ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་བོད་ཀྱི་ལོ་རྒྱུས་ཐོག་ཡོངས་སུ་གྲགས་ཤིང་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་བྱུང་བའི་གོར་བོད་དམག་འཁྲུག་ཐེངས་དང་པོའི་ (༡༧༨༨-༡༧༨༩) འབྱུང་རྐྱེན་ཁག་ཕྱོགས་ཡོངས་ནས་ཞིབ་འཇུག་དང་འབྲེལ་ཁ་གསལ་བཀོད་ཡོད་པ་དང་། སྐབས་དེའི་དམག་འཁྲུག་གི་སྔ་ཕྱི་བར་གསུམ་གྱི་གནས་ཚུལ་དག་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་ཁོ་ན་ཙམ་མིན་པར་བལ་ཡུལ་གྱི་ཉེ་རབས་ལོ་རྒྱུས་ཡིག་ཆ་ཁག་ལ་ཞིབ་བསྡུར་བྱས་ནས་བཀོད་ཡོད་པར་མ་ཟད། དམིགས་བསལ་དུ་ཕྱི་ལོ་ ༡༧༨༩ ལོར་གོར་བོད་རྒྱལ་ཁབ་གཉིས་དབར་བཞག་པའི་ཆིངས་ཡིག་གི་སྐོར་ལ་ཆེས་ཐོག་མར་གསལ་ཁ་གཏོད་ཡོད་ཅིང་། ཆིངས་ཡིག་འདི་ནི་ད་བར་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་ཁག་གི་ནང་གཏན་ནས་འཁོད་མྱོང་མེད་ལ། ཐ་ན་སྐབས་དེར་ཆིངས་ཡིག་དེ་འཇོག་སྐབས་དངོས་སུ་གྲོས་མོལ་སྐུ་ཚབ་ནང་ཞུགས་མྱོང་བའི་བོད་གཞུང་གི་བཀའ་བློན་རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་མཆོག་སྐུ་ངོ་མས་ཀྱང་གཟིགས་མྱོང་མེད་པས་ན། ད་རེས་ཕྲན་ཆུང་བདག་གིས་སྙིང་ཉེ་བའི་རྒྱ་ཆེའི་བོད་རིག་པའི་ཀློག་པ་པོ་རྣམས་ལ་ཐེངས་དང་པོར་ཆིངས་ཡིག་འདི་ཕྱག་རྟགས་ཀྱི་ཚུལ་དུ་ཕུལ་ཡོད།
གནད་ཚིག །གོར་བོད་དམག་འཁྲུག ཆིངས་ཡིག ཊམ་ཁ། རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར། ཞྭ་དམར་སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་མཚོ།
གླེང་གཞི།
ཕྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་ནས་བོད་ནང་བལ་ཡུལ་གྱི་ཊམ་ཁ་འགྲོ་རྒྱུག་བྱས་ཡོད་པ་དང་། བལ་བོད་རྒྱལ་ཁབ་གཉིས་དབར་ལོ་ངོ་སྟོང་ཕྲག་སྔོན་ནས་ཁྱིམ་མཚེས་ཡིན་པའི་ཆ་ནས་ཆབ་དཔལ་རིག་གསུམ་ཐོག་ཡག་སྡུག་ལ་མ་བལྟོས་པར་འབྲེལ་བ་ཡོང་གི་ཡོད་ལ། ལྷག་པར་དུ་བལ་བཟའ་ཁྲི་བཙུན་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བཞེས་པ་ནས་བཟུང་བལ་བོད་རྒྱལ་ཁབ་གཉིས་དབར་ལོ་རྒྱུས་རང་བཞིན་ལྡན་པའི་གཞུང་འབྲེལ་གྱི་འབྲེལ་ལམ་ཐོག་མར་བྱུང་བ་དང་། དེ་དང་ཆབས་གཅིག་ནང་པ་སངས་རྒྱས་པའི་ཆོས་ལུགས་བོད་ལ་དར་སྤེལ་བྱུང་བ་ནས་བཟུང་། འཇིག་རྟེན་མིག་འབྱེད་ལྟ་བུའི་བོད་ཀྱི་ལོ་ཙཱ་བ་མང་པོ་ཞིག་བལ་ཡུལ་བརྒྱུད་ཁ་ཆེ་དང་རྒྱ་གར་གྱི་ཡུལ་ལ་ཕེབས་ཀྱི་ཡོད་པ་དང་། མི་ཉུང་བ་ཞིག་བལ་ཡུལ་རང་དུ་ལོ་ཙཱ་བསླབས་ནས་བོད་ལ་ཕྱིར་ལོག་ཕེབས་ཀྱི་ཡོད་པ་ལོ་རྒྱུས་ཡིག་ཆ་ཁག་གི་ནང་གསལ་པོར་འཁོད་ཡོད། ཕྱིjལོའི་དུས་རབས་བཅུ་བདུན་པའི་དུས་མགོར་བོད་ནང་གཙང་པ་སྡེ་པ་དང་སྐྱིད་ཤོད་སྡེ་པ་གཉིས་དབར་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་པའི་གོ་སྐབས་དང་བསྟུན་ནས་བལ་ཡུལ་གླིང་གསུམ[1]་གྱིས་བོད་ལ་དྲག་པོའི་དཔུང་འཇུག་བྱས་ཡོད་པར་མ་ཟད། ཕྱི་ལོ་ ༡༦༤༥ ལོར་བལ་ཡུལ་ཡམ་བུ་རྒྱལ་ཕྲན་དང་བོད་དབར་དམག་འཁྲུག་བྱུང་ནས་མཐར་བལ་བོད་གཉིས་དབར་ཆིངས་ཡིག་བཞག་ཡོད།[2] དེ་རྗེས་ཕྱི་ལོ་ ༡༧༦༩ ལོར་གོརྵའི་རྒྱལ་པོ་པྲི་ཐི་ཝི་ནཱ་རཱན་ཤཱ་ (Prithvi Narayan Shah) ཡིས་བལ་ཡུལ་གླིང་གསུམ་གཅིག་གྱུར་བཟོས་པའི་རྗེས་སུ་གོརྵ་སྲིད་གཞུང་གསར་པས་སྔོན་ཡམ་བུ་རྒྱལ་ཕྲན་རྙིང་པའི་དུས་འགྲེམས་སྤེལ་བྱས་པའི་བལ་ཊམ་རྣམས་ལྷད་ཅན་ཤ་སྟག་ཡིན་པ་དང་། གོརྵ་རྒྱལ་ཕྲན་གསར་པའི་སྐབས་སྤར་འགྲེམས་བྱས་པའི་གོར་ཊམ་འདི་དག་དངུལ་རྐྱང་ལྷད་མེད་ཡིན་རུང་། བོད་དབུས་གཙང་ཁུལ་དུ་དངུལ་ཟངས་ཊམ་ཁ་ཁྱད་མེད་འགྲོ་རྒྱུག་བྱེད་པ་མ་འོས་གཤིས། བལ་ཊམ་རྙིང་པ་འགྲོ་རྒྱུག་མེད་པ་གནང་དགོས་ཞེས་བོད་གཞུང་ལ་ཡི་གེ་རིམ་པ་ཕུལ་ཡང་ལག་བསྟར་དོན་འཁྱོལ་མ་བྱུང་བའི་ཁར། ཞྭ་དམར་སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་མཚོ་མཆོག་བལ་ཡུལ་དུ་ཕེབས་པ་དེས་མེ་འབར་བའི་སྟེང་དུ་ཤིང་ཤག་པ་ཞེས་པ་དཔེ་ལྟར་གོ་སྐབས་དེ་དང་བསྟུན་ནས་གོརྵས་དཔུང་དམག་འཁྲིད་དེ་བོད་ཁོངས་གཉའ་ནང་དང་། རོང་ཤར། སྐྱིད་གྲོང་བཅས་བལ་བོད་ས་མཚམས་སུ་གནས་པའི་རྫོང་གཞིས་ཁག་གསུམ་ལ་བཙན་འཛུལ་བྱས་སྟབས། བོད་གཞུང་གིས་ཚྭ་ཡ་བལ་གྱིས་འདེགས་བྱེད་སྔ་འཕྲོས་གཙང་མདའ་དཔོན་ལྕང་ལོ་ཅན་པ་དང་། པད་ཚལ་བ་གཉིས་གཉའ་ལམ་དང་ཤེལ་དཀར་ཕྱོགས་སུ་འགོ་འདོམས་ལ་འཕྲལ་རྫོང་གནང་བ་དང་། བཀའ་བློན་གཡུ་ཐོག་བཀྲ་ཤིས་དོན་གྲུབ་དབུས་གཙང་དམག་བསྐུལ་གྱི་དྲག་དཔུང་སྤྱི་ཁྱབ་ཏུ་བསྐོ་བཞག་མཛད་དེ་རྫོང་བདའ་གནང་རུང་། གོརྵའི་དམག་དཔུང་སྟོབས་ཤུགས་ཆེ་བའི་ཁར་བོད་ལ་དམག་རོགས་ཡོང་མཁན་གྱི་རྒྱ་དམག་དག་གིས་གོར་དམག་དང་འཐབ་རྒྱུ་ལྟ་ཅི་ལམ་སེང་ཕྱོགས་གཉིས་དབར་ཞི་བའི་ཆིངས་ཡིག་འཇོག་པར་འཇིགས་སྐུལ་དང་བཙན་བཀའ་ནར་མར་བཏང་བས། མཐར་ཕྱི་ལོ་ ༡༧༨༩ ལོར་ཆིང་གོང་མའི་བློན་པོ་བར་དཔང་ཐོག་གོར་བོད་རྒྱལ་ཁབ་གཉིས་དབར་སྐྱིད་གྲོང་དུ་ཆིངས་ཡིག་བཞག་སྟེ་རེ་ཞིག་དམག་མཚམས་བཞག་པའོ། །
དང་པོ། གོར་བོད་དམག་འཁྲུག་ཐེངས་དང་པོ་བྱུང་བའི་ཕྱི་ནང་གི་རྒྱུ་རྐྱེན་སྐོར་ལ་དཔྱད་པ།
སྔོན་བྱུང་རིག་པར་ཐུགས་སྣང་གནང་མཁན་ཞིག་ཡིན་ཕྱིན་བྱུང་བའི་གནས་ཚུལ་ཅི་འདྲ་ཞིག་ཡིན་ཀྱང་གོ་ལོ་ཐོས་ལོ་ཙམ་དང་ལོ་ཚིགས་ས་མིང་བགྲངས་ཐུབ་ཙམ་གྱིས་མི་ཆོག་པར། གཙོ་བོ་བྱུང་བ་གང་དེ་བྱུང་བའི་སྔ་ཕྱིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། སྐབས་དེའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས། དེ་བཞིན་བྱུང་བ་དེ་གནས་སྟངས་ཇི་འདྲ་ཞིག་གི་འོག་ནས་ཇི་ལྟར་བྱུང་བ་དང་། དེས་མི་རབས་རྗེས་མ་རྣམས་ལ་བཞག་པའི་ཤུགས་རྐྱེན་དང་ཕན་གནོད་ཀྱི་མཇུག་འབྲས་སོགས་ཀྱི་སྐོར་ལ་དཔྱད་པ་ཞིབ་ཚགས་པོ་བྱེད་དགོས་པ་ནི་ཉམས་ཞིབ་པ་ཞིག་ལ་ཚང་དགོས་པའི་མ་མཐའི་ཚད་གཞི་གལ་ཆེན་ཞིག་ཡིན་ཕྱིན། བོད་ཀྱི་ལོ་རྒྱུས་རིག་པར་སློབ་སྦྱོང་གཤའ་མ་བྱེད་མཁན་ཞིག་ཡིན་ན་ལོ་རྒྱུས་ཤེས་དགོས་པ་ཙམ་དུ་མ་ཟད་ལྷག་པར་དུ་དེ་དང་ལྷན་དུ་ལོ་རྒྱུས་རིག་པ་ཡང་ངེས་པར་དུ་ཤེས་དགོས་པ་ནི་ཧ་ཅང་གནད་འགག་ཅིག་ཡིན། དེས་ན་བདག་གིས་ཀྱང་གོར་བོད་དམག་འཁྲུག་ཐེངས་དང་པོ་འདི་བྱུང་དགོས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་རྒྱུ་རྐྱེན་བཅས་ལ་ཞིབ་ཚགས་པོས་དཔྱད་པ་བྱས་པ་བརྒྱུད་གཙོ་བོ་དོན་ཚན་ཁག་བརྒྱད་ཙམ་ཡོད་པར་འདོད་དེ།
དང་པོ། བོད་ནང་ལ་སྔར་རྒྱུན་བཞིན་བལ་པོའི་ཊམ་ཁ་འགྲོ་རྒྱུག་བྱས་དང་བྱེད་བཞིན་པའི་སྐབས་སུ། ཀཋ་མན་གྲུ་རྒྱལ་ཕྲན་དང་གོརྵ་རྒྱལ་ཕྲན་གཉིས་ལོ་མང་རིང་དམག་འཁྲུབ་བརྒྱབ་སྟེ་གཅིག་འོག་གཅིག་ལ་བསྡུ་སེམས་ཀྱི་སྐོམ་པ་ཆུ་འདོད་ལྟར་ཡོད་སྟབས་དམག་གི་འགྲོ་སོང་ཤིན་ཏུ་ཆེ་བའི་རྐྱེན་གྱིས། བལ་པོས་བོད་ལ་གཏོང་བཞིན་པའི་ཊམ་ཁར་ལྷད་མང་དུ་བཏང་ནས་ཁེ་བཟང་རག་ཐབས་ལ་འབད་རྩོལ་བྱས་ཀྱང་། ཕྱི་ལོ་ ༡༧༦༩ ལོའི་ཟླ་ ༩ པར་གོརྵས་བལ་ཡུལ་ཡོངས་རྫོགས་དབང་བསྒྱུར་བས་བོད་ལ་ཊམ་ཁ་སྤར་བརྐོ་དང་འགྲོ་རྒྱུག་གི་དབང་ཚད་ཚ་ཚང་གོརྵར་ཐོབ་པ་རེད། གོརྵ་སྲིད་གཞུང་གསར་པས་བོད་ལ་གཏོང་བའི་ཊམ་ཁ་ལྷད་མེད་སྤུས་དག་ཡིན་ཀྱང་བོད་ནས་སྔར་གྱི་ཊམ་ཁ་ལྷད་ཅན་དེའི་འཛའ་གོང་མ་གཏོགས་སྤྲོད་ཀྱི་མེད་པས། གོརྵ་རྒྱལ་པོས་བོད་གཞུང་ལ་དེའི་ཐོག་བསྒྱུར་བཅོས་གཏོང་རོགས་ཞེས་ཡིག་ངག་གཉིས་ཀའི་ཐོག་ནས་འབོད་སྐུལ་ཚར་འགའ་ཤས་བྱས་ཀྱང་བོད་གཞུང་ངོས་ནས་ཡ་ལན་གནང་མེད་སྟབས་གོརྵ་རྒྱལ་པོ་ཁྲོས་ཏེ་བོད་ལ་དམག་དྲངས་པས་གོར་བོད་གཉིས་དབར་དམག་འཁྲུག་བྱུང་བ་རེད།[3]
གཉིས་པ། བཀའ་བློན་མདོ་མཁར་བ་བསོད་ནམས་དབང་རྒྱལ་མཆོག་བོད་སྟོད་ཁུལ་མཐའ་མཚམས་སུ་ལས་དོན་དོ་དམ་གྱི་ཞིབ་དཔྱོད་གནང་ནས་བཞུགས་རིང་བལ་བོད་ས་འབྲེལ་ཡུལ་གྲུའི་ཚོང་ཟོག་དཔྱ་ཁྲལ་བསྡུ་ལེན་གྱི་ཁ་མཆུ་ཤོར་བ་མ་ཟད་བལ་པོའི་ཚོང་ཟོག་བོད་ལ་གཏོང་རྒྱུར་བཀག་འགོག་བྱས་པ་དང་། བལ་པོའི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་བརྒྱབ་པ། བལ་པོའི་ཚོང་རིགས་ལ་དབང་ཡོད་ཀྱིས་བསྡམས་བཀྱིགས་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་བས་གོརྵ་ཡིད་མ་རངས་པར་བོད་གཞུང་ལ་ལྟ་ཚུལ་མི་ལེགས་པ་བྱུང་ནས་རིམ་བཞིན་དམག་འཁྲུག་བསླངས་པ།[4]
