གསང་སྙིང་གི་འགྱུར་སྔ་ཕྱི་ལས་སྔ་འགྱུར་གསུམ་ལ་དཔྱད་པ།

0
280

ནང་དོན་གནད་བསྡུས། རྩོམ་ཡིག་འདིར་གང་གླེང་ཡོད་པ་ནི། གསང་བ་སྙིང་པོའི་དཔེ་རྙིང་ཁག་དུ་འཁོད་པའི་འགྱུར་བྱང་རྣམས་ལ་དབྱེ་ཞིབ་དང་། འགྱུར་བྱང་དེ་དག་ལས་གསང་སྙིང་གི་འགྱུར་ལ་སྔ་ཕྱི་བར་གསུམ་དུ་བཤད་ཚུལ། སྔ་ཕྱི་བར་གསུམ་གྱི་གཞི་འགྱུར་གསུམ་ཞེས་གྲགས་པ་ལ་དཔེ་ཆ་རྙིང་པ་དང་ཆོས་འབྱུང་ཁུངས་ཐུབ་རྣམས་དང་སྦྱར་ནས་བསྡུར་བ་དང་བསམ་གཞིགས་བྱས་ཡོད། དེ་ཡང་དོན་ཚན་བཞི་སྟེ། ༡ དཔེ་རྙིང་ཁག་ཏུ་གསལ་བའི་གསང་སྙིང་འགྱུར་བྱང་ལ་གཞིགས་ནས་དེ་དག་དུས་རབས་བཅུ་བཞི་པའི་རྗེས་སུ་བྱུང་ཞིང་འགྱུར་བྱང་དེ་དག་ལ་ཀུན་མཁྱེན་བླ་མའི་གཞུང་གིས་ཤུགས་རྐྱེན་ཐེབས་ཚུལ། ༢ སངས་རྒྱས་གསང་བ་དང་བཻ་རོ་ལྷན་གྱི་འགྱུར་ཡོད་མེད་དཔྱད་གཞི་ཡིན་པ་དང་སངས་རྒྱས་གསང་བ་བོད་དུ་ནམ་བྱོན་ལ་ཡིག་ཚང་ཁག་མི་མཐུན་ཚུལ། ༣ སློབ་དཔོན་དང་གཉགས་ཛྙཱ་ན་ལྷན་གྱི་འགྱུར་ཡོད་མེད་དཔྱད་གཞི་ཡིན་ལ་སློབ་དཔོན་གྱི་སྒྲ་རང་འགྱུར་ཡོད་མེད་ཀྱང་དཔྱད་གཞི་ཡིན་ཚུལ། ༤ བི་མཱ་ལས་གསང་སྙིང་བསྒྱུར་ཐེངས་ག་ཙམ་བྱས་ཡོད་མེད་སྐོར་ལ་བསམ་གཞིག་དང་བཅས་གཙོ་བོ་དོན་ཚན་བཞིའི་སྒོ་ནས་བཤད་ཡོད། 

གནད་ཚིག། གསང་སྙིང་། འགྱུར་བྱང་། གཞི་འགྱུར། སྔ་འགྱུར་གསུམ། རྒྱུད་འབུམ། གངས་ཏི་སེ། སྒྲ་རང་འགྱུར།

གླེང་གཞི།

དེ་ཡང་སྤྱི་དོན་འོད་གསལ་སྙིང་པོ་ལས། དེ་ལ་འདིར་སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་དཔལ་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཆེན་མོ། ཞེས་གསུངས་པ་བཞིན་འགྲེལ་ཆེན་དང་སྤྱི་དོན་ཁག་མང་པོས་ཀྱང་རྒྱུད་འདི་ལ་ཐུན་མིན་ཁྱད་ཆོས་ཀྱི་ཆེ་བ་མང་པོ་ཞིག་མཛད་མོད། ཡིན་ནའང་དེ་དག་མང་ཆེ་བས་རྒྱུད་འདིའི་ནང་དོན་གྱི་ཆ་ལ་བསྔགས་པ་ལས། འདིས་དེང་དུས་ཀྱི་ལོ་རྒྱུས་རིག་པ། ཡིག་ཚང་རིག་པ། ལོ་ཙཱའི་རིག་གནས་དང་བཅས། ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་མངའ་བའི་རིག་གནས་ཀྱི་ལྡེ་མིག་གལ་ཆེན་མང་པོ་ཞིག་བཟུང་ཡོད་པའི་སྐོར་ལ་གླེང་སློང་བྱེད་མཁན་ཧ་ཅང་ཉུང་། འདི་ནས་ཡར་རྩིས་པའི་ལོ་ངོ་དགུ་བརྒྱ་ལྷག་གི་གོང་རོལ་དུ་ལྷ་བླ་མས་བོད་ཁམས་སུ《སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག》བཀྲམ་པ་ནས་བཟུང་། རྩ་རྒྱུད་འདི་ལ་ཡང་བསྐྱར་དཔྱད་ཞིབ་གྱི་རྣམ་པ་གཞན་ཞིག་གི་འགོ་ཚུགས་པ་ལྟ་བུ་བྱུང་། ཡིན་ནའང་རྒྱུད་འདིའི་ནང་དོན་གྱི་སྐོར་ལ་དོགས་སློང་བྱས་པ་ལས་རྒྱ་དཔེ་ཡོད་མེད་དང་འགྱུར་གྱི་སྐོར་ནས་གང་ཡང་གླེང་མེད། ཕྱིས་སུ་དུས་རབས་བཅུ་གཅིག་པའི་སྐབས་སུ་འགོས་ཁུག་པ་ལྷས་བཙས་ཀྱིས་《གསང་སྙིང》འདི་རྒྱུད་མ་དག་པ་ཡིན་པ་དང་། བོད་ཀྱིས་བྱས་པ་ཡིན་སྐོར་གྱི་དགག་པ་མང་པོ་བྱས། དེ་ནས་བཟུང་རྒྱུད་འདིའི་རྒྱ་དཔེ་ཡོད་མེད་དང་འགྱུར་གྱི་སྐོར་ལའང་དོགས་སློང་ཆེས་ཆེར་གནང་ཡོད་པ་ལྟ་བུ་འདུག །རིམ་གྱིས་དགག་ལེན་ཡང་རབ་དང་རིམ་པ་མང་པོ་ཞིག་བྱས་ཡོད་པ་མ་ཚད། རྒྱུད་འདིའི་རྒྱ་དཔེ་ལའང་དོ་སྣང་ཆེས་ཆེར་གནང་ཡོད། ལྷག་པར་དུ་དུས་རབས་བཅུ་བཞི་པའི་སྐབས་སུ་བཅོམ་ལྡན་རལ་གྲིས་གསང་སྙིང་གི་རྒྱ་དཔེ་རྙེད་ནས་ཐར་བ་ལོ་ཙཱ་བ་བརྒྱུད་དེ། རྩ་རྒྱུད་གསང་བ་སྙིང་པོ་འདི། ནང་དོན་དང་རྒྱབ་ལྗོངས་ཀྱི་ལོ་རྒྱུས་གཉིས་ཀའི་ཆ་ནས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་། ཕྱིས་སུའང་རྒྱ་གར་རང་ནས་རྒྱ་དཔེ་རྙེད་ཡོད་པ་དང་། ཡིག་ཚང་གི་བདེན་དཔང་ཕྱོགས་མང་པོ་ཞིག་ནས་མངོན་ཡོད་པས་སྔར་གྱི་རྩོད་རྙོག་དེ་ཅུང་ཟད་ཞུ་བའི་རྣམ་པར་གནས། དེང་སང་རྒྱུད་འདིའི་རྒྱབ་ལྗོངས་ན་གབ་པའི་བོད་ཀྱི་ལོ་ཙཱའི་རིག་གནས་གཙོས་པའི་གལ་ཆེན་གྱི་རིག་གནས་གང་མང་ཞིག་ཏུན་ཧོང་ཡིག་རྙིང་དང་སྦ་བཞེད་སོགས་ལ་བརྟེན་ནས་ཤེས་རྟོགས་བྱེད་རྒྱུ་མང་ནའང་། ཆོས་པ་ཚོས་ཉམས་ལེན་ལ་ཁ་གཡར་ནས་དོ་སྣང་མི་བྱེད། སློབ་གཉེར་བ་ཚོ་ནང་དོན་གྱི་ཆ་ཤས་ཙམ་ལ་མགོ་འཁོར་ནས་ཡིག་ཚང་དང་རྒྱབ་ལྗོངས་ཀྱི་རིག་གནས་ཉམས་སུ་མྱོང་བའི་གོ་སྐབས་བྲལ།

