིས་བསྒྲུབས་པ་དང་། སྔ་ན་མེད་པ་འབྱུང་བ་ལ། །ཆགས་སོགས་ངེས་མེད་ཐལ་བར་འགྱུར། །[9]ཞེས་དཔེར་ན་ཕ་མའི་ཁུ་རྡུལ་ལ་སྐྱོན་ཞུགས་པའམ་རྡུལ་ཚང་མ་ཚང་གི་ཁྱད་པར་གྱིས་གང་ཟག་འགའ་རེ་མིག་སོགས་དབང་པོ་མ་ཚང་བར་སྐྱེ་བ་བཞིན། འདོད་ཆགས་སོགས་རིགས་འདྲ་སྔ་མ་སྔོན་དུ་མ་སོང་བར་ཕ་མའི་ཁམས་དཀར་དམར་ཙམ་ལས་སྐྱེ་ན་སྐྱེས་མ་ཐག་ནས་གང་ཟག་འགའ་རེ་འདོད་ཆགས་མེད་པ་དང་འགའ་རེ་ཞེ་སྡང་མེད་པ་སོགས་སྐྱེ་རུང་བར་ཐལ་བས་སྐྱེ་བ་སྔ་མ་མེད་ན་ཧ་ཅང་ཐལ་བ་སྟེ་དོན་ཚན་བཞིས་བསྒྲུབས་ཡོད།
དེ་ཡང་སྤྱིར་ཚད་མ་རྣམ་འགྲེལ་ལས་འབྱུང་བའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་འདི་དག་དོན་བསྡུས་ན་གསུམ་དུ་འདུ་སྟེ། དོན་དང་པོ་ནི་འདུས་བྱས་ཀྱི་དངོས་པོ་གང་ཡིན་ཡང་རྫས་ཀྱི་ཆ་ནས་རྡུལ་དུ་གྲུབ་པ་བེམ་པོའི་རྫས་དང་། བེམ་པོ་ལས་འདས་པའི་གསལ་རིག་གི་རྫས་གཉིས་སུ་འདུས་པར་བཤད་པས་བེམ་པོ་ལས་ལོག་པའི་གསལ་རིག་གི་རྫས་ཡོད་པར་བཤད་པ། དོན་གཉིས་པ་ནི་བེམ་པོའི་རྫས་རྒྱུན་དང་གསལ་རིག་གི་རྫས་རྒྱུན་གཉིས་ནམ་ཡང་ཕན་ཚུན་འདྲེ་མི་རུང་བར་བསྟན་པ། དོན་གསུམ་པ་ནི་བེམ་པོ་དང་གསལ་རིག་གི་རྫས་གང་ཡིན་ཡང་འདུས་བྱས་ཀྱི་དངོས་པོ་ལ་རྫས་རྒྱུན་ནམ་ཡང་ཆད་དུ་མེད་པར་བསྒྲུབ་པ་བཅས་སོ། །ལེའུ་གཉིས་པའི་སྐབས་འདིར་ཕྱི་རྒོལ་རྒྱང་འཕེན་པས་གསལ་རིག་ཙམ་ཁས་ལེན་ཞིང་གསལ་རིག་དེ་ཉིད་བེམ་པོ་ལས་སྐྱེ་བར་འདོད་པས། དེའི་དབང་དུ་བྱས་ནས་གཙོ་བོ་བེམ་རིག་གཉིས་གཉིས་ཕན་ཚུན་རྫས་རྒྱུན་འདྲེ་མི་རུང་བ་ཡང་ཡང་བསྟན་ཡོད། དེ་ལས་དོན་དང་པོ་བེམ་པོ་ལས་ལོག་པའི་གསལ་རིག་གི་རྫས་ཡོད་པ་ནི། རྣམ་འགྲེལ་ལས། ཇི་སྲིད་ལུས་ནི་འགྱུར་བར་དུ། །གཟུགས་སོགས་བཞིན་དུ་ཡིད་ངོ་བོ། །མཚུངས་གྱུར། །[10]ཞེས་སོགས་ཀྱིས་བསྟན་ལ། དོན་གཉིས་པ་བེམ་རིག་གཉིས་རྫས་རྒྱུན་འདྲེ་མི་རུང་བ་ནི། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །[11]ཅེས་སོགས་ཀྱིས་བསྟན། དོན་གསུམ་པ་འདུས་བྱས་ཀྱི་དངོས་པོ་ལ་རྫས་རྒྱུན་ཆད་དུ་མེད་པ་ནི། ཐ་མའི་སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །[12]ཅེས་སོགས་ཀྱིས་བསྟན་ཏོ། །
དོན་གསུམ་པོ་དེ་ལ་རིག་པ་ཞིབ་མོས་བརྟག་ན་སྐྱེ་བ་སྔ་ཕྱི་ལ་བདེ་བླག་ཏུ་ངེས་ཤེས་འདྲེན་ཞིང་། དེ་བས་རང་ཅག་ལས་དང་པོ་བ་དག་གིས་རིགས་པའི་ལམ་ནས་སྐྱེ་བ་སྔ་ཕྱི་ལ་བདེ་བླག་ཏུ་ངེས་པ་འདྲེན་ཆེད་གཞུང་ལས་འབྱུང་བའི་གོ་རིམ་དཀྲུགས་ཏེ་བཤད་ན་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས་དག་གོ་བདེ་བའི་དགོས་པ་ཡོད་པས་འདིར་གོ་རིམ་དཀྲུགས་ཤིང་རིགས་པ་དེ་དག་གི་གནད་བསྡུས་ཏེ་འགོད་པར་འདོད།
གཉིས། བེམ་པོ་ལས་གཞན་པའི་སེམས་ཡོད་པར་སྒྲུབ་པ།
དེ་ཡང་ཐོག་མར་འདི་ལྟར་རང་བྱུང་གི་སྐྱེ་དངོས་གཞན་དག་དང་མ་འདྲ་བར་སྲོག་ཆགས་རྣམས་ཀྱི་རྒྱུད་ལ་ཤེས་པ་ཟེར་བ་ཞིག་ཡོད་པའི་རྒྱུ་མཚན་གང་ཞེ་ན། ཤེས་པ་ཙམ་ཡོད་པ་ནི་ང་ཚོའི་འཚོ་བའི་ནང་གི་མྱོང་བ་དང་དྲན་པ་དགའ་སྐྱོ་ཆགས་སྡང་སོགས་ཡོད་པས་གྲུབ་ལ། འོ་ན་དྲན་པ་དང་མྱོང་བ་དེ་དག་རྡུལ་དུ་གྲུབ་པའི་རྫས་ཤིག་མ་ཡིན་པར་བེམ་པོ་ལས་གཞན་པའི་དངོས་པོའི་རྫས་ཤིག་ཡིན་པ་ཇི་ལྟར་གྲུབ་ཅེ་ན། དྲི་བ་འདི་ནི་བེམ་པོ་ལས་ལོག་པའི་གསལ་རིག་གི་ཤེས་པ་ཡོད་མེད་ཀྱི་དྲི་བ་ཡིན་ལ། འདིར་ང་ཚོས་ཤེས་དགོས་པ་ཞིག་ལ་གནའ་བོའི་རྒྱ་གར་གྱི་གྲུབ་མཐའ་ཁག་ལས་སྐྱེ་བ་སྔ་ཕྱི་མེད་པར་འདོད་པའི་གྲུབ་མཐའ་གྲགས་ཆེ་ཤོས་ནི་རྒྱང་འཕེན་པ་ཡིན་ཞིང་། རྒྱང་འཕེན་པས་ཚེ་སྔ་མ་ནས་འདི་དང་འདི་ནས་ཕྱི་མར་འགྲོ་བའི་རྣམ་ཤེས་ཁས་མི་ལེན་ཡང་གསོན་པའི་གང་ཟག་གི་རྒྱུད་ལ་རྣམ་ཤེས་ཡོད་པར་ཁས་ལེན་པ་ནི། རྣམ་འགྲེལ་གྱི་རྒྱང་འཕེན་པའི་འདོད་པ་བརྗོད་སྐབས། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །[13]ཞེས་བློ་ལུས་ལ་བརྟེན་པར་བཤད་པ་སོགས་སྐབས་གོང་འོག་ཀུན་ཏུ་བློ་ཙམ་ཁས་ལེན་པ་གསལ།