གསུམ་པ། ཕྱི་ལོ་ ༡༧༧༥ ལོར་འབྲུག་གིས་གོརྵར་ངན་བསླབ་བརྒྱབ་པའམ་ཁོག་པ་བརྒྱངས་ནས་འབྲས་ལྗོངས་ལ་བཙན་འཛུལ་བྱེད་སྐབས་བོད་ཕྱོགས་ནས་འབྲས་ལྗོངས་ཀྱི་རྒྱབ་རྩར་ལངས་ཏེ་རོགས་རམ་བྱས་པ་དང་། དེ་རྗེས་ཝ་ལུང་དུ་འབྲས་ལྗོངས་སྐོར་བོད་གཞུང་སྐུ་ཚབ་ཞྭ་ལུ་མཁན་པོ་དང་། གཙང་གི་མདའ་དཔོན་པད་ཚལ་བ་གཉིས་ཀྱི་བར་འདུམ་འོག་གོར་འབྲས་གཉིས་ཆིངས་མོལ་བྱས་པར་གོར་ཕྱོགས་འདོད་པ་མ་ཁེངས་པས་བོད་ལ་སྡང་མགོ་ཚུགས་པ།[5]
བཞི་པ། ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ (༡༧༣༨-༡༧༨༠) རྒྱ་ནག་ལ་ཕེབས་པར་ཆིང་གོང་མས་དངོས་རྫས་འབོར་ཆེན་གནང་བ་དང་། ཕེབས་ལམ་དུ་བོད་སོག་དད་ལྡན་མང་ཚོགས་ནས་དངོས་རྫས་མང་པོ་ཕུལ་ཡོད་ཀྱང་། སྟབས་མི་ལེགས་པར་ཕྱི་ལོ་ ༡༧༨༠ ལོའི་ཟླ་ ༡༡ ཚེས་ ༡ ཉིན་[6]པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་པེ་ཅིང་དུ་སྐུ་གཤེགས་[7]པས་སྐུ་ཚ་ཕྱག་མཛོད་དྲུང་པ་ཧོ་ཐོག་ཐུ་བློ་བཟང་སྦྱིན་པས་གསེར་དངུལ་གོས་དར་སོགས་རྒྱུ་དངོས་ཕོན་ཆེན་པོ་ཞིག་པེ་ཅིང་ནས་བསྣམས་ཕེབས་ཏེ་པཎ་ཆེན་རིན་པོ་ཆེའི་མ་དགོན་གཙང་བཀྲ་ཤིས་ལྷུན་པོར་ཕུལ་ཡོད་ཀྱང་། མང་པོ་ཞིག་ཁོང་རང་སྐུ་སྒེར་གྱིས་བདག་ཉར་བྱས་ཡོད་པ་དག་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚ་གཞན་ཞྭ་དམར་སྤྲུལ་སྐུ་སྐུ་ཕྲེང་བཅུ་པ་ཆོས་སྒྲུབ་རྒྱ་མཚོས་བགོ་བཤའ་རྒྱག་དགོས་པའི་རེ་འདུན་བཏོན་ཡང་དེ་ལྟར་བྱུང་མེད་པས་ཞྭ་དམར་བས་གོརྵར་བརྒྱུད་སྐུལ་དང་སྣེ་འཁྲིད་བྱས་ཏེ་བཀྲ་ཤིས་ལྷུན་པོར་དམག་རྒྱག་དགོས་པའི་ངན་བསླབ་བཅུག་པ། [8]
ལྔ་པ། ཚྭ་ནི་ཉིན་རེའི་ཟ་འཐུང་གི་སྤྱོད་སྒོར་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཡིན་ཞིང་། བོད་ཀྱི་ས་ཕྱོགས་སྟོད་སྨད་གང་ས་ནས་ཚྭའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཐོན་གྱི་ཡོད་སྟབས། དུས་ཡུན་རིང་མོ་ཞིག་ནས་བོད་ཀྱིས་བལ་པོར་ཚྭ་མཁོ་འདོན་བྱེད་ཀྱི་ཡོད་ལ། བར་སྐབས་ཤིག་ནས་བོད་པས་ཀྱང་མགོ་བདེ་པོ་འཁྲབ་སྟེ་ཚྭ་ལ་བྱེ་མ་བསྲེས་ལྷད་བརྒྱབ་ནས་གོརྵར་བཙོང་པས་གོར་བོད་གཉིས་དབར་འགལ་ཟླ་ཆགས་པ་རེད།[9]
དྲུག་པ། བར་ལམ་དབུས་གཙང་སྡེ་གཟར་རམ་བཀའ་བློན་ནང་འཁྲུག་སོགས་དོན་རྐྱེན་མང་པོ་གཅིག་མཇུག་གཉིས་མཐུད་བྱུང་བའི་རྐྱེན་གྱིས་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ལ་སླེབས་དུས་བོད་ཀྱི་སྟོབས་ཤུགས་ཤིན་ཏུ་ཉམས་དམས་ཀྱི་གནས་སུ་ལྷུང་ཡོད་པ་དང་། གོརྵར་མཚོན་ན་བལ་ཡུལ་གཅིག་གྱུར་བྱས་རྗེས་དམག་དོན་རྒྱ་བསྐྱེད་རིང་ལུགས་ལག་ལེན་བསྟར་ཅིང་བལ་ཡུལ་གྱི་ནུབ་ངོས་སོགས་བཙན་བཟུང་བྱས་རྐྱེན། ཧམ་སེམས་ཇེ་ཆེར་སོང་སྟེ་བཙན་འཛུལ་གྱི་མདུང་རྩེ་བོད་ཀྱི་ཕྱོགས་སུ་གཏད་ཡོད་པ།[10]
བདུན་པ། ཕྱི་ལོ་ ༡༧༧༥ ལོར་གོར་བོད་གཉིས་དབར་བཞག་པའི་ཚོང་དོན་གྱི་ཆིངས་ཡིག་གི་ནང་དོན་དང་པོར་བལ་བོད་དབར་གྱི་ཚོང་འགྲུལ་ལམ་བུ་ནི་གཉའ་ནང་དང་སྐྱིད་གྲོང་ས་ཁུལ་འདི་གཉིས་ཁོ་ན་བརྒྱུད་ནས་འགྲོ་དགོས་པ་ལས་དེ་མིན་ལམ་གཞན་བརྒྱུད་ནས་འགྲོ་མི་ཆོག་ཞེས་གསལ་ཡོད་ཀྱང་། བོད་པ་ཚོས་ཕྱི་ལོ་ ༡༧༨༤ ལོར་ཆིངས་ཡིག་གི་ནང་དོན་དང་འགལ་ནས་གྲོ་མོ་ཆུ་སྦི་བརྒྱུད་དེ་འབྲས་ལྗོངས་དང་ཚོང་འབྲེལ་བྱས་པས་གོར་རྒྱལ་ཁོང་ཁྲོ་ལངས་ནས་བོད་ལ་དམག་འཁྲུག་རྒྱག་མགོ་ཚུགས་པ། [11]
བརྒྱད་པ། ཕྱི་ལོ་ ༡༧༧༤ ལོར་ཨིན་ཇིའི་ཤར་རྒྱ་གར་ཚོང་དོན་ཚོགས་པའི་སྐུ་ཚབ་མི་སྣ་ཇཱོར་ཇི་བྷོ་གྷལ་ (Gorge Bogle) གྱིས་གཞུང་འབྲེལ་གྱི་ཐོག་ནས་བོད་དུ་ཕྱིན་ཏེ་༸པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་དང་། དེའི་མཇུག་སྐྱོང་ལྟ་བུར་ཡང་བསྐྱར་ཚོགས་པ་དེ་གའི་སྐུ་ཚབ་སཱའ་མུལ་ཀྲུར་ནལ་ (Samuel Turner) གྱིས་ཕྱི་ལོ་ ༡༧༨༤ ལོར་བོད་དུ་ཕྱིན་ཏེ་བོད་དང་ལྷན་དུ་ཚོང་འབྲེལ་བྱེད་རྒྱུའི་གྲོས་ཆོད་ཅིག་བཞག་ཡོད་ཅིང་། ཨིན་ཇིས་ཀྱང་ཚོང་འབྲེལ་གྱི་ཁེ་ཕན་ཁོ་ན་མིན་པར་མ་འོངས་པའི་ཆབ་སྲིད་ཀྱི་ཁེ་ཕན་ཆེན་པོ་ཞིག་ཏུ་མཐོང་ནས་རིན་གོང་ཁེ་པོའི་ཐོག་བོད་ལ་ཚོང་ཟོག་གཏོང་རྒྱུའི་སྐད་ཆ་བྱུང་ཡོད་སྟབས། བལ་ཡུལ་གྱི་ཚོང་ཟོག་བོད་ལ་འགྲོ་རྒྱུག་བྱེད་རྒྱུར་རང་བཞིན་གྱིས་དོ་ཕོག་འགྲོ་རྒྱུར་བརྗོད་མི་དགོས་པས། གནད་དོན་དེར་གོརྵ་ཡིད་མི་དགའ་བར་གྱུར་ནས་བོད་ལ་དམག་བཤམས་པའི་སྟ་གོན་བརྩམས་[12]པ་བཅས་གོང་གསལ་རྒྱུ་རྐྱེན་འདི་དག་གིས་རྐྱེན་བྱས་ཏེ་མཐར་ལོ་རྒྱུས་སྟེང་ཡོངས་སུ་གྲགས་པའི་གོར་བོད་དམག་འཁྲུག་ཐེངས་དང་པོ་དེ་བྱུང་བ་རེད་སྙམ།
ཕྱིས་སུ་ཐོན་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ <<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་>> དང་། <<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།>> <<བོད་ཀྱི་ལོ་རྒྱུས།>> <<བོད་ཀྱི་ལོ་རྒྱུས་བསྡུས་གསལ་མེ་ལོང།>> <<དེབ་ཐེར་ཀུན་གསལ་མེ་ལོང་།>> <<བོད་ཀྱི་སྲིད་དོན་རྒྱལ་རབས་>> <<བོད་ཀྱི་རིག་གནས་ལོ་རྒྱུས་ཆེ་མོ།>> <<བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག་>>སོགས་ཕལ་མོ་ཆེའི་ནང་རྒྱས་བསྡུས་ལ་མ་བལྟོས་པར་གོར་བོད་དམག་འཁྲུག་གི་སྐོར་མ་འཁོད་པ་མེད་ཀྱང་། དེ་དག་ཚང་མའི་གཞི་བཞག་སམ་ཁུངས་གཏུགས་ས་ནི་བཀའ་བློན་རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་གྱི་བརྩམས་པའི་<<དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ་>>ཞེས་པ་དེ་ཉིད་ལས་མ་འདས་པས་འདིར་རེ་རེ་བཞིན་ཞིབ་ཕྲ་བརྗོད་པའི་དགོས་པ་གཏན་ནས་མ་མཆིས་ཤིང་། རྒྱས་པར་གཟིགས་འདོད་ན་གོང་གསལ་དེབ་ཐེར་ཁག་ལ་གཟིགས་གནང་ཡོད་པ་ཞུ།
གཉིས་པ། གོརྵའི་དམག་དཔུང་གིས་བོད་ལ་དངོས་སུ་བཙན་འཛུལ་བྱས་པའི་སྐོར།
ཉེ་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་སྤྱི་ཚོགས་ཁྲོད་ཀྱི་དངོས་ཡོད་གནས་ཚུལ་ཁག་གཞིར་བཞག་ནས་དེ་དག་ཐད་ཀར་རྗོད་བྱེད་ཀྱི་ལམ་ནས་མ་དྲངས་པར་སེམས་ཅན་དང་སྲོག་ཆགས་ཀྱི་གཟུགས་སུ་བཀོད་ནས་བཟང་པོར་ཡི་རངས་དཀར་འདོན་དང་ངན་པར་སུན་འབྱིན་ཐེར་འདོན་བྱེད་པའི་བསྡུས་བརྗོད་རྩོམ་ཡིག་ཇི་སྙེད་ཅིག་ཆར་ཤུལ་གྱི་ཤྭ་མོ་བཞིན་བརྡོལ་ཡོད་ཅིང་། དཔེར་ན་ <<རྫ་ཙིག་གཏམ་རྒྱུད་>>[13] དང་། <<ཇ་ཆང་ལྷ་མོའི་བསྟན་བཅོས།>>[14] <<བྱ་སྤྲེལ་གཏམ་རྒྱུད།>> <<གཏམ་པདྨའི་ཚལ་གྱི་ཟློས་གར་>>[15] སོགས་ལོ་རྒྱུས་ཀྱི་བྱུང་བ་དངོས་མཚོན་པའི་རྩོམ་རིག་མང་པོ་ཞིག་དུས་རབས་བཅོ་བརྒྱད་བཅུ་དགུའི་ནང་བོད་ཀྱི་སྤྱི་ཚོགས་ཀྱི་རྩོམ་རིག་གར་སྟེགས་སྟེང་དངོས་སུ་ཐོན་ཡོད་པར་མ་ཟད། རྩོམ་ཡིག་དེ་དག་གིས་བོད་མིའི་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེའི་ཁྲོད་ནས་རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པར་གྲགས་པའི་ <<བྱ་སྤྲེལ་གཏམ་རྒྱུད་>>[16] ནི་བོད་མི་སྐྱེ་བོ་མཆོག་དམན་ཀུན་གྱི་སེམས་ནང་རྒྱུས་མངའ་ཁྲིགས་ཁྲིགས་ཡོད་ཅིང་། གཏམ་རྒྱུད་འདིའི་བརྗོད་དོན་གཙོ་བོ་ནི་གོར་བོད་དམག་འཁྲུག་བརྗོད་བྱར་བྱས་པའི་སྲོག་ཆགས་ནང་ཁུལ་འཐབ་འཛིང་བྱེད་པའི་བསྡུས་བརྗོད་རྩོམ་ཡིག་ཅིག་ཡིན་པ་བོད་མི་ཀུན་ལ་གསལ་ཆ་ཡོད་ཅིང་། བྱ་ཡིས་བོད་རིགས་དང་། སྤྲེའུས་གོརྵ་མཚོན་གྱི་ཡོད་པ་དང་། སྤྲེའུས་བྱ་ཡི་ལུང་པར་བཙན་འཛུལ་བྱས་པ་ནི་གོརྵས་བོད་ལ་བཙན་འཛུལ་བྱས་པ་དེར་གོ་དགོས་[17]ཞེས་གསུངས་ཡོད་ཅིང་། གོརྵའི་དཔུང་དམག་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་དམག་ལ་ཕམ་ཁ་ཆེན་པོ་བྱུང་ཡོད་ཅིང་། ཀློང་བརྡོལ་བླ་མ་རིན་པོ་ཆེ་ངག་དབང་བློ་བཟང་གིས་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལ་ཁོང་རང་གི་རྨི་ལམ་ནང་བོད་འདི་རྫ་ར་ཞིག་གི་དཔེར་བླངས་ནས་རྫ་ར་དེའི་ལུས་ཀྱི་སྤུ་ཐོགས། ལྤགས་པ་རལ་ནས་མ་ཤི་ཙམ་ལ་སླེབས་པ་ཞིག་རྨིས་པ་གསུངས་པ་ལྟར[18]་དོན་ཐོག་ལ་ཡང་དེ་ལྟར་བྱུང་ཡོད།