དེ་ལྟར་ལོ་ངོ་སྟོང་གི་ལོ་རྒྱུས་མངའ་བའི་རིག་གནས་ཀྱི་རྫིང་མཐུག་པོ་འདི་དག་དབང་པོ་སྐྱོན་ཅན་ཞིག་ཏུ་འགྱུར་ལ་ཉེ་བའི་སྐབས་འདིར། སྤྱི་ལོ་༢༠༡༤ལོར་ཐེག་མཆོག་རྣམ་གྲོལ་གླིང་གིས་《སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་》གསར་འཛུགས་གནང་དེ་རིམ་གྱིས་དཔྱད་གཞི་གསར་བ་ཅན་གྱི་དཔྱད་རྩོམ་གང་མང་ཞིག་སློབ་གཉེར་བ་ཚོའི་སྤྱན་ལམ་དུ་ཕུལ་ཡོད་པ་མ་ཚད། ལོ་འདིའི་སྔ་ལོ་སྟེ༢༠༢༥ལོར་ཡང་བསྐྱར་མཁན་པོ་ཆོས་འཕེལ་ནོར་བུས《གསང་སྙིང་ཞིབ་འཇུག》ཞེས་པ་དེབ་གཟུགས་པོད་ཆེན་གཉིས་ཅན་ཞིག་《སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང》གི་བདག་དབང་འོག་ནས་པར་བསྐྲུན་བྱས་ཡོད། བདག་ལྟ་བུ་སློབ་ལ་དགའ་ཞིང་སློབ་ཐབས་ཀྱིས་དབུལ་བའི་སློབ་གཉེར་བ་ཞིག་ལ་མཚོན་ན། དཔེ་ཆ་འདི་ནི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུར་གྱུར་ཡོད་ལ། ང་ཚོས་མི་ལོ་མང་པོར་འཛིན་སྐྱོང་བྱས་ཡོང་བའི་རིག་གཞུང་འདི་ལ་རིན་ཐང་གི་མིག་དཔེ་གཞན་ཞིག་དུ་གྱུར་བར་སེམས། སྤྱིར་དེང་དུས་ཀྱི་ཚན་རྩལ་རིག་གནས་དར་རྒྱས་སུ་ཕྱིན་ཏེ་ཡིག་ཚང་ཞིབ་འཇུག་སླ་རུ་སོང་ཡོད་ནའང་། བོད་ཡིག་གི་གནས་སྟངས་སྔར་བཞིན་ཡར་རྒྱས་ཆེས་ཆེར་མ་སོང་བའི་ཁར་དཔེ་རྙིང་ཡིག་ཚང་གི་གོད་ཆགས་བསྟུད་མར་བྱུང་ཡོད་པའི་རྐྱེན་གྱིས། བོད་ཀྱི་དགོན་སྡེའི་རིག་གནས་ལ་དེང་རབས་རིག་གཞུང་གི་རྒྱབ་བརྟེན་ཧ་ཅང་དབུལ་ཡོད་པ་གསལ་བོ་རེད། དེ་ཡང་གཙོ་བོ་ང་ཚོ་སློབ་གཉེར་བ་ཚོའི་སློབ་སྦྱོང་བྱེད་སྟངས་ལ་རག་ལས་ཡོད་པས། བདག་ད་ལོ《རྩ་རྒྱུད་གསང་བ་སྙིང་པོ》ལ་སློབ་སྦྱོང་བྱེད་པ་འགོ་རྩོམ་རུང་ཡིན་ནའང་། དགེ་རྒན་གྱིས་སྐུལ་མ་དང་སོ་སོའི་དགའ་ཕྱོགས་ཀྱི་མཐུས་སློབ་སྦྱོང་གི་རྣམ་པ་གཞན་ཞིག་གི་ངོས་ནས་གཞུང་འདི་ལ་འཇུག་པར་ཀུན་སློང་སྔོན་ཏུ་བཏང་ནས། རྒྱབ་ལྗོངས་རྒྱུ་ཆ་ཁག་ལ་རྟོག་ཞིབ་ག་འཚམ་བྱས་པ་བརྒྱུད་《གསང་སྙིང་གི་འགྱུར་སྔ་ཕྱི་ལས་སྔ་འགྱུར་གསུམ་ལ་དཔྱད་པ》ཞེས་པའི་ཁ་བྱང་འདི་བདམས་ནས་དེང་དུས་ཀྱི་རྩོམ་ཐབས་སྤྱད་དེ་དཔྱད་རྩོམ་གྱི་རྣམ་པ་འདི་འདྲ་ཞིག་འབྲི་བའི་བྱ་བ་དངོས་ལ་ཞུགས་པའོ། །

གཅིག །དཔེ་རྙིང་ཁག་ཏུ་གསལ་བའི་སྒྱུ་འཕྲུལ་གསང་སྙིང་གི་འགྱུར་བྱང་ལ་བསམ་པ།

འགྱུར་བྱང་མེད་པའི་དཔེ།{གསང་སྙིང་ཞིབ་འཇུག་ལས་བཏུས།} [བཀའ་འགྱུར།]  པེ་ཅིང་། སྡེ་དགེ། རྒྱ་རྩེ་བཅས་གསུམ་ལས་བྱུང་བའི་[གསང་སྙིང]དཔེ་དག་གི་འགྱུར་བྱང་མི་བཞུགས། ད་དུང་བྲག་ཕུག་བཀའ་འགྱུར་[①]སོགས་དཔེ་རྙིང་མང་ཆེ་བའི་འཇུག་ཏུ་རྫོགས་སོའི་མཐའ་ཅན་ལས་འགྱུར་བྱང་མི་གསལ།

འགྱུར་བྱང་ཅན་གྱི་དཔེ། དེང་སང་ཡོངས་གྲགས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་གསང་སྙིང་ལེའུ་ཉེར་གཉིས་[②]ཅན་འདིའི་འགྱུར་བྱང་དུ། རྒྱ་གར་གྱི་མཁན་པོ་བི་མཱ་མི་ཏྲའི་ཞལ་ནས་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་དང་རྨ་ཨཱ་ཙརྱ་རིན་ཆེན་མཆོག་གིས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །ཞེས་སོགས་ཀྱི་འགྱུར་བྱང་ཞིག་བཀོད་འདུག་ཀྱང་སྡེ་བསྟན་དང་རྙིང་རྒྱུད་སོགས་ཀྱི་ཡིག་རྙིང་ཁག་ལས་འགྱུར་བྱང་འདི་ཇི་བཞིན་དུ་མི་གསལ། ལོ་ཆེན་དྷ་མ་ཤྲཱིས་སྤྱི་ལོ་༡༦༦༣-༡༧༡༠ བར་མཛད་པའི་[③]《གསང་བདག་དགོངས་རྒྱན་ལས།》 གླེགས་བམ་གྱི་མཐར་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་ཨཱ་ཙརྻ་རིན་ཆེན་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པ་ཙམ་གྱི་རྩ་རྒྱུད་འགྱུར་བྱང་ཞིག་ཡོད་པ་གསལ་ལ། ༡༦༤༣-༡༧༢༩[སྒང་སྟེང་རྒྱུད་འབུམ]དུའང་བི་མཱ་ལ་དང་རྨ་གཉགས་གཉིས་ཀྱི་འགྱུར་ཡིན་པར་འཁོད་ཡོད་ཚོད་འདུག། ཡིན་ནའང་རྒྱུད་འབུམ་འདི་ལ་སྔ་ཕྱིའི་དཔེ་གཉིས་ཡོད་པ་ལས་གང་དུ་གསལ་མིན་ཐག་མ་ཆོད། གཞན༡༧༢༥-༡༧༤༨[④]《མཚམས་བྲག་དཔེ》འི་ནང་དུའང་རྒྱ་གར་གྱི་པཎྜི་ཏ་བི་མཱ་ལ་མི་ཏྲ་དང་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་ཞེས་བཞུགས་ཡོད་པར་བཤད། འགྱུར་བྱང་དེ་དག་ལ་བསམས་ན་དེ་སང་བཞུགས་བཞིན་པའི་རྩ་རྒྱུད་འདི་སྔ་འགྱུར་གསུམ་ལས་གསུམ་པ་བི་མཱ་ལས་བསྒྱུར་བ་དེ་དག་ཡིན་པར་ཤེས་ཐུབ། ཡིན་ནའང་འགྱུར་བྱང་འདི་དག་སྔ་འགྱུར་གྱི་སྐབས་ནས་ཡོད་པ་ཞིག་མ་ཡིན་པར་ཕྱིས་དུས་རབས་བཅུ་བཞི་པའི་རྗེས་ཀྱི་གསར་བསྣན་ཞིག་ཡིན་ཏེ། ༡༣༠༠-༡༤༠༠ ཐར་བ་ལོ་ཙཱ་བའི་[⑤]《གསང་སྙིང་རྒྱ་དཔེའི་འགྱུར་བྱང》ལས།  དེང་སང་དཔེ་རྣམས་ཀྱི་མཇུག་ན་ལོ་པཎ་འདི་དང་འདིས་བསྒྱུར་ཅེས་པའི་མཚན་བཀོད་པ་ནི་མི་འདུག་མོད། ཅེས་གསུངས་པས། སྐབས་དེ་དུས་བོད་ཀྱི་ཡིག་ཚང་ལ་གོ་ཆགས་དེ་ཙམ་བྱུང་མེད་པ་མ་ཚད། ཁྱད་པར་དུ་དམ་པ་གང་ཉིད་དེ་དུས་ཀྱི་དཔེ་རྙིང་ཁག་ལ་རྒྱུས་མངའ་ཡང་དག་ཞིག་ཡོད་པར་སྨོས་མ་དགོས་པས་ཁོང་གི་གསུང་དེ་ཉིད་དུ་ཚད་མར་གཟུང་རིགས་སོ། །