འོན་ཏེ་དེང་སང་ནི་མཁས་པ་མང་པོས་བློ་ཙམ་ཡང་ཁས་མི་ལེན་པར་གྲགས། འོ་ན་བེམ་པོ་ལས་ལོག་པའི་གསལ་རིག་གི་བློ་ཙམ་ཡོད་པ་གང་གིས་སྒྲུབ་སྙམ་ན། འགྱུ་དྲན་གྱི་རྣམ་རྟོག་འདི་སྒྲ་སོགས་གཟུགས་ཕྲ་མོ་ལས་ཀྱང་དྭངས་བས་རྡུལ་གང་གིས་ཀྱང་གོ་བཀག་མི་ནུས་པ། རྡུལ་གྱི་དངོས་པོ་ཀུན་ལས་མགྱོགས་ཚད་ཆེ་བར་གྲགས་པའི་འོད་སོགས་ལས་ཀྱང་མགྱོགས་ཚད་ཆེ་བ། ཡང་ནས་ཡང་དུ་གོམས་ན་ཇེ་གསལ་དུ་འགྲོ་བ་སོགས་རྡུལ་ལ་མེད་པའི་ཁྱད་ཆོས་མང་དུ་བཤད་རྒྱུ་ཡོད་ཅིང་། རྣམ་ཤེས་ལ་ཕན་ཚུན་གོ་བཀག་པ་དང་བསག་པ་སོགས་གང་ཡང་མེད་པས་རྡུལ་གྱི་ཁྱད་ཆོས་གང་ཡང་མེད་ཅེས་པའོ། །
སྐབས་དོན་རྣམ་འགྲེལ་གྱི་རིགས་ལམ་དང་སྦྱར་ནས་བཤད་ན། རྣམ་འགྲེལ་ལས། ཇི་སྲིད་ལུས་ནི་འགྱུར་བར་དུ། །གཟུགས་སོགས་བཞིན་དུ་ཡིད་ངོ་བོ། །མཚུངས་གྱུར། །[14]ཞེས་རྣམ་ཤེས་ལུས་ཀྱི་ཆ་ཤས་ཀྱི་རྡུལ་ཡིན་ན་ལུས་རྡུལ་གཞན་པ་དང་རྣམ་པ་འདྲ་བའམ་མཚུངས་པའི་ཆ་ཡོད་དགོས་ཀྱང་དེ་ལྟར་མེད་པས་རྣམ་ཤེས་ལུས་རྡུལ་མ་ཡིན་ཞེས་པའོ། །འདིར་བཀོད་པའི་རིགས་པ་འདི་རྣམ་འགྲེལ་ལེའུ་གཉིས་པར་བེམ་པོ་ལས་ལོགས་སུ་གསལ་རིག་གི་ཤེས་པ་ཡོད་པའི་སྒྲུབ་བྱེད་གཅིག་པུར་སྣང་ལ། རིགས་པ་འདིའི་དོན་ནི། གལ་ཏེ་ཤེས་པ་ཟེར་བ་བེམ་པོ་ལས་ལོག་པའི་གསལ་རིག་གི་རྫས་ཤིག་མེད་པར་ལུས་ཀྱི་གོ་སའི་འབྱུང་བའི་རྡུལ་གྱི་ཆ་ཙམ་ཡིན་ན། ལུས་ཀྱི་གོ་སའི་རྡུལ་གཞན་དག་དང་འདྲ་བར་ལུས་ལ་འགྱུར་བ་མེད་པར་རྣམ་ཤེས་ལ་ཡང་འགྱུར་བ་མེད་དགོས་པ་དང་ལུས་ལ་འགྱུར་བ་སོང་ན་རྣམ་ཤེས་ལ་ཡང་འགྱུར་བ་འགྲོ་དགོས་མོད། འོན་ཏེ་རྣམ་ཤེས་དང་ལུས་གཉིས་ལ་དེ་འདྲའི་ངེས་པ་གཏན་ནས་མེད་པར་ལུས་ལ་འགྱུར་བ་ཅུང་ཙམ་མ་ཕྱིན་ན་ཡང་རྣམ་ཤེས་ལ་འགྱུར་བ་ཆེན་པོ་འགྲོ་བ་དང་། དེ་བཞིན་དུ་ལུས་ལ་འགྱུར་བ་ཆེན་པོ་སོང་ན་ཡང་རྣམ་ཤེས་ལ་འགྱུར་བ་གཏན་ནས་མེད་པ་སོགས་སྲིད་པས་སོ་ཞེས་བཀོད་ཡོད།
འདིའི་རིགས་པ་གསལ་བོར་བཀོད་ན། དཔེར་ན་རྣམ་ཤེས་ནི་ལུས་ཀྱི་གོ་ས་ན་ཡོད་པའི་རྡུལ་དག་དང་མཚུངས་པར་ལུས་རྡུལ་གྱི་ཆ་ཤས་ཙམ་ཡིན་ན། ལུས་ལ་གཡོ་འགུལ་མ་བྱས་ན་ལུས་ཀྱི་གོ་ས་ན་ཡོད་པའི་རྡུལ་གཞན་དག་དང་འདྲ་བར་རྣམ་ཤེས་ལ་ཡང་གཡོ་འགུལ་མེད་དགོས་མོད། དེ་ལྟར་ངེས་པ་མེད་པ་ལུས་འགུལ་སྐྱོད་མ་བྱས་ཀྱང་རྣམ་རྟོག་ཤིན་ཏུ་མང་བར་འབྱུང་བ་དང་། ཡང་ལུས་ལ་གཡོ་འགུལ་སོགས་བྱས་ན་ལུས་ཀྱི་གོ་ས་ན་ཡོད་པའི་རྡུལ་དག་དང་མཚུངས་པར་རྣམ་ཤེས་ལ་ཡང་ངེས་པར་གཡོ་འགུལ་ཡོད་དགོས་མོད། དེ་ལྟར་ངེས་པ་མེད་པར་ལུས་འགུལ་སྐྱོད་བྱེད་བཞིན་པ་ལ་ཡང་སེམས་ཞི་གནས་ངང་དུ་གནས་ནས་འགུལ་སྐྱོད་མེད་པ་དང་། དཔེ་གཞན་ཡང་གང་ཟག་འགའ་རེ་ལམ་དུ་བགྲོད་བཞིན་དུ་ཡུལ་གཅིག་ལ་གཡེངས་ནས་སེམས་ལ་གཡོ་འགུལ་མེད་པ་ལྟ་བུས་མཚོན་ནུས། གཞན་ཡང་རྣམ་ཤེས་ལུས་རྡུལ་གྱི་ཆ་ཤས་ཡིན་ན། ལུས་ཚོན་པོར་གྱུར་ནས་ལུས་རྡུལ་གཞན་དག་འཕེལ་བའི་སྐབས་ཤེས་རབ་སོགས་རྣམ་ཤེས་ཀྱི་རྡུལ་ཡང་འཕེལ་དགོས་པ་དང་། ལུས་རྡུལ་གཞན་དག་འགྲིབ་པའི་སྐབས་རྣམ་ཤེས་ཀྱི་རྡུལ་ཡང་འགྲིབ་དགོས་མོད། དེ་ལྟའི་ངེས་པ་གཏན་ནས་མེད་པ་འདིས་ཀྱང་རྣམ་ཤེས་ནི་ལུས་ཀྱི་གོ་ས་ན་ཡོད་པའི་ལུས་རྡུལ་གཞན་དག་གི་ངོ་བོ་དང་གཏན་ནས་མི་མཚུངས་པའི་ཆོས་ཤིག་ཡིན་ནོ། །
གཞན་ཡང་རྣམ་ཤེས་ལུས་ཀྱི་རྫས་ཡིན་ན་ལུས་རྡུལ་གཞན་དག་དང་འདྲ་བར་ལུས་དང་ངོ་བོ་དབྱེར་མེད་དུ་གནས་དགོས་ལ། དེ་ལྟར་ན་ལུས་ཀྱི་ཆ་ཤས་ཀྱི་ཕྱི་ནང་གི་རྡུལ་ཐམས་ཅད་མཐོང་བ་ན་རྣམ་ཤེས་ཀྱི་རྡུལ་ཡང་མཐོང་དགོས་པ་དང་། ཡང་ན་རྣམ་ཤེས་ལུས་ཀྱི་རྫས་ཡིན་ན་ལུས་དང་ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་ཡིན་དགོས་ཤིང་། དེ་ལྟར་ན་ཇི་ལྟར་སེམས་ལ་བརྟེན་བྱས་ནས། །ཐོས་སོགས་འདུ་བྱེད་སེམས་ལ་ནི། །དུས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལའང་ཡོན་ཏན་འགྱུར། །[15]ཞེས་སྨོས་ཏེ། སེམས་ལ་ཐོས་པ་དང་གཟོའི་ལས་ཡང་ཡང་གོམས་ན་མངོན་པར་གསལ་བ་བཞིན་དུ་ལུས་ལ་ཡང་ཐོས་པ་དང་གཟོའི་ལས་མངོན་པར་གསལ་བར་འགྱུར་དགོས་ཏེ། དེ་གཉིས་དབྱེར་མེད་ཡིན་པའི་ཕྱིར་ཞེས་དང་། དེ་བཞིན་དུ་ལུས་ཀྱི་ཡོན་ཏན་ནག་པོ་སོགས་གཞན་གྱིས་མཐོང་བ་བཞིན་དུ་སེམས་ཀྱི་ཡོན་ཏན་གཟོའི་ལས་ལ་སོགས་པ་ཡང་གཞན་གྱིས་མཐོང་བར་ཐལ། དེ་གཉིས་ངོ་བོ་དབྱེར་མེད་གྱི་རྫས་གཅིག་ཡིན་པའི་ཕྱིར། ཞེས་འགོག་པར་བྱེད་དོ། །