གོར་རྒྱལ་སྦ་དྷུར་ཤཱ་ (Bahadur Shah) ཡིས་བོད་དང་དམག་བཤམས་རྒྱུའི་སྟ་གོན་གྱི་ཆེད་དུ་ཌི་ནན་ཐཱ་ཨུ་པ་ཏྱ་ (Dinanath Upadhayya) ཀ་ལི་ཀ་ཏར་མངགས་ནས་རྒྱ་གར་དབྱིན་གཞུང་ནས་མེ་སྒྱོགས་ལྔ་བརྒྱ་ཉོས་ཡོད་པ་མ་ཟད། རྒྱ་གར་ནས་ཆེད་ལས་པ་མི་བཅུ་དྲུག་གདན་དྲངས་ནས་གོ་མཚོན་བཟོ་རུ་བཅུག་པ་དང་། ས་གནས་རང་ནས་ཀྱང་མེ་མདའ་སོགས་གོ་མཚོན་ཇི་སྙེད་ཅིག་བསྡུས་ཡོད།[19] དེ་དང་ཆབས་ཅིག་གོརྵ་སྲིད་གཞུང་གིས་ཨིན་གཞུང་ལ་བོད་པར་རོགས་རམ་མ་བྱེད་རོགས་ཞེས་འབོད་སྐུལ་ཡི་གེ་ཞིག་སྤྲིངས་ཡོད་པ་དང་། སྐབས་དེར་ཡ་མཚན་པ་ཞིག་ལ། བྷང་གྷལ་དུ་གནས་བཞུགས་ཨིན་ཇིའི་གཞུང་ཚབ་ཆེན་མོར་བོད་ལ་དཔུང་འཇུག་བྱེད་རྒྱུར་རོགས་རམ་བྱེད་རོགས་ཞེས་ཞུ་ཡིག་ཕུལ་བ་དེ་དང་མཉམ་དུ་བོད་ཀྱིས་ཀྱང་དབྱིན་གཞུང་གིས་བལ་ཡུལ་གཞུང་ལ་རོགས་རམ་མ་བྱེད་རོགས་ཞེས་འབོད་སྐུལ་གྱི་ཡི་གེ་ཞིག་སྟབས་གཅིག་དུས་གཅིག་ལ་འབྱོར་བས། ཨིན་གཞུང་གིས་བལ་བོད་ཕྱོགས་གཉིས་ཀར་རོགས་རམ་མ་བྱས་པར་དབུ་མའི་ལམ་དུ་བཞུགས་ནས་ཕྱོགས་གཉིས་ཀར་ཕོག་ཐུག་བཟོས་མེད་[20]པ་དེ་ནི་དབྱིན་ཇི་བ་ཚོའི་ཆབ་སྲིད་གནག་པོ་ཞིག་མིན་ནམ་སྙམ་བཞིན་ཡོད།
གོར་དམག་བོད་ལ་སླེབས་པའི་སྦིར་གཏམ་དེས་ལྷ་སར་ཡོད་པའི་བོད་གཞུང་བཀའ་ཤག་ལ་སེམས་འཚབ་དང་དངངས་སྐྲག་ཆེན་པོ་ལངས་ཡོད་པས། སྤྱིར་བཏང་བྱས་ན་བོད་ཀྱིས་མན་ཇུ་གོང་མར་དམག་རོགས་ཞུ་བའི་སྲོལ་ཡོད་ཀྱང་། ཐེངས་འདིར་བཀྲས་ལྷུན་དགོན་གྱི་བླ་མས་རྒྱ་གར་ཨིན་གཞུང་ལ་རོགས་མགོན་ཞུས་ཡོད་ཀྱང་ཨིན་ཇིའི་ཤར་རྒྱ་གར་ཚོང་དོན་ཚོགས་པས་བོད་ལ་རོགས་རམ་བྱེད་རྒྱུར་ཁས་ལེན་བྱས་མེད། ཅིའི་ཕྱིར་བོད་ཀྱིས་མན་ཇུ་གོང་མར་རོགས་སྐྱོར་མ་ཞུས་པར་རྒྱ་གར་ཨིན་གཞུང་ལ་སྐྱབས་འཇུག་ཞུ་དགོས་པའི་རྒྱུ་མཚན་ནི་མན་ཇུའི་དམག་གི་སྟོབས་ཤུགས་བོད་ལ་མི་སླེབས་པའི་ཆེད་དུ་ཡིན།[21] ཞེས་གསུངས་ཡོད་པ་ནི་ངོ་མ་དོན་ལ་གནས་པ་ཞིག་ཡིན་ཞིང་། སྐབས་དེར་བོད་པ་ཚོས་མན་ཇུའི་དམག་མི་བོད་ནང་ཡོང་བར་ངོ་རྒོལ་དང་དགག་བྱ་ཡང་བྱས་ཡོད།
<<བལ་ཡུལ་གྱི་ཉེ་རབས་ལོ་རྒྱུས་>> ལས། ཕྱི་ལོ་ ༡༧༨༨ ལོའི་ཟླ་བ་ལྔ་པའི་ནང་གོར་དམག་བོད་ཀྱི་ས་མཚམས་སུ་འབྱོར་ཞིང་། སྐབས་དེར་གོར་དམག་གི་དམག་དཔོན་ནི་དྷ་མོའོ་དྷར་པཱན་དྷེ་ (Damodar Pande) དང་། ཏཱན་ཅི་ཊི་ཀུར་ (Ranjit Kuar) གཉིས་ཡིན་པ་དང་། གཅིག་གིས་ཁྲིའི་སུའི་ལི་ (Trisuli) གཙང་པོ་བརྒྱུད་ནས་སྐྱིད་གྲོང་དང་རོང་ཤར་ཕྱོགས་སུ་ཕར་རྒོལ་དཔུང་འཇུག་བྱས་པ་དང་། ཅིག་ཤོས་དེས་ཀོའི་སི་ (Kosi) གཙང་པོ་བརྒྱུད་ནས་གཉའ་ནང་དང་ཤེལ་དཀར་རྫོང་ཕྱོགས་སུ་དཔུང་འཇུག་བྱས་ཡོད།[22] ཕྱི་ལོ་ ༡༧༨༨ ལོའི་ཟླ་བ་བདུན་པའི་ནང་གོརྵས་གཉའ་ནང་དང་རོང་ཤར་སྐྱིད་གྲོང་བཅས་ཧམ་བཟུང་བཙན་འཕྲོག་བྱས་པ་མ་ཟད། རིམ་བཞིན་བོད་ཀྱི་གྲོང་ཁྱེར་གཉིས་པ་གཞིས་ཀ་རྩེའི་ཕྱོགས་སུ་དཔུང་འཇུག་བྱ་རྒྱུའི་སྦིར་གྲགས་བྱུང་བས། ༸པཎ་ཆེན་རིན་པོ་ཆེ་གཞིས་རྩེ་བཀྲ་ཤིས་ལྷུན་པོར་མུ་མཐུད་བཞུགས་བློས་མ་བཟོད་པར། ཕྱི་ལོ་ ༡༧༨༨ ལོའི་ཟླ་ ༧ ཚེས་ ༢༨ ཉིན་གཞིས་ཀ་རྩེ་ནས་ཐོན་ཏེ་ལྷ་སར་སྐབས་ཤིག་རིང་ཉེན་གཡོལ་དུ་ཕེབས་དགོས་བྱུང་།[23]
དེ་བཞིན་<<བལ་ཡུལ་གྱི་འཚོ་གནས་ཐབས་བྱུས་>> ཞེས་པའི་ཨིན་དེབ་ནང་ལ་ཡང་། ཕྱིལོ་ ༡༧༨༨ ལོའི་ཟླ་བ་བདུན་པའི་ནང་གོརྵའི་དམག་གིས་བཙན་ཤེད་ཀྱིས་ས་མཚམས་བརྒལ་ཏེ་གཉའ་ནང་དང་། རོང་ཤར། སྐྱིད་གྲོང་། རྫོང་ཁ་བཅས་རྫོང་གཞིས་བཞི་བཙན་བཟུང་བྱས་[24]ཞེས་གསལ་ཡོད་པར་འཁོད་ཡོད་པར་གཞིགས་ན། ང་ཚོས་ཕྱི་ལོ་ ༡༧༨༨ ལོའི་ཟླ་བ་བདུན་པའི་ནང་གོར་དམག་གིས་བལ་བོད་ས་མཚམས་སུ་དམག་འཁྲུག་བསླངས་ཡོད་པ་གསལ་པོར་རྟོགས་ཐུབ། བོད་རང་གི་ལོ་རྒྱུས་ཡིག་ཆ་ <<རྟ་ཚག་སྐུ་ཕྲེང་བརྒྱད་པ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོའི་རྣམ་ཐར་>> ལས་ “དེ་མཚུངས་འདི་ལོ་སྟོད་ཕྱོགས་སུ་དུས་ཟིང་ལ་བརྟེན་པས་༸པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཡང་བོད་བཞུགས་ཨམ་བན་ནས་གདན་དྲངས་པ་བཞིན་དབུས་སུ་ཞབས་པད་བཀོད་འདུག་པས་མཇལ་ཕྱག་ཏུ་བྱོན་པར་༸པཎ་ཆེན་མཆོག་ནས་ཀྱང་སྔོན་གནས་རྗེས་དྲན་གྱི་རང་མདངས་གསལ་པོར་བསྟན་ཏེ་དགྱེས་པའི་རྣམ་འགྱུར་ཚད་མེད་པར་མཛད་ཅིང་གང་ཅིའི་གསུང་མོལ་སོགས་ཀྱང་ཞིབ་རྒྱས་སུ་སྩལ་བར་མཛད་” [25]ཅེས་གསུངས་ཡོད།
གསུམ་པ། གོར་བོད་རྒྱལ་ཁབ་གཉིས་དབར་དངོས་སུ་ཆིངས་སྒྲིག་བྱས་པའི་བརྒྱུད་རིམ་སྐོར།
བོད་གཞུང་གིས་ཆིང་གོང་མར་རེ་སྐུལ་ཞུས་པ་ལྟར་ཆིང་གོང་མས་བློན་ཆེན་པཱ་ཀྲུང་སོགས་དམག་མི་སུམ་སྟོང་ལྷག་ཙམ་བོད་ལ་དམག་རོགས་སུ་བཏང་ཡང་། རྒྱ་དཔོན་དེ་དག་བོད་ལ་སླེབས་པ་ནས་བཟུང་བོད་མི་མང་གི་ལག་ནས་གྲོ་ཆས་རྟ་དོད་སོགས་དམག་མཁོ་བཙན་ལེན་བྱེད་རྒྱུ་ཁོ་ན་ལས་གོར་དམག་ལ་མདུང་རྩེ་ཙམ་ཡང་མ་གཏད་པར་དམངས་ཁྲོད་ཁ་རྒྱུན་དུ་མིས་ཁྱི་མངགས། ཁྱིས་གཡག་མངགས། གཡག་གིས་རྔ་མ་གཡུག་ཅེས་པའི་དཔེ་ལྟར་མཐོ་གོང་མ་ཆན་ལུང་ལ་རྫུན་གཏམ་དང་། དམའ་བོད་འབངས་ལ་དྲག་གཏམ་འར་བཅུན་ཁོ་ནས་དུས་ཚོད་འཁྱོལ་ཐབས་བྱས་ཡོད་ཅིང་། ལྷས་ཁ་བཀག་པ་དང་། འདྲེས་འཕངས་བཀག་པ་གཉིས་ཤི་ལུགས་མ་གཅིག་པ་ཙམ་ལས་བསད་པ་གཅིག་པ་རེད་ཅེས་གོརྵའི་དྲག་རྩུབ་དང་རྒྱ་དམག་གི་བསླུ་བྲིད་གཉིས་ཀར་ཡང་ལྕི་ཏིལ་འབྲུ་ཙམ་ཡང་མེད་པར་མདོ་དོན་བོད་མི་མང་གི་མགོ་རྡུང་མཁན་གཅིག་མཚུངས་ཡིན་པ་གསལ་སྟོན་བྱས་ཡོད།
དེ་ཡང་<<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་>> ཡི་ནང་“ས་གནས་སུ་ཡོང་མཁན་རྒྱ་དཔོན་ཁག་ནས་རང་གཟོན་འཛེམ་བག་ཁོ་ནས་དྲག་འཐབ་ཐེངས་གཅིག་ཀྱང་མ་བྱས་པར་ཞི་མོལ་ཡོང་ཐབས་མཐར་སྐྱེལ་བྱས་རྐྱེན། གོར་ཕྱོགས་དང་ཞྭ་དམར་བ་སོགས་ངན་པ་བྱས་རྒྱལ་དུ་ཤོར་ཏེ་བཙན་གནོད་ཐེངས་གཉིས་པ་བརྩམ་རྒྱུའི་ཧམ་སེམས་སྔར་བས་ཆེ་རུ་འགྲོ་བར་བསྐུལ་མ་བཏང་བ་ཞིག་ལས། མཚན་དོན་ལ་རྒྱར་ཕན་པ་ཞིག་བྱུང་མི་འདུག་” [26]ཅེས་སྡོམ་ཚིག་བསྐྱོན་ཡོད་པ་དེ་ལས་ལྷག་པ་ཞིག་འགྲེལ་བརྗོད་བྱེད་དགོས་པ་མ་མཐོང་ལ། བོད་གོར་དམག་འཁྲུག་ཐེངས་དང་པོའི་ནང་དུ་བོད་དམག་ཕམ་པར་བྱས་ཀྱང་མ་མཐའ་ཡང་དགྲ་ལ་འགོག་རྒོལ་བྱས་ཡོད། ཆིང་གི་དམག་ནི་རྩ་བ་ནས་དམག་འཁྲུག་ལ་ཞུགས་མེད་[27]འོན་ཀྱང་གོང་མ་ཆན་ལུང་གིས་གོརྵ་བདེ་རུ་བཀོད་པ་འུད་སྒྲོག་ཤུགས་ཆེན་པོ་བྱས་ནས་ཁོ་རང་གི་དྲག་པོའི་བྱས་རྗེས་ཆེན་པོ་བཅུ་[28]ཡི་དགུ་པར་བགྲངས་པར་མ་ཟད། བཀའ་བཏང་ནས་གཞུང་གི་ཇུས་གཞི་ཆེན་མོའི་ལས་ཁང་བཙུགས་ཏེ། གོང་མས་གཏན་འབེབས་གནང་བའི་གོརྵའི་ལོ་རྒྱུས་བསྡུས་པར་བཀོད་པ་ཟེར་བ་རྩོམ་སྒྲིག་བྱས་[29]ཞེས་ཆིང་གི་བློན་པོ་ཚོས་གོང་མར་རྒྱལ་ཁ་ཐོབ་པའི་སྙན་ཞུ་རྫུན་མ་ཕུལ་བ་དང་། གོང་མས་ཀྱང་དེར་ཡིད་རྟོན་བྱས་ཏེ་རང་གི་མི་ཚེའི་བྱས་རྗེས་སུ་བགྲངས་པ་སོགས་མན་ཇུ་སྲིད་གཞུང་ནི་མགོ་མཇུག་བར་གསུམ་མགོ་སྐོར་དང་གཡོ་སྒྱུས་ཁེངས་པའི་སྲིད་གཞུང་ཞིག་ཡིན་པ་ལྷང་ལ་བུད་ཡོད།
སྐབས་དེའི་གོར་བོད་དམག་འཁྲུག་གི་བརྒྱུད་རིམ་ཁྲོད་བོད་ཕྱོགས་ནས་ཕོ་ཟད་མོ་ལ་ཐུག །ལག་ཟད་དཔུང་ལ་ཐུག་ཀྱང་དགྲ་བོ་གོརྵ་དང་མཉམ་དུ་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱེད་རྒྱུའི་དམ་བཅས་ཡོད་ཀྱང་། མང་སྣེ་ཉུང་གིས་མི་བརྟེན་པའི་ཁར་བོད་དམག་རྣམས་ལ་དམག་གི་གོ་མཚོན་ཞན་པ་ཙམ་མ་ཟད་དམག་སྦྱོང་གི་བརྒྱུད་རིམ་དང་ཉམས་མྱོང་གང་ཡང་མེད་པས་མཐར་མན་ཇུའི་བཀའ་བཞིན་གོརྵ་དང་ཆིངས་སྒྲིག་མ་བྱེད་ཀ་མེད་དུ་གྱུར་ཞིང་། སྐབས་དེའི་གནས་ཚུལ་དངོས་ཇི་བྱུང་ <<རྡོ་རིང་པཎྜི་ཏའི་རྣམ་ཐར་>> ནང་འཁོད་པ་བཞིན་“ཉིན་མོ་གུར་ནང་མཚན་མོ་ཞྭ་དམར་བའི་བཞུགས་ཡུལ་དུ་ཉིན་མཚན་སྦྲེལ་ནས་ཞག་ཁ་ཤས་ཀྱི་བར་ཆིངས་སྒྲིག་གི་ལབ་གཞི་ཚུགས་སྐབས་ཞྭ་དམར་རང་ནས་གདན་བཀོད་མཛད་དེ་གུང་གྲལ་དུ་བླ་མ་ཞྭ་དམར་བ་རང་ལ་ཁྲི་སྟན་ཞིག་རྒྱབ་པའི་གཡས་གཡོན་དུ་ས་བཀྲས་ཀྱི་ཆིངས་པ་རྣམས་དང་། གཡས་གྲལ་ལ་ཁོ་བོ་ཅག་སོགས་གཞུང་གི་སྐུ་ཚབ་སྡོད་གནས། གཡོན་གྲལ་བ་བྷམ་ས་ཧེབ་ཅན་གོར་ཁའི་མི་སྣ་རྣམས་ལ་སོ་སོར་འོས་པའི་སྟན་བཤམས་ཤིང་། ཞྭ་དམར་བས་བླ་ཆས་དང་། བྷམ་ས་ཧེབ་ནས་ཕོ་རེང་གི་ཆ་ལུགས། སྟག་གསར་ནས་བྲམ་ཟེའི་ཆས་སུ་བཞུགས་ཏེ་རྔ་གླིང་རོལ་མོའི་སྒྲ་དང་བཅས་གུར་ནང་དུ་འབྱོར་བསྟུན། ཤྲཱི་ན་ཐ་ཀོ་ཕིང་ཞེས་པའི་དམག་མི་མི་ཧྲག་སྒྲུག་ལྔ་བརྒྱ་སྐོར་གྱིས་ལ་ཐོད་ནག་པོ་དང་། འགོ་སྣམ་མཚལ་ཁའི་སྟོད་གོས་ཞེ་མཚུངས་གྱོན་ཞིང་། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པས་གུར་གྱི་ཕྱི་ནང་ཀུན་ཏུ་ལྕགས་རི་རིམ་པ་གསུམ་དུ་བསྐོར་བའི་འཇིགས་རྔམས་དང་། དགྲ་ཟོན་གཉིས་ཉིས་གོ་གཅིག་ཆོད་དུ་བྱས་ཏེ་ངེད་རྣམས་འབོད་མི་རང་བྱུང་བར། ངེད་ཅག་ས་བཀྲས་གཞུང་གསུམ་གྱི་སྐུ་ཚབ་ངོ་གཡོག་ཅི་ཡོད་བསྒྲིལ་ཀྱང་ཁྱོན་མི་གྲངས་ལྔ་བཅུ་སྐོར་ལས་མི་ཡོང་གཤིས་ཕ་རོལ་པོའི་དཔུང་གི་དོད་ནོན་རེ་མ་མཆིས་པའི་ཐོག གཉའ་སྐྱིད་སོགས་ས་མཚམས་ཀྱི་རྫོང་སྒོ་དགྲ་ལག་ཏུ་ཤོར་བ་རྣམས་ལ་དྲག་པོའི་དཔུང་འཇུག་གིས་མ་བླངས་པར་ཞི་བའི་ཆིངས་སྒྲིག་བྱེད་དགོས་འདི་བཞིན་གེ་སར་གྱི་སྒྲུང་དཔེར། “དཔྱིད་ཟླ་བ་གསུམ་གྱི་སོས་ཐན་དེ། །བཟང་པོ་ཡིན་བསམ་ཡིད་ལ་མེད། །སྟོན་འབྲས་བུ་མཛོད་དུ་བསྡུ་བའི་དུས། །འབྲུ་ལག་ཏུ་མི་འབྱོར་སྔ་ལྟས་ཡིན།”ཞེས་པའི་དཔེ་དོན་ཐོག་ཏུ་འཁེལ་ནས་འཕྲལ་འགྲིག་ཕུགས་བརྟན་ཞིག་ཡོང་རེ་ཟད་རུང་། སྔོན་ལས་འཕྲལ་རྐྱེན་གྱི་གཞན་དབང་བཙན་པོའི་རླུང་གིས་དེད་དེ་ཕྱེ་མ་ལེབ་མར་མེའི་འོད་ལ་ལྕེབས་པར་ལྟར་མི་འགྲོ་དབང་མེད་ཀྱིས་བསྐྱོད་དུས་” [30]ཞེས་སྐབས་དེའི་ཆིངས་སྒྲིག་སྐབས་ཀྱི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་གསལ་པོར་བཀོད་ཡོད།