གཞན་ཡང་དུས་རབས་བཅུ་ལྔ་པའི་སྐབས་སུ་ ༡༤༥༠-༡༤༨༢ ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེས་ཞུས་དག་ནན་ཏན་མཛད་པའི་དཔེ་ཁུངས་བཙན་དང་། འགྲེལ་པ་སོགས་ལ་གཏུགས་ནས་འདར་པ་ལོ་ཙཱ་བ་དང་རྡོ་བྲག་སྤྲུལ་པའི་སྐུ། རྣམ་གླིང་པཎ་ཆེན་གསུམ་གྱིས་རྩ་རྒྱུད་འདི་ལ་སླར་ཡང་ཞུས་དག་བྱས་ཚུལ། [⑥] ལྔ་པ་ཆེན་པའི་སྒྱུ་འཕྲུལ་རྩ་རྒྱུད་ཀྱི་སྤར་བྱང་དུ་འཁོད་བཞིན་ཡིན་ལ། དེའི་སྐབས་སུ་༡༦༡༧-༡༦༨༢<དགའ་ལྡན་ཕུན་ཚོགས་གླིང་དུ་བསྐྲུན་པའི་དཔེ>དེ་ད་ལྟའང་བཞུགས་པར་བཤད། ཡིན་ནའང་དཔེ་དེའི་མཇུག་ཏུ་འགྱུར་བྱང་དམིགས་གསལ་ཡོད་ཚོད་མི་འདུག། གཞན་༡༧༩༤-༡༧༩༨<སྡེ་དགེ་རྙིང་རྒྱུད>གསང་སྙིང་དཔེའི་མཇུག་ཏུ། ཤ་གད་ལོ་ཙཱ་བས་བཅོམ་ལྡན་རལ་གྲིར་ཕུལ་བའི་ཕྱག་བྲིས་རྒྱ་དཔེ་རྙེད་ཚུལ་གྱི་སྐོར་དེ་དང་། ཐར་བ་ལོ་ཙཱ་བའི་གསང་སྙིང་རྒྱ་དཔེའི་འགྱུར་བྱང་། རྒྱལ་དབང་ལྔ་པ་ཆེན་པོའི་དགའ་ལྡན་ཕུན་ཚོགས་གླིང་གི་སྤར་བྱང་རྣམས་བཀོད་ཡོད་པ་ལས་འགྱུར་བྱང་དམིགས་གསལ་མེད། སྡེ་དགེ་རྙིང་རྒྱུད་ཀྱི་དཔེ་འདིར་<གཡུང་ཊཱིཀ་ན་རྫོགས་སོ་ཞེས་པ་རེ་ཞིག་རང་རྩོམ་ཟིན་པ་ལ་དགོངས་པ་འདྲའོ། །>ཞེས་པ་ལྟ་བུ་སོགས་དཔེ་གཞན་དག་མང་པོ་ལ་མེད་པའི་མཆན། 《དགའ་ལྡན་གསང་སྙིང》གི་དཔེ་ལྟར་འབྱུང་གིན་ཡོད་ཚོད་འདུག་ལ། ཕུན་ཚོགས་གླིང་གི་དཔེ་སོགས་ལ་གཏུགས་ནས་དུསར་བས་བཅུ་བདུན་པའི་རྗེས་ཙམ་ནས་བཞེངས་པའི་བྲག་དམར་དགོན་གྱི་དཔེ་དེ། ཕྱིས་སུ་ཁམས་སྡེ་དགེ་རུ་རྙིང་མའི་རྒྱུད་འབུམ་བཞེངས་སྐབས་རྒྱུད་འབུམ་འདིའི་མ་ཕྱིར་གདན་དྲངས་ཡོད་པ་བཅས་ཀྱི་ཕྱིར། སྡེ་དགེ་རྙིང་རྒྱུད་དུ་བཞུགས་པའི་གསང་སྙིང་འདི་ནི་ཕུན་ཚོགས་གླིང་གི་མཆན་ཅན་དཔེ་རྒྱན་འཁྲུལ་མེད་ཡིན་པར་ཤེས་སོ། ། སྨིན་གླིང་དཔེ་ཚོགས་དང་། དེ་སང་བསྒྲིགས་པའི་སྔ་འགྱུར་བཀའ་མའི་ཆོས་སྡེའི་ཁྲོད་ཀྱི་གསང་སྙིང་འགྱུར་བྱང་འདི་ལ་བལྟས་ན་དེང་སང་བེད་སྤྱོད་བཞིན་པའི་དཔེ་འདི་ཕྱིས་སུ༡༤༢༠-༡༤༧༠བར་འགོས་ལོས་རྒྱུད་ཕྱི་མ་དང་ཅས་པ་ཞུས་དག་བྱས་པའི་དཔེ་དེ་ཡིན་པར་གོ་སྙམ། གཞན་ཡང་༡༦༩༦-༡༧༠༦《བྲག་ཕུག་བཀའ་འགྱུར》ཏུ་རྩ་རྒྱུད་དཔེ་སྔ་ཕྱི་གཉིས་ཀ་བཞུགས་ཡོད་ལ། དཔེ་སྔ་མ་དེ་ད་སྐབས་བེད་སྤྱོད་བཞིན་པའི་དཔེ་འདི་དང་འགྱུར་བྱང་ཡོད་མེད་ལས་ཁྱད་པར་ཆེན་པོ་མེད། དཔེ་ཕྱི་མ་འདིའི་དབུར་རྒྱ་སྐད། མཐའ་ལ་འགྱུར་བྱང་དང་བཅས་པ་བཞུགས་ཡོད་པ་མ་ཚད། འདི་ཐར་བ་ལོ་ཙཱ་བའི་འགྱུར་གསར་ཡིན་པ་དང་། དཔེ་སྔ་མ་དེ་འགྱུར་རྙིང་ཡིན་སྐོར་ཡང་གསལ་བོར་འཁོད་ཡོད་དོ། །ད་ཡོད་འགྱུར་བྱང་རྒྱས་པ་ཅན་གྱི་དཔེ་འདིའི་མ་དཔེ་ཐོག་མ་གང་ཡིན་མིན་བཙལ་ཀྱང་དངོས་སུ་མ་རྙེད། ཡིན་ནའང་དུས་རབས་བཅུ་བདུན་པའི་སྨད་ཙམ་དུ་བརྩམས་པའི་ལོ་ཆེན་དྷ་མ་ཤྲཱིའི་གསང་བདག་ཞལ་ལུང་ལས་འགྱུར་བྱང་འདི་དང་ཚིག་དོན་ཕལ་ཆེར་མཚུངས་པ་ལྟ་བུའི་བཤད་པ་མང་པོ་འབྱུང་གིན་ཡོད་པ་དང་། ཀུན་མཁྱེན་འཇིགས་མེད་གླིང་པས་དུས་རབས་བཅུ་བརྒྱད་པའི་སྐབས་སུ་བརྩམས་གནང་བའི [⑦]《རྒྱུད་འབུམ་དཀར་ཆག》ལས་ཀྱང་དེ་བཞིན་ཏུ་གསུངས་འདུག་པས། འགྱུར་བྱང་ཁུངས་བཙན་ཞིག་དང་གཏུགས་ནས་གསུངས་པ་མིན་ནམ་སྙམ།

གཉིས། གཞི་འགྱུར་གསུམ་སོ་སོ་ནས་བཤད་པ།

གཞི་འགྱུར་དང་པོ་ལ་བསམ་པ། སློབ་དཔོན་སངས་རྒྱས་གསང་བ་དང་ལོ་ཙཱ་བ་བཻ་རོ་ཙ་ན་གཉིས་ཀྱི་གསང་སྙིང་གི་འགྱུར་ཞིག་ཡོད་པར་གྲགས་པ་དེ་ལ་གཞི་འགྱུར་དང་པོ་ཉིད་དུ་བགྲང་བ་ད་ལྟ་མཇལ་དུ་ཡོད་པའི་གཞུང་གི་ནང་ནས་ཀུན་མཁྱེན་ཀློང་ཆེན་པོའི་གཞུང་ལས་གསལ་བ་ཆེས་སྔ་ཤོས་ལྟ་བུ་གྱུར་ཡོད་པར་སེམས་ལ། ཕྱིས་སུ་ཐ་སྙད་འདི་ཡོངས་གྲགས་ལྟ་བུར་གྱུར་ཏེ་གསང་སྙིང་འགྱུར་བྱང་ཁག་ཏུའང་འགོད་ཀྱིན་ཡོད་པ་འདི། ཀུན་མཁྱེན་ཆེན་པོའི་གསུང་[⑧]གི་ཤུགས་རྐྱེན་ཡིན་པར་སྣང་། ཀུན་མཁྱེན་ཆེན་པོའི་གསུང་འདི་ལ་བསམས་ན། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་སློབ་དཔོན་སངས་རྒྱས་གསང་བས་ལོ་ཙཱ་བ་བཻ་རོ་ཙ་ན་དང་མཉམ་དུ་གསང་སྔགས་ཀྱི་ཆོས་སྐོར་བསྒྱུར་ཡོད་པར་གསལ་བ་ལྟ་བུ་འདུག། ཡིན་ནའང་ལོ་རྒྱུས་དེབ་ཐེར་ཁག་ཏུ་སློབ་དཔོན་སངས་རྒྱས་གསང་བའི་སྐོར་གྱི་བཤད་པ་མི་གཅིག་ཏེ།

དང་པོ། དུས་རབས་བརྒྱད་པའི་སྐབས་བོད་རྒྱལ་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་སུ། བྲན་ཀ་མུ་ལེ་ཀོ་དང་གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ཀྱིས་སློབ་དཔོན་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་གཉིས་གངས་ཏི་སེར་བཞུགས་པ་ཐོས་ནས་སྤྱན་དྲངས་ཀྱང་འབྱོན་པར་ཞལ་གྱིས་མ་བཞེས། ཁོང་གཉིས་ཀྱིས་བྱ་སྤྱོད་ཀྱི་རྒྱུད་ཆ་ཤས་ཙམ་ཞུས་ཏེ། མདོ་སྡེ་ལས་རྣམ་འབྱེད་དང་གསེར་འོད་དམ་པའི་མདོ་སྡེ་གཉིས་དང་བཅས་གླེགས་བམ་འགའ་སྤྱན་དྲངས་ནས་རྒྱལ་པོའི་མཆོད་གནས་སུ་ཕུལ་བར[⑨]《སྦ་བཞེད་ཞབས་བཏགས་མ》ལས་གསུངས་ལ། དེ་དང་མཐུན་པར་[⑩]《ཀློང་ཆེན་ཆོས་འབྱུང》སོགས་ལས་ཕལ་ཆེར་གཅིག་མཚུངས་ལྟ་བུར་གསུངས་འདུག།

གཉིས་པ།[11]《ལོག་རྟོག་ངན་པ་ཟློག་པའི་བསྟན་བཅོས་འཁྲུལ་བ་ཐམས་ཅད་འཇོམས་པ》[12] ལས། ཁྲི་སྲོང་གི་དུས་སུ་རྒྱལ་པོས་གདན་དྲངས་པ་ལས། ཞལ་བཞེས་མ་གནང་བར་སྒྱུ་འཕྲུལ་གསང་སྙིང་གི་འགྲེལ་བ་སོགས་རྒྱལ་བློན་རྣམས་ལ་བསྐུར་ཡོད་པར་གསུངས། དེ་དང་མཐུན་པར་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི།༡༥༧༥-༡༦༣༤ [13] 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས》ལས་ཀྱང་མཚུངས་པར་འཁོད་ཡོད། ཡང[14]ཆོས་འབྱུང་བསྟན་པའི་ཉི་མ་ལས། འདིའི་དུས་སུ་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་དང་། ཁ་ཆེའི་ཡུལ་དུ་སློབ་དཔོན་པདྨ་འབྱུང་གནས་དབྱངས་དང་། རྟོག་གེ་པ་ཆོས་འབྱུང་བྱིན་དང་། འདུལ་འཛིན་སེང་གེའི་གདོང་པ་ཅན་སོགས་བྱུང་། ཞེས་གསུང་ཚུལ་མི་གཅིག་པ་སོ་སོར་འདུག་པས། སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སེར་བཙན་པོ་གང་གི་སྐབས་སུ་བྱོན་ཏེ་གསང་སྔགས་ཕྱི་ནང་གི་རྒྱུད་རྣམས་བོད་སྐད་དུ་བསྒྱུར་སྐོར་གསལ་ཐག་ཆོད་དཀའ་བར་སྣང་། ལྷག་ཏུ་འོག་ནས་འབྱུང་བ་བཞིན་བཻ་རོའི་འདྲ་འབག་ལས་གསུང་པའི་ལོ་པཎ་འགྱུར་ཚུལ་གྱི་རིམ་པའི་བབས་སོ་ལྔ། ལྡེའུ་ཆོས་འབྱུང་ལས་གསུང་པའི་གསང་སྔགས་ཀྱི་འགྱུར་བཅུ་སོགས་ཀྱི་བཤད་སྲོལ་ལ་གཞིགས་ན་སློབ་དཔོན་པདྨའི་རྗེས་སུ་སློབ་དཔོན་འདིས་གསང་སྔགས་ཀྱི་ཆོས་སྐོར་བསྒྲུར་བའི་ཕྱག་ལས་གནང་ཡོད་པ་ལྟ་བུ་གསལ། དེ་དག་གི་ཕྱིར་ཕྱོགས་གཞན་ཞིག་ནས་བསམས་ན། སློབ་དཔོན་འདི་བོད་རྒྱལ་སོ་བདུན་པ་དང་སོ་བརྒྱད་པ་གཉིས་ཀའི་སྐབས་སུ་བོད་དང་ཆོས་འབྲེལ་བྱུང་པ་དང་། སྤྱི་ལོ་བདུན་བརྒྱ་བཅུ་གྲངས་ཙམ་ནས་ཀྱང་གངས་ཏི་སེར་ཕེབས་ཡོད་པ་ཕལ་ཆེར་གཏན་ཁེལ། འདི་ལ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཞལ་ལྕེ་ལྷག་པ་ཚེ་རིང་མཆོག་གིས་[15]སློབ་དཔོན་འདི་བཙན་པོ་སྔ་མའི་སྐབས་སུ་གངས་ཏེ་སེར་བྱོན་པར་འདོད་པ་དེབ་ཐེར་ཁག་གཅིག་མཐུན་ཡིན་ཞེས་བཙན་པོ་སྔ་མའི་སྐབས་སུ་བྱོན་པ་རང་ཡིན་པ་ལས་ཕྱི་མའི་སྐབས་མ་བྱོན་པ་ལྟ་བུར་གསུངས་འདུག་པར་གོ་ལ། དེ་ནི་བདེན་པའི་ཚིག་དུ་འགྱུར་བར་དཀའ།