དེས་ན་ཚད་མ་རྣམ་འགྲེལ་གྱི་སྐབས་འདིར་སྐྱེ་བ་སྔ་ཕྱི་སྒྲུབ་པའི་ཕྱི་རྒོལ་རྒྱང་འཕེན་པ་ཡིན་ཞིང་རྒྱང་འཕེན་པས་ཤེས་པ་ཙམ་ཡོད་པར་ཁས་ལེན་པའི་དབང་གིས་ལེའུ་གཉིས་པ་འདིར་བེམ་པོ་ལས་ལོག་པའི་ཤེས་པ་ཡོད་པའི་སྒྲུབ་བྱེད་མང་པོ་མ་བཀོད་ཀྱང་། གོང་དུ་བཀོད་པའི་རིགས་པ་དེ་ནི་བེམ་པོ་ལས་ལོག་པའི་ཤེས་པ་ཡོད་པའི་སྒྲུབ་བྱེད་འཁྲུལ་བ་མེད་པ་ཡིན་ནོ། །
འོ་ན་ལུས་ལ་བེམ་པོ་ལས་གཞན་པའི་རྣམ་ཤེས་ཀྱི་རྡུལ་ཡོད་པར་གྲུབ་ན་སྐྱེ་བ་སྔ་ཕྱི་ཡོད་པར་གྲུབ་དགོས་སམ་ཞེ་ན། དེ་ལ་ངེས་པ་མེད་དེ་གོང་དུ་སྨྲས་པ་བཞིན་རྒྱང་འཕེན་པས་རྣམ་ཤེས་ཡོད་པར་ཁས་ལེན་ཡང་སྐྱེ་བ་སྔ་ཕྱི་མི་བཞེད་པ་བཞིན་ནོ། །
གསུམ། སེམས་ལ་རྒྱུ་ཡོད་པར་སྒྲུབ་པ།
ད་ནི་རྣམ་ཤེས་གསལ་རིག་ཙམ་ཡོད་པར་གྲུབ་ཟིན་པའི་དབང་དུ་བྱས་ནས། དེ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པའི་ཚུལ་འདི་ལྟར། གོང་དུ་བཤད་པའི་རྣམ་ཤེས་གསལ་རིག་ཙམ་དེ་ཉིད་ཡོད་ན། དེ་ཡང་མཚན་གཞི་གཅིག་གི་སྟེང་དུ་བཀོད་ནས་བསྒྲུབ་ན་སྐྱེས་མ་ཐག་པའི་བྱིས་པའི་རྒྱུད་ཀྱི་རྣམ་ཤེས་དེ་ལ་སྐྱེ་བྱེད་ཀྱི་རྒྱུ་ཡོད་དམ་མེད། གལ་ཏེ་སྐྱེད་བྱེད་ཀྱི་རྒྱུ་མེད་ན། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །[16]ཞེས་རྒྱུ་མེད་ན་དུས་རྟག་ཏུ་ཡོད་པའམ། ཡང་ན་དུས་རྟག་ཏུ་མེད་པར་འགྱུར་དགོས། དུས་རྟག་ཏུ་མེད་ཟེར་ན་ནི་མྱོང་དྲན་དང་དགའ་སྐྱོ་ཆགས་སྡང་སོགས་ཡོད་པ་མངོན་སུམ་ཚད་མས་གྲུབ་པས་མངོན་སུམ་གྱིས་ཁེགས་ལ། དུས་རྟག་ཏུ་ཡོད་ཟེར་ན། རིམ་ཅན་མིན་ལས་རིམ་ཅན་མིན། །[17]ཞེས་འདོད་ཆགས་སོགས་ཤེས་པ་རྣམས་རིམ་ཅན་དུ་མི་འབྱུང་བར་ཅིག་ཆར་དུ་སྐྱེ་དགོས་ཏེ། རྒྱུ་རིམ་ཅན་དུ་ཚོགས་པ་མིན་པར་དུས་རྟག་ཏུ་ཚོགས་ཡོད་པའི་ཕྱིར། ཞེས་གསུངས། །རྒྱུ་དུས་རྟག་ཏུ་ཚོགས་ཡོད་ན་ཡང་རྐྱེན་རིམ་གྱིས་ཚོགས་པས་འབྲས་བུ་རྣམ་ཤེས་རིམ་གྱིས་སྐྱེ་སྙམ་ན་ཡང་། མི་འཐད་དེ་ཁྱད་པར་ཅན་མིན་ལྟོས་པའང་མིན། །[18]ཞེས་རྒྱུ་རྟག་པ་དེ་ཉིད་ལ་རྐྱེན་གྱི་ཁྱད་པར་དུ་བྱས་ནས་འབྲས་བུ་སྐྱེ་མི་རུང་སྟེ་རྐྱེན་རིམ་གྱིས་པ་དེ་ཉིད་རྒྱུ་རྟག་པ་ལ་ལྟོས་མི་རུང་བའི་ཕྱིར་ཞེས་པའོ། །རིགས་པ་དེས་རྣམ་ཤེས་ཀྱི་རྒྱུ་མི་རྟག་པར་གྲུབ་བོ། །
བཞི། རང་རྒྱུད་ཀྱིས་མ་བསྡུས་པའི་བེམ་པོ་སེམས་ཀྱི་རྫས་རྒྱུན་ཡིན་པ་བཀག་པ།
ཡང་སྐྱེས་མ་ཐག་པའི་བྱིས་པའི་རྒྱུད་ཀྱི་རྣམ་ཤེས་དེ་ཉིད་རྒྱུ་མི་རྟག་པ་ལས་སྐྱེ་ན་མི་རྟག་པ་ལ་ཤེས་པའི་རྫས་དང་བེམ་པོའི་རྫས་གཉིས་ལས་མེད་པས་དེ་གཉིས་གང་ལས་སྐྱེ་ཞེས་འདྲི་དགོས་ལ། གལ་ཏེ་ཤེས་པ་ལས་སྐྱེ་ན་ནི་ཤེས་པའི་རྒྱུན་སྔ་མ་གྲུབ་ཅིང་དེ་ཡང་སྐྱེ་བ་སྔ་མའི་ཤེས་པ་ལ་ཐུག་པས་སྐྱེ་བ་སྔ་མ་གྲུབ་ལ། གལ་ཏེ་བེམ་པོ་ལས་སྐྱེ་ཟེར་ན། བེམ་པོ་ལ་རང་ལུས་མ་ཡིན་པའི་བེམ་པོ་དང་རང་ལུས་ཀྱི་བེམ་པོ་གཉིས་ཡོད་ཅིང་། རང་ལུས་མ་ཡིན་པའི་བེམ་པོ་ལས་སྐྱེ་ན། ཕྱི་རོལ་གྱི་ས་ཆུ་སོགས་བེམ་པོ་ཐམས་ཅད་ལས་ཀྱང་རྣམ་ཤེས་སམ་སྲོག་ཆགས་ཀྱི་རྫས་རྒྱུན་ཕྱི་མ་སྐྱེ་དགོས་པར་འགྱུར་ཞེས་བསྟན་ཏེ། རྣམ་འགྲེལ་ལས། གང་དུ་དྲོད་གཤེར་ལ་སོགས་པ། །སྐྱེ་བོ་སྐྱེ་བར་མི་འགྱུར་བའི། །ས་སོགས་ཆ་དེ་འགའ་ཡང་མེད། །དེ་ཕྱིར་ཐམས་ཅད་ས་བོན་བདག །དེ་ཕྱིར་དབང་སོགས་རང་རིགས་ལ། །བལྟོས་མེད་པར་ནི་འབྱུང་ཡིན་ན། །ཇི་ལྟར་ཅིག་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། །[19]ཞེས། ཕྱི་རོལ་གྱི་འབྱུང་བ་ས་ཆུ་དང་རི་བྲག་སོགས་རྡུལ་གྲུབ་ཀྱི་དངོས་པོ་གང་ཡིན་ཡང་དེ་ལས་དྲོད་གཤེར་སོགས་ཅི་རིགས་ཀྱིས་སྲོག་ཆགས་སྐྱེ་བ་ཙམ་མཐོང་བས། དེ་དག་ཀྱང་སྲོག་ཆགས་སམ་རྣམ་ཤེས་ཀྱི་རྫས་རྒྱུན་ཉིད་དུ་འགྱུར་ཏེ། དེ་ལ་བརྟེན་ནས་སྐྱེ་བ་ཙམ་ལ་དེའི་རྫས་རྒྱུན་ཉིད་དུ་འདོད་པའི་ཕྱིར། གལ་ཏེ་རི་བྲག་སོགས་ཀྱང་སྲོག་ཆགས་སམ་རྣམ་ཤེས་ཀྱི་རྫས་རྒྱུན་ཉིད་དུ་འདོད་དོ་ཞེ་ན། འོ་ན་རི་བྲག་སོགས་རྡུལ་དུ་གྲུབ་པའི་དངོས་པོ་ཀུན་སྲོག་ཆགས་སུ་འགྱུར་རུང་བར་ཐལ་ཏེ། དེ་སྲོག་ཆགས་ཀྱི་ས་བོན་ཡིན་པའི་ཕྱིར་ཞེས་གསུངས་ཡོད།