དེ་བཞིན་བོད་ཕྱོགས་ཀྱི་སྐུ་ཚབ་ཁོང་རྣམས་ཀྱིས་ཀྱང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་བཞིན་གལ་ལ་ཐུག་དུས་ཚང་མ་རྒྱག་གཅིག་མཆོངས་གཅིག་བྱེད་དགོས་པའི་ནང་མོལ་བྱུང་འདུག་པ་ལྟར། “གངས་ལྗོངས་བསྟན་སྲིད་ལ་རྒྱར་བསམ་གཞིགས་ཐོག་ནས་ས་བཀྲས་གཞུང་གསུམ་གྱི་སྐུ་ཚབ་ཚང་མས་རྒྱག་གཅིག་མཆོངས་གཅིག་བློ་རྩེ་གཅིག་སྒྲིལ་གྱི་ནང་ཚགས་སུ་བསམ་པ་གྲུ་ནང་གི་མི་ལྟར་དགོས་པ་དང་། ཕྱིར་རྒྱར་ཁོ་བོ་ཅག་སོགས་གཞུང་སྐུ་ཚབ་རྣམས་འགལ་ཟླའི་མཚོན་བྱེད་ཡིན་གཤིས་དཔའ་ཞུམ་མིན་པའི་རྫིག་སྤམ་མ་ཤོར་བ་སོགས་གཞུང་གི་མཚན་དོན་ལ་གང་ཕན་གྱི་ངོས་ནས་ཕ་རོལ་པོའི་ཟེར་བབས་སྤྱོད་འགྲོས་དང་བསྟུན་པའི་གཅིག་ལན་གཉིས་འདེབས་སོགས་འར་འཇུན་གང་ཐུབ་བྱེད་རྒྱུ་དང་། ཡང་དོན་འགྲིགས་ཚོད་རིང་ལ་ཧང་ཟོམ་ཐལ་ཆར་འགྲོ་ཉེར་བྱུང་ཚེ་ས་བཀྲས་ཀྱི་སྐུ་ཚབ་རྣམས་བར་མིར་སོང་གཤིས་བརྐྱང་བསྐུམ་རྒྱས་བསྡུས་གང་རན་བྱེད་དགོས་སོགས་ཀྱི་སྔོན་ནས་འཕྲོས་མོལ་རིམ་པར་བྱུང་དོན་ལ་གསལ་འདེབས་གྲོས་བསྡུར་གྱི་ཐོག་ནས་ཆུས་འཁྱེར་བ་ཤེས་བཞིན་དུ་རྐྱལ་རྩེད་ཡིན་ཁུལ་གྱི་ངོ་གཡོག་ཚང་མས་གཟབ་འཕྱོར་སོགས་ཆེ་དབྱིངས་དང་། དགྲ་ཟིལ་གང་ཆེ་བྱས་ཏེ་གུར་ནང་དུ་བསྐྱོད་ནས་སོ་སོའི་སྟན་བཤམས་པའི་སྟེང་དུ་མངོན་པར་འཁོད་ཐོག་མི་སྣ་ཕན་ཚུན་གྱི་བར་དུ་སྐད་གཉིས་སྨྲ་བའི་ལོ་ཙཱ་བཙུགས་ཏེ་ཐོག་མར་རྒྱལ་ཁག་ཕན་ཚུན་གྱི་མཚམས་འདྲི་སོགས་སྐབས་སུ་གང་བབས་ཀྱི་ལབ་སྣེ་སྤྲད་འཇུག་སྔ་ཕྱིའི་ཡོང་བབས་རྒྱུ་རྐྱེན་ལས་འཕྲོས་ཏེ་ལབ་གཞི་ཚུགས།”[31] ཞེས་གསལ་ཡོད་པས་བོད་པའི་སྐུ་ཚབ་རྣམ་པ་ཚོས་ཉ་མོ་མ་ཟིན་པ་མ་གཏོགས། མཚོ་མཐའ་མ་བསྐོར་བ་མེད། ཟེར་བའི་དཔེ་བཞིན་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ཡོད་ཀྱང་ཕ་རོལ་པོ་སྟོབས་ཤུགས་ཆེ་བས་གང་གི་འདོད་པར་མ་བསྟུན་ཐབས་མེད་ཡིན་པས། སྐབས་དེའི་ཆིངས་སྒྲིག་འདི་ཡང་རྒྱལ་ཁབ་གཉིས་ཀས་ཕན་ཚུན་གཉིས་མོས་ཀྱི་སྒོ་ནས་བཞག་པའི་ཁྲིམས་མཐུན་གྱི་ཆིངས་ཡིག་ཅིག་མིན་པར་གོར་དམག་གི་བཙན་དབང་དང་སྡིགས་རའི་འོག་བཞག་ཏུ་བཅུག་པ་ཞིག་ཡིན་པ་གསལ་པོ་རེད།
མདོར་ན། སློབ་དཔོན་ཨུ་པར་ཊི་ (Prem R. Uprety) མཆོག་གིས་གསུངས་པ་བཞིན་“ཆིངས་སྒྲིག་འདིའི་ནང་དོན་རྣམས་ལ་བལྟས་ཚེ་འདི་ནི་གཉིས་མོས་ཞི་མོལ་གྱི་ཆོད་གན་ཞིག་མིན་པར་དབང་སྒྱུར་མཁན་གྱིས་དབང་བསྒྱུར་ཡུལ་ལ་བཙན་གྱིས་བཏོན་པའི་ཆ་རྐྱེན་ཞིག་དང་ཀུན་ནས་མཚུངས་ལ། མདོར་ན་ཕྱོགས་གཅིག་ཁོ་ནའི་ཞེ་འདོད་ཀྱི་དབང་དུ་སོང་ཡོད།”[32] ཅེས་གསུངས་ཡོད་པ་དང་། རྩོམ་པ་པོ་གདུགས་དཀར་ཚེ་རིང་ལགས་ཀྱིས་“མཛེས་ལམ་དུ་ཆིངས་སྒྲིག་ཞེས་མིང་བཏགས་པ་ཙམ་ལས། དོན་དངོས་ཐོག་དགྲ་ནག་ཇག་པར་ཞུ་བ་འཐེན་དུ་འགྲོ་བའི་འཛམ་གླིང་ཐོག་ཆེས་ཡ་མཚན་ཅན་གྱི་ཆིངས་འདུན་སྒྲིག་པའི་འགོ་བརྩམས་”[33] ཞེས་སྡོམ་ཚིག་བསྐྱོན་ཡོད་པ་ལས་སྐབས་འདིའི་ཆིངས་ཡིག་གི་ངོ་བོ་དང་གནས་བབ་གང་འདྲ་ཞིག་ཡིན་མིན་གསལ་སྟོན་གནང་ཡོད།
བཞི་པ། ཕྱི་ལོ་ ༡༧༨༩ ལོར་གོར་བོད་རྒྱལ་ཁབ་གཉིས་དབར་བཞག་པའི་ཆིངས་ཡིག་གི་ནང་དོན་སྐོར།
བློས་གྲོད་པར་བཀལ། གྲོད་པས་ཆུ་གློད། ཅེས་པའི་གཏམ་དཔེ་བཞིན་རྒྱ་ཕྱོགས་ནས་དཔུང་དམག་འབོར་ཆེན་འབྱོར་ནས་གོར་དམག་སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་དུ་བརླག་ན་འདོད་ཀྱང་། རྒྱ་དམག་ཚོས་ཀ་ཀོར་སྒྱིད་ལུག་དང་ཉིན་འགྱངས་ཞག་འགྱངས་ཁོ་ནས་བོད་པའི་བློ་ཡུལ་ལ་ཡང་མེད་ཀྱང་རྒྱ་ཕྱོགས་ཀྱི་ལས་བྱེད་པས་ཕན་ཚུན་ཡིག་འགྲུལ་གྱི་ཐབས་ལམ་ལ་བརྟེན་ནས་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡབ་དཔལ་ལྡན་དོན་གྲུབ་དང་། ས་སྐྱའི་མགྲོན་གཉེར་བཅས་ཆིངས་འགྲིགས་ཞབས་ཞུར་འབོད་བཀུག་བཞིན། མཐར་གོར་བོད་དབར་ཆིངས་ཡིག་མ་འཇོག་ཀ་མེད་བྱུང་བ་རེད། སྐབས་དེར་བོད་ཕྱོགས་ནས་སྐུ་ཚབ་བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་བྱོར་དང་། ༸པཎ་ཆེན་རིན་པོ་ཆེའི་ཡབ་དཔལ་ལྡན་དོན་གྲུབ། ས་སྐྱའི་མགྲོན་གཉེར་བཅས་དང་། གོར་ཕྱོགས་ནས་བྷམ་ཤཱ་དང་། ཧཱ་རི་ཧར་ཨུ་པ་དྷི་ཡ། ཞྭ་དམར་སྤྲུལ་སྐུ། ནཱར་སན་ཤཱཧི། ཤཱ་མཱར་བཅས་ཡོད། ཕྱོགས་གཉིས་ཀྱི་སྐུ་ཚབ་རྣམས་མཉམ་དུ་འཛོམས་ནས་ཉིན་མ་མང་པོའི་རིང་ཕན་ཚུན་གོ་བསྡུར་བྱས་མཐར་ཆིངས་ཡིག་དོན་ཚན་བཅུ་[34] ཅན་ཞིག་བཞག་ཡོད་ཅིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ནང་ཆིངས་ཡིག་འདིའི་ནང་དོན་ཆ་ཚང་བཀོད་པ་ཞིག་ད་ལམ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་ལ། ཐ་ན་སྐབས་དེར་ཆིངས་ཡིག་འཇོག་མིའི་གྲས་སུ་ཡོད་པ་བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་མཆོག་གིས་ཀྱང་ཆིངས་ཡིག་མ་བུ་གཉིས་ཀྱི་མ་ཕྱི་ངོ་མ་དེ་མཇལ་བ་ཙམ་ལས་ཕྱག་ལ་རག་མེད་པ་ནི། ཁོང་གི་རྣམ་ཐར་ལས། “ཆིངས་ཁྲ་ལེ་ཚན་ཁག་བཞི་ཙམ་འདུག་སྟབས་རྒྱ་ནག་ནང་གི་ལུགས་སྲོལ་ལ་དོན་རྡོ་གཅིག་ལས་འཕྲོས་པའི་ཡིག་གཞིར། གོང་མའི་ལས་དམ་ཁག་མང་རྒྱག་སྲོལ་མེད་ཅེས་རྒྱ་ཡིག་ལས་དམ་འབྱར་བ་འདྲ་གཉིས་བྲིས་པའི་གཅིག་བོད་དང་། གཅིག་གོར་ཁས་ཉར་ཚགས་བྱས་འཐུས་ཞེས་ཟུར་དུ་སྤྲད་བྱུང་རུང་བོད་གོར་དེར་ཡོད་ཚང་མས་རྒྱ་ཡིག་མ་ཤེས་པའི་བབས་ཀྱིས་བརྗོད་དོན་ལ་ཇི་ཡོད་མ་རྟོགས་པ་མ་ཟད། ད་ལམ་ཆིངས་ཁྲ་མ་བུ་རང་ལ་རྒྱ་ཡིག་དམ་འབྱར་གྱི་འགོ་མཆན་ཞིག་ཞུ་ཐུབ་ན་སླར་ལེགས་ཉེས་ཅི་འདྲ་བྱུང་རུང་རྒྱ་བོད་གཉིས་ཀ་སྐྱིད་སྡུག་མཉམ་འཁུར་ཡོང་རེ་ལས། ད་ལམ་ཟུར་དུ་སྤྲད་པའི་རྒྱ་ཡིག་དམ་འབྱར་འདི་དོན་ལ་བློས་འགེལ་བྱས་ཚེ་སླར་ང་མིན་ཁོ་ཡིན་གྱི་ཐོག་ནས་ཤ་གཟན་གྱི་སྤྱང་ཀི་རི་ལ་བྲོས་ཏེ་ཆུ་འཐུང་གི་ཝ་མོ་གལ་ལ་ཐེབས་པ་ཞིག་བྱུང་དོགས། རབ་ཆིངས་ཁྲ་མ་བུ་ཁག་བཞི་ཀར་འགོ་འཆན་དམ་འབེབས་ཡོད་པ་དང་། མཐར་འདྲ་གཉིས་ཟུར་དུ་བསྩལ་རྒྱུ་ཡིན་ཚེ་ཆིངས་ཁྲ་མ་བུའི་དོན་རྡོ་རགས་བསྡུས་སྒ་གོར་གྱི་ཡི་གེ་ཁག་གཉིས་ལ་འཐུས་པ་ཞིག་གསར་དུ་བཟོས་པའི་མཇུག་མཐུད་དུ་དེ་དོན་ལ་ཆ་གནས་དགོས་པའི་བརྗོད་གསལ་དམ་འབྱར་དགོས་ཚུལ་ནན་གྱིས་གསོལ་བར། ཅིས་ཀྱང་ཡིད་ཆེས་ན་ད་ཆ་གསར་དུ་འབྲི་མ་དགོས་ཞེས་ཆིངས་ཁྲ་མ་བུ་ལྟོ་འབྱར་བྱས་པའི་ཡས་སྣེར་རྒྱ་ཡིག་དམ་འབྱར་གོང་གསལ་ཤོག་མཐུད་ཀྱིས་སྦྱར་ནས་སྤྲད་བྱུང་བར་ཡང་། ད་དུང་གཏན་ལྷིང་ཆེ་ཁྱད་མཐུད་མཚམས་ལ་ལས་དམ་གྱིས་བསྣན་དགོས་ཚུལ་ཨུ་ཚུགས་ནན་བསྐྱེད་ཞུས་དོན་བཞིན་དེ་དོན་མི་བྱེད་ཀ་མེད་བྱུང་སོང་བར་བཟང་པོ་བློས་འགེལ་བྱས་པ་ཡིན་རུང་། ཕྱིས་ལྕགས་ཕག་ (ཕྱི་ལོ་༡༧༩༡) སྡེ་གཟར་གྱི་དུས་གཟིར་བསྐྱར་ལངས་བྱུང་སྐབས། གོང་མ་ཆེན་པོའི་ནང་བློན་ཕུ་ཟི་དཀྲུང་ཐང་ཆེན་པོ་ནས་འདི་ལིའི་ཆིངས་ཁྲ་མ་བུ་རྩད་གཅོད་ཀྱིས་གོང་མ་ཆེན་པོར་སྤྱན་ཞུ་མཛད་འདུག་སྐབས་དོན་འདིའི་སྐོར་ལ་བོད་གོར་གཉིས་པོས་ཡིག་དན་བཞག་འདུག་པ་ལས་རྒྱ་དཔོན་རྣམས་ཐེ་ཚོགས་མེད་འདྲའི་རྒྱ་ཡིག་འགོ་མཆན་གྱི་མཐུད་དམ་མཚམས་ནས་བཅད་དེ་སྤྱན་ཞུར་ཕུལ་མེད་སྐད་”[35] ཅེས་གསུངས་ཡོད་པ་ལས་གོར་བོད་ཆིངས་ཡིག་མ་བུ་གཉིས་ཀའི་ཡིག་ཆ་ངོ་མ་རྒྱ་མིས་འཁྱེར་ནས་མཐོང་རྒྱུ་མེད་པ་འདྲ་ལ། ཆིངས་ཡིག་འདི་མན་ཇུ་གོང་མར་ཕུལ་བའི་སྐབས་སུ་ཡང་འགོ་མཆན་དམ་འབེབས་བརྒྱབ་པ་དེ་མཚམས་ནས་བཅད་དེ་རྒྱ་དཔོན་རང་གི་ཉེས་པ་སྦས་ཐབས་བྱས་ཡོད་པ་གསལ་པོར་རྟོགས་ཐུབ།