གསུམ། སངས་རྒྱས་གསང་བ་དང་བཻ་རོ་ལྷན་གྱི་འགྱུར་ཡོད་མེད།

[16]ཨུ་རྒྱན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་ཐར་རྒྱས་པར་བཀོད་པ་པདྨ་བཀའ་ཡི་ཐང་ཡིག་ལས་ལོ་པཎ་འདི་གཉིས་ཀྱི་གསང་སྔགས་ཀྱི་ཆོས་བསྒྱུར་བར་གསུངས་ནའང་གསང་བ་སྙིང་པོའི་སྔ་འགྱུར་ཞིག་ཡོད་པ་ཅི་ནས་ཀྱང་རྟོགས་དཀའ་སྟེ།[17]བཻ་རོའི་འདྲ་འབག་ལས། བབས་དང་པོ། ལོ་ཙཱ་བ་སྐ་ཅོག་སོགས་ཀྱི་རྒྱུའི་ཆོས་མང་པོ་བསྒྱུར་བ་དང་། དེའི་དུས་སུ་སློབ་དཔོན་པདྨའི་གསང་སྙིང་དང་ཐབས་ཀྱི་ཞགས་པ་སོགས་བསྒྱུར་ཚུལ་འཁོད་ཡོད།  གཞན་ཡང་[18]ཉང་ཆོས་འབྱུང་ལས།  སློབ་དཔོན་པདྨ་འབྱུང་གནས་དང་ཅོག་རོ་ཀླུ་ཡི་རྒྱལ་མཚན་གཉིས་ཀྱིས་གསང་སྔགས་ཀྱི་ཆོས་རྒྱུད་སྡེ་བཅོ་བརྒྱད་བསྒྱུར། ཞེས་བསམ་ཡས་བཞེངས་གྲུབ་ཏེ་གཟོད་སློབ་དཔོན་པདྨ་དབུ་བཞུགས་ཀྱི་ཐོག་ནས་གསང་སྔགས་ཀྱི་སྐོར་བསྒྱུར་བ་ཐོག་མ་ཡིན་པར་གོ་བ་ལས། དེའི་སྔོན་དུ་སངས་རྒྱས་གསང་བའི་འགྱུར་ཡོད་པ་གཏན་ནས་མི་གསལ། དེ་བཞིན་དུ[19]ལྡེའུ་ཆོས་འབྱུང་རྒྱས་པ་ལས། གསང་སྔགས་ཀྱི་འགྱུར་བཅུ་བཤད་པའི་དང་པོ་ནི་སློབ་དཔོན་བསྟན་འགྲོའི་དོན་དུ་བོད་ལ་ཕེབས་སྐབས་སུ། གསང་བ་སྙིང་པོ་དང་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བ་གཉིས་ལ་བརྟེན་ནས། རྩ་བའི་དཀྱིལ་འཁོར་བཞི་ཕྱེས་པ་སོགས་བཤད་ཡོད། དེ་བཞིན་དུ་དེང་གི་འགྱུར་བྱང་ཚད་ལྡན་དག་ལས་ཀྱང་བཻ་རོ་དང་སློབ་དཔོན་འདིའི་སྔ་འགྱུར་ཞིག་ཡོད་པར་མ་སྨྲས་ལ། ལྷག་ཏུ་སློབ་དཔོན་པདྨ་བོད་ཏུ་མ་བྱོན་གོང་བཻ་རོའི་གསང་སྙིང་གི་འགྱུར་ཞིག་ཡོད་པར་ལོ་རྒྱུས་ཁུངས་བཙན་གང་གིས་ཀྱང་བདེན་དཔང་བྱེད་ཐབས་མེད་པས་སངས་རྒྱས་གསང་བ་དང་བཻ་རོ་ལྷན་གྱི་འགྱུར་ལ་སྔ་འགྱུར་དུ་བཞག་པའི་རྒྱུ་མཚན་གང་ཡིན་དཔྱད་པར་བྱ་བའི་གནས་སུ་འདུག། ཡིན་ནའང་ཀུན་མཁྱེན་ཆེན་པོས་སྤྱི་དོན་ཡིད་ཀྱི་མུན་སེལ་ལས་རྒྱུད་པ་བཤད་པའི་སྐབས་སུ་སྔ་འགྱུར་གསུམ་སོགས་ཀྱི་རྣམ་བཞག་བཤད་པ་འདི་དག་ལ་བསམས་ན། འདིར་འགྱུར་སྔ་ཕྱི་བཤད་པ་བརྒྱུད་པ་ཉེ་རིང་ལ་དགོངས་ནས་གསུང་མིན་བསམ་དུ་ཡོད་དོ། །

བཞི། གཞི་འགྱུར་གཉིས་པ། སློབ་དཔོན་དང་གཉགས་ཀྱི་འགྱུར་ལ་བསམ་པ།

དེ་ཡང1330-1363སྤྱི་དོན་ཡིད་ཀྱི་མུན་སེལ་ལས། པདྨས་གཉགས་ཛྙཱ་ན་ཀུ་མཱ་ར་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་ལ་མཆིམས་ཕུར་དབང་བསྐུར་ཏེ་སྒྲ་བསྒྱུར་རྒྱ་གར་གྱི་གླིང་དུ་བསྒྱུར་ནས་བཤད་པ་ལ་བར་འགྱུར་ཞེས་གྲགས་སོ། །ཞེས་གསུངས་པ་བཞིན་སློབ་དཔོན་པདྨ་དང་གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ཀྱི་འགྱུར་ཞིག་ཡོད་པ་ལ་གཞི་འགྱུར་གཉིས་པ་ཞེས་བྱ་སྟེ། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལས་པདྨ་དང་གཉགས་ཛྙཱ་ན་ཀུ་མཱ་རའི་འགྱུར་ལ་བར་འགྱུར་ཞེས་གསལ་བོར་གསུངས་ཡོད། ཐར་ལོའི་འགྱུར་བྱང་ལས་འཁོད་པ་ལྟར་ན། སློབ་དཔོན་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱི་བསྡེབས་འགྱུར་ཞིག་ཡོད་པར་གསུངས་ནའང་བར་འགྱུར་དུ་བགྲང་པ་མེད།[20]སློབ་དཔོན་པདྨའི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་ལས་སློབ་དཔོན་པདྨ་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱིས། གསང་བ་སྡེ་དྲུག། སྒྱུ་འཕྲུལ་སྡེ་བརྒྱད་སོགས་བསྒྱུར་མཛད་པ་དང་། རྒྱ་དཔེ་རྒྱ་གར་གྱི་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པ་ལ། སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་བླངས་ཏེ། རྒྱ་གར་ན་མ་ལུས་པར། དཔལ་བསམ་ཡས་དཀོར་མཛོད་ན་བཞུགས་པར་མཛད་ཡོད་པའི་སྐོར་གསལ། 1120-1190 [21]<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད>ལས་ཀྱང་དེ་དང་མཐུན་པར་ཚིག་རིས་ཕྱིན་ཆད་མཚུངས་པའི་སྒོ་ནས་གསུངས་ཡོད། དེ་ལྟར་ཆོས་འབྱུང་ཁག་ཏུ་སློབ་དཔོན་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱི་འགྱུར་ཡོད་པར་གསུངས་པ་ལས། གཉགས་དང་ལྷན་གྱི་འགྱུར་ཡོད་པར་མི་གསལ། [22]གཏེར་འབྱུང་རིན་པོ་ཆེའི་ལོས་རྒྱུས་དང་།[23]རྡོ་རྗེ་ཕུར་པའི་ལོ་རྒྱུས་ཁ་ཤས་ལས། དེ་ཙ་ན་བསམ་ཡས་མཆིམས་ཕུར་སློབ་དཔོན་པདྨ་འབྱུང་གནས་དང་དེའི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བྱས། ཞེས་བཤད་པ་ཡོད་ཀྱང་གསང་སྙིང་བསྒྱུར་བའི་སྐོར་གསལ་ཁ་མེད་དོ། །