རིག་པ་དེས་ནི། ཕ་མའི་ཁུ་ཁྲག་གིས་སྲོག་ཆགས་སྐྱེ་བའི་བའི་རྐྱེན་ཙམ་བྱེད་ཀྱང་སྲོག་ཆགས་སམ་རྣམ་ཤེས་ཀྱི་རྫས་རྒྱུན་ཕ་མའི་ཁུ་ཁྲག་མིན་ཏེ། གལ་ཏེ་ཡིན་ན་ས་ལས་སྐྱེས་པའི་སྲོག་ཆགས་ཀྱི་རྫས་རྒྱུན་ས་དང་ཤིང་ལས་སྐྱེས་པའི་སྲོག་ཆགས་ཀྱི་རྫས་རྒྱུན་ཤིང་ཡིན་དགོས་པས་དེ་ལྟར་ན་ས་ཤིང་རི་བྲག་སོགས་ཐམས་ཅད་སྲོག་ཆགས་སུ་འགྱུར་བར་ཐལ་བའོ། །ཡང་ས་ཆུ་དང་རི་བྲག་སོགས་ལ་བརྟེན་ནས་སྐྱེ་བ་ཙམ་ཡིན་ཡང་རྫས་རྒྱུན་མིན་ཟེར་ན་ནི་རང་ལུགས་ཀྱིས་ཀྱང་དེ་ཙམ་ཁས་ལེན་པས་འགལ་བ་གང་ཡང་མེད་དོ། །
ལྔ། རང་རྒྱུད་ཀྱིས་བསྡུས་པའི་བེམ་པོའམ་ལུས་སེམས་ཀྱི་བདག་རྐྱེན་ཡིན་པ་བཀག་པ།
ཡིད་བློ་རྣམ་པར་རྟོག་པ་དེ་ཉིད་རང་རྒྱུད་ལ་ལྡན་པའི་གང་ཟག་གི་ལུས་ལས་སྐྱེ་ཟེར་ན། རང་ལུས་དེ་ཉིད་རྣམ་ཤེས་ཀྱི་རྒྱུ་ཙམ་ཡིན་ནམ་རྣམ་ཤེས་ཀྱི་རྒྱུ་ཁྱད་པར་ཅན་ཡིན། རང་ལུས་དེ་ཉིད་རྣམ་ཤེས་ཀྱི་རྒྱུ་ཙམ་ཡིན་པ་ལ་འགལ་བ་མེད་དེ་རང་ལུས་དེ་ཉིད་རྣམ་ཤེས་རྐྱེན་ཡིན་པའི་ཕྱིར།
དེ་ཡང་རྒྱུ་ཁྱད་པར་ཅན་ནི་གཞུང་འགར་ལྡོག་བྱེད་ཀྱི་རྒྱུ་ཞེས་ཐ་སྙད་སྦྱར་བ་སྟེ། རྒྱུ་འབྲས་གཉིས་ལ་མེད་ན་མི་འབྱུང་གི་རྗེས་སུ་འགྲོ་ལྡོག་ཡོད་པའི་རྒྱུ་འབྲས་ཤིག་ལ་གོ་དགོས། རྒྱུ་འབྲས་ཡིན་ཡང་མེད་ན་མི་འབྱུང་གི་འབྲེལ་བ་མེད་པ་རྣམས་ལ་ནི་རྒྱུ་འབྲས་ཙམ་ཞེས་ཐ་སྙད་སྦྱར་བ་སྟེ། དཔེར་ན་རྫ་བུམ་གྱི་རྒྱུ་ལ་མེས་སྲེག་པ་བཞིན་ནོ། །རྒྱུ་འབྲས་གང་ཞིག་མེད་ན་མི་འབྱུང་བའི་འབྲེལ་བ་ཡོད་པ་ནི་རྒྱུ་འབྲས་ཁྱད་པར་བ་སྟེ། དཔེར་ན་རྫ་བུམ་གྱི་རྒྱུ་ལ་འཇིམ་པ་བཞིན་ནོ། །
རང་ལུས་དེ་ཉིད་རྣམ་ཤེས་ཀྱི་རྒྱུ་ཁྱད་པར་བ་ཡིན་ཟེར་ན། རྒྱུ་ཁྱད་པར་ཅན་ལ་བདག་རྐྱེན་དང་ཉེར་ལེན་གཉིས་སུ་ངེས་པས་དེ་གཉིས་གང་ཡིན་ཞེས་འདྲི།
གལ་ཏེ་རང་ལུས་དེ་ཉིད་ཡིད་བློའི་རྒྱུ་ཁྱད་པར་བ་བདག་རྐྱེན་ཡིན་ཟེར་ན། དབང་པོ་དང་བཅས་པའི་ལུས་ཡིད་བློའི་བདག་རྐྱེན་ཡིན་ནམ། དབང་པོ་མེད་པའི་ལུས་དེ་ཉིད་བདག་རྐྱེན་ཡིན། ཕྱོགས་དང་པོ་ལྟར་དབང་པོ་དང་བཅས་པའི་ལུས་ལས་ཡིད་བློ་སྐྱེ་ན་ནི་དབང་པོ་རེ་རེ་ལས་སྐྱེའམ་དབང་པོ་ཐམས་ཅད་ཚོགས་པ་ལས་སྐྱེ། ཞེས་བརྟག་ཏེ། གཞུང་ལས། དེ་བློ་བཞིན་དུ་འཛིན་འགྱུར་ཕྱིར། །དབང་པོ་བཅས་ལས་ཡིད་ཤེས་མིན། །ཤེས་སྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ལས་ཀྱང་ནི་མ་ཡིན་ནོ། །[20]ཞེས། དབང་པོ་རེ་རེ་ལས་སྐྱེ་ན་མིག་ཤེས་བཞིན་དུ་ཡིད་བློ་རྟོག་པས་ཀྱང་གཟུགས་གསལ་བར་མཐོང་དགོས་པར་ཐལ་བ། དབང་པོ་ཚོགས་པ་ལས་སྐྱེ་ཟེར་ན་ནི། མིག་སོགས་དབང་པོ་ལྔ་པོ་རང་རང་ལ་གཟུགས་སྒྲ་སོགས་མཐོང་བ་དང་ཐོས་པའི་རྣམ་ཤེས་སོ་སོར་སྐྱེད་པའི་ནུས་པ་སོ་སོར་ཡོད་པ་ལས་གཟུགས་སོགས་ཡུལ་ལྔ་ཀ་གསལ་བར་མཐོང་བའི་ཡིད་བློ་རྟོག་པ་སྐྱེ་བའི་ནུས་པ་མེད་པའི་ཕྱིར་དང་། ཡང་ན་དབང་པོ་ལྔ་པོ་ཐུན་མོང་གི་བདག་རྐྱེན་ལས་བྱུང་བའི་ཡིད་བློ་རྟོག་པ་ཡོད་ན། དེས་གཟུགས་སོགས་ཡུལ་ལྔ་་ཀ་གསལ་བར་མཐོང་དགོས་པར་ཐལ་བའོ། །
དབང་པོ་མེད་པའི་ལུས་ལས་ཡིད་བློ་སྐྱེ་ཟེར་ན་ནི། སེམས་མེད་ཉིད་ཕྱིར་གཞན་ལས་མིན། །[21]ཞེས་དབང་པོ་མ་ཡིན་པའི་སྐྲ་དང་སེན་མོ་སོགས་ཀྱིས་ཡིད་བློའི་བདག་རྐྱེན་མི་བྱེད་པ་གསལ་བས་འགྲུབ་སླའོ། །
ལུས་སམ་དབང་པོ་དེ་ཉིད་ཡིད་བློའི་བདག་རྐྱེན་ཡིན་པར་སྨྲ་བ་ལ་གནོད་བྱེད་གཞན་ཡང་། གཞུང་ལས། དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་བསྒྱུར་ན་ནི་དེ་དག་ཀྱང་། །འགྱུར་བ་དག་ཏུ་མཐོང་བ་ཡིན། །དེ་ཕྱིར་བློ་གནས་པ་ཡི་རྟེན། །བློ་ཉིད་ལ་ནི་བརྟེན་པ་འགའ། །དབང་པོ་རྣམས་ཀྱི་རྒྱུ་ཡིན་པས། །དེ་ཕྱིར་བློ་ལས་དབང་པོ་ཡིན། །[22]ཞེས་སོགས་ཀྱིས་མིག་སོགས་དབང་པོ་ཡིད་བློའི་བདག་རྐྱེན་མིན་པར། ཡིད་བློའི་བདག་རྐྱེན་བྱས་པ་ལ་བརྟེན་ནས་མིག་སོགས་དབང་པོ་སྐྱེ་ཞེས་གསུངས་པ་སྟེ། འདིའི་དོན་ནི་སྐྱེ་བ་སྔ་མའི་ཡིད་བློ་ལ་བརྟེན་པའི་ལས་སེམས་བྱུང་སེམས་པ་དེ་ཡིས་བདག་རྐྱེན་བྱས་ཏེ་ཚེ་འདིའི་དབང་པོ་གྲུབ་པ་ཡིན་ཞིང་། དེས་ན་ཡིད་བློའི་བདག་རྐྱེན་ལས་མིག་སོགས་དབང་པོ་བྱུང་བ་ལས་མིག་སོགས་དབང་པོས་ཡིད་བློ་ལ་བདག་རྐྱེན་བྱེད་ཚུལ་མེད་ཅེས་བཀག་པའོ། །