<<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་>>ལས་ཀྱང་། “ཆིངས་ཁྲར་འགོ་མཆན་འགོད་རྒྱུ་ཀ་ཀོར་གྱིས་གཡོལ་ཐབས་བྱས་པ་དང་། མཐའ་མཇུག་རྒྱ་ཡིག་ཤོག་ལྷེ་འདྲ་གཉིས་ཤིག་བཏང་འདུག་པ། ཆིངས་ཁྲ་མ་བུ་ལྟོ་འབྱར་གྱི་འགོར་སྦྱར་མཐུད་བྱས་ཚུལ་ཙམ་ལས། འབྲུ་དོན་གང་ཡོད་དགའ་བཞི་བསྟན་འཛིན་དཔལ་འབྱོར་རང་ཉིད་ཀྱིས་ཀྱང་མཁྱེན་ཚོར་མེད་པར་སྣང་”[36] ཞེས་གསལ་འདུག་པས། སྐབས་དེར་གོར་བོད་ཆིངས་ཁྲ་མ་བུ་གཉིས་བཀོད་ནས་གོརྵར་རྫོང་སྒོའི་བླུ་རིན་རྡོ་ཚད་སུམ་བརྒྱ་སྤྲོད་རྒྱུ་དང་། ཆིངས་ཁྲ་ཆེན་མོར་གསལ་བའི་རྫོང་གཞིས་ཁག་གི་བླུ་རིན་དངུལ་འབོར་གོང་གསལ་ལོ་ལྟར་སྤྲོད་རྒྱུའི་སྐོར་ཆིངས་ཁྲ་ཟུར་པའི་ནང་བཀོད་དེ་ཕྱི་ལོར་བླ་མ་ཞྭ་དམར་པས་རྩ་ཆག་ཡོང་བ་བྱེད་རྒྱུ་བཅས་བསྐྱར་དུ་བསྣན་ནས་བཀོད་ཡོད་པ་རེད། བཀའ་བློན་བསྟན་འཛིན་དཔལ་འབྱོར་དང་བོད་ཀྱི་འཐུས་མི་ཚོས་ཨུ་ཚུགས་མཐར་སྐྱེལ་བྱས་པར་མཐར་ཆིངས་ཡིག་མགོ་མཆན་དམ་འབྱར་མ་གཅིག་ཆིངས་ཁྲ་མ་བུའི་སྟེང་དུ་མ་འདོད་མཐུད་སྦྱར་གྱིས་སྤྲད་ཅིང་། མཐར་རྒྱ་དཔོན་ཚོས་རྒྱ་ཡིག་གི་མགོ་མཆན་དམ་འབྱར་མ་མཐུད་སྦྱར་མཚམས་ནས་བཅས་དེ་མན་ཇུ་གོང་མར་སྤྱན་ཞུར་ཕུལ་ཡོད་ཚོད་ཅེས་གསལ་བས། ད་བར་བོད་ཡིག་ནང་ཆིངས་ཡིག་འདིའི་ནང་དོན་ཞིབ་ཕྲ་འཁོད་པ་ཞིག་མཇལ་རྒྱུ་མེད་པའི་རྒྱུ་མཚན་ཡང་གནད་འདིར་ཐུག་པར་སྣང་།
ཆིངས་ཡིག་འདི་ནི་དུས་ནམ་ཞིག་ལ་བཞག་པའི་སྐོར་གྱི་ཟླ་དུས་ཚེས་གྲངས་ཏག་ཏག་ཅིག་ད་བར་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ནང་ཁ་གསལ་པོ་ཞིག་རྙེད་སོན་མ་བྱུང་ཡང་། བལ་ཡུལ་གྱི་ལོ་རྒྱུས་ཡིག་ཆ་ཁག་གི་ནང་བཤད་སྟངས་མི་འདྲ་བ་གཉིས་ཐོན་གྱི་འདུག་སྟེ། སློབ་དཔོན་ཝའུ་ཅའེ་ཀཱུ་མཱར་མཱད་ནན་ཏར་ (Vijay Kumar Manandhar) གྱིས་བརྩམས་གནང་བའི་ཕྱག་དེབ་པོད་དང་པོའི་ནང་ཆིངས་ཡིག་དེར་དོན་ཚན་བཅོ་ལྔ་བཀོད་འདུག་པར་མ་ཟད། ཕྱོགས་གཉིས་པོས་མཚན་རྟགས་འཁོད་པའི་དུས་ཚོད་དེ་ནི་ཕྱི་ལོ་ ༡༧༨༩ ལོའི་ཟླ་ ༦ ཚེས་ ༡༩ ཉིན་ཡིན་ཞེས་འཁོད་འདུག་[37] ཀྱང་། སློབ་དཔོན་ཨུ་པར་ཊི་ (Prem R. Uprety) གྱིས་བརྩམས་གནང་བའི་ཕྱག་དེབ་ནང་ཆིངས་ཡིག་དེར་ཕྱི་ལོ་ ༡༧༨༩ ལོའི་ཟླ་ ༦ ཚེས་ ༢ ཉིན་མཚན་རྟགས་བཀོད་ཡོད་ [38]ཅེས་གསལ་པོར་བཀོད་འདུག་པ་དང་། <<གོར་ཥའི་དབང་བསྒྱུར་>> ཞེས་པའི་ཨིན་དེབ་ནང་ཕྱི་ལོ་ ༡༧༨༩ ལོའི་ཟླ་ ༦ ཚེས་ ༢ ཉིན་གོར་བོད་གཉིས་དབར་བཞག་པའི་ཆིངས་ཡིག་ནང་གོརྵས་བཟོས་པའི་དངུལ་ཊམ་བོད་ལ་འགྲོ་རྒྱུག་ཆོག་པ་བཟོས་པ་དང་། དེའི་གོང་ཚད་ནི་གོར་ཊམ་གཅིག་ལ་དེ་སྔོན་གྱི་བལ་ཊམ་གཉིས་ཀྱི་རིན་གོང་དང་མཚུངས་པ་ཡིན།[39] དེ་བཞིན་བོད་ཀྱིས་གོརྵ་རྒྱལ་ཁང་ལ་ལོ་ལྟར་བལ་སྒོར་ ༥༠༠༠༡ སྤྲོད་དགོས་པ་བཟོས་ཡོད་ [40]ཅེས་གསལ་ཡོད་པ་དང་། ཁོང་གིས་ཁུངས་གཏུགས་སའི་དཔེ་ཆ་དེ་ནི་ (Ithhas Prakashma Sandhi, P. 20: Nepal-Tibet Treaty 1790)[41] ཞེས་པ་དེ་ཡིན་པར་གསལ་བ་དེ་གོང་དུ་སློབ་དཔོན་ཨུ་པར་ཊི་ (Prem R. Uprety) གྱི་བཞེད་ཚུལ་དང་གཅིག་མཐུན་དུ་སོང་བར་མ་ཟད། ཨ་མི་རི་ཁའི་རྩོམ་པ་པོ་རཱའོ་སི་ (Leo E. Rose) ལགས་ཀྱིས་བརྩམས་གནང་བའི་ <<བལ་ཡུལ་གྱི་འཚོ་གནས་ཐབས་བྱུས་>> ཞེས་པའི་ཨིན་དེབ་ནང་དུ་ཆིངས་ཡིག་འདིར་དོན་ཚན་བདུན་བཀོད་ཡོད་[42] ཀྱང་། ཆིངས་ཡིག་བཞག་པའི་དུས་ཚིགས་ནི་སྤྱི་ལོ་ ༡༧༨༩ ལོའི་ཟླ་ ༦ ཚེས་ ༢ ཉིན་བཞག་པ་རེད་[43] ཅེས་གསུངས་ཡོད་པ་དང་། དེ་དང་ཕྱོགས་མཚུངས་པ་ཞིག་ <<དིང་དུས་ཀྱི་བལ་ཡུལ་>> ཞེས་པའི་དཔེ་དེབ་ནང་ལ་ཡང་གོང་དང་གཅིག་མཚུངས་དོན་ཚན་བདུན་བཀོད་འདུག་ཀྱང་ཆིངས་ཡིག་ག་དུས་བཞག་མིན་གྱི་དུས་ཚོད་གསལ་ཁ་མི་འདུག[44] དེ་བཞིན་རྩོམ་པ་པོ་ཏིར་ཐཱ་པ་རཱ་ས་ཐ་མཱི་ཤཱ་རཱ་ (Tirtha Prasad Mishra) ཡིས་བརྩམས་གནང་བའི་ <<The taming of Tibet: A history account of compromise and confrontation in Nepal-Tibet Relations (1900-1930) >> ཞེས་པའི་དཔེ་དེབ་ནང་ལ་གོར་བོད་ཆིངས་ཡིག་འདི་བཞིན་བོད་ས་སྐྱིད་གྲོང་དུ་ཕྱི་ལོ་ ༡༧༨༩ ལོའི་ཟླ་ ༦ ཚེས་ ༢ ཉིན་ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོས་མཚན་རྟགས་བཀོད་པ་རེད་ [45]ཅེས་ཁ་གསལ་གཏིང་གསལ་གསུངས་འདུག་པས། གོང་དུ་དྲངས་པའི་བལ་ཡུལ་གྱི་ལོ་རྒྱུས་ཡིག་ཆ་དྲུག་པོ་དེ་དག་གུང་བསྒྲིགས་ནས་དཔྱད་ཚེ། གོར་བོད་དབར་གྱི་ཆིངས་ཡིག་དེ་ནི་ཕྱི་ལོ་ ༡༧༨༩ ལོའི་ཟླ་ ༦ ཚེས་ ༢ ཉིན་བཞག་པར་ཡིད་ཆེས་ཚད་འཛིན་བྱེད་ཆོག་པ་ཞིག་འདུག། ཆིངས་ཡིག་གི་ནང་དོན་ཁྱོན་ཡོངས་ལ་རྩ་བའི་ཁྱད་པར་ཆེན་པོ་མེད་ཀྱང་དོན་ཚན་ཁག་ལ་མང་ཉུང་ཅི་རིགས་འདུག་[46] པས། འདིར་བདག་གིས་བལ་ཡུལ་གྱི་བྱུང་རབས་སྨྲ་བའི་སློབ་དཔོན་ཨུ་པར་ཊི་ (Prem R. Uprety) གྱི་དཔེ་དེབ་གཞིར་བཟུང་དོན་ཚན་དེ་དག་རེ་རེ་བཞིན་ཕབ་བསྒྱུར་ཞུས་ན་འདི་ལྟ་སྟེ།
(༡) བོད་གཞུང་ནས་བལ་ཡུལ་གཞུང་གསར་པའི་ཊམ་ཁ་ཁས་ལེན་བྱེད་དགོས་པར་མ་ཟད། བལ་ཡུལ་གཞུང་རྙིང་པའི་སྐབས་སུ་བོད་ལ་འཁོར་རྒྱུག་བྱས་པའི་མཱ་ལཱའི་ཊམ་ཁ་གཉིས་དང་ད་ལྟ་བལ་ཡུལ་གཞུང་གསར་པའི་(གོརྵ་)ཊམ་ཁ་གཅིག་མགོ་མཚུངས་སུ་བརྗེ་པོ་རྒྱག་རྒྱུའི་ཁས་ལེན་གཏན་འབེབས་བཟོ་དགོས་པ།
(༢) བོད་གཞུང་གིས་གོརྵ་རྒྱལ་ཁང་ལ་ལོ་རེར་དངུལ་རྡོ་ཚད་[47] ༣༠༠(གོར་དངུལ་༥༧༦༠༠)སྤྲོད་རྒྱུའི་ཁས་ལེན་བྱེད་དགོས་པ།
(༣) གོར་དམག་རྣམས་ཀྱིས་གོརྵ་བདག་བཟུང་བྱས་པའི་བོད་ཀྱི་རྫོང་ཁག་བཞི་པོ་དེ་ནས་ཕྱིར་འཐེན་བྱེད་རྒྱུ། དོན་ཚན་འདིར་ཆ་རྐྱེན་གཅིག་ཡོད་དེ། བོད་གཞུང་ནས་གོརྵར་ཐེངས་དང་པོའི་དཔྱ་ཁྲལ་འབུལ་རྟེན་ཐེངས་དང་པོ་དེ་སྤྲད་ཚར་བའི་རྗེས་དེ་མ་ཐག་ལག་ལེན་བསྟར་རྒྱུ།
(༤) ལྷ་སར་བལ་པོའི་སྐུ་ཚབ་ཅིག་ངེས་པར་དུ་འཇོག་དགོས་པ་དང་། དེས་ལྷ་སར་ཡོད་པའི་བལ་པོའི་ཚོང་པ་རྣམས་ཀྱི་ཚོང་གི་ལས་དོན་ལ་སྲུང་སྐྱོབ་དང་ལྟ་རྟོགས་བྱ་རྒྱུ།
(༥) གལ་སྲིད་བོད་དུ་བལ་པོའི་ཚོང་པ་སོགས་ཀྱིས་ཁྲིམས་འགལ་ནག་ཉེས་ཀྱི་བྱ་བ་བྱས་ཚེ་ལྷ་སྡོད་བལ་པོའི་སྐུ་ཚབ་ཀྱིས་ཁྲིམས་ཆད་གཏོང་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། བོད་ཀྱི་གཞུང་ཞབས་ཚོས་བལ་པོ་ཚོར་ཁྲིམས་ཆད་གཅོད་པའི་ཁྲིམས་ལུགས་ཀྱི་དབང་ཚད་གཏན་ནས་མེད་དགོས།
(༦) བོད་ཕྱོགས་ནས་བལ་ཡུལ་ལ་ལྷད་མེད་པའི་ཚྭ་མཁོ་སྤྲོད་བྱེད་རྒྱུར་མོས་མཐུན་བྱ་དགོས་པ།
(༧) བལ་ཡུལ་གྱིས་བོད་ལ་བཙན་འཛུལ་མི་བྱེད་པའི་དམ་བཅའ་འཇོག་དགོས་པ།
(༨) བོད་ཀྱི་བླ་མ་ཞིག་ལོ་ལྟར་ཀཋ་མན་གྲུར་ཡོད་པའི་ནང་པའི་གནས་ཆེན་ཁག་ལ་གནས་སྐོར་དང་འབུལ་རྟེན་འབུལ་བར་ཡོང་དགོས་པ།
(༩) བལ་ཡུལ་གྱི་ཚོང་པ་རྣམས་བོད་ལ་ཚོང་རྒྱག་པར་འགྲོ་སྡོད་བྱས་ཆོག་ཀྱང་། བོད་མི་བལ་ཡུལ་གྱི་ནང་ཚོང་གི་དམིགས་ཡུལ་ཆེད་དུ་ཡོང་མི་ཆོག་པ།
(༡༠) བོད་ཀྱིས་འབྲས་ལྗོངས་དང་འབྲུག་གི་ཚོང་ལམ་སྒོ་བརྒྱབ་ནས་བོད་དང་ལྷོ་ཨེ་ཤེ་ཡའི་དབར་གྱི་ཚོང་ལམ་དེ་ཀཋ་མན་གྲུ་བརྒྱུད་ནས་བྱེད་དགོས་པ།[48]
དོན་ཚན་བཅུ་པོ་དེ་དག་ནས་བོད་པས་དོན་ཚན་དགུ་ལ་ཁས་ལེན་བྱས་ཡོད་ཀྱང་བྱེ་བྲག་དོན་ཚན་གཅིག་ལ་ཁས་ལེན་ནམ་ཡང་བྱས་མེད། དེ་ནི་ཆིངས་ཡིག་གི་དོན་ཚན་གཉིས་པར་གསལ་བ་བཞིན་ད་ཆ་གོར་འོག་ལ་ཤོར་ཚར་བའི་རྫོང་ཁག་བཞི་པོ་སློག་དགོས་ན་ལོ་ལྟར་བོད་གཞུང་གིས་རྫོང་ཁག་རེ་ནས་རྡོ་ཚད་ ༣༠༠ རེ་གོརྵར་སྤྲོད་དགོས་པ་དང་། འདི་ལོའི་རྡོ་ཚད་སུམ་བརྒྱ་དེ་ད་ལྟ་རང་སྤྲོད་དགོས་ཤིང་དེ་ནས་རྗེས་མ་རྣམས་ལོ་རེ་བཞིན་བོད་གཞུང་ནས་མཐོ་རིམ་སྐུ་ཚབ་མི་སྣ་གཉིས་བལ་ཡུལ་ལ་ཡོང་ནས་གོརྵ་རྒྱལ་ཁང་ལ་རྩིས་འབུལ་ཞུ་དགོས་ཞེས་ཆིངས་ཡིག་ནང་གསལ་བ་ལྟར། བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་མཆོག་གིས་གཙང་ཁུལ་གྱི་བཀྲས་ལྷུན་དང་ས་སྐྱ་དགོན་པ། དེ་བཞིན་སྐུ་དྲག་གི་ཁྱིམ་ཚང་འགའ་ཞིག་ནས་སྔ་གཡར་ཞུས་ཏེ། ཕྱི་ལོ་ ༡༧༨༩ ལོའི་རྫོང་སྒོའི་བླུ་རིན་རྡོ་ཚད་སུམ་བརྒྱ་ཐམ་པ་སྐབས་དེ་དུས་རང་གོརྵར་སྤྲད་པ་དང་། དེ་རྗེས་བཀའ་བློན་མཆོག་ལྷ་སར་ལོག་ཕེབས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་དོན་སྙན་སེང་ཞུས་པ་དང་། སྔ་གཡར་ཞུས་པའི་རྡོ་ཚད་སུམ་བརྒྱ་དེ་སྐྱིན་ཚབ་འཇལ་བ་རེད། ཡིན་ནའང་༸གོང་ས་མཆོག་དང་སྲིད་སྐྱོང་དཔལ་ལྡན་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས་རྣམ་པ་གཉིས་ཀྱིས་སྐབས་དེའི་ཐག་གཅོད་དེར་བློ་ཁ་མ་ཚིམ་ཞིང་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་རེད་[49]ལ། ཆོད་གན་འདིར་བོད་གཞུང་ངོས་ནས་ལག་ལེན་ཚུལ་བཞིན་བསྟར་མེད་ཙང་། ཡང་བསྐྱར་ཕྱི་ལོ་ ༡༧༩༡ ལོར་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པའི་གོར་བོད་དམག་འཁྲུག་ཐེངས་གཉིས་པ་(༡༧༩༡-༡༧༩༢) དེ་བྱུང་བ་ཡིན་ནོ།།