༡ གཉགས་ཛྙཱ་ན་ཀུ་མཱ་རའི་འགྱུར་ལ་བསམ་པ།

སྔ་འགྱུར་རྒྱུད་འབུམ་གྱི་སྒྱུ་འཕྲུལ་རྒྱས་བསྡུས་ཁག་གི་འགྱུར་བྱང་ལྟར་ན། བི་མཱ་ལ་དང་གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ཀྱིས་བསྒྱུར་བའི་སྒྱུ་འཕྲུལ་གྱི་སྐོར་མི་ཉུང་བ་ཞིག་ཡོད་དེ།[24] “རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་བསྟན་པ་རོལ་པ་ཆེན་པོའི་རྒྱུད།” “རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཐམས་ཅད་ཀྱི་མེ་ལོང་ཞེས་བྱ་བའི་རྒྱུད།” “སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ”ཞེས་བྱ་བ་སོགས་འགྱུར་བྱང་ཡོད་པ་དུ་མ་རྙིང་མའི་རྒྱུད་འབུམ་དུ་བཞུགས་པར་བཤད། གཞན་ཡང་དམ་པ་གང་ཉིད་ཀྱིས་སློབ་དཔོན་པདྨ་དང་མཉམ་དུའང་གསང་སྔགས་ཀྱི་སྐོར་བསྒྱུར་ཡོད་པར་[25]ཀློང་ཆེན་ཆོས་འབྱུང་ལས། སྡེ་དྲུག་རྒྱུད་སྒྲུབ་ཐབས་ཕྱག་བཞེས་དང་བཅས་པ། སློབ་དཔོན་པདྨའི་འགྱུར་བྱང་གི་སྐབས་དང་མཐུན་པ་གཉགས་ཛྙཱན་ཀུ་མཱ་རས་བསྒྱུར་རོ། །ཞེས་གསུངས་པ་བཞིན་ནོ། །

༢ སློབ་དཔོན་པད་མའི་འགྱུར་ལ་བསམ་པ།

གོང་དུ་བཤད་པའི་སློབ་དཔོན་པདྨའི་འགྱུར་ལ་བར་འགྱུར་དུ་བགྲང་བ་དེ་དང་། ཐལ་ལོའི་འགྱུར་བྱང་དུ་འཁོད་པ་གཉིས་ཀྱི་ཁར་སློབ་དཔོན་གྱི་སྒྲ་རང་འགྱུར་ཞིག་ཀྱང་བཤད་སྲོལ་ཡོད་དེ། སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱི་1552-1624[26]ངེས་དོན་འབྲུག་སྒྲ་ལས་གསང་བ་སྙིང་པོའི་དབུར་རྒྱ་སྐད་མེད་པའི་རྒྱུ་མཚན། ཕྱིས་སུ་རྨས་སློབ་དཔོན་གྱི་སྒྲ་རང་འགྱུར་སོར་བཞག་བྱས་ཏེ་སྐད་གསར་བཅོས་བྱས་པ་དེ་ཡིན་ཚུལ་གསུངས། དེ་བཞིན་ལྔ་པ་ཆེན་པོས་1617ཡན་མན་ལ་བརྩམས་པའི་[27]ཐོབ་ཡིག་ལས་ཀྱང་སློབ་དཔོན་གྱི་སྒྲ་རང་འགྱུར་ཞིག་ཡོད་པ་གསལ་བོར་འཁོད་ཡོད། ཡིན་ནའང་སློབ་དཔོན་བོད་དུ་དུས་ཡུན་ག་ཙམ་བཞུགས་ཡོད་མེད། སློབ་དཔོན་གྱིས་བོད་སྐད་མཁྱེན་མིན་སོགས་ཐུན་མོང་སྣང་ཚུལ་ལྟར་འགྲེལ་བཤད་དགོས་ཚེ་ཧ་ཅང་དཀའ་བའི་གནས་སུ་ཡོད་ནའང་དཔྱད་གཞི་ཙམ་དུ་ཅུང་ཟད་རིམ་གྱིས་ཞུ་བར་བྱའོ། །

སློབ་དཔོན་པདྨ་བོད་དུ་དུས་ཡུན་ག་ཙམ་བཞུགས་མིན་གྱི་ཕྱོགས་ལ་སྔར་ནས་ཀྱང་བཤད་ཚུལ་དུ་མ་བྱུང་འདུག་ཏེ། [28]<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད>ལས། སློབ་དཔོན་བོད་ཡུལ་དབུས་སུ་མི་ལོ་ལྔ་བཅུ་རྩ་གཅིག། རིམ་གྱིས་མཆིམས་ཕུ་སོགས་སུ་བཤེགས་ཏེ། བོད་ཡུལ་ཐམས་ཅད་ཞབས་ཀྱིས་བཅགས་པར་བཤད། གཞན་ཡང་། [29]ཏཱ་ར་ན་ཐའི་སློབ་དཔོན་གྱི་རྣམ་ཐར་ལས་སྦ་བཞེད་ཀྱི་འདོད་པ་བཀོད་དེ་བོད་ཡུལ་དབུས་སུ་ཟླ་བ་བཅོ་བརྒྱད། [30]ཆོས་འབྱུང་མཁས་པའི་དགའ་སྟོན་ལས་མི་ལོ་བཅུ་གཅིག།[31]སོ་ཟློག་པའི་སློབ་དཔོན་གྱི་རྣམ་ཐར་ལས་སྦ་བཞེད་ཡི་གེ་ཞིག་གི་ནང་དུ་ལོ་གསུམ་བཞུགས་པར་འཁོད་པའི་གསུང་སྲོལ་བཀོད་ནས། བུ་སྟོན་ཆོས་འབྱུང་ལས་ཀྱང་དེ་བཞིན་དྲངས་ཡོད་པར་བཤད། ད་དུང་སོག་ཟློག་པའི་སློབ་དཔོན་གྱི་རྣམ་ཐར་ལས་དྲངས་པ་ལྟར་ན། ལོ་གསུམ་དང་དྲུག། བརྒྱ་དང་བཅུ་གཅིག་ལ་བཞུགས་པར་འདོད་པ་ཡོད་པའང་བཤད། ཡང་ཁོང་ཉིད་ཀྱི་མཛད་པའི་ཕུར་བའི་ལོ་རྒྱུས་ལས། ཟླ་བ་དྲུག་གི་བགྲོད་པ་རེ་ལ་ལོ་དང་ཞག་བཅོ་ལྔ་ལ་ཟླ་བ་རེ་རེ་བརྩི་བ། རྒྱལ་པོ་ལོ་ཆོས་ལ་སོགས་པ་རྒྱ་གར་གྱི་རྩིས་ལུགས་གཅིག་གི་དབང་དུ་བྱས་པའི་ལོ་བརྒྱ་དང་བཅུ་གཅིག། ལོ་ཧྲིལ་པོ་ལྔ་བཅུ་རྩ་ལྔ་དང་ཟླ་བ་དྲུག་བཞུགས་པ་ཡིན་ནོ། །ཞེས་དམིགས་གསལ་གྱི་བཤད་སྲོལ་གཞན་ཞིག་བྱས་འདུག་ཀྱང་། རྒྱབ་ལྗོངས་ཀྱི་བདེན་དཔང་གང་ཡོད་ད་དུང་དཔྱད་གཞི་རུ་འདུག།

སྦ་བཞེད་ཅེས་པ་འདི་སྦ་གསལ་སྣང་གི་བཞེད་པ་ལྟར་བཀོད་པའི་ཆེས་སྔ་ཤོས་ཀྱི་ཡིག་ཚངས་གྲས་ཞིག་ཡིན་ནའང་།[32]འགའ་རེས་སྦ་བཞེད་ཅེས་པ་སྦ་ཡེ་ཤེས་དབང་གིས་མཛད་ཤིང་སྦ་ཡེ་ཤེས་དབང་སློབ་དཔོན་ལ་མི་དད་པས་དེ་ལྟར་བྲིས་ཞེས། སློབ་དཔོན་པདྨའི་སྐོར་ཆེས་གསལ་ཤོས་ཀྱི་ཡིག་ཚངས་སྦ་བཞེད་འདི་ཡང་ཟུར་དུ་གཡུགས་མཁན་གང་མང་བྱུང་ཡོད་པར་འདུག། ཡིན་ནའང་སྐབས་དེ་དུས་སྦའི་རིགས་ཀྱི་བློན་པོ་རྣམས་ཆོས་བློན་ཚོགས་པའི་མི་སྣ་གཙོ་བོ་ཡིན་པ་མ་ཟད་སློབ་དཔོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་སུ་ཡོད། སློབ་དཔོན་ལ་བློ་མི་དཀར་བའི་རྒྱུ་མཚན་མེད་པར་སྙམ།[33]མདོར་ན་རྦ་བཞེད་གཙང་མ་དང་[34]སྦ་བཞེད་ཞབས་བཏགས་པ་གཉིས་ཀར། བསམ་ཡས་ཀྱི་རྨང་མ་བཏིང་གོང་ནས་སློབ་དཔོན་ཕར་རྒྱ་གར་དུ་ཕེབས་དགོས་བྱུང་བ་ལྟ་བུར་འཁོད། དེ་ལྟར་ན་སློབ་དཔོན་པདྨ་བོད་དུ་བཞུགས་པའི་དུས་ཡུན་ཟླ་བ་ཁ་ཤས་ལས་མི་དོད་དེ།[35]སྤྱི་ལོ742ལ་བཙན་པོ་ཁྲི་སྲོང་འཁྲུངས།755 སྟེ་ཁྲི་སྲོང་རང་ལོ་བཅུ་གསུམ་གྱི་སྐབས་སུ་ཡབ་བཙད་པོ་བཤེགས་ཏེ་རྒྱལ་སྲིད་བཟུང་།761ལྕགས་མོ་གླང་གི་ལོ་སྟེ་རང་ལོ་ཉི་ཤུ་པར་ཆོས་སྤེལ་རྒྱུའི་དགོངས་པ་སྐྱེས།762པར་མཁན་ཆེན་བོད་དུ་གདན་དྲངས། ལོ་དེར་ནང་མ་མཐུན་པས་མཁན་པོ་ཕར་ཕེབས་དགོས་བྱུང་། ཕྱིར་བོད་ལ་ཕེབས་པ་དང་ཕར་བྱོན་པའི་ཟླ་བ་བཅས་སྡོམ་པའི་ཕལ་ཆེར་ཉུང་མཐའ་ཟླ་བ་དྲུག། ཡང་བསྐྱར་མཁན་སློབ་གཉིས་མཉམ་དུ་ཕྱིར་བོད་དུ་ཕེབས་པའི་ཟླ་བ་གསུམ་བསྣན་ན་ལོའི་དེ་གའི་ཟླ་དགུ་ཕྱིན་ཚར། ལོ་དེའི་ཕྱི་ལོ་763ལོར་ཏག་ཏག་བསམ་ཡས་བཞེངས་པའི་རྨང་བཏིང་ཡོད་པ་མ་ཚད། བསམ་ཡས་ཀྱི་རྨང་བཏིང་སར་མི་སྣ་གཙོ་བོ་མཁན་པོ་དང་། བཙན་པོ། གསལ་སྣང་། གཉེར་གདོང་གཟིགས་བཅས་ལས་སློབ་དཔོན་རིན་པོ་ཆེ་ཡོད་པ་གཏན་ནས་མི་གསལ་བས་སློབ་དཔོན་བྱོན་ཚར་བར་ཤེས་སོ། ། རྒྱུ་མཚན་དེ་དག་གི་ཕྱིར། ཡིག་ཚང་ཁག་གཏུགས་ཏེ་ཐུན་མོང་གི་སྣང་ངོར་སློབ་དཔོན་པདྨའི་ཡིག་བསྒྱུར་གྱི་སྐོར་གླེང་དགོས་ཚེ་ཧ་ཅང་དཀའ་བའི་གནས་སུ་འདུག་གོ། །