དྲུག །རང་ལུས་སེམས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་པ་འགོག་པ།
གལ་ཏེ་རང་ལུས་དེ་ཉིད་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ཁྱད་པར་ཅན་ཡིན་ཟེར་ན། འདི་ཉིད་རིགས་པ་དུ་མས་འགོག་སྟེ། རིགས་པ་དང་པོ་ཤི་ལུས་ལ་སེམས་ཡོད་པར་ཐལ་བས་འགོག་པ་ནི། ལུས་དེ་ཉིད་རྣམ་ཤེས་ཀྱི་ཉེར་ལེན་རྒྱུ་ཡིན་ན། ལུས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར།[23]ཞེས། འོ་ན་ཤི་བའི་ལུས་ལ་ཡང་རྣམ་ཤེས་ཡོད་པར་ཐལ་ཏེ་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ལུས་ཡོད་པའི་ཕྱིར་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་འགོག་པའི་དབང་དུ་བྱས་ན། གཞུང་ལས། རླུང་འབྱིན་པ་དང་འདྲེན་པ་ནི། །འབད་རྩོལ་མེད་པར་གང་ལས་ཡིན། །དེ་དག་ཡུལ་བྱུང་འགྲིབ་པ་ལས། །ཕུལ་བྱུང་འགྲིབ་པ་ཐོབ་པར་འགྱུར། །[24]ཞེས་སོགས་ཀྱིས། ཤི་ལུས་ལ་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ཡོད་ཀྱང་རྣམ་ཤེས་སྐྱེ་བའི་མཐུན་རྐྱེན་དབུགས་མེད་པས་ཤི་ལུས་ལ་རྣམ་ཤེས་མེད་ཅེས་སྨྲ་ན། དབུགས་ཀྱང་རྣམ་ཤེས་འཕེལ་འགྲིབ་ཀྱི་རྗེས་སུ་འགྲོ་བས་རྣམ་ཤེས་ཀྱི་འབྲས་བུ་ཡིན་ལ། དེས་ན་ཉེར་ལེན་རྒྱུ་ལུས་ཡོད་ན་རྣམ་ཤེས་ཡོད་པ་དང་རྣམ་ཤེས་ཡོད་ན་དབུགས་ཀྱང་ཡོད་དགོས་པས་ཤི་ལུས་གསོན་ལུས་ཡིན་པར་འགྱུར་ཞེས་པའོ། །
ཡང་ན་ཤི་ལུས་ལ་རྣམ་ཤེས་སྐྱེ་བའི་ཉེར་ལེན་གྱི་རྒྱུ་ཚང་ཡང་འགལ་རྐྱེན་ནད་སོགས་ཀྱིས་གེགས་བྱས་པས་ཤི་ལུས་ལ་རྣམ་ཤེས་མི་སྐྱེ་ཟེར་ན། གཞུང་ལས། ཤི་བས་ཉེས་པ་ཉམས་གྱུར་ཚེ། །སླར་ཡང་འཚོ་བ་དག་ཏུ་འགྱུར།[25]ཞེས། འོ་ན་དུག་སྦྲུལ་གྱིས་སོས་རྨས་ནས་ཤི་བའི་གང་ཟག་ལྟ་བུ་ཡང་བསྐྱར་གསོན་ཆོག་པར་ཐལ། གང་ཟག་དེ་ལ་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ཚང་ཡང་རྣམ་ཤེས་མི་སྐྱེ་བ་ནི་ལུས་ལ་འགལ་རྐྱེན་དུག་གིས་ཁྱབ་པའི་ཕྱིར་ཞེས་བཀོད་པས་དུག་དེ་ཉིད་ཤི་བའི་ཚེ་རྨ་ཁ་ལ་འདུས་པས་རྨ་ཁའི་དུག་བསལ་ན་ལུས་ལ་དུག་མེད་ཅིང་། དེས་ན་དེ་འདྲའི་ལུས་དེ་ཉིད་ཀྱིས་རྣམ་ཤེས་ཅིའི་ཕྱིར་སྐྱེ་བར་མི་བྱེད་དེ་བྱེད་པར་ཐལ་ལོ་ཞེས་འགོག་པའོ། །རིགས་པ་འདི་དག་ལ་རགས་ལྟ་བྱས་ན་གོ་རྒྱུ་ཆེར་མེད་པ་འདྲ་ཡང་ཞིབ་ཏུ་བལྟས་ན་དཔྱད་སྒོ་ཆེ་ཙམ་དུ་མཐོང་། རིགས་པ་དེ་དག་ནི་རྣམ་ཤེས་ཀྱི་ཉེར་ལེན་རྒྱུ་ལུས་ཡིན་ན་ཤི་ལུས་ལ་སེམས་ཡོད་པར་ཐལ་བར་འགྱུར་ཞེས་པའོ། །
རིགས་པ་གཉིས་པ་ནི་ལུས་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་ན། ལུས་དང་རྣམ་ཤེས་གཉིས་ལ་ཉེར་ལེན་དང་ཉེར་འབྲས་ཀྱི་དོན་ཚང་དགོས་ཀྱང་ལུས་དང་རྣམ་ཤེས་གཉིས་ལ་ཉེར་ལེན་དང་ཉེར་འབྲས་ཀྱི་དོན་མི་ཚང་བའི་ཕྱིར།ཞེས་པ་སྟེ། གཞུང་ལས། ཉེར་ལེན་འགྱུར་བ་མེད་པར་ནི། །ཉེར་ལེན་ཅན་དག་འགྱུར་བར་ནི། །བྱེད་པར་མི་ནུས་དཔེར་འཇིམ་པ། འགྱུར་བ་མེད་པར་བུམ་སོགས་བཞིན། །དངོས་གང་འགྱུར་བ་མེད་པར་ནི། །དངོས་པོ་གང་ཞིག་རྣམ་འགྱུར་བ། །དེ་དེའི་ཉེར་ལེན་མི་རིགས་ཏེ། །བ་གླང་བ་མེན་ལ་སོགས་བཞིན། །སེམས་དང་ལུས་ཀྱང་དེ་བཞིན་ནོ། །[26]ཞེས། གལ་ཏེ་ལུས་དེ་ཉིད་སེམས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་ན་ལུས་ལ་འགྱུར་བ་མེད་ན་སེམས་ལ་འགྱུར་བ་མེད་དགོས་པ་དང་། ལུས་ལ་འགྱུར་བ་སོང་སྟོབས་ཀྱིས་སེམས་ལ་འགྱུར་བ་ཡོད་དགོས་ཀྱང་། ལུས་དང་སེམས་གཉིས་ལ་དེ་འདྲའི་ངེས་པ་གཏན་ནས་མེད་དེ། ལུས་ལ་འགྱུར་བ་གཏན་ནས་མེད་ན་ཡང་སེམས་ལ་དགའ་སྐྱོ་སོགས་འགྱུར་བ་ཡོང་བ་མངོན་སུམ་གྱིས་གྲུབ་ཅིང་། དེ་བཞིན་དུ་ལུས་ལ་འགྱུར་བ་ཤིན་ཏུ་སོང་ན་ཡང་སེམས་ལ་འགྱུར་བ་གཏན་ནས་མེད་པ་ཡང་མངོན་སུམ་གྱིས་གྲུབ་པས་ལུས་སེམས་གཉིས་ལ་རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་ཙམ་ཡང་མེད་ན་ཉེར་ལེན་དང་ཉེར་འབྲས་ཀྱི་དོན་གཏན་ནས་མི་ཚང་ཞིང་། དེ་བས་ལུས་སེམས་གཉིས་ཉེར་ལེན་དང་ཉེར་འབྲས་མིན་ཞེས་པའོ། །