མཇུག་བསྡུ་བའི་གཏམ།
བོད་གངས་ཅན་ལྗོངས་དང་བལ་ཡུལ་གཉིས་དབར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཡག་སྡུག་ལ་མ་བལྟོས་པར་ཆབ་དཔལ་རིག་གསུམ་གྱི་ཐོག་འབྲེལ་བ་ཆེན་པོ་བྱུང་ཡོད་ཅིང་། མཚམས་རེར་རྒྱལ་ཁབ་གཉིས་དབར་ཕན་ཚུན་འཚམས་འདྲི་དང་རྟེན་འབུལ་ལེགས་སྐྱེས་བསྐུར་རེས་བྱེད་པ་དང་། ཡང་མཚམས་རེར་ཁྱོད་ཤི་ང་གསོན་གྱི་དམག་འཁྲུག་མི་ཉུང་བ་བྱུང་ཡོད་པའི་ཀྱག་ཀྱོག་གི་བརྒྱུད་ལམ་རིང་མོའི་ནང་། ཕྱི་ལོ་ ༡༦༤༥ ལོར་བལ་ཡུལ་ཡམ་བུ་རྒྱལ་ཕྲན་དང་བོད་དབར་ཆིངས་ཡིག་བཞག་པ་དང་། དེ་རྗེས་ཕྱི་ལོ་ ༡༧༦༩ ལོར་བལ་ཡུལ་ཡོངས་རྫོགས་གཅིག་གྱུར་བྱུང་བའི་རྗེས་ཏེ། ཕྱི་ལོ་ ༡༧༨༩ དང་ ༡༨༥༦ ལོ་སོ་སོར་གོར་བོད་རྒྱལ་ཁབ་གཉིས་དབར་ཆིངས་ཡིག་བཞག་པ་སོགས་སྲིད་དོན་དང་འབྲེལ་བའི་གནད་དོན་མང་པོ་ཞིག་བྱུང་ཡོད་པ་བྱུང་རབས་ལོ་རྒྱུས་ཀྱི་མེ་ལོང་ནང་གསལ་ཡོད་ཀྱང་། ཐང་བདེ་མོར་སླེབས་དུས་གླུ་ཨ་ལ་ཐ་ལ། འགག་དོག་མོར་སླེབས་དུས་བླ་མ་ཨོ་རྒྱན་པདྨ་ཟེར་བ་བཞིན་སྔོན་ཆད་ཆིངས་ཡིག་དེ་དག་ལ་ཐུགས་སྣང་གནང་མཁན་དེ་ཙམ་མེད་པ་དང་། དེ་དག་གལ་ཆེན་པོ་མི་བརྩི་བ་ནི་བོད་མི་ཕལ་ཆེ་བའི་རང་ཆས་སུ་ཡོད་པའི་གཤིས་ཀ་ལྟ་བུ་ཡིན་མོད། དིང་གི་དུས་སུ་འཇིག་རྟེན་གོ་ལ་ཁྱོན་ཡོངས་སུ་མི་རིགས་རིང་ལུགས་ཀྱི་ལྟ་བུ་ཤུགས་ཆེར་དར་བཞིན་པ་དང་། མི་རིགས་རང་ཉིད་ཀྱི་འདས་ཟིན་པའི་བྱུང་རབས་ལོ་རྒྱུས་ལ་བསྐྱར་ཞིབ་དང་ཕྱིར་རྟོག་བྱེད་པའི་ཚ་རླབས་ཁྲོད། ཆབ་སྲིད་ཀྱི་དགོས་མཁོ་དང་དུས་ཀྱི་སྟངས་སྟབས་འོག་ཆིངས་དོན་ཡིག་ཆ་དེ་དག་གི་གལ་ཆེའི་རང་བཞིན་མཐོང་བས། ད་ལྟའི་ཆར་ཡིག་ཆ་འདི་དག་གིས་བོད་ཀྱི་འདས་པའི་དངོས་ཡོད་གནས་ཚུལ་ཤེས་པར་ཆར་པ་ཆུ་འགྲོགས་དང་། ཉི་མ་མེ་འགྲོགས་ཀྱི་ཚུལ་དུ་ཡོད་པས་ཚང་མས་ཐུགས་སྣང་གནང་འོས་པ་ཞིག་ཡིན་ནོ།།
དཔྱད་ཡིག་དང་ཞབས་མཆན།
[1] ཡམ་བུ། ཡེ་རང་། ཁོ་ཁོམ།
[2] ཕྱི་ལོ་ 1645 ལོར་བྱུང་བའི་བལ་བོད་དམག་འཁྲུག་དང་སྐབས་དེའི་ཆིངས་ཡིག་གི་སྐོར་ལ་དཔྱད་པ། འཇམ་དབྱངས་དོན་གྲུབ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་དུས་དེབ། དྷ་རམ་ས་ལ། སྤྱིའི་འདོན་ཐེངས་དགུ་པ། 2022 ཤོག་47-65
[3] Prem R. Uprety. Nepal Tibet Relations 1850-1930, Published by Puga Nara, Kathmandu, Nepal. 1980 P. 26
[4] བོད་ཀྱི་སྲིད་དོན་རྒྱལ་རབས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། གླེགས་བམ་དང་པོ། བོད་གཞུང་ཤེས་རིག་དཔར་ཁང་། 1986 ཤོག་612
[5] Prem R. Uprety. Nepal Tibet Relations 1850-1930, Published by Puga Nara, Kathmandu, Nepal. 1980 P. 27
[6] པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར། དཀོན་མཆོག་འཇིགས་མེད་དབང་པོ། སྨད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2014 ཤོག་ངོས། 258 ལས་འདི་ལྟར་གསལ་ཡོད་དེ། དེ་ལྟར་ཞབས་བརྟན་སྐུ་རིམ་རྒྱ་ཆེར་བསྒྲུབས་ཀྱང་ཞིང་འདིར་སྐུ་དངོས་ཀྱི་གདུལ་བའི་གདུལ་བྱ་རྫོགས་པ་དང་། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་དོན་དུ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོ་རྒྱ་ལུགས་བཤོལ་ཟླ་མ་བཏོན་པའི་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་གི་ཉི་རྒས་ཙམ་གྱི་ཆ་ལ་བབས་པ་ན། ཞབས་རྡོ་རྗེ་དཀྱིལ་ཀྲུང་དང་སྐུ་ལུས་དྲང་པོར་བསྲངས། ཕྱག་གཉིས་མཉམ་གཞག་མཛད་དེ་ཟབ་མོའི་ཐུགས་དམ་ལ་གཞོལ་བཞིན་པའི་ངང་ནས་སྟོང་པ་གསུམ་རིམ་གྱིས་ཐིམས་ནས་ཐམས་ཅད་སྟོང་པ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་དེ་རེ་ཞིག་གཟུགས་སྐུའི་བཀོད་པ་རྒྱལ་བ་འོད་དཔག་ཏུ་མེད་པའི་ཐུགས་ཀར་གཤེགས་པའི་ཚུལ་བསྟན་ཏོ། །
[7] རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཕལ་ཆེ་བའི་ནང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་ཕྱི་ལོ་ 1780 ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྐུ་གཤེགས་པར་བཤད་པ་ཙམ་ལས་ཇི་ལྟར་སྐུ་གཤེགས་པ་དང་། སྐུ་གཤེགས་རྐྱེན་གང་ཡིན་སོགས་ཀྱི་སྐོར་ལ་གསལ་ཁ་ཅི་ཡང་མེད་ཀྱང་། རྒྱལ་མོ་འབྲུག་པས་བརྩམས་པའི་ <<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་>> གྱི་ཤོག་ངོས་ 419 ནང་ཁོང་འབྲུམ་ནད་བཞེས་ནས་སྐུ་གཤེགས་ཚུལ་བཀོད་འདུག་པ་དང་། དཀོན་མཆོག་འཇིགས་མེད་དབང་པོས་མཛད་པའི་པཎ་ཆེན་སྐུ་ཕྲེང་དྲུག་པའི་རྣམ་ཐར་ནང་པཎ་ཆེན་རིན་པོ་ཆེ་མཆོག་ལྷ་འབྲུམ་བཞེས་ཏེ་སྐུ་གཤེགས་རབས་བཀོད་འདུག་མོད། འོན་ཀྱང་བལ་ཡུལ་གྱི་རྩོམ་པ་པོ་རཱག་མིའི་ (D.R.Regmi) ཡིས་བརྩམས་པའི་ <<བལ་ཡུལ་གྱི་ཉེ་རབས་ལོ་རྒྱུས་>> པོད་དང་པོའི་ཤོག་ངོས་ 429 ཡི་ནང་༸པཎ་ཆེན་རིན་པོ་ཆེར་དུག་ཕུལ་ནས་བཀྲོངས་པ་རེད་ཅེས་བརྗོད་འདུག་ཅིང་། རྐུན་མ་མེད་ན་ཁྱི་སྒྲ་འོངས་དོན་མེད་ཅེས་པ་ལྟར་ཁུངས་ལུང་ཅི་ཡང་མེད་པར་བྱུང་རྒྱལ་དུ་སྨྲ་མི་སྲིད་པས་བཤད་ཚུལ་ཕྱི་མ་དེར་བདེན་པའི་ཁུངས་སྣེ་ཏོག་ཙམ་ཡོད་ཤས་ཆེ་སྙམ། འོན་ཀྱང་སུ་ཞིག་གིས་དུག་ཕུལ་ནས་བཀྲོངས་པའི་སྐོར་ལ་གང་ཡང་བརྗོད་མི་འདུག་པས་ད་དུང་ཡང་གནས་ཚུལ་འདི་གསང་བ་ལྐོག་འགྱུར་གྱི་མུན་ཁུང་དུ་མི་འཇོག་ཀ་མེད་ཡིན་པས་མུ་མཐུད་དཔྱད་པར་བྱ་བའི་གཞི་ཡིན།
[8] པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། ཡཱ་ཧན་ཀྲང་གིས་བརྩམས། བློ་བཟང་ཕུན་ཚོགས་དང་རྟ་མགྲིན་འབྲུག་གྲགས་གཉིས་ཀྱིས་བོད་ཡིག་ཏུ་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་1992 ཤོག་ངོས། 305 འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ། བཤད་སྲོལ་འདིའི་ཐོག་མའི་ཡོང་ཁུངས་ནི་རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པའི་<<དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ་>>འམ་ཡང་ན་ཡོངས་གྲགས་སུ་<<རྡོ་རིང་པཎྜི་ཏའི་རྣམ་ཐར་>>ཞེས་པ་དེ་ཡིན་ཡང་། ཉེ་ཆར་ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༣ ཚེས་ ༢༦ ཉིན་སྙེ་ལྕེ་བཙན་ཕྲུག་ཟེར་བ་ཞིག་གིས་<<བོན་པོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་ཀརྨ་ཀམ་ཚང་ལ་གསལ་བཤད་དང་དགོངས་དག་ཞུ་འོས་>>ཞེས་པའི་རྩོམ་ཡིག་ཅིག་དྲྭ་ཐོག་ལ་སྤེལ་བའི་ནང་གོར་དམག་བོད་ལ་འཁྲིད་མཁན་ཞྭ་དམར་བ་སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་མཚོ་མཆོག་མིན་པའི་སྒྲུབ་བྱེད་མང་པོ་ཞིག་བཀོད་འདུག་པས་མཐའ་གཅིག་ཏུ་ཡིན་མིན་ཁ་ཚོན་གཅོད་དཀའ་བས་མུ་མཐུད་ཞིབ་འཇུག་བྱ་འོས་པར་མཐོང་།
[9] D. R. Regmi. Modern Nepal; Rise and growth in the eighteenth century, Volume I, Firma K. L. Mukhopadhyay Calcutta. 1975 P. 429
[10] བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་པ། ཆ་རིས་སྐལ་བཟང་ཐོགས་མེད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1997 ཤོག་177
[11] Kumar Pradhan. The Gorkha Conquests; The process and consequences of the unification of Nepal with particular reference to eastern Nepal, Calcutta Oxford University Press, Delhi Bombay madras. 1991 P. 131
[12] D. R. Regmi. Modern Nepal; Rise and growth in the eighteenth century, Volume I, Firma K. L. Mukhopadhyay Calcutta. 1975 P. 429
[13] རྫ་ཙིག་གཏམ་རྒྱུད་ཀྱི་རྩོམ་པ་པོ་ནི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མའི་ཡོངས་འཛིན་སྔ་མ་དགེ་སློང་བློ་བཟང་ཚུལ་ཁྲིམས་སམ་ཡོངས་གྲགས་སུ་ཡོངས་འཛིན་འབྲོང་རྩེ་བ་ཞུ་བ་ཁོང་ཡིན་ཞིང་། གཏམ་རྒྱུད་འདིའི་ནང་སྒོམ་ཆེན་པ་དང་། རྫ་ར་སྨུག་ཆུང་། ལྷ་བྱ་གོང་མོ། ཨོག་དཀར་སོགས་སྲོག་ཆགས་ཀྱི་གཟུགས་སུ་བཀོད་ནས་སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་དཔོན་ངན་ཐ་ཤལ་རྣམས་ཀྱི་ངོ་ཚ་ཁྲེལ་གཞུང་བོར་བའི་རང་གཤིས་ལ་སུན་འབྱིན་དང་ཐེར་འདོན་གནང་ཡོད།