ལྔ། གཞི་འགྱུར་གསུམ་པ། བི་མཱ་ལ་དང་རྨ་གཉགས་ཐུན་མོང་གི་འགྱུར་ལ་བསམ་པ།

གསང་སྙིང་འགྱུར་བྱང་ལས། བི་མཱ་ལ་དང་རྨ་གཉགས་ཐུན་མོང་གི་ཕྱི་འགྱུར། ཞེས་གསུངས་པ་བཞིན་བི་མཱ་ལ་དང་རྨ་གཉགས་ཐུན་མོང་གི་འགྱུར་ལ་གཞི་འགྱུར་གསུམ་ལས་ཕྱི་འགྱུར་དུ་འདོད་པ་ཆོས་འབྱུང་དེབ་ཐེར་ཕལ་ཆེར་གཅིག་མཐུན་བྱུང་ཡོད། ད་དུང་བི་མཱ་མི་ཏྲ་དང་གཉགས་ཀྱི་འགྱུར། བི་མཱ་མི་ཏྲ་དང་རྨ་གཉིས་ཀྱི་འགྱུར་བཅས་སོ་སོ་ནས་ཡོད་པ་ལྟ་བུ་འདུག་ཏེ། གོང་དུ་དྲངས་པ་ལྟར་[36]མཚམས་བྲག་དཔེའི་གསང་སྙིང་གི་འགྱུར་བྱང་དུ། རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་ཞེས་འཁོད་ཡོད་པ་དང་། གཞན་ཡང་[37]ངེས་དོན་འབྲུག་སྒྲ་ལས་ཀྱང་། དེའི་རྗེས་པཎ་ཆེན་བི་མཱ་ལ། །གཉགས་སྟོན་ཛྙཱ་ན་ཀུ་མཱ་རས། །བསྒྱུར་ཞིང་ཁྲོ་ཕུ་ལོ་ཙཱ་བས། །རྒྱ་དཔེ་དེ་ཉིད་གསལ་བར་གཟིགས། །ཞེས་གསུངས་པ་སོགས་ཀྱིས་གོ་ཐུབ་སྙམ། གཞན་ཡང་གཡུང་སྟོན་རྡོ་རྗེ་དཔལ་གྱིས་མཛད་པའི[38]དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། པཎྜི་ཏ་ཆེན་པོ་བི་མཱ་ལ་མི་ཏྲའི་ཞལ་སྔ་ནས། ཞུས་ཆེན་གྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་བ་ལས། ཞེས་གསུངས་པ་བཞིན་བི་མཱ་ལ་དང་རྨ་གཉིས་ཀྱི་འགྱུར་ཞིག་ཡོད་པའང་གསལ་འདུག་སྙམ་པ་བྱུང་། མདོར་ན་བི་མཱ་ལའི་འགྱུར་ལ་སྔ་ཕྱི་བར་གསུམ་ཡོད་པ་ལྟ་བུར་ཐེག་མཆོག་རྣམ་གྲོལ་གླིང་གི་མཁན་པོ་ཆོས་འཕེལ་ནོར་བུས[39]《གསང་སྙིང་ཞིབ་འཇུག》ལས་ཚོད་དཔག་བྱས་ཡོད་པ་བཞིན་དེ་ལྟར་དོན་ལ་གནས་པ་ལྟ་བུ་འདུག་ཀྱང་། དེ་ལའང་ཅུང་ཟད་ཁ་གསལ་བོར་བྱས་ན། བཻ་རོ་ཙཱ་ན་ཚ་བའི་རོང་དུ་བརྫངས་རྗེས་སུ་མེས་ཁྲི་སྲོང་སྐབས་ཀྱི་གདན་ཞུས་ལྟར་བི་མཱ་ལ་བོད་དུ་ཕེབས་ཏེ་རྨ་གཉགས་གཉིས་གཙོས་པའི་སློབ་མ་མང་པོ་རྗེས་སུ་བཟུང་། སྔར་རྩོད་རྙོག་ཏུ་ཡོད་པའི་གསང་སྔགས་ཀྱི་འགྱུར་རྣམས་ལ་དག་ཐེར་བྱས་པ་སོགས། གསང་སྔགས་ཀྱི་བསྟན་པ་དགུང་དུ་སྤེལ་བའི་མཛད་པ་ལ་བསམས་ན། རྒྱུད་རྒྱལ་གསང་སྙིང་འདི་ཡང་དེ་ལྟར་བསྐྱར་བསྒྱུར་བྱེད་རིག་མོད། ཕྱོགས་གཞན་ཞིག་ནས་བསམས་ན། སློབ་དཔོན་སངས་རྒྱས་གསང་བ་ནས་བཟུང་ཐར་བ་ལོ་ཙཱ་བའི་བར་དུ་གསང་བ་སྙིང་པོའི་ལེའུ་རྣམས་རིམ་གྱིས་འགྱུར་ཡོང་བ་ལས་སྔ་འགྱུར་གྱི་འགྱུར་དང་པོ་ནས་གཟུང་ལེའུ་ཆ་ཚང་འགྱུར་བ་མ་ཡིན་པ་དང་། ཅུང་ཟད་འགྱུར་བ་དེ་ཡང་གསང་བ་བྱས་ཏེ་ཡོངས་གྲགས་མི་བྱེད་པའི་གནད་རྣམས། ལོ་རྒྱུས་གོང་འོག་ལ་གཏུགས་ན་ཚོད་དཔག་ཐུབ་པ་སོགས་བཤད་དུ་ཡོད་ཀྱང་མང་བར་དོགས་ནས་དེ་ཙམ་གྱི་འཇུག་བསྡུ་བར་བྱའོ། །

མཇུག་བསྡུ་པའི་གཏམ།

རྒྱལ་བ་ཀློང་ཆེན་པའི་གསུང་ལ་བསམས་ན་གཞི་འགྱུར་གསུམ་གྱི་རྣམ་བཞག་སྐབས་ཀུན་ཏུ་འབྱུང་གིན་འདུག་པ་ལ།  ཕྱིས་སུ་དཔེ་ཁྲིད་དགེན་བརྒྱུད་ནས་《གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག》ཞེས་པའི་དྲངས་ཡིག་རྣམས་བསྡུས་ཡོད་པ་ཞིག། མཇུག་ཏུ་ཁམས་སྤྲུལ་བསོད་ནམས་དོན་འགྲུབ་པས་ཞུ་དག་གིས་གློག་ཀླད་དུ་བཅུག་པ། ཞེས་པའི་ལྡེབ་རིང་གི་རྣམ་པའི་གློག་དེབ་ཞིག་རྙེད་དེ། དེའི་ནང་དུ་མགོན་སེང་ཀརྨ་བདེ་ལེགས་ཀྱིས་རྙེད་པའི་ཐར་ལོའི་འགྱུར་བྱང་ཞིག་བཀོད་ཡོད་པ་དེ་ལ། སེམས་གནད་ལ་ཕབ་ཏེ་ཞིབ་ལྟ་ལན་མང་བྱས་མཐར་ཀློང་ཆེན་པའི་གཞི་འགྱུར་གསུམ་དུ་བཞག་པ་དང་། ཐར་ལོའི་དཔེ་མཐོང་སྣང་སྨྲས་པ་གཉིས་འགལ་འདུར་འདུག་པ་སྣང་ཏེ། རིམ་གྱི་《སྦ་བཞེད》གཙང་ལྷད་གཉིས་དང་ཞབས་བཏགས་མ། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》《 སློབ་དཔོན་པདྨའི་རྣམ་ཐར》རྙིང་པ་ཁག། 《བཻ་རོའི་འདྲ་འབག་ཆེན་མོ།》 《ལྡེའུ་ཆོས་འབྱུང་རྒྱས་པ》《འགོས་ལོའི་དེབ་ཐེར་སྔོན་པོ།》《ཆོས་འབྱུང་མཁས་པའི་དགའ་སྟོན།》སོགས་གཙོས་པའི་ལོ་རྒྱུས་ཡིག་ཚང་རྣམས་དང་། དཔེ་ཆ་རྙིང་པ་ཁག་གི་འགྱུར་བྱང་། སྔགས་ལོག་སུན་འབྱིན་སྐོར་གྱི་དགག་པ་དང་དགག་ལན། ལྷག་ཏུ《གསང་སྙིང་ཞིབ་འཇུག》དང་མགོན་སེང་ཀརྨ་བདེ་ལེགས་མཆོག་ནས་ཕུལ་བའི་མདོ་སྒྱུ་སེམས་གསུམ་གྱི་ཆ་འཕྲིན་སྐོར་གཙོས་པའི་འབྲེལ་ཡོད་རྒྱུ་ཆ་ཁག་ལ་རྒྱུས་ལོན་གང་ཐུབ་བྱས་མཐར། དུས་ཚོད་མང་པོ་ཞིག་སྤྱད་ནས་དཔྱད་རྩོམ་གྱི་རྣམ་པ་ཞིག་འབྲི་བའི་ཁུལ་བྱས། ཡིན་ནའང་དཔྱད་རྩོམ་འདིའི་དཔྱད་འབྲས་མང་ཆེ་བ་ཐེག་མཆོག་རྣམ་གྲོལ་གླིང་གི་མཁན་ཆོས་འཕེལ་ནོར་བུའི་《གསང་སྙིང་ཞིབ་འཇུག་》ལས་གསལ་བའི་རྙེད་དོན་དེ་དག་ལས་མ་འདས་ནའང་། དེ་ལ་བསམ་གཞིགས་གཞན་བྱས་ཏེ། ཡིག་ཚང་ཁག་ལ་གཏུགས་ཅི་ཐུབ་ཀྱི་ལས་ལ་འབད། ད་དུང་འདིར་དམིགས་གསལ་ཞིབ་འཇུག་མ་ཐོན་པ་ནི་སྐབས་ཐོབ་ལོ་པཎ་དག་གི་རྣམ་ཐར། གསང་སྙིང་གི་བོད་འགྲེལ་མཁན་པོ་སོ་སོས་དཔེ་གང་གི་མ་དཔེ་ལ་གཏུགས་ཏེ་འགྲེལ་བ་བྲིས་པ་སོགས། དམིགས་གསལ་ཀྱི་ཞིབ་ཆའི་ལྟ་རྟོག་བྱེད་མ་ཐུབ་པ་གང་མང་ཞིག་འཆིས། ཡིན་ནའང་མུ་མཐུད་དུ་དེའི་ཕྱོགས་ལ་ཅི་ནུས་ཀྱི་འབད་འབུང་བྱས་ཏེ། དཔྱད་རྩོམ་རེ་འབྲི་ཐུབ་པའི་རེ་འདུན་ཡོད།