རིགས་པ་གསུམ་པ་ནི་ལུས་དང་སེམས་གཉིས་ཉེར་ལེན་དང་ཉེར་འབྲས་མ་ཡིན་ཏེ། གཞུང་ལས། ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། །བློ་ཡི་བྱེད་པའི་ཁྱད་པར་གྱིས། །ཤེས་རབ་ལ་སོགས་ཕུལ་ཕྱུང་དང་། །འགྲིབ་པ་དག་ཏུ་འགྱུར་བ་ཡིན། །འདི་ནི་མར་མེའི་འོད་ལ་སོགས། །རྟེན་པ་རྣམས་ལ་ཡོད་མ་ཡིན།[27]ཞེས་ལུས་ལ་འཕེལ་འགྲིབ་སོགས་ཅི་ཞིག་བྱུང་ན་ཡང་ཤེས་རབ་ལ་སོགས་ལ་འཕེལ་འགྲིབ་གཏན་ནས་མེད་པའི་ཕྱིར། ཉེར་ལེན་དང་ཉེར་འབྲས་མ་ཡིན་ཞེས་པའོ། །དེ་ཡང་དཔེར་ན་མར་མེ་དང་འོད་གཉིས་ཉེར་ལེན་དང་ཉེར་འབྲས་ཡིན་པའི་དབང་གིས་མར་མེ་ལ་འཕེལ་འགྲིབ་ཅུང་ཙམ་བྱུང་ན་ཡང་ཐད་ཀར་འོད་ལ་ཡང་འཕེལ་འགྲིབ་འགྲོ་བ་བཞིན་དུ་དགོས་ཀྱང་ལུས་སེམས་གཉིས་ལ་དེ་འདྲའི་འཕེལ་འགྲིབ་མེད་པའི་ཕྱིར་ཏེ། གལ་ཏེ་ལུས་ལ་འཕེབ་འགྲིབ་ཡོད་པས་སེམས་ལ་འཕེལ་འགྲིབ་ཡོད་ན། ལུས་ཤ་རྒྱས་ཤིང་འཕེལ་བའི་ཚེ་ཤེས་རབ་སོགས་སེམས་ཀྱང་འཕེལ་ཞིང་རྒྱས་པ་དང་། དེ་བཞིན་དུ་ལུས་ཤ་རིད་ནས་ཉམས་ཆུང་བའི་གནས་སྐབས་སུ་ཤེས་རབ་སོགས་ཀྱང་དམན་དགོས་ཀྱང་དེ་འདྲའི་ངེས་པ་མེད་པ་མངོན་སུམ་གྱིས་གྲུབ་པས་ལུས་སེམས་གཉིས་རྗེས་སུ་འགྲོ་ལྡོག་གང་ཡང་མེད་བཞིན་ཉེར་ལེན་ཉེར་འབྲས་ཡིན་ཞེས་བཤད་པ་བསལ་བའོ། །
འདི་ལ་ཁ་ཅིག་གིས་བཅུད་ལེན་སོགས་ཀྱིས་ལུས་རྒྱས་སྟོབས་ཀྱིས་ཤེས་རབ་སོགས་འཕེལ་བས་ལུས་སེམས་གཉིས་རྗེས་སུ་འགྲོ་ལྡོག་ཡོད་ཟེར་ཡང་། གཞུང་ལས་དེའི་ལན་དུ། འགའ་ཚེ་ཆགས་སོགས་རྒྱས་སོགས་ཀྱི། །འཕེལ་བ་བདེ་སྡུག་ལས་སྐྱེས་ཡིན། །དེ་ཡང་ཁམས་སྙོམས་ལ་སོགས་པ། །ནང་གི་དོན་ནི་ཉེ་བ་ལས། །[28]ཞེས། བཅུད་ལེན་སོགས་ཀྱིས་ལུས་རྒྱས་ཤིང་ལུས་ཀྱིས་ཉེར་ལེན་བྱས་ཏེ་ཤེས་རབ་འཕེལ་བ་མ་ཡིན་པར། བཅུད་ལེན་སོགས་ཀྱིས་ལུས་རྒྱས་པར་བྱེད་ཅིང་ནང་གི་ཁམས་སྙོམས་པར་བྱེད་ལ་ནང་གི་ཁམས་སྙོམས་པ་གཟུང་དོན་དུ་བྱས་པ་ལ་ལུས་ཚོར་བདེ་བ་ཞེས་འབྱུང་ཞིང་། ལུས་ཚོར་བདེ་བ་ལས་ཡིད་ཤེས་འཁོར་གྱི་བདེ་བ་འདྲེན་པས། དེས་ན་དོན་དུ་བཅུད་ལེན་གྱིས་རྒྱས་པའི་ལུས་ཀྱིས་ཤེས་རབ་འཕེལ་བ་མ་ཡིན་པར་བཅུད་ལེན་གྱིས་རྒྱས་པའི་ལུས་ཀྱི་ཁམས་སྙོམས་པ་དེ་ཉིད་ཡིད་ཤེས་ཀྱིས་གཟུང་དོན་བྱེད་པ་ལས་ཤེས་རབ་འཕེལ་བ་ཡིན་ཞེས་པའོ། །
དེ་ཡང་གཞུང་ལས་དཔེ་ཡི་སྒོ་ནས་བསྟན་ཏེ། འདིས་ནི་འདུས་པ་ལ་སོགས་པ། །དྲན་པ་ཉམས་སོགས་བཤད་པ་ཡིན། །ནང་དོན་ཁྱད་པར་ལས་སྐྱེས་པའི། །བློས་ནི་འགྱུར་བར་བྱེད་ཕྱིར་རོ། །དཔེར་རྒྱུད་ཁྱད་པར་འགའ་ཞིག་ལ། །སྟག་ཉིད་དང་ནི་ཁྲག་ལ་སོགས། །ཐོས་པ་དང་ནི་མཐོང་བ་ལས། །རྨོངས་པ་ལ་སོགས་འབྱུང་འགྱུར་བཞིན། །[29]ཞེས་སྨོས་ཏེ། དཔེར་ན་མིག་གིས་སྟག་མཐོང་བ་དང་རྣ་བས་སྟག་གི་ངག་སྒྲ་ཐོས་པ་དེ་བཞིན་དུ་སྣས་དུག་དྲི་འདྲ་མིན་སྣོམ་པ་དང་ལྕེས་ཆང་དང་དུག་གི་རོ་མྱོང་བ་ལུས་ལ་རྡུང་སྡིག་སོགས་བྱས་པས་གང་ཟག་དེ་ཉིད་བརྒྱལ་བ་དང་རྨོངས་པ་སོགས་འབྱུང་བ་ཡང་ཡིད་ཤེས་ཀྱིས་ཡུལ་དེ་དག་གཟུང་དོན་བྱས་པས་དེ་ལྟར་བྱུང་བ་ཡིན་གྱི། ལུས་སོགས་ཀྱིས་ཉེར་ལེན་བྱས་ནས་སེམས་ལ་རྨོངས་པ་དང་བརྒྱལ་བ་སོགས་ཀྱི་འགྱུར་བ་སོང་བ་མ་ཡིན་ཞེས་པའོ། །དཔེར་ན་སྟག་མཐོང་ན་གང་ཟག་་འགའ་རེ་བརྒྱལ་བ་ཡང་སྟག་གི་ཉེར་ལེན་བྱས་ནས་སེམས་ལ་འགྱུར་བ་སོང་བ་མིན་པ་མངོན་སུམ་གྱིས་གྲུབ་ཀྱང་། སྟག་གཟུང་དོན་དུ་བྱས་པས་སེམས་ལ་འགྱུར་བ་སོང་ནས་བརྒྱལ་བ་བཞིན་ནོ། །ཞེས་སོ། །
བདུན། རང་ལུས་སེམས་ཀྱི་བདག་རྐྱེན་དང་ཉེར་ལེན་གྱི་རྒྱུར་འདོད་པ་ལ་ཐུན་མོང་དུ་གནོད་བྱེད་བརྗོད་པ།
ད་ནི་ལུས་དེ་ཉིད་ཡིད་བློ་རྣམ་པར་རྟོག་པའི་བདག་རྐྱེན་དང་ཉེར་ལེན་གང་ཡིན་ཡང་ཐུན་མོང་གི་རིགས་པའི་གནོད་བྱེད་བརྗོད་དེ་སེམས་ཀྱི་རྒྱུ་ཡིན་ཟེར་བའི་ལུས་དེ་ཉིད་ལ་དཔྱད་ནས་ཞིབ་ཏུ་འགོག་པའི་དབང་དུ་བྱས་ན། གཞུང་ལས། ལག་སོགས་གཡོ་ན་ཐམས་ཅད་དག །གཡོ་བར་འགྱུར་ཕྱིར་འགལ་བ་ཅན། །ལས་ནི་གཅིག་ལ་མི་རུང་ཕྱིར། །གཞན་དུ་ཐ་དད་གྲུབ་པར་འགྱུར།[30]ཞེས་སོགས་ཀྱིས། ལུས་སེམས་ཀྱི་རྒྱུ་ཁྱད་པར་ཅན་ཡིན་ན་སེམས་ཀྱི་རྒྱུར་གྱུར་པའི་ལུས་དེ་ཉིད་ཡན་ལག་ཅན་གྱི་ལུས་གཅིག་ཡིན་ནམ། ཡན་ལག་དུ་མ་ཡིན། དང་པོ་ལྟར་ཡན་ལག་ཅན་གྱི་ལུས་གཅིག་ཡིན་ན། དེ་འདྲའི་ལུས་དེ་ཉིད་ཆ་བཅས་དང་ཆ་མེད་གང་རུང་ཡིན་དགོས་ཤིང་། ཆ་མེད་ཡིན་ན་རགས་པ་ཆ་མེད་ཁས་བླངས་པས། རྐང་པ་གཡོ་བའི་ཚེ་ན་ལག་པ་གཡོ་བར་ཐལ་ཏེ། དེ་གཉིས་ཆ་མེད་རགས་པ་གཅིག་གི་ཡན་ལག་ཡིན་པ་གང་ཞིག་དེ་ལ་གཡོ་མི་གཡོའི་ཆ་སོ་སོར་མེད་པའི་ཕྱིར། ཡན་ལག་གཡོ་ཡང་ཡན་ལག་ཅན་མི་གཡོ་ཟེར་ན་ནི་ཡན་ལག་ལས་གོ་ས་ཐ་དད་པའི་ཡན་ལག་ཅན་གྲུབ་པར་འགྱུར་ཞེས་འགོག་གོ །དེས་ན་ཡན་ལག་ཅན་ཆ་མེད་རགས་པའི་ལུས་མི་སྲིད་པས་དེ་ཉིད་ཡིད་བློའི་རྒྱུ་མ་ཡིན་ནོ། །