[14] ཇ་ཆང་ལྷ་མོའི་བསྟན་བཅོས་ཀྱི་རྩོམ་པ་པོ་ནི་གཙང་ལྗོངས་པ་སྣམ་རྫོང་ཞལ་ལྕེ་བོན་གྲོང་ཚེ་བརྟན་ཡེ་ཤེས་ཡིན་ཞིང་། བསྟན་བཅོས་འདིའི་ནང་རྩོམ་པ་པོས་ཇ་དང་ཆང་གཉིས་ལྷ་མོའི་གཟུགས་སུ་བཀོད་ནས་དེ་གཉིས་ཀྱི་ང་རྒྱལ་རྩོད་གླེང་བརྒྱུད་ནས་སྐབས་དེའི་བོད་ཀྱི་མཐོ་རིམ་སྤྱི་ཚོགས་ཀྱི་རྣོ་ངར་ཅན་གྱི་འགལ་འདུ་མཚོན་ཐབས་བྱས་ཡོད་པ་དང་། མཐར་རྒྱལ་པོའི་སྣང་བརྙན་བརྒྱུད་ནས་མདུང་རྩེ་ཁ་སྤྲོད་ལྟ་བུའི་འགལ་འདུ་དེ་ཇི་ལྟར་ཐག་གཅོད་བྱས་པའི་སྐོར་འཁོད་ཡོད།
[15] གཏམ་པདྨའི་ཚལ་གྱི་ཟློས་གར་ནི་རྙིང་མའི་བླ་མ་རྫ་དཔལ་སྤྲུལ་རིན་པོ་ཆེས་དུས་རབས་བཅུ་དགུ་པའི་ནང་བརྩམས་གནང་ཞིང་། ཁོང་གིས་མེ་ཏོག་པདྨ་དང་། གསེར་སྦྲང་གཡུ་སྦྲང་། ཕོ་རོག་ནག་ཆུང་། དུག་སྤྲུལ་ནག་པོ་སོགས་ཀྱི་སྲོག་ཆགས་ཀྱི་གཟུགས་སུ་བཀོད་ནས་སྐབས་དེར་ཁམས་སྡེ་དགེའི་འདན་ཁོག་ཏུ་བྱུང་བའི་ཁྱོ་ཤུག་གཉིས་ཀྱི་མི་སེམས་འགུལ་ཞིང་ཡ་ང་བའི་མི་ཚེའི་གཏམ་རྒྱུད་ལ་སྦྱར་ནས་བརྩམས་གནང་ཡོད།
[16] བོད་མི་ཕལ་ཆེ་བས་ <<བྱ་སྤྲེལ་གཏམ་རྒྱུད་>> ནི་རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་གྱིས་དུས་རབས་བཅུ་དགུ་པའི་མགོ་སྟོད་དུ་བརྩམས་པར་གྲགས་ཤིང་འདོད་ལ། འདིའི་སྐོར་གྱི་དཔྱད་རྩོམ་མང་པོ་ <<བོད་ལྗོངས་ཞིབ་འཇུག་>> སོགས་དུས་དེབ་ཁག་ནང་མཇལ་རྒྱུ་ཡོད་ཀྱང་། ཕ་རན་སིའི་ཤར་ཕྱོགས་རྒྱལ་རབས་མཁས་པ་སི་ཏན་ལགས་དང་། དེ་བཞིན་་བོད་རིག་པའི་ཉམས་ཞིབ་པ་བན་ཤུལ་དཔལ་མཁར་རྒྱལ་སོགས་ཀྱིས་༸དེ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་འཕྲིན་ལས་རྒྱ་མཚོས་ (1838-1855) བརྩམས་གནང་ཞིང་། མཚན་བྱང་དངོས་ལ་ <<ཀ་ཤི་མཛེས་དགའི་ཡུལ་གྱི་གཏམ་རྒྱུད་བཞུགས་སོ་>> ཞེས་པ་དེ་ཡིན་པར་བཞེད། རྒྱུ་མཚན་ཅི་ཡིན་ནམ་ཞུས་ན། <<མགྲིན་ལྔའི་ལམ་གྱི་ཆུ་གཏེར་ཟད་པ་ནམ་མཁའི་མེ་ཏོག་འདྲ་ཡང་བློ་གྲོས་རྟོགས་ཡུལ་འཆར་བ་འདིར་བཞུགས་སོ་>> ཞེས་པའི་དཔེ་རྙིང་དེའི་མཛད་བྱང་ན་“ཅེས་པ་འདི་ནི་འཕགས་མཆོག་ཐམས་ཅད་མཁྱེན་གཟིགས་ཆེན་པོ་༸རྗེ་བཙུན་ངག་དབང་སྐལ་བཟང་བསྟན་པའི་སྒྲོན་མེ་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོས་མཛད་པའོ་”ཞེས་བྱུང་བ་དེར་ཁུངས་གཏུགས་ཡོད། འོན་ཀྱང་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ནི་འཇིག་རྟེན་མི་ཡུལ་འདིར་དགུང་གྲངས་བཅུ་བདུན་ལས་བཞུགས་མེད་པས་ཁོང་གིས་བརྩམས་པར་བཞེད་པ་ནི་ཅུང་དྭོགས་གཞིའི་གནས་ཡིན་པས་འདི་རེད་ཅེས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ཐུབ་པས་བློ་ལྡན་ཚོས་ད་དུང་ཡང་མུ་མཐུད་དཔྱད་པར་འཚལ།
[17] ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018 ཤོག་155
[18] རྡོ་རིང་པཎྜི་ཏའི་རྣམ་ཐར། རྡོ་རིང་བསྟན་འཛིན་དཔལ་འབྱོར། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987 ཤོག་738
[19] Bhadra Ratna Bajracharya. Bahadur Shah: The Regent of Nepal, Anmol Publications, New Delhi. 1992 P. 291
[20] Ibid, P. 291
[21] Prem R. Uprety. Nepal Tibet Relations 1850-1930, Published by Puga Nara, Kathmandu, Nepal. 1980 P. 36
[22] D. R. Regmi. Modern Nepal; Rise and growth in the eighteenth century, Volume I, Firma K. L. Mukhopadhyay Calcutta. 1975 P. 431
[23] D. R. Regmi. Modern Nepal; Rise and growth in the eighteenth century, Volume I, Firma K. L. Mukhopadhyay Calcutta. 1975 P. 432
[24] Leo E. Rose. Nepal Strategy for Survival, Oxford University Press Bombay, Calcutta, Madra. 1971 P. 38
[25] རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ། རྟ་ཚག་སྐུ་ཕྲེང་བརྒྱད་པ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོའི་རྣམ་ཐར། སྟོད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2022 ཤོག་278
[26] བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། སྨད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2016 ཤོག་257
[27] བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན། ལིག་ཧན་ཁྲིན་གྱིས་བརྩམས། སངས་རྒྱས་སྐྱབས་ཀྱིས་བསྒྱུར། སྟོད་ཆའི་གླེགས་བམ་གཉིས་པ། བོད་ཀྱི་དཔེ་མཛོད་ཁང་། 2022 ཤོག195
[28] ཆིང་གོང་མ་ཆན་ལུང་གི་བྱས་རྗེས་བཅུའམ་དམག་ཆེན་བཅུ་ནི། ཕྱི་ལོ་1747ལོ་ནས་1749 ལོའི་བར་གྱི་ཆུ་ཆེན་དམག་འཁྲུག་ཐེངས་དང་པོ་དང་གཅིག ཕྱི་ལོ་1755 ལོར་ཇུན་གར་དར་བ་ཆི་ཚོ་བ་ཆམ་ལ་ཕབ་པའི་དམག་འཁྲུག་དང་གཉིས། ཕྱི་ལོ་1755 ལོ་ནས་1757 ལོའི་བར་ཇུན་གར་ཨ་མུའུ་ཨར་ས་ནཱ་ཆམ་ལ་ཕབ་པའི་དམག་འཁྲུག་དང་གསུམ། ཕྱི་ལོ་1758 ལོའི་ཤིན་ཅང་ལྷོ་མའི་ཧོ་ཀྲོ་ཆེ་ཆུང་གི་ངོ་ལོག་དམག་འཁྲུག་དང་བཞི། ཕྱི་ལོ་1762 ལོ་ནས་1769 ལོའི་ཆིང་སྲིད་གཞུང་དང་འབར་མའི་བར་གྱི་དམག་འཁྲུག་དང་ལྔ། ཕྱི་ལོ་1771 ལོ་ནས་1776 ལོ་བར་གྱི་ཆུ་ཆེན་དམག་འཁྲུག་ཐེངས་གཉིས་པ་དང་དྲུག ཕྱི་ལོ་1786 ལོ་ནས་1788 ལོའི་བར་ཐའེ་ཝན་ལིན་ཧྲོང་གི་ངོ་ལོག་ཟིང་འཁྲུག་ཆམ་ལ་ཕབ་པའི་དམག་འཁྲུག་དང་བདུན། ཕྱི་ལོ་1788 ལོ་ནས་1789 ལོའི་བར་གྱི་ཨན་ནན་དམག་འཁྲུག་དང་བརྒྱད། ཕྱི་ལོ་1788 ལོ་ནས་1792 ལོའི་བར་གོརྵ་དང་དམག་འཁྲུག་ཐེངས་གཉིས་བྱུང་བ་དང་བཅས་བཅུ་ཡིན།
[29] བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན། ལིག་ཧན་ཁྲིན་གྱིས་བརྩམས། སངས་རྒྱས་སྐྱབས་ཀྱིས་བསྒྱུར། སྟོད་ཆའི་གླེགས་བམ་གཉིས་པ། བོད་ཀྱི་དཔེ་མཛོད་ཁང་། 2022 ཤོག་203
[30] རྡོ་རིང་པཎྜི་ཏའི་རྣམ་ཐར། རྡོ་རིང་བསྟན་འཛིན་དཔལ་འབྱོར། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987 ཤོག་628
[31] གོང་མཚུངས། ཤོག་ངོས། 629
[32] Prem R. Uprety. Nepal Tibet Relations 1850-1930, Published by Puga Nara, Kathmandu, Nepal. 1980 P. 38
[33] གོར་བོད་དམག་འཁྲུག་གི་འབྱུང་རྐྱེན་དང་བརྒྱུད་རིམ་སྐོར་དཔྱད་པ་བདེན་དོན་གསལ་བའི་མེ་ལོང་། གདུགས་དཀར་ཚེ་རིང་། བོད་རིག་པའི་དཔྱད་འབྲས། མི་རིགས་དཔེ་སྐྲུན་ཁང་། 2007 ཤོག་30
[34] Ibid, P. 38
[35] རྡོ་རིང་པཎྜི་ཏའི་རྣམ་ཐར། རྡོ་རིང་བསྟན་འཛིན་དཔལ་འབྱོར། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987 ཤོག་645
[36] བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། སྨད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2016 ཤོག་254
[37] Vijay Kumar Manandhar. A comprehensive history of Nepal—China relations up to 1955 A. D Volume 1. Adroit Publishers. 2004 P. 77
[38] Prem R. Uprety. Nepal-Tibet relations 1850-1930 years of hopes, Challenges and Frustrations. Kathamandu, Second Edition. 1998 P. 36
[39] One Gorkhali mohar to two mohars already in circulation.
[40] Kumar Pradhan. The Gorkha Conquests; The process and consequences of the unification of Nepal with particular reference to eastern Nepal, Calcutta Oxford University Press, Delhi Bombay madras. 1991 P. 135
[41] Ibid, P. 247 notes 117