དཔྱད་ཡིག་དང་ཞབས་མཆན། 

༡ སྔ་འགྱུར་རྒྱད་འབུལ་ཇི་ལྟར་བྱུང་བའི་སྐོར། ཀརྨ་བདེ་ལེགས་ཀྱི་བརྩམས། 2026.6.28/ཉིན་བོད་རིག་པའི་ལམ་དུ་སྤེལ། འབྲེལ་ཐག https://bodrigpa.org/archives/5813

༢ བསྟན་པ་ཕྱི་དར་སྐབས་སུ་བོད་དུ་ཆོས་ལོག་སྣ་ཚོགས་དར་བར་དཔྱད་པ། རེབ་གོང་འཇིགས་མེད་བསམ་གྲུབ་གྱིས་བརྩམས། 2024.11.02ཉིན་བོད་རིག་པའི་དྲྭ་ལམ་དུ་སྤེལ། འབྲེལ་ཐག https://bodrigpa.org/archives/4546

༣ ཕོ་བྲང་ཞི་འོད་ཀྱི་བཀའ་ཤོག། ལྷ་བླ་མའི་སྔགས་ལོག་སུན་འབྱིན། བུ་སྟོན་སྔགས་ལོག་སུན་འབྱིན། ཆགས་ལོ་ཆོས་རྗེའི་སྔགས་ལོག་སུན་འབྱིན། འགོའ་ཁུག་པ་ལྷས་བཙས་ཀྱི་སྔགས་ལོག་གངས་ལྗོངས་སྐྱ་རིང་གི་འཕྲུལ་དེབ་ལས་འཇལ།

༤ གསང་སྙིང་རྒྱ་དཔེའི་སྐོར་གྱི་བརྗེད་ཐོ། པདྨ་རྣམ་གྲོལ་གྱིས་བརྩམས། འབྲེལ། https://mp.weixin.qq.com/s/hVP2GUXiDWnf88-9ht4QPAའདི་ནས་འཇལ་ཐུབ།

[①] [བྲག་ཕུག་བཀའ་འགྱུར་ཏུ་འགྱུར་གསར་རྙིང་གཉིས་བཞུགས་ལ། འགྱུར་གསར་བའི་མཇུག་ཏུ་འགྱུར་སྔ་ཕྱི་མི་འདྲ་བའི་སྐོར་གྱི་གསལ་བཤད་བྱས་ཏེ་པར་བྱང་ངམ་འགྱུར་བྱང་ལྟ་བུ་ཞིག་གསལ་བོར་འཁོད་ཡོད]

[②] <སྨིན་གླིང་པར་མ> པོད15 ལྡེབ། {52}

[③] <བླ་རུང་གསུང་རབ་དཔེ་སྒྲིང་ཁང་།><2015ལོ་པར>ལྡེབ{373}

[④] ཀརྨ་བདེ་ལེགས་མཆོ་གི་མདོ་སྒྱུ་སེམས་གསུམ་སྐོར་གྱི་ཆ་འཕྲིན། སྐད་འཕྲིན་སྤྱི་སྟེགས微信公众平台 སྦྲེལ་ཐག་https://mp.weixin.qq.com/s/1zcKZ8ErRvsMNMGYYJVA_Aལས་འཚོལ་ཐུབ།

[⑤] <སྡེ་དགེ>རྙིང་རྒྱུད<ཏ>{27}གསང་བ་སྙིང་པོའི་འགྱུར་བྱང་དུ་འཁོད་ཡོད།

[⑥] <སྡེ་དགེ་རྙིང་རྒྱུད><ཉ>གསང་སྙིང་དཔེའི་འགྱུར་བྱང་དུ་འཁོད་ཡོད། {31}

[⑦] <ཨར་འཛོམ་པར་མ།><པ>འཇིགས་གླིང་གསུང་འབུམ། ལྡེབ{339}རྒྱབ་ངོས།

[⑧] <སྤྱི་དོན་ཡིད་ཀྱི་མུན་སེལ>གསུང་འབུམ་གླེགས༢༡{5}

[⑨] སྦ་བཞེད་ཞབས་བཏགས་མ། {2}ཡུ ལ་ཤུལ་ཚེ་དབང་བཀྲ་ཤིས་སློབ་ཁྲིད་རྒྱུ་ལས་བཏུས།

[⑩] <བོད་ལྗོངས་བོད་ཡིག་དཔེ་རྙིང>ཀློང་ཆེན་ཆོས་འབྱུང་། ལྡེབ། {225}

[11] <གསང་སྙིབ་ཞིབ་འཇུག>ལས་བཏུས། {193}

[12] [འདིའི་མཛད་བྱང་དུ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པར་འཁོད་ཡོད]

[13] <ནི་ཏཱརྠ>ཏཱ་ར་ནཱ་ཐའི་གསུང་འབུམ། [འ]{78}

[14] <སྨིན་གླིང་དཔེ>རྩོམ་པ་པོ། ཨོ་རྒྱན་ཆོས་གྲགས།{114}

[15] [བོད་ཀྱི་ཡིག་བསྒྱུར་ལོ་རྒྱུས། 2014ལོར་མི་རིགས་དཔེ་བསྐྲུན་ཁང་ནས་དཔར། ལྡེབ༤༤]

[16]  གཏེར་མ<ནི་ཏཱརྠ་དྲྭ>གུ་རུ་རྣམ་ཐར་ཕྱོགས་བསྒྲིགས། གླེགས་བམ [ག] སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་བའི་ལེའུ།

[17] གསང་སྙིང་ཞིབ་འཇུག་ལས་བཏུས། {195}

[18] བོད་ལྗོངས་བོད་ཡིག་དཔེ་རྙིང>ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།{285}རིགས་མཛོད་དེབ་ཕྲེང <ལྔ>

[19] <བླ་རུང་གསུང་རབ་དཔེ་སྒྲིག་ཁང་།>ལྡེའུ་ཆོས་འབྱུང་རྒྱས་པ། {289}

[20]<ནི་ཏཱརྠ་དྲྭ>གུ་རུ་་རྣམ་ཐར་ཕྱོགས་བསྒྲིགས<ཉང་ཉི་མ་འོད་ཟེར།>[ཀ]{22}

[21]<བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང>གངས་ཅན་རིག་མཛོད། དེབ་ཕྲེང༼་། ལྔ༽ ཉང་ཉི་མ་འཕད་ཟེར་གྱིས་བརྩམས་པ།

[22] དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་ངོ་མཚར་རྒྱ་མཚོའི་རྦ་རླབས། རིག་པ་འཛིན་པའི་དགེ་སློང་ནམ་མཁར་སྤྱོད་པས་བརྩམས།

[23]<དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་འབྱུང་གནས་ངོ་མཚར་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ་ལས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་ཆེ་བའི་ཡོན་ཏན།>སོག་ཟློག་པ་བློ་གྲོས་རྒྱལ་མཚན།

[24] སྔ་འགྱུར་རྒྱུད་འབུམ།

[25] <བོད་ལྗོངས་བོད་ཡིག་དཔེ་རྙིང>༢༠༡༢ལོའི་དཔར་ཐེངས་བཞི་པ། ལྡེབ {142}

[26] <གསང་སྙིང་ཞིབ་འཇུག་ལས་དྲངས། {119}

[27] <ལྔ་པ་ཆེན་པོའི་གསུང་པར་མ>ཐོབ་ཡིག་གངྒཱའི་ཆུ་རྒྱུན།<ང>{250རྒྱབ}

[28] <བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་>གངས་ཅན་རིགས་མཛོད<5>ལྡེབ330

[29] <ནི་ཏཱརྠ་དྲྭ་བ><ཏཱ་ར་ན་ཐའི་གསུང་འབུམ><ཝ>ལྡེབ<73> འདིར་བཞུགས་པའི་ཤིང་པར་རྙིང་པ་འདིར་སྐོར་རྒྱུས་ལོན་མ་ཐུབ།

[30]  <བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང>2 023ལོར་པར་ཐེངས་༣བཏབ། <དཔའ་བོ་གཙུག་ཕྲེང་བའི<ཆོས་འབྱུང་མཁས་དགའ>ལྡེ467དེ་ཉིས་ལས།  དེ་ཉིབཅུ་གཅིག་ནི་ཡི་གེ་མ་དག་པ་སྟེ་སློབ་དཔོན་པདྨས་རྒྱལ་པོའི་མཆོད་གནས་སུ་ལོ་བརྒྱད་དང་བོད་ཡུལ་གི་སྒྲུབ་གནས་རྣམས་བསྡོམས་པར་ལོ་བཅུ་གཅིག་བཞུགས་པ་ཡིན་པར་གོའོ། ། ཞེས་སོ། །

[31]  ནི་ཏཱཐ་དྲ༘༘་ཚབ། <སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཉེར་ལྔ་པ།>  རྣམ་ཐར་ཡིད་ཀྱི་མུན་སེལ། སོག་ཟློག་པ་བློ་གྲོས་རྒྱལ་མཚན།<གླེགས་བམ། <ཅོ>