ཡན་ལག་ཅན་གྱི་ལུས་དེ་ཆ་བཅས་ཡིན་ན། དེའི་ཆ་ཤས་ཀྱི་རྡུལ་རེ་རེ་དང་ཆ་ཤས་ཀྱི་རྡུལ་ཚོགས་པ་གཉིས་ཀས་ཡིད་བློའི་རྒྱུ་མི་བྱེད་པ་ནི་འོག་ཏུ་ཡན་ལག་དུ་མ་སེམས་ཀྱི་རྒྱུ་ཡིན་པ་འགོག་པའི་རིགས་པ་དང་མཚུངས་པས་སྐབས་དེར་འགོག་པར་འགྱུར་རོ། །
གལ་ཏེ་སེམས་ཀྱི་རྒྱུར་གྱུར་པའི་ལུས་དེ་ཉིད་ཡན་ལག་དུ་མ་ཡིན་ཞེ་ན། ཡན་ལག་དུ་མ་ཚོགས་པ་ཡིན་ནམ། ཡན་ལག་རེ་རེ་བ་སེམས་ཀྱི་རྒྱུ་ཡིན་ཞེས་བརྟག་པ་བྱས་ཏེ། དེ་གཉིས་ཀ་མི་འཐད་པའི་ཚུལ། གཞུང་ལས། མ་ལུས་རྒྱུ་ཉིད་ཡིན་ན་ནི། །ཡན་ཡག་གཅིག་དང་བྲལ་ནའང་མིན། །རེ་རེ་ནུས་པ་ཉིད་ཡིན་ནའང་། །ཅིག་ཅར་མང་པོ་འབྱུང་བར་འགྱུར། །[31]ཞེས། ཡན་ལག་ཚོགས་པ་སེམས་ཀྱི་རྒྱུ་ཡིན་ན་གཅིག་མ་ཚང་ན་ཡང་སེམས་མི་སྐྱེ་བར་ཐལ་བ་དང་། རེ་རེ་ནས་སེམས་ཀྱི་རྒྱུ་ཡིན་ན་དུས་གཅིག་ལ་རྣམ་ཤེས་དུ་མ་སྐྱེ་བར་ཐལ་ཏེ་རྒྱུ་དུ་མ་ཚོགས་པའི་ཕྱིར་ཞེས་ཕྱོགས་གཉིས་ཀ་བཀག་གོ །ཞར་ལ་་ཡན་ལག་རེ་རེ་ནས་སེམས་ཀྱི་རྒྱུ་ཡིན་ཡང་སེམས་དུ་མ་མི་སྐྱེ་བ་ནི་དབུགས་གཅིག་ལས་མི་སྐྱེ་བས་སེམས་གཅིག་མ་གཏོགས་མི་སྐྱེ་ཟེར་ན་ཡང་། དབུགས་གཅིག་དང་དབུགས་དུ་མ་ཅིག་ཆར་དུ་ཚོགས་པ་གཉིས་གང་གིས་ཀྱང་སེམས་གཅིག་ཁོ་ན་སྐྱེ་བའི་ངེས་པ་མེད་ཅེས། གཞུང་ལས། དབུགས་གཅིག་ལ་ཡང་དོན་དུ་མ། །འཛིན་ཕྱིར་དེ་ལས་ངེས་མ་ཡིན། །[32]ཞེས་དང་། གལ་ཏེ་དུ་མའང་གཅིག་དུས་ཅན། །སེམས་གཅིག་གི་ནི་རྒྱུ་ཡིན་ན། །དབུགས་རྒྱུ་ཞན་པ་ལ་སོགས་སུ། །གཅིག་མ་ཚང་ནའང་མི་འབྱུང་འགྱུར། །[33]ཞེས་སོགས་ཀྱིས་བཀག་གོ །
ལུས་སེམས་གཉིས་རྒྱུ་འབྲས་ཁྱད་པར་བར་འདོད་པ་ལ་གནོད་བྱེད་གཞན་ཡང་། ལུས་སེམས་ཀྱི་རྒྱུ་ཁྱད་པར་བ་ཡིན་ཏེ་ལུས་ཀྱིས་སེམས་མི་འཇིག་པར་གནས་པར་བྱེད་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། ཡོད་མེད་དག་ལ་རྟེན་མེད་ཕྱིར། །[34]ཞེས་སོགས་ཀྱི་རིགས་པས་བཀག་པ་སྟེ། དེ་ཡང་སེམས་དེ་ཉིད་མི་འཇིག་པར་གནས་མཁན་ཞིག་ཡིན་ན་ནི་ལུས་ཀྱིས་མི་འཇིག་པར་གནས་པར་བྱ་དགོས་དོན་མེད་ལ། འོན་ཏེ་སེམས་དེ་ཉིད་སྐད་ཅིག་གིས་འཇིག་མཁན་ཞིག་ཡིན་ན་ནི་ལུས་ཀྱིས་ཀྱང་མི་འཇིག་པར་གནས་པར་བྱ་མི་ནུས་སོ། །ཞེས་བཀག་ལ་རིགས་པ་འདི་ནི་ལུས་སེམས་གཉིས་དུས་མཉམ་ཡིན་ཡང་ཕན་ཚུན་རྒྱུ་འབྲས་ཁྱད་པར་བ་ཡིན་པར་འདོད་པ་དག་བཀག་ནས། ཞར་ལ་ལུས་སེམས་གཉིས་རྒྱུ་འབྲས་ཁྱད་པར་བའི་རྟེན་རྟེན་པ་མིན་ཡང་འཇིག་རྟེན་ལ་གྲགས་པའི་རྟེན་རྟེན་པ་ཙམ་ཡིན་པ་ལ་འགལ་བ་མེད་ཅེས་བཤད་དོ། །
གོང་གི་གནོད་བྱེད་དེ་དག་ལ་བརྟེན་ནས་བེམ་པོས་ཡིད་བློ་རྟོག་པ་འདི་ཡི་བདག་རྐྱེན་དང་ཉེར་ལེན་གང་ཡང་མི་བྱེད་པར་གྲུབ་ཅིང་། ཡིད་བློ་རྟོག་པ་འདི་ཡང་རྒྱུ་ལས་སྐྱེས་པར་གྲུབ་པས་འདུས་བྱས་ཀྱི་དངོས་པོ་གཞན་དག་དང་འདྲ་བར་རྫས་རྒྱུན་སྔ་མའམ་ཉེར་ལེན་གྱི་རྒྱུ་ཡོད་དགོས་ཤིང་འདུས་བྱས་ཀྱི་དངོས་པོའི་རྫས་ལ་བེམ་པོ་ལས་གཞན་གསལ་རིག་གི་ཤེས་པའི་རྫས་མ་གཏོགས་མེད་པས་ཡིད་བློ་རྟོག་པ་འདི་ཡི་རྫས་རྒྱུན་སྔ་མ་གསལ་རིག་གི་ཤེས་པའི་རྫས་ཤིག་ཡིན་པ་འོས་མེད་ཀྱིས་གྲུབ་བོ། །
བརྒྱད། གཞན་སེམས་རང་སེམས་ཀྱི་རྒྱུ་མ་ཡིན་པར་བསྟན་པ།
ཡང་མངལ་དུ་དང་པོར་ཉིང་མཚམས་སྦྱར་བའི་གང་ཟག་གི་རྒྱུད་ཀྱི་ཤེས་པའི་རྫས་རྒྱུན་སྔ་མ་ཤེས་པ་ཡིན་པར་གྲུབ་ཀྱང་། ཤེས་པ་དེའི་རྫས་རྒྱུན་སྔ་མ་ལ་རང་གི་ཤེས་པ་དང་ཕ་མ་ལྟ་བུའི་གཞན་རྒྱུད་ཀྱི་ཤེས་པའི་རྫས་རྒྱུན་གང་རུང་དུ་ངེས་པས་དེ་གཉིས་གང་ཡིན། གལ་ཏེ་ཕ་མའི་ཤེས་པའི་རྫས་རྒྱུན་ཡིན་ཟེར་ན། ཕ་མ་གཟོ་ལ་མཁས་པ་དང་མང་དུ་ཐོས་པ་སོགས་ཡིན་ན་བུ་ཡང་སྐྱེ་མ་ཐག་ཏུ་དེ་ལྟར་ཡིན་དགོས་ཏེ། ད་ལྟའི་རྒྱུད་གཅིག་གི་ཤེས་པ་སྔ་མ་སྔ་མ་ལ་གང་ཞིག་གོམས་ན་ཡང་ཤེས་པ་ཕྱི་མ་ཕྱི་མ་ལ་ཡང་དེ་ལྟར་གོམས་པ་མངོན་སུམ་དུ་འབྱུང་བའི་ཕྱིར།