[42] Leo E. Rose. Nepal Strategy for Survival, Oxford University Press Bombay, Calcutta, Madra. 1971 P. 42 (1). Nepal agreed to withdraw from the four border districts of Tibet that had been occupied during the hostilities. The boundary in the Kuti area was defined so as to conform to the terms of the treaty between Pratap Malla of Kathmandu and Lhasa in the 17th century, under which the border market-town of Kuti was jointly administered by both governments. The border of Kerong reverted to that prevailing prior to the hostilities. (2). Tibet agreed to pay an annual tribute of 300 dotsed of silver, the equivalent of 9,600 taels of Chinese silver or Rs. 57,600 at the rate prevailing in prevailing in Tibet-Rs. 6 per tael. (The figure usually cited in Nepali and western sources is Rs. 50,001, but this does not agree with the exchange value of silver mentioned in these sources.) (3). Tibet agreed to accept and use newly minted Nepali coinage at the rate of one new coin for two of the debased Mala coinage. Kathmandu also agreed to mint suki (i.e., quarter-rupee) coins for Tibet. (4). Nepal promised never to invade Tibet again. (5). Nepal was granted the right to maintain a Vakil (envoy) at Lhasa (thus no longer having to depend upon the head of the Newari trading community at Lhasa as its representative). (6). Trade between Tibet and India was to be channeled solely through Nepal, and the alternative trade routes through Sikkim and Bhutan were to be closed. (7). A Tibetan Lama was to visit Kathmandus each year “to bless the temple” (i.e., Swayambhu Nath).
[43] Leo E. Rose. Nepal Strategy for Survival, Oxford University Press Bombay, Calcutta, Madra. 1971 P. 42
[44] Rishikesh Shaha. Modern Nepal: A political History 1769-1955. Manohar, 2025 P. 58
[45] Tirtha Prasad Mishra. The taming of Tibet: A history account of compromise and confrontation in Nepal-Tibet Relations (1900-1930), Delhi. 1991 P. 38
[46] བལ་ཡུལ་གྱི་ལོ་རྒྱུས་ཡིག་ཆ་འགའ་ཞིག་གི་དོན་ཚན་བདུན་དང་། ཡང་འགའ་ཞིག་གི་ནང་དོན་ཚན་བཅུ། འགའ་ཞིག་གི་ནང་དོན་ཚན་བཅོ་ལྔ་བཅས་ཅུང་མི་འདྲ་བ་བཀོད་འདུག་པར་གཞིགས་ན་བལ་ཡུལ་སྲིད་གཞུང་རང་ལ་ཡང་ཆིངས་ཡིག་འདིའི་ངོ་བཤུས་ངོ་མ་དེ་མེད་པ་འདྲ་སྙམ།
[47] ཚོང་དཔོན་ཁ་སྟག་འཛམ་ཡག ཕྱི་ལོ་1944 ནས་1956 བར་བོད་དང་བལ་པོ་རྒྱ་གར་བཅས་ལ་གནས་བསྐོར་བསྐྱོད་པའི་ཉིན་དེབ། ཕྱི་ལོ། 1997 ཤོག་ངོས། 261 བོད་དངུལ་གྱི་རྣམ་གྲངས་ལ། ཁ་གང་དང་། སྐར་མ། སྐར་ཕྱེད་བརྒྱད། ཊམ་ག ཞོ། སྲང་། རྡོ་ཚད་དང་། རྩིས་སྟངས་ནི། ཁ་གང་གཉིས་ལ་སྐར་མ་གཅིག ཁ་གང་གསུམ་ལ་སྐར་ཕྱེད་བརྒྱད་གཅིག སྐར་མ་གཉིས་ལ་ཞོ་གཅིག སྐར་མ་གསུམ་ལ་ཊམ་ག་གཅིག ཊམ་ག་གཉིས་ལ་ཞོ་གསུམ། ཞོ་བཅུ་ལ་སྲང་གཅིག སྲང་ལྔ་བཅུ་ལ་རྡོ་ཚད་གཅིག་ཅེས་འབོད།
[48] Prem R. Uprety. Nepal-Tibet relations 1850-1930 years of hopes, Challenges and Frustrations. Kathamandu, Second Edition. 1998 PP. 36-37 (1). Tibet decided to accept the new coins of Nepal and fixed the rate of exchange of the old coins at the rate of two Mallla coins to one new (Nepalese) coin. (2). Tibet promised to pay an annual tribute of 300 dotseds of sliver (57600 rupees). (3). Nepal agreed to withdraw her troops from the occupied areas (four districts of Tibet). This clause of the teary was conditional, that is, it was to be carried out only after Nepal received her first year of tribute. (4). Nepal was to have a representative in Lhasa to guard her trading interests. (5). if the Nepalese committed crime in Tibet he would be punished by the Nepalese representative in the area, or in other words, the Tibetan officials would have no jurisdiction over cases in which Nepalese were involved. (6). Tibet agreed to give to Nepal unadulterated salt. (7). Nepal promised not to invade Tibet any more. (8). A Tibetan Lama was to visit the sacred shrines of Kathmandu every year to pay homage to the Buddhist deities. (9). Though the Nepalese could trade in Tibet, yet the Tibetans could not enter Nepal for the purpose of trade. (10). Tibet agreed to close the trade route through Sikkim and Bhutan, and thus direct all trade between Tibet and South Asia via Kathmendu.
[49] Leo E. Rose. Nepal Strategy for Survival, Oxford University Press Bombay, Calcutta, Madra. 1971 P. 46
དཔྱད་གཞིའི་ཡིག་ཆ།
[1] ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། བོད་ཀྱི་སྲིད་དོན་རྒྱལ་རབས། གླེགས་བམ་དང་པོ། བོད་གཞུང་ཤེས་རིག་དཔར་ཁང་། སྤྱི་ལོ་1986
[2] དཀོན་མཆོག་འཇིགས་མེད་དབང་པོ། པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར། སྨད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2014
[3] ཡཱ་ཧན་ཀྲང་གིས་བརྩམས། བློ་བཟང་ཕུན་ཚོགས་དང་རྟ་མགྲིན་འབྲུག་གྲགས་གཉིས་ཀྱིས་བོད་ཡིག་ཏུ་བསྒྱུར། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1992
[4] ཆ་རིས་སྐལ་བཟང་ཐོགས་མེད། བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1997
[5] ཆབ་འགག་རྟ་མགྲིན། ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2018
[6] རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ། རྟ་ཚག་སྐུ་ཕྲེང་བརྒྱད་པ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོའི་རྣམ་ཐར། སྟོད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2022
[7] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། སྨད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2016
[8] ལིག་ཧན་ཁྲིན་གྱིས་བརྩམས། སངས་རྒྱས་སྐྱབས་ཀྱིས་བསྒྱུར། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན། སྟོད་ཆའི་གླེགས་བམ་གཉིས་པ། བོད་ཀྱི་དཔེ་མཛོད་ཁང་། སྤྱི་ལོ་2022
[9] ཚོང་དཔོན་ཁ་སྟག་འཛམ་ཡག ཕྱི་ལོ་1944 ནས་1956 བར་བོད་དང་བལ་པོ་རྒྱ་གར་བཅས་ལ་གནས་བསྐོར་བསྐྱོད་པའི་ཉིན་དེབ། ཕྱི་ལོ། 1997
[10] གདུགས་དཀར་ཚེ་རིང་། གོར་བོད་དམག་འཁྲུག་གི་འབྱུང་རྐྱེན་དང་བརྒྱུད་རིམ་སྐོར་དཔྱད་པ་བདེན་དོན་གསལ་བའི་མེ་ལོང་། བོད་རིག་པའི་དཔྱད་འབྲས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2007
[11] འཇམ་དབྱངས་དོན་གྲུབ། སྤྱི་ལོ་ 1645 ལོར་བྱུང་བའི་བལ་བོད་དམག་འཁྲུག་དང་སྐབས་དེའི་ཆིངས་ཡིག་གི་སྐོར་ལ་དཔྱད་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་དུས་དེབ། དྷ་རམ་ས་ལ། སྤྱིའི་འདོན་ཐེངས་དགུ་པ། སྤྱི་ལོ་2022
[12] Prem R. Uprety. Nepal Tibet Relations 1850-1930, Published by Puga Nara, Kathmandu, Nepal. 1980
[13] Prem R. Uprety. Nepal-Tibet relations 1850-1930 years of hopes, Challenges and Frustrations. Kathamandu, Second Edition. 1998
[14] D. R. Regmi. Modern Nepal; Rise and growth in the eighteenth century, Volume I, Firma K. L. Mukhopadhyay Calcutta. 1975
[15] Kumar Pradhan. The Gorkha Conquests; The process and consequences of the unification of Nepal with particular reference to eastern Nepal, Calcutta Oxford University Press, Delhi Bombay madras. 1991
[16] Bhadra Ratna Bajracharya. Bahadur Shah: The Regent of Nepal, Anmol Publications, New Delhi. 1992
[17] Leo E. Rose. Nepal Strategy for Survival, Oxford University Press Bombay, Calcutta, Madra. 1971
[18] Vijay Kumar Manandhar. A comprehensive history of Nepal—China relations up to 1955 A. D Volume 1. Adroit Publishers. 2004
[19] Tirtha Prasad Mishra. The taming of Tibet: A history account of compromise and confrontation in Nepal-Tibet Relations (1900-1930), Delhi. 1991
[20] Rishikesh Shaha. Modern Nepal: A political History 1769-1955. Manohar, 2025
– – – – –
![]()