[32] ནི་ཏཱཐ་དྲ༘༘་ཚབ། <སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཉེར་ལྔ་པ།>  <སློབ་དཔོན་རྣམ་ཐར་ཡིད་ཀྱི་མུན་སེལ།>སོག་ཟློག་པ་བློ་གྲོས་རྒྱལ་མཚན།<གླེགས་བམ། <ཅོ>དེ་ཡང་ཇི་སྐད་དུ། སྦ་རྣམས་སློབ་དཔོན་ལ་མི་མོས་པ ་ནི་རྨོངས་གཏམ་ཡིན་གྱི་ཁུང་ཐུབ་པའི་ལོ་རྒྱུས་མེད་པས་སོ། ། ཞེས་འབྱུང་།

[33] <འདན་ཤུལ་ཚེ་དབང་བཀྲ་ཤིས་ཀྱི་དཔེ་ཁྲིད་རྒྱུ་ཆ་གློག་དེབ།><རྦ་བཞེད་གཙང་མ>ཡང་ན་<བསམ་ཡས་བཀའ་གཙིགས་ཆེན་མོ> ལྡེབ་37ལས། དེ་ནས་ལྷ་ཁང་གི་ས་བརྟག་པའི་ཕྱིར་མཁན་པོ་དང་། བཙན་པོ་དང་། གསལ་སྣང་། གཉེར་གདོང་གཟིགས་ཏེ་བཞིས་རིའི་རྩེར་ཕྱིན་ཏེ་བལྟས་པ་ལས། ཞེས་སོ། །

[34]<ཡུལ་ཤུལ་ཚེ་དབང་བཀྲ་ཤིས་ཀྱི་དཔེ་ཁྲིད་རྒྱུ་ཆ་གློག་དེབ།><སྦ་བཞེད་ཞབས་བཏགས་མ།>ལྡེབ31ལས། སློབ་དཔོ་བྷོ་དྷི་ས་ཏྭ་དང་། བཙན་པོ་དང་།  གཉན་སྟག་གཟིགས་གདོང་གསུམ།

[35] ལོ་ཚིགས་འདི་ནི་ཏུན་ཧོང་གཏེར་ཡིག་དང་དང་བསམ་ཡས་མནའ་གཙིགས་རྒྱ་ཡི་ཐང་ཡིག་གསར་རྙིང་བཅས་ཞིབ་པར་དཔྱད་དེ་གཏན་ལ་ཕབ་པར། འདན་ཤུལ་ཚེ་དབང་བཀྲ་ཤིས་ཀྱིས་གསུངས་པ་བཞིན་གངས་མཚོའི་གཡག་དང་མཚོན་ལས་དེ་བཞིན་གཏན་འབེབས་གནང་གིན་ཡོད་པ་མཚུངས།

[36] གོང་གི་མཆན་[4]པ་ལ་ལ་གཟིགས།

[37]  ནཱིརྠ་དྲྭ་རྒྱ། <སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་སུམ་བཅུ་པ།>གླེགས་བམ<ཐོ།> 《གསང་སྔགས་སྔ་འགྱུར་ལ་བོད་དུ་རྩོད་པ་སྔ་ཕྱིར་འབྱུང་བ་རྣམས་ཀྱི་ལན་དུ་བརྗོད་པ་ངེས་པ་དོན་གྱི་འབྲུག་སྒྲ》འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

[38] <གསང་སྙིང་ཞིབ་འཇུག>199བཤུས།

[39] <སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང>༢༠༢༥ལོར་སྤེལ། <སྟོད་ཆ>ལྡེབ{200}འཞུ

དཔྱད་གཞིའི་ཡིག་ཆ།

[1] བྲག་ཕུགས་བཀའ་འགྱུར་པར་མ། འགྲོ་ལྡིང<ཨ><རྩ་རྒྱུད་གསང་བ་སྙིང་པོ།> ལེའུ་ཉེར་གཉིས་དང་ཉེར་བཞིའི་བདག་ཉིད་ཅན།

[2] བླ་རུང་གསུང་རབ་དཔེ་སྒྲིག་ཁང་། ༡༠༢༥ ལོར་དཔར། <གསང་བདག་དགོངས་རྒྱན།> ལོ་ཆེན་དྷ་མ་ཤྲཱིས་བརྩམས།

[3] སྡེ་དགེ>རྙིང་རྒྱུད<ཏ>རྩ་རྒྱུད་གསང་བ་སྙིང་པོ།

[4] བོད་ལྗོངས་བོད་ཡིག་དཔེ་རྙིང>༢༠༡༢་ལོའི་པར་ཐེངས་གཉིས་པ། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་རལ་ཉི་མ་འོད་ཟེར་གྱིས་བརྩམས།

[5]ནཱིརྠ་དྲྭ་རྒྱ་གླེགས་བམ<ཐོ>《སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ་ལྡན།》ཇོ་ནང་ཏཱ་ར་ནཱ་ཐས་བརྩམས།

[6] 2014ལོར་མི་རིགས་དཔེ་བསྐྲུན་ཁང་ནས་དཔར། བོད་ཀྱི་ཡིག་བསྒྱུར་ལོ་རྒྱུས། ཞལ་ལྕེ་ལྷག་པ་ཚེ་རིང་གིས་བརྩམས།

[6]ནཱི་ཐ་དྲྭ་རྒྱ། བཀའ་མའི་ཆོས་སྡེ། གླེགས་སུམ་བཅུ་པ། 《གསང་སྔགས་སྔ་འགྱུར་ལ་བོད་དུ་རྩོད་པ་སྔ་ཕྱིར་འབྱུང་བ་རྣམས་ཀྱི་ལན་དུ་བརྗོད་པ་ངེས་པ་དོན་གྱི་འབྲུག་སྒྲ》འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྩམས།

[7] ནཱི་ཐ་དྲྭ་རྒྱ། <སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཉེར་ལྔ་པ།>  རྣམ་ཐར་ཡིད་ཀྱི་མུན་སེལ། སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་བརྩམས།

[8] <ལྔ་པ་ཆེན་པོའི་གསུང་པར་མ> ཐོབ་ཡིག་གངྒཱའི་ཆུ་རྒྱུན། ལྔ་པ་ཆེན་པོས་བརྩམས།

[9] <སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང>༢༠༢༥ལོར་སྤེལ།<གསང་སྙིང་ཞིབ་འཇུག>མཁན་ཆོས་འཕེལ་ནོར་བུས་བརྩམས།

[10]སྨིན་གླིང་དཔེ། <ཆོས་འབྱུང་བསྟན་པའི་ཉི་མ།> ཨོ་རྒྱན་ཆོས་གྲགས་ཀྱིས་བརྩམས། [

[11] <བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང>2023ལོར་པར་ཐེངས་༣བཏབ། ཆོས་འབྱུང་མཁས་པའི་དགའ་སྟོན། <དཔའ་བོ་གཙུག་ཕྲེང་བས་བརྩམས།

[12]<བླ་རུང་དཔེ་སྒྲིག་ཁང་།>༢༠༢༥ལོར་དཔར། ལྡེའུ་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུས་བརྩམས།

[13] རིན་ཆེན་གཏེར་མཛོད་ཆེན་མོ། པོད<ཀ>སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེ་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ། ཉང་ཉིད་མ་འོད་ཟེར་གྱིས་བརྩམས།

[14] <ཡུལ་ཤུལ་ཚེ་དབང་བཀྲ་ཤིས་ཀྱི་དཔེ་ཁྲིད་རྒྱུ་ཆའི་གློག་དེབ།><རྦ་བཞེད་གཙང་མ><སྦ་བཞེད་ལྷད་ཅན><སྦ་བཞེད་ཞབས་བཏགས་མ།>དབའ་བཞེད།

[15]ནཱི་ཐ་དྲྭ་རྒྱ། བཀའ་མའི་ཆོས་སྡེ་གླེགས་བམ་ཉེར་དྲུག་པ། བཻ་རོའི་རྣམ་ཐར་འདྲ་འབགས་ཆེན་མོ།

[16]ནཱི་ཐ་དྲྭ་རྒྱ། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། <ཀ> <དཔལ་གསང་བ་སྙིང་པོའི་དོན་ལེགས་པར་བཤད་པའི་སྣང་བས་ཡིད་ཀྱི་མུན་པ་ཐམས་ཅད་སེལ་བ་ཞེས་བྱ་བ།>

[17] བཀའ་མའི་ཆོས་སྡེ་གླེགས་བམ་བརྒྱ་དང་ཉེར་དགུ་པ། དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་འབྱུང་གནས་ངོ་མཚར་རྒྱ་མཚོའི་རྦ་རླབས། སོག་ཟློག་པ་ཆེན་པོ་བརྩམས།

[18]རིག་གྲོལ་དཔེ་ཚོགས། ཕོ་བྲང་སྟོད་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག། དཀར་ཆག་འཕང་ཐང་མ།

[19]ནཱི་ཐ་དྲྭ་རྒྱ། གུ་རུའི་རྣམ་ཐར་ཕྱོགས་བསྒྲིགས་མུན་སེལ་སྒྲོན་མེ། གླེགས་བམ<ཇ><པདྨ་བཀའ་ཡི་ཐང་ཡིག>

[20]ནཱི་ཐ་དྲྭ་རྒྱ། <སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ།>ཞེ་ཆེན་རྒྱལ་ཚབ།

[21]<གསང་སྔགས་སྒྲུབ་པ་རྒྱན་གྱི་མེ་ཏོག>གཞན་ཏུ་དྲངས་པ་རྣམས་བསྡུས་པ། ཀརྨ་བདེ་ལེགས་ནས་རྙེད་དེ་ཁམས་སྤྲུལ་བསོད་ནམས་དོན་འགྲུར་བསྩལ་བ། ཁོང་གིས་ཞུས་དག་གི་གློག་ཀླད་དུ་བཅུག་པ།

[22]སྔ་འགྱུར་རྙིང་མའི་དཔེ་ཚོགས། གསང་བདག་ཞལ་ལུང་། ལོ་ཆེན་དྷརྨ་ཤྲཱིས་བརྩམས།

[23]བླ་རུང་གསུང་རབ་དཔེ་སྒྲིག་ཁང་། ཀུན་མཁྱེན་ཆེན་པོའི་ཕྱོགས་བཅུ་མུན་སེལ། ཀློང་ཆེན་པས་མཛད།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།