དེས་ན་མངལ་དུ་དང་པོར་ཉིང་མཚམས་སྦྱར་བའི་གང་ཟག་གི་རྒྱུད་ཀྱི་ཤེས་པའི་རྫས་རྒྱུན་སྔ་མ་ཡང་གཞན་རྒྱུད་ཀྱི་ཤེས་པ་ཡང་མ་ཡིན་པས་རང་རྒྱུད་ཀྱི་ཤེས་པ་སྔ་མ་ཡིན་པར་གྲུབ་ལ། དེའི་ཚེ་རིགས་འདྲ་སྔོན་སོང་གིས་སྐྱེ་བ་སྔ་མ་གྲུབ་པ་ཡིན་ནོ། །
ཡང་འདུས་བྱས་ཀྱི་དངོས་པོ་ཀུན་ལ་རྫས་རྒྱུན་ནམ་ཡང་ཆད་དུ་མེད་པས་ཤི་ཁ་མའི་རིགས་པ་ལ་ཡང་རྫས་རྒྱུན་ཕྱི་མ་ཡོད་དགོས་ཤིང་བེམ་རིག་གཉིས་ཕན་ཚུན་རྫས་རྒྱུན་དུ་འགྲོ་བའི་སྐབས་མེད་པས་ཤི་ཁ་མའི་རིག་པ་ཕྱི་མ་ལ་ཡང་རྫས་རྒྱུན་ཕྱི་མ་རིག་པ་ཡོད་པར་གྲུབ་ལ། དེའི་ཚེ་སྐྱེ་བ་ཕྱི་མ་ཡང་ཡོད་པར་གྲུབ་བོ། །
དེ་ལྟར་རྣམ་འགྲེལ་ལས་འབྱུང་བའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིག་པ་དག་གཞུང་གི་གོ་རིམ་དཀྲུགས་ཏེ་གནད་འདུས་ཞིང་དོན་གསལ་ལ་སྟབས་བདེ་བའི་སྒོ་ནས་ཅུང་ཙམ་བཀོད་པ་འདིས་སྐྱེ་བ་སྔ་ཕྱི་ལ་ངེས་པ་བདེ་བླག་ཏུ་རྙེད་པའི་རྒྱུ་རུ་འགྱུར་སྲིད་སྙམ་པའི་ཡིད་ཆེས་དང་བཅས་མཇུག་གྲུབ་བོ། །
དཔྱད་གཞིའི་ཡིག་ཆ།
[1] རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཙནྡྲ་ར་ཧི་ལས་མཛད་པའི་རིན་པོ་ཆེའི་ཕྲེང་བ། སྡེ་དགེ་བསྟན་འགྱུར། པོད་གྲངས།༼ཨ༽༡༠༩ ལྡེབ་གྲངས། ༦༧
[2] མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བརྩམས་པའི་ནུབ་ཕྱོགས་པའི་སེམས་དང་ཀླད་པའི་རྣམ་གཞག་ལ་དཔྱད་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༣༣
[3] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༦
[4] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༦
[5] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༦
[6] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༦
[7] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༧
[8] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༧
[9] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༨
[10] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༧
[11] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༨
[12] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༧
[13] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༦
[14] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༧
[15] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༠
[16] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤
[17] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༦
[18] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༦
[19] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༦
[20] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༧
[21] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༧
[22] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༦
[23] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༧
[24] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༧
[25] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༧
[26] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༨
[27] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༩
[28] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༩
[29] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༩
[30] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༠
[31] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༢
[32] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༢
[33] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༤༢
[34] ཚད་མ་རིག་པ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྣམ་འགྲེལ། ཤོག་ངོས། ༣༨
– – – – –
![]()